Nitartha Digital Library
Tibetan
 
previousབཞི་པ་མན་ངག་གི་དབང་ལས་སེམས་སྡེ་བཅོ་བརྒྱད་ཀྱི་དབང་གི་ཆོ་གnext

བཞི་པ་མན་ངག་གི་དབང་ལས་སེམས་སྡེ་བཅོ་བརྒྱད་ཀྱི་དབང་གི་ཆོ་ག

བཞི་པ་མན་ངག་གི་དབང་ལས། སེམས་སྡེ་བཅྭ་བརྒྱད་ཀྱི་དབང་གི་ཆོ་གའོ། །སྤྱི་དོན་བཞི་པ་མན་ངག་གི་ཆུ་བོ་ལ། །རྫོགས་ཆེན་ཨ་ཏི་ཡོ་གའི་ཐེག་པ་ལ། །གསང་བ་མན་ངག་ཆུ་བོ་བྱ། །ཅེས་གསུངས་པས། གསང་བ་མན་ངག་གི་ཆུ་བོ་ཞེས་ཀྱང་བྱ། སེམས་སྡེ་བཅྭ་བརྒྱད་དཀྱིལ་དབང་ཞེས་ཀྱང་བྱ། །དབང་བཞི་པ་ཚིག་དབང་རིན་པོ་ཆེའི་དབང་ཞེས་ཀྱང་བྱ། །རིག་པ་རྩལ་གྱི་དབང་ཞེས་ཀྱང་བྱ། །དེ་ལྟ་བུའི་དབང་དེ་ལ་གཉིས་ཏེ། །སེམས་སྡེ་བཅོ་བརྒྱད་ཀྱི་དབང་དང་། །ཞར་ལ་དངོས་གྲུབ་ལེན་པའི་ཆོ་གའོ། །དང་པོ་རྫོགས་ཆེན་སེམས་སྡེ་བཅྭ་བརྒྱད་ཀྱི་དབང་ནི། བཅོམ་ལྡན་འདས་དཔལ་ཀུན་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཐུབ་དབང་བསྟན་པ་མར་འགྲིབ་ཚེ། །ལས་ཀྱི་ཚེ་ཐུང་བཀའ་དོན་ཉམ། །བསྟན་སྙིང་གྲུབ་མཐའ་ངན་པས་དཀྲུགས། །གཉེན་པོས་མི་ནོན་བསྒྲུབ་བརྩོན་ཞན། །དེ་ཚེ་དེ་བ་བཟང་སྐྱོང་གིས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །བསྐུལ་ཞིང་གསོལ་བ་འདི་ལྟར་བཏབ། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །བརྩོལ་བའི་ཐེག་པ་མཐར་སྟོན་ནས། །རྩོལ་མེད་ཐེག་པ་མི་གསུང་བར། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པ་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་བསྐུལ་སངས་རྒྱས་ཀུན་གྱི་ཀྱང་། །ཡུལ་དང་འཕྲད་པའི་ཐུགས་རྗེ་ཡིས། །རྩོལ་བྲལ་ཐེག་པ་བསྟན་པ་ཡི། །དུས་ལ་བབས་པར་མཁྱེན་གཟིགས་ནས། །ཐུགས་རྗེའི་རྣམས་སྤྲུལ་གསང་བདག་གིས། །ལྷ་ཕྲུག་ཀུན་དགའ་སྙིང་པོ་ལ། །དུས་མཐའི་སྐད་གཅིག་ཉིད་ལ་ནི། །ཨ་ཏི་རྩ་བའི་རྒྱུད་ཆེན་པོ། །ཀློང་དགུ་བམ་པོ་ཉི་ཁྲི་གསུངས། །སྡེ་གསུམ་དག་ལས་སེམས་ཀྱི་སྡེ། །ཤན་འབྱེད་ལ་ཟླ་རང་གྲོལ་རྒྱུད། །དེ་དག་ཀུན་གྱིས་ངེས་པའི་དོན། །སྐལ་ལྡན་སྨིན་པར་བྱེད་པའི་ཐབས། །བདག་བརྟགས་ཡེ་ཤེས་ངོས་གཟུང་དང་། །སྤྱི་བླུགས་ཐུགས་ཕྲད་ལྷུག་པ་དང་། །ཀློང་རྡོལ་རང་གྲོལ་དོང་སྤྲུགས་དང་། ཡེ་གསལ་བདེ་ཆེན་གྱིན་འདའ་དང་། མི་གཡོ་རྫོགས་པ་ངང་རང་འཁྲུངས། བཏང་སྙོམས་རྩེ་གཅིག་ལྷུན་གྲུབ་བོ། །རེ་རེ་འང་མན་ངག་བཅྭ་བརྒྱད་དེ། དབང་སྡེ། སྤྱོད་དང་འཕྲིན། བསྐུར་ཐབས་དེས། ངོ་སྤྲོད་གདམ་ངག །དགོངས་འབྲེལ་གླུ། ཉམས་རིན་རིགས་དབྱེ་ཐེམས་ཡིག་སྒྲོན། །འོད་སྐབས་གྲུབ་མཐའ། གཏད་བརྒྱའོ། །དེ་ལྟར་སུམ་བརྒྱ་ཉི་ཤུ་བཞི། ། སྐལ་ལྡན་འབད་མེད་གྲོལ་བར་བྱེད། དེ་དོན་ལག་དུ་བླངས་པ་ནི། །མཁས་པ་ཉི་ཤུ་རྩ་གཅིག་སོགས། བླ་མ་བརྒྱུད་པའི་རིམ་པ་རྣམས། །སྙན་ནས་སྙན་དུ་བ རྒྱུད་པ་ཡིས། །ཞལ་གྱི་གདམས་པ་ཡི་གེར་བཀོད། །འདིར་ཤིན་ཏུ་རྣལ་འབྱོར་གྱིས། ཐེག་པའི་ལུགས་ཀྱིས། སྐལ་ལྡན་འབད་མེད་དུ་གྲོལ་བར་བྱེད་པ་ལ་འབྲེལ་བ་བཞི་དང་ལྡན་པ་ཅིག་དགོས་པར་བཞེད་དེ། བཞི་གང་ཞེ་ན། རྒྱུད་དབང་དང་འབྲེལ་པ་དང་། །དབང་གདམས་ངག་དང་འབྲེལ་བ། །གདམས་ངག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་བྱིན་བརླབས་དང་འབྲེལ་བའོ། །དེ་ལ་རྒྱུད་ནི། ལ་ཟླ་བ་རྒྱལ་པོའི་རྒྱུད། ཤན་འབྱེད་པ་བྲམ་ཟེའི་རྒྱུད། རང་གྲོལ་མངོན་གསུམ་དུ་སྟོན་པ་མན་ངག་གི་རྒྱུད་སྡེ་རྩ་བཤད་དང་བཅས་པ་རྣམས་ཡིན་ལ། །དེ་ལས་ཀྱང་རྒྱལ་པོའི་རྒྱུད་བསྐོར། །ཀུན་བྱེད་རྒྱལ་པོ་མ་བུ་དགུ་བསྐོར་ལ་སོགས་པ་རྣམས་ཀྱི་ནང་ནས་ཕྱུང་བ། །ཀལྤ་དུམ་བུའི་རྒྱུད་དམ། སྙིང་པོའི་མན་ངག་གི་རྒྱུད། །སེམས་སྡེ་མ་བུ་བཅྭ་བརྒྱད་དུ་གྲགས་པ་འདི་རྣམས་ཡིན་ནོ། །རྒྱུད་དེ་རྣམས་དང་འབྲེལ་བའི་དབང་ནི། བདག་རྟག་པའི་མན་ངག་གི་རིག་པ་རྩལ་གྱིས་དབང་བསྐུར་བས། སྐྱེས་བུ་སྙིང་བཏོན་པ་ལྟ་བུ་ལ་སོགས་པ། རིག་པའི་རྩལ་དབང་བཅྭ་བརྒྱད་པོ་འདི་ཡིན་ནོ། །དབང་དང་འབྲེལ་བའི་གདམ་ངག་ནི། གདེང་། སྦྱོད། འཕྲིན་ལས་ལ་སོགས་པ་རྣམས་ཡིན་ནོ། །གདམས་ངག་དང་འབྲེལ་པའི་ཕྱག་བཞེས་ནི། འཆད་པར་འགྱུར་བའི་ཕྱག་བཞེས་ཀྱི་ཡི་གེ་རིས། བླ་མ་བརྒྱུད་པའི་རིམ་པའི་ཕྱག་ལེན་བཞིན་བདག་གི་སྡེབས་པ་འདི་ཡིན་ནོ། །ཕྱག་བཞེས་འདི་བླ་མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་ཚུལ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བདག་ཡན་ཆོད་བརྒྱུད་པ་མ་ཆད་ཅིང་། མ་ཉམས་པའི་ཕྱིར་བྱིན་རླབས་དང་འབྲེལ་པ་ཡིན་ནོ། །དེ་ཡང་གང་ཞེ་ན། ཆོས་སྐུ་ཀུན་ཏུ་བཟང་པོ། །ལོངས་སྐུ་རིགས་ལྔའི་སངས་རྒྱས། །སྤྲུལ་སྐུ་གསང་བདག་ཕྱག་རྡོར། །ཡང་སྦྲུལ་དགའ་རབ་རྡོ་རྗེ། །མཁས་པ་ཉི་ཤུ་རྩ་གཅིག །སྒྲ་བསྒྱུར་བཻ་རོ་ཙ་ན། །རྒྱལ་མོ་གཡུ་སྒྲ་སྙིང་པོ། །མཁས་པ་ཡེ་ཤེས་གཞོན་ནུ། །སོག་པོ་དཔལ་གྱི་ཡེ་ཤེས། །གནུབས་ཆེན་སངས་རྒྱས་ཡེ་ཤེས། །གནུབས་ཆུང་ཡོན་ཏན་ཡབ་སྲས། །མཁས་པ་མྱང་ཆེན་ཤེར་མཆོག །ཉང་བན་ཡེ་ཤེས་འབྱུང་གནས། །ཟུར་ཆེན་ཤཱཀྱ་འབྱུང་གནས། །ཟུར་ཆུང་ཤེས་རབ་གྲགས་པ། །སྐྱོ་སྟོན་ཤཱཀྱ་ཡེ་ཤེས། །གསང་བདག་མདའ་ཚ་ཧོར་པོ། །འགྲོ་མགོན་དམ་པ་ཤཱ ཀ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། བླ་མ་ཐན་སྟོན་འབུམ་མེད། ཆོས་རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཆེན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱིས་ཡེ་ཤེས། མ་གཅིག་དྲིན་ཆེན་ཟུར་མོ་རྣམས་རིམ་པ་ནས་རིམ་པར། བྱིན་རླབས་ཀྱི་ན་བུན་མ་ཡལ། །དབང་དང་གདམ་ངག་གི་ཆར་རྒྱུན་མ་ཆད་པར་གསོལ་འདེབས་གྱི་འབྲུག་སྒྲ་མ་ཆགས་པ་ཡིན་ནོ། །བརྒྱུད་རིམ་གྱི་རྣམ་ཐར་རྒྱས་པ་རྒྱ་འགྲམ། བོད་འགྲམ་གཉིས་ལས་ཤེས་པར་བྱའོ། །དེ་ལྟར་འབྲེལ་བ་བཞི་ལྡན་གྱིས་སྒོ་ནས། སྐལ་ལྡན་སྨིན་པར་བྱེད་པའི་དབང་འདི་ལ། སྤྱི་དོན་གསུམ་གྱིས་སྟོན་ནོ། །སྔོན་འགྲོ་དང་དངོས་གཞི་དང་རྗེས་ཀྱི་བྱ་བའོ། །དང་པོ་སྔོན་འགྲོ་ནི། བླ་མ་མཚན་ཉིད་དང་ལྡན་པས། སློབ་མའི་མཚན་ཉིད་ཡོངས་སུ་རྟགས་སྟེ། ཡོ་བྱད་གཞུང་བཞིན་བསོག་ཏུ་བཅུག་ནས། གནས་མཚན་ཉིད་དང་ལྡན་པར། བཀྲ་ཤིས་པའི། གཟའ་སྐར་ལ་སོགས་པ་འཛོམས་པའི་དུས་སུ། །ཨ་ནུ་མན་ཆད་ཀྱི་དབང་གིས་སྨིན་པར་བྱས་པའམ། གཞན་དུ་ན་སྒྱུ་འཕྲུལ་གྱིས་བསྲེ་བའི་ཆོ་ག་རྒྱས་པར་བྱ། གནས་ཁང་དང་བསྟུན་པའི་ས་སྟེགས་ཆེ་ཆུང་གང་ཡང་རུང་བ་ལ། །དྲི་བཟང་དང་། བ་བྱུང་ལྔས་ལེགས་པར་བྱུགས་ལ། ཐིག་ཆེན་བརྒྱད་གདབ། དེ་ཡང་དཀྱུས་ཐིག་གི་ཆ་སུམ་བཅུ་ཚོ་པ་གཉིས་སུ་ཕྱེས་ཏེ། ས་སྟེགས་དེའི་བརྒྱད་ཆ་ཕྱིར་དོར་བའི་ཟླུམ་ཐིག་གཅིག་བསྐོར། དེའི་དབུས་ཀྱི་ཚངས་ཐིག་ནས། ཕྱིའི་ཟླུམ་ཐིག་གི་བར་ཕྱེད་མར་བཅལ་བའི། ཟླུམ་ཐིག་གཅིག་བསྐོར། ཟླུམ་ཐིག་ཕྱི་ནང་གཉིས་ཀ་ལ་ཡང་། པད་མ་ཆེ་ཆུང་དང་བཏུན་པའི་མུ་ཁྱུད་ཀྱི་དོན་དུ་ནང་མའི་ཕྱི་ངོས་དང་། ཕྱི་མའི་ནང་ངོས་སུ་ཟླུམ་ཐིག་རེ་སྐོར། །དེ་ནས་ཚོན་འགྱེད་ལུགས་ནི་པད་མ་འདབ་མ་བཅུ་དྲུག་ཁ་དོག་དམར་པོ་ལ། །མུ་ཁྱུད་ནང་མ་འོད་ཟེར་གྱིས་འཕྲེང་བ་དང་ཕྱི་རྡོ་རྗེའི་ཕྲེང་བ། དེའི་ཕྱི་རོལ་དུ་ཤར་ཕྱོགས་སུ་སྙིང་གི་རྩེ་མོའི་རྣམ་པ་དང་། ནུབ་ཕྱོགས་སུ་སྙིང་སྒྲོམ་ཀྱིས་རྣམ་པ། མཐའ་སྐོར་ལ་སྙིང་ཤུན་སྙིང་ཚིལ་དང་བཅས་པའི་རྣམ་པ་བྲི། དབུས་ཀྱི་ལྟེ་བ་ལ་ཨ་དཀར་པོ་གཉིས། དབུ་ཤར་ནུབ་དུ་བསྟན་པ་བྲིས་ལ། རྩའི་རྣམས་པ། ཁ་དོག་དམར་སྐྱའི་ཚོན་གྱིས་སྦྲེེལ། པད་འདབ་བཅུ་དྲུག་ལ། ཨ་བཅུ་དྲུག་དབུ་ཕྱིར་བསྟན་དུ་བྲིས་ལ། རྩའི་རྣམ་པ་དམར་སྐྱས། དཀྱིལ་འཁོར་ཐམས་ཅད་དབུས་ཀྱི་ལྟེ་བ་ལ་སྦྲེས་ལོ། །དེ་ནི་ཚོན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ནོ། །དེ་ཅི་མཚོན་ན། སྙིང་རིན་ཆེན་འབར་བའི་དབུས་ན། རྣམ་པར་ཤེས་པའི་ཚོགས་བརྒྱད། ཡུལ་དང་བཅས་པ་ཡེ་ནས་དག་ཅིང་། ཐམས་ཅད་ཀྱང་རྒྱུ་རྐྱེན་མེད་པར་རང་བྱུང་། བྱེད་པོར་མེད་པར་ལྷུན་གྱིས་གྲུབ་པའི་ཀུན་ཏུ་བཟང་པོ་བཅྭ་བརྒྱད་རང་ཅག་གནས་སོ་ཞེས་པའི་བརྡའོ། །དེ་ནས་དཀྱིལ་འཁོར་ཆེ་ན། ཨ་དེ་རྣམས་ཀྱིས་སྟེང་དུ་ཁྲིའུ་འམ་མན་འཛིའི་སྟེང་དུ། བུམ་པ་བཅྭ་བརྒྱད་དཀར་ཞལ་ནས་ཕྱུང་ལ། མཆུའི་འོག་དུ་ཙིཏྟ་དམར་པོའི་གཟུགས་རེ་ལ་གནས་པའི་ཨ་དཀར་པོ་རེ་རེ་བྲི། ནང་དྲི་བཟང་གི་བདུད་རྩི། ལྔ་དང་བཅས་པའི་ཆུ་སུམ་གཉིས་གང་བ་བླུགས་ལ། ངག་ཏུ་ཨ་ཞེས་བརྗོད་པས། ཨ་དཀར་པོ་རེ་རེ་འོད་དུ་ཞུ་བས། མ་སྐྱེས་པའི་ཆོས་ཉིད། མ་འགགས་པའི་བདུད་རྩིའི་ཆུ། རྒྱུ་རྐྱེན་མེད་པར་རང་བྱུང་ནས་བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པར་མོས་པ་བྱས་ལ། །བུམ་པའི་མགུལ་རས་གཟུང་གིས་བཅིངས་ཤིང་འབྲས་བུ་དང་བཅས་པའི་ཤིང་། དུག་བྱའི་སྒྲོ་དང་བཅས་བས་ཁ་བརྒྱན་ལ་རྡོ་རྗེར་གླུ་གསུངས་པའི་ཙཀ་ལི་རྣམས་ཀྱིས་ཀྱང་མཚན་པར་བྱའོ། །གལ་ཏེ་དཀྱིལ་འཁོར་ཆུང་ནས་བུམ་པར་མི་ཤོང་ན། བུམ་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་མཐར་བསྐོར་སྟེ། པད་འདབ་ཀྱི་ཨ་རེའི་ཐད་དཀར་བུམ་པ་རེ་འགོད། དེ་ནས་ཇི་ལྟར་འབྱོར་པའི་དཀྱིལ་འཁོར་གྱི་བརྒྱན་གྱི་གནས་ཁང་གཟི་བྱིན་དང་ལྡན་པར་བྱས་ལ། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ། དཀྱིལ་འཁོར་གྱི་མཐའ་ནང་གི་སྨན་རག་གཏོར་གསུམ་དང་། ཕྱིའི་མཆོད་པ་ཆུ་གསུམ། བཞི་བསྣོལ་དང་བཅས་པས་བསྐོར་བར་བྱའོ། །དེ་ཡུལ་ལྷ་དང་གཞི་བདག་ལ་སོགས་པ་ལ་གསེར་སྐྱེམས་སམ། ཆ་གསུམ་གྱིས་ཚིམ་པར་བྱས་ལ། བར་ཆད་ཀྱི་མི་ཚུགས་པར་བྱ་བའི་ཕྱིར། ཕྱི་ནང་གིས་མཚམས་བཅད་ལ། བླ་མ་ཁ་ཤར་བལྟས་ཀྱི་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ལ། དབང་གི་ཁྲི་ལ་འདུག་ཅིང་། མཆེད་རྣམས་ཀྱང་གྲལ་རིམ་གྱི་འཁོད་ནས། ཚུལ་ཕྱག་དང་གྲལ་ཕྱག་བྱ་ཞིང་། །རྒྱུད་དག་པར་བྱ་བའི་ཕྱིར་ན་རག་དོང་སྤྲུགས་ཀྱི་ཆོ་ག་དང་། ཚོགས་ཀྱི་འཁོར་ལོ་བྱས་ནས་མ་མགོན་ལྕམ་དྲལ་བསྐང་ཞིང་། བར་ཆད་མི་འབྱུང་བའི་འཕྲིན་ལས་བཅོལ་ལ། མཆེད་ལྕམ་རྣམས་གཉིད་ཀྱི་བདེ་བས་ཚིམ་པར་བྱའོ། །དེ་དག་གི་སྔོན་དུ་འགྲོ་བའི་རིམ་པ་སྟེ། ནུབ་དང་པོ་སྟ་གོན་གྱི་ཆོ་ག་རྫོགས་སོ། །སྤྱི་དོན་གཉིས་པ་དབང་གི་དངོས་བཞི་ནི། དབང་བཅྭ་བརྒྱད་པོ་རེ་རེ་ལ་ཞག་རེ་རེའམ། ཉིན་མཚན་གང་རུང་རེ་རེའམ་སྔ་དྲོ་ཕྱི་དྲོ་སྲོད་དང་གསུམ་ལ་དབང་རེ་རེ་བསྐུར་བ་ཡང་རུང་སྟེ། དབང་རེ་རེ་ལ་ཡང་དོན་ཆིངས་བཅྭ་བརྒྱད་བཅྭ་བརྒྱད་ཀྱིས་སྟོན་ཀྱང་། བླ་མ་རྣམས་ཕྱག་བཞེས་སུ་མཛད་ཙ་ན། །དོན་ཆིངས་དགུའི་བར་དུ་ནོར་བུ་ལུགས་སུ་བསྐུར་ནས། །དོན་ཆིངས་བཅུ་པ་མན་དབང་ཐམས་ཅད་རྫོགས་པའི་རྗེས་སུ། དབང་གི་གཏད་རྒྱའམ། རྒྱབ་ཆོས་སུ་མཛད་དོ། །དེ་ལ་ཐོག་མར་ཁྱུང་ཆེན་དང་རྗེས་སུ་འབྲེལ་བ། དབང་དང་པོ་བསྐུར་བ་ལ། སྟོད་ཀྱི་དོན་ཀྱི་དོན་ཆིངས་དགུས་སྟོན་པ་ལས། དང་པོ་དབང་ནི། བདག་བརྟགས་པའི་མན་ངག་གིས་རིགས་པ་རྩལ་གྱི་དབང་བསྐུར་བས། སྐྱེས་བུའི་སྙིང་བཏོན་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས། གདེང་ཅི་ཐོབ་ན་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བའི་གདེང་རྒྱ་མཚོའི་རྦ་རླབས་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་བའ་ིསྤྱོད་པ་ནི། རིགས་པ་སྣ་ཚོགས་སུ་འཆར་བའི་སྤྱོད་པ་གནང་བཀག་མེད་པ་སྟེ། རྩི་སྨན་སྣ་ཚོགས་ལྟ་བུའོ། །བཞི་པ་དེ་ལྟ་བུའི་དོན་གང་ཟག་གིས་རྒྱུད་ལ་འཁྱེར་བའི་འཕྲིན་ལས་ནི། སྔོན་དུ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་དོན་དུ། ཚུལ་ཕྱག་ནས་རྩམ་ཏེ། ཡི་དམ་གང་བྱེད་ཀྱི་འཕྲིན་ལས་གཞུང་བསྲང་ལ་ཚོགས་མཆོད་བྱའོ། །དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་ལ་ཟླ་བ། ཀུན་བཟང་དོན་གྱི་འཕྲིན་ལས། མཆོད་མཁན་རྣམས་ཀྱིས་གཞུགས་སྲང་ཞིང་། །བླ་མས་བྱ་རྩོལ་མེད་པའི་འཕྲིན་ལས་ཀྱི་ངང་ལ་གནས་པར་བྱ་བ་དང་ངག་ཏུ་འང་བརྗོད་པར་བྱའོ། །དེ་ལ་ཡང་དགུ་སྟེ། མཚམས་བཅད་བཤགས་པར་དཀྱིལ་འཁོར་ལས། །ཕྱག་འཚལ་མཆོད་དང་བཟླས་པ་དང་། །གཏོར་ཚོགས་རྗེས་ཀྱི་སྨོན་ལམ་དགུས། །བྱ་རྩོལ་མེད་པའི་འཕྲིན་ལས་རྫོགས། །དེ་ལ་དང་པོ་མཚམས་བཅད་པ་ནི། ནམ་མཁའ་ཆེ་ལས། མི་རྟོག་ཡེ་ཤེས་བགེགས་གསལ་ནས། ཤེས་པས། །མཆོད་མཁན་རྣམས་ཀྱིས་དབྱངས་དང་བཅས་པའམ། །མེད་ཀྱང་རུང་སྟེ། དོན་ཡིད་ལ་བསམ་ཞིང་ཚིག་འདི་སྐད་བརྗོད་དེས་འོག་མ་རྣམས་ལ་ཡང་འདྲེའོ། །ཧཱུཾ་རྗེ་བཙུན་ང་ནི་རྒྱལ་བ་ཀུན་གྱི་ཡབ། །ཐམས་ཅད་ངར་བརྗོད་རིག་འཛིན་ཀུན་གྱིས་རྗེ། །ཐམས་ཅད་ངར་འདུས་རྣལ་འབྱོར་ཡོངས་ཀྱི་དཔོན། །སྲིད་གསུམ་ཆར་ལྟར་འབབ་ཀྱང་ང་མི་གཤེར། །ཁམས་གསུམ་ཆུ་ལྟར་འཁྲུགས་ཀྱང་ང་མི་འཁྱེར། །རྒྱུད་དྲུག་མེ་རུ་འབར་ཡ ང་ང་མི་ཚིག །སྟོང་གསུམ་རླུང་ལྟར་གཡོས་ཀྱང་ང་མི་སྐྱོན། །དུག་ལྔ་མུན་ལྟར་འཐིབས་ཀྱང་ང་མི་འཐོམ། །ཡེ་ཤེས་ཉི་མ་ཤར་ཡང་གསལ་རྒྱུ་མེད། །མ་རིག་མུན་པ་བྱུང་ཡང་གནག་རྒྱུ་མེད། །སྐྱེ་ཤི་རིས་སུ་ཆད་ཀྱང་འཆི་རྒྱུ་མེད། །ཉོན་མོངས་དུག་གསུམ་གནས་ཀྱང་སྤང་རྒྱུ་མེད། །དངོས་གྲུབ་རྣམ་གསུམ་ཡིན་ཡང་ཆགས་རྒྱུ་མེད། །ཆོས་སྐུ་འགྱུར་མེད་གྲུབ་ཀྱང་སྩོལ་བ་མེད། །རང་འབྱུང་ཉིད་དུ་གནས་པ་རག་མི་ལུས། །སྙིང་པོ་ལྷུན་གྱིས་གྲུབ་པས་རྟེན་མི་འཆའ། །མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་གནས་པས། བགེགས་ཀྱི་རྒྱལ་པོ་རྟོག་པ་མ་སྤངས་བཅོམ། །ཨ་མ་ཧཱ་ཤུནྱ་ཏ་ཛྙཱ་ན་ཨ་ཞེས་བརྗོད་ཅིང་། དེ་དག་གིས་དོན་བགེགས་ལ་སོགས་པའི་བར་ཆད་ཐམས་ཅད་རྒྱུན་མེད་པར་རང་བྱུང་། བྱེད་པ་པོ་མེད་པར་ལྷུན་གྲུབ་ཏུ་ཐག་བཅད་ལ་བར་ཆད་ཐམས་ཅད་རང་བྱུང་། རང་བཞིན་རང་རླག་དུ་བསམ་ལ། །དེའི་ངང་ལ་བྱ་རྩོལ་མེད་པར་གནས་པ་ནི་མཚམས་ཀྱི་མཆོག་གོ་ཞེས་བརྗོད་དོ། །གཉིས་པ་བཤགས་པ་བྱ་བ་ནི། བརྗོད་མེད་ལས། རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། ཞེས་པས། ཧཱུཾ་ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ། །གཟུང་འཛིན་གཉིས་སུ་ལྟ་བ་ཐང་རེ་ཆད། །དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས། །སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །གཙང་རྨེ་གཉིས་སུ་ལྟ་བ་ཐང་རེ་ཆད། །བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཀུན་བཟང་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ། །བདག་དང་གཞན་དུ་བལྟ་བ་ཐང་རེ་ཆད། །ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས། །མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །བྱང་ཆུབ་སེམས་ལ་སྐྱེ་འཆི་མེད་པ་ལ། །འདི་དང་ཕྱི་མར་བལྟ་བ་ཐང་རེ་ཆད། །སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས། །འཆི་མེད་གཡུང་དྲུང་ཀློང་དུ་བཤགས་་པར་བགྱིས། །ཐིག་ལེ་ཆེན་པོ་གྲ་ཟུར་མེད་པ་ལ། །གཟུགས་དང་རྫས་སུ་ལྟ་བ་ཐང་རེ་ཆད། །གྲ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས། ཀུན་ཟླུམ་ཐིག་ལེ་ཀློང་དུ་བཤགས་པར་བགྱི། །དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལ། །ཐོག་མ་ཐ་མར་ལྟ་བ་ཐང་རེ་ཆད། །འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱི། །རང་འབྱུང་ཡེ་ཤེས་རྩོལ་བ་མེད་པ་ལ། །རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད། །སྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །རང་འབྱུང་བཙལ་མེད་ཀློང་དུ་བཤགས་པར་བགྱི། །རིག་པ་ཡེ་ཤེས་གཟུང་འཛིན་མེད་པ་ལ། །རྟག་ཆད་གཉིས་སུ་བལྟ་བ་ཐང་རེ་ཆད། །གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས། །རིག་པ་ཡེ་ཤེས་ཀློང་དུ་བཤགས་པར་བགྱི། །ཆོས་དབྱིངས་རྣམ་དག་སྤྲོས་པ་མེད་པ་ལ། །ཟུག་ངུ་གཉིས་སུ་ལྟ་བ་ཐང་རེ་ཆད། །མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་དབྱིངས་རྣམ་དག་ཀློང་དུ་བཤགས་པར་བགྱི། །གཞལ་ཡས་ཁང་ལ་ཡང་དོག་མེད་པ་ལ། །ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད། །ཡང་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས། །གཞལ་ཡས་ཡང་དོག་མེད་པའི་ཀློང་དུ་བཤགས་པར་བགྱི། ། ཡུམ་གྱི་མངལ་ལ་མཐོ་དམན་མེད་པ་ལ། །སྟེང་དང་འོག་དུ་ལྟ་བ་ཐང་རེ་ཆད། །མཐོ་དམན་གཉིས་སུ་འཛིན་ནས་ཉོན་རེ་མོངས། །བྷ་ག་མཐོ་སྨན་མེད་པའི་ཀློང་དུ་བཤགས་པར་བགྱི། ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པ་ལ། །ཕྱི་ནང་གཉིས་སུ་ལྟ་བ་ཐང་རེ་ཆད། །སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱི། །མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ། །གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན། །གང་ཟག་འཁྲུལ་པའི་སེམས་འདི་ཡོང་རེ་སྡུག །སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་། །སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་པས། །ཟང་ཟིང་ནོར་ལ་སེམས་ཀྱི་ཆགས་པ་སྦྱོད། །འཁོར་བར་རང་བཞིན་མེད་པར་མ་ཤེས་པས། །གཉེན་ཤེས་འཁྲུལ་པའི་གྲོགས་ལ་རྟགས་པར་གཟུང་། །མི་ཤེས་སྐྱེ་བོའི་སེམས་ནི་ཡོངས་སུ་གོལ། །བདེན་པོའི་དོན་བོར་མི་དགེའི་ལས་ལ་བརྩོན། །སྟོན་པའི་བཀའ་བོར་མི་ཆོས་གཡེངས་པས་བསླུས། །རང་རིག་དོན་མེད་གཡེང་བའི་ལས་ལ་བརྩོན། །འདི་འདྲ་དོན་མེད་སེམས་ཅན་སྙིང་རེ་རྗེ། །དབྱེ་འབྲི་མེད་པའི་ངང་དུ་བཤགས་པར་བགྱིའོ། །ཞེས་བརྗོད་ཅིང་བྱ་རྩལ་མེད་པའི་ངང་ལ་བཤགས་པ་བྱ་བ་ནི། གལ་ཏེ་སྐུ་ཡི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་བཤགས། །གསུང་གི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་བརྗོད་དུ་མེད་པའི་ངང་དུ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་དྲན་རྟོག་མེད་པའི་ངང་དུ་བཤགས། །གསང་བའི་དམ་ཚིག་ཉམས་གྱུར་ན། །གསང་བ་ཆོས་ཀྱི་ངང་དུ་བཤགས། །རྩ་བའི་དམ་ཚིག་ཉམས་གྱུར་ན། །རྩ་བ་བྱང་ཆུབ་སེམས་ཀྱི་ངང་དུ་བཤགས། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་གཉིས་སུ་མེད་པའི་ངང་དུ་བཤགས། ཆོས་སྤྱིའི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་ལྷུན་གྱིས་གྲུབ་པའི་ངང་དུ་བཤགས། །ཆོས་ཁྱད་པར་གྱི་དམ་ཚིག་ཉམས་གྱུར་ན། །མཚན་མ་ཆོས་ཅན་ལྷུན་གྲུབ་གྱི་ངང་དུ་བཤགས། །འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ། །མི་དགེ་བཅུ་དང་མཚམས་མེད་ལྔ་སོགས་བྱས་པ་ཀུན། །རང་བྱུང་ཡེ་ཤེས་རྟོགས་པ་མེད་པའི་ངང་དུ་བཤགས་པར་བགྱིའོ། །ཞེས་དོན་དྲན་པར་བྱའོ། །གསུམ་པ་དཀྱིལ་འཁོར་གྱིས་ལས་སུ་བྱ་བ་ནི། མཚོན་བྱེད་དཔེའི་དཀྱིལ་འཁོར། རྡུལ་ཚོན་གྱིས་བྲིས་པ་འདི་ཡིན་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་ཙིཏྟ་རིན་ཆེན་དེའི་གཞལ་ཡས་ན། །རྩ་འདབ་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ། རྒྱུ་རྐྱེན་མེད་པའི་རང་འབྱུང་ཀུན་ཏུ་བཟང་མོ་དང་། བྱེད་པ་པོ་མེད་པར་ལྷུན་གྲུབ་ཀྱིི་ཀུན་ཏུ་བཟང་པོ་གཉིས་གདོད་མ་ནས་མ་སྐྱེས་པའི་ཆོས་ཉིད་ཡི་གེ་ཨའི་རྣམ་པར་གནས་པ་ནི་དཀྱིལ་ཡིན་ལ། །པད་འདབ་བཅུ་དྲུག་ལ་རྣམ་ཤེས་ཚོགས་བརྒྱད་ཡུལ་དང་བཅས་པ་གདོད་མ་ནས་དག་པའི་ཀུན་ཏུ་བཟང་པོ་བཅུ་དྲུག་ནི་འཁོར་ཡིན་ནོ། །དེ་ཡང་འཁོར་གྱིས་ཀུན་ཏུ་བཟང་པོ་ཞེས་འཁོར་བ་ཡེ་བརྡལ་གྱི་ངོས་ནས་སྨོས་ལ། དཀྱིལ་ནི་ཁམས་གསུམ་དོང་སྤྲུགས་ཀྱི་རང་བཞིན་ཏེ། དོན་འཁོར་འདས་ཀྱི་ཆོས་ལ་བླང་དོར་མེད་པ། རང་འབྱུང་གི་ཡེ་ཤེས། ཐིག་ལེ་ཉག་གཅིག་ཏུ་གནས་པ་ལ་གནས་པ་ལྟར་སྒོམས་པ་ནི། ཏིང་འཛིན་གསུམ་གྱི་ལྷ་བསྐྱེད་ཅིང་། །དབང་བསྐུར་བྱིན་རླབས་ལ་སོགས་པ་བྱ་བའི་ཚུལ་ནི། མཚན་བརྗོད་ལས། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཧཱུཾ་རང་གི་སེམས་ཉིད་གདོད་ནས་མ་དག་ན། །འཕྲལ་དུ་ཕྱོགས་ཙ མ་བསྒོམ་པས་དག་མི་འགྱུར། །ཆོས་ཉིད་མ་བཅོས་ཡེ་ན་ཡིན་ཤེས་ན། །དེ་བཞིན་ཉིད་ཀྱི་ཏིང་འཛིན་མ་བསྒོམས་གསལ། །ཐབས་ཀྱི་རྩ་བ་སྙིང་རྗེ་མ་ཤར་ན། །འཕྲལ་གྱི་ཕྱོགས་ཙམ་ཡོངས་ལ་ཁྱབ་མི་འགྱུར། །བརྡལ་བ་ཆེན་པོའི་བློ་ཡིས་ཕྱིར་ཁྱབ་ན། །ཀུན་ཏུ་སྣང་གི་ཏིང་འཛིན་མ་བསྒོམས་གསལ། །རྒྱུ་ཉིད་དག་པའི་དོན་ཉིད་མ་ཤེས་ན། ། འཕྲལ་གྱིས་དམིགས་པས་རང་རིག་གསལ་མི་འགྱུར། །ཡེ་ནས་ཡིན་པ་རང་རིག་གསལ་རྟོགས་ནས། །རྒྱུ་ཡི་ཏིང་འཛིན་དེ་ཡང་མ་སྒོམ་གསལ། །རང་རིག་རྩལ་གྱི་ཡོངས་ལ་མ་བརྡལ་ན། །འཕྲལ་གྱི་འཕྲོ་འདུས་ཉོན་མོངས་དག་མི་འགྱུར། །སྐད་ཅིག་ཙམ་ལ་རང་བྱུང་ཉི་ཤར་ན། ཡོངས་སུ་རྫོགས་པའི་ཏིང་འཛིན་མ་བསྒོམས་གསལ། །གཉིས་མེད་ཡུམ་ཆེན་བྷ་ག་མ་རྟོགས་ན། །འཕྲལ་དུ་ཡུམ་མཆོག་བསྐྱེད་པས་སྐུ་མི་རྫོགས། །ཤེས་རབ་ཕ་རོལ་ཕྱིན་པ་དབྱེར་མེད་པས། །སྙིང་རྗེ་ཡུམ་མཆོག་ཐབས་དང་ཤེས་རབ་རྫོགས། སེམས་ཀྱི་དབང་ཕྱུག་འདོད་དགུར་མ་ཤེས་ན། །འཕྲལ་དུ་ཡེ་ཤེས་ལྔའི་དབང་མི་འཆར། །ཀུན་གཞི་རྩ་བས་ཕྱོགས་བཅུར་དབང་བསྒྱུར་བས། ཡེ་འབྱམས་ཆེན་པོའི་དབང་མཆོག་མ་བསྐུར་རྫོགས། །དགོངས་པའི་བྱིན་རླབས་ཐིག་ལེར་མ་སློབས་ན། །འཕྲལ་གྱི་དགོངས་པས་སྐུ་གསུང་ཐུགས་མི་རློབས། རང་འབྱུང་བདེ་བས་ཁམས་གསུམ་བྱིན་རླབས་པས། སྐུ་གསུམ་བྱིན་རླབས་ཆོ་འཕྲུལ་རང་བཞིན་ཚངས། །ཞེས་བརྗོད་དོ། །བཞི་པ་དམ་ཚིག་དང་། ཡེ་ཤེས་ཀྱི་ཀུན་ཏུ་བཟང་པོ་ཡེ་ནས་དབྱེ་བ་མེད་པ་ལ་ཕྱག་འཚལ་བ་ནི། པཉྩ་ཀྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་མཁར། །རང་གིས་རང་རིག་ཡེ་ཤེས་གང་། ལེགས་མཐོང་གང་ཡིན་འདིར་ཆགས་འཚལ། །ཞེས་པའི་དོན་དྲན་བར་བྱས་ལ། བྱ་སྩོལ་མེད་པའི་ཕྱག་འཚལ་བ་ནི། སྣང་མེད་སྟོང་མེད་ངོས་བཟུང་མེད་ལ་ཕྱག་འཚལ་ལོ། །བྱར་མེད་ཞེན་མེད་འཛིན་པ་མེད་ལ་ཕྱག་འཚལ་ལོ། །སྐྱེ་མེད་ལྷུན་གྲུབ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བཙལ་བའོ། །ལྔ་པ་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ལ་མཆོད་པ་འབུལ་བའི་ཚུལ་ནི། ནམ་མཁའ་ཆེ་ལས། བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ལ། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིངས་བ་ཆེན་པོར་འགྱུར། །ཞེས་པས། ཡིད་ཀྱིས་མཆོད་པས་སྟོང་གསུམ་མ་ཁྱབ་ན། །འཕྲལ་དུ་འབུལ་བས་རྒྱལ་བ་མཉེས་མི་འགྱུར། །ཡོངས་སུ་ཁྱབ་པའི་མཉེས་པ་རྒྱུན་མེད་ན། །མཆོད་པའི་ཆེ་བ་གདོན་དུ་མ་སྒོམ་ཚང་། །ཞེས་པའི་དོན་དྲན་པར་བྱས་ལ། །བྱ་སྩོལ་མེད་པའི་མཆོད་པར་འབུལ་བ་ནི། སྤྱིར་འདོད་ཡོན་ལྔའི་མཆོད་པ་དང་། །ཁྱད་པར་དུ་ཕྱི་ནང་གསང་བའི་མཆོད་པ་ལས། འདོད་ཡོན་ལྔའི་མཆོད་པ་ནི། གཟུགས་སྣང་དངོས་མེད་ཀྱི་མཆོད་པ་འབུལ། སྒྲ་གྲགས་པ་གཟུགས་མེད་ཀྱི་མཆོད་པ་འབུལ། །དྲི་ཚོར་བ་དམིགས་མེད་ཀྱི་མཆོད་པ། །རོ་མྱོང་བ་ཚོར་མེད་ཀྱི་མཆོད་པ། །རེག་དྲན་པ་འཛིན་མེད་ཀྱི་མཆོད་པ། །ཆོས་སྐྱེ་མེད་བློ་འདས་ཀྱི་མཆོད་པའོ། །དེ་དག་ཀྱང་ཁྱད་པར་ཕྱི་ནང་གསང་གསུམ་དུ་བསྡུས་ནས་མཆོད་པ་ནི། ཕྱི་གཟུགས་སོགས་ཀྱི་སྣང་བ་དངོས་མེད་ཀྱི་མཆོད། །ནང་རྣམ་ཤེས་ཀྱིས་རིག་པ་འགྱུར་མེད་ཀྱིས་མཆོད། གསང་བ་སྐྱེ་མེད་ཀྱི་དོན་བློ་འདས་ཀྱི་མཆོད་པས་མཆོད་དོ། ། དྲུག་པ་བཟླས་པ་བྱ་བ་ནི། ནམ་མཁའ་ཆེ་ལས། མི་གསུང་མཉམ་བཞག་སྔགས་ཚིག་གོ །ཞེས་པས། ཧཱུཾ་དགོངས་པ་ཡིད་ཀྱི་ཏིང་འཛིན་མི་གསལ་ན། །འཕྲལ་དུ་འཕྲོ་འདུས་རིག་པའི་ལྷ་མི་གསལ། །ཆོས་ཉིད་ངང་གསལ་རིག་པའི་གཏིང་གོ་ན། །ཏིང་ངེ་འཛིན་གྱིས་ཆོ་འཕྲུལ་མ་སྒོམས་གསལ། །དོན་གྱིས་བསྙེན་པ་ཁོ་ནར་མ་ཤེས་ན། །འཕྲལ་དུ་མཚན་མར་བརྗོད་པས་གྲུབ་པ་མེད། །ཡིད་ཀྱི་བཟླས་བརྗོད་དུས་དང་རྒྱུན་ཆད་མེད། རྣལ་འབྱོར་བ སྙེན་པའི་ཆོ་ག་ཡང་དག་རྫོགས། །ཧཱུཾ་བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཆགས་མེད་མཆོད་པའི་སྤྲིན་དུ་རབ་སྤྲུལ་ནས། །ཆགས་པ་མེད་པའི་ཚུལ་དུ་འབུལ་ལགས་ན། །བཅོམ་ལྡན་སྤྱི་དཔལ་ཐུགས་རྗེ་བཞེས་སུ་གསོལ། སངས་རྒྱས་ཁྱེད་ཀྱི་སྐུ་མཆོག་ཅི་འདྲ་བ། །ནམ་མཁའི་དབྱིངས་ལ་ཅིར་ཡང་སྣང་བའི་སྐུ། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །འདུས་བྱས་འདུས་མ་བྱས་པ་ཐབས་ཀྱི་སྐུ། །སྐུ་མཆོག་ཀུན་བཟང་སྐུ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་གསུང་མཆོག་ཅི་འདྲ་བ། །སྒྲ་སྣང་བརྗོད་མེད་དོན་ལས་མ་གཡོས་ཀྱང་། །ཐུགས་རྗེས་འདུལ་ཕྱིར་གསུང་མཆོག་ཅིར་ཡང་སྟོན། །བརྗོད་མེད་གསུང་མཆོག་ཤེས་རབ་ཕ་རོལ་ཕྱིན། །གསུང་མཆོག་ཀུན་བཟང་གསུང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཐུགས་མཆོག་ཅི་འདྲ་བ། །རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན། །ཡེ་ཤེས་མཁྱེན་ལྡན་ཐམས་ཅད་འདུས་མ་བྱས། །དྲན་བྱེད་རིག་པའི་རྒྱལ་པོ་ཡོངས་སུ་ཤར། །ཐུགས་མཆོག་ཀུན་བཟང་ཐུགས་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཁྱེད་ཀྱི་ཡོན་ཏན་ཅི་འདྲ་བ། །ཆེ་བའི་ཡོན་ཏན་མེད་ལས་ཅིར་ཡང་སྣང་། །སྣང་ཙམ་ཉིད་ལས་ཐིག་ལེའི་ངང་དུ་འདུ། །ལྷུན་རྫོགས་མཐར་ཕྱིན་རྒྱལ་བའི་ཡོན་ཏན་སྐུ། །ཡོན་ཏན་ཀུན་བཟང་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་འཕྲིན་ལས་ཅི་འདྲ་བ། །ཐབས་ཀྱི་འཕྲིན་ལས་འགྲོ་བ་ཡོངས་ལ་ཁྱབ། །སྐྱེ་འགྲོ་མང་པོས་ཐར་པའི་ལམ་མཆོག་མཛད། །ཐབས་མཁས་མཐར་ཕྱིན་རྒྱལ་བའི་འཕྲིན་ལས་སྐུ། །འཕྲིན་ལས་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །ཞེས་བརྗོད་པས་བསྙེན་ཞིང་བསྟོད། བླ་མས་བརྡའ་དཀྲོལ་ཏེ། བྱ་རྩོལ་མེད་པའི་བསྙེན་པ་ནི། །ཕྱི་སྣང་སྲིད་གཞི་བཞེངས་སུ་བཟླས། ནང་སྒོ་ལྔ་གསལ་ལ་རྟོག་མེད་དུ་བཟླས། །གསང་བ་སྐྱེ་མེད་ལྷུན་གྲུབ་དུ་བཟླས་ཏེ། མཐར་ཐུག་གི་བཟླས་པའོ། །བདུན་པ་གཏོར་མ་བཏང་བ་ནི། ནམ་མཁའ་ཆེ་ལས། མི་གཟུང་བཏོང་བས་གཏོར་མ་ཡིན། །བྱ་བ་མེད་པས་ལས་རྣམས་ཏེ། །ཅེས་པས། ཧཱུཾ་གཟུགས་སྣང་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །སྐུ་མཆོག་མི་ཟད་བརྒྱན་གྱིས་འཁོར་ལོ་རྫོགས། །སྒྲ་གྲགས་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །གསུང་མཆོག་མི་ཟད་བརྒྱན་གྱི་འཁོར་ལོ་རྫོགས། །དྲན་རྟོགས་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །ཐུགས་མཆོག་མི་ཟད་བརྒྱན་གྱི་འཁོར་ལོ་རྫོགས། །སེམས་ཉིད་མ་བཅོས་དོན་ཉིད་མ་ཤེས་ན། །ཇི་ལྟར་བ རྟགས་པས་སྡུག་བསྔལ་ཉིད་དུ་འགྱུར། །ལྟ་བ་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རྣམ་རྟོག་གཏོར་མའི་མཆོད་པར་བཞེས་སུ་གསོལ། །སེམས་ཉིད་མ་ཡེངས་དོན་ཉིད་མ་ཤེས་ན། །ཇི་ལྟར་བསྒོམས་པས་སྡུག་བསྔལ་ཉིད་དུ་འགྱུར། །ཏིང་འཛིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རྣམ་ཤེས་གཏོར་མའི་མཆོད་པར་བཞེས་སུ་གསོལ། །རང་འབྱུང་ལྷུན་གྱིས་གྲུབ་པར་མ་ཤེས་ན། །ཇི་ལྟར་བཙལ་བས་སྡུག་བསྔལ་ཉིད་དུ་འགྱུར། །འཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །སྲོག་དབུགས་གཏོར་མའི་མཆོད་པར་བཞེས་སུ་གསོལ། །ཕུང་པོ་རྒྱལ་བའི་སྐུ་རུ་མ་ཤེས་ན། །ཇི་ལྟར་བསྐྱེད་པ་སྡུག་བསྔལ་ཉིད་དུ་འགྱུར། །རང་བཞིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རང་འབྱུང་གཏོར་མའི་མཆོད་པར་བཞེས་སུ་གསོལ། །གཟུང་མ་ཤེས་རབ་ཉིད་དུ་མ་ཤེས་ན། །ཇི་ལྟར་སྤྱད་པས་སྡུག་བསྔལ་ཉིད་དུ་འགྱུར། །དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཐིག་ལེ་གཏོར་མའི་མཆོད་པར་བཞེས་སུ་གསོལ། །རང་འབྱུང་གདོད་ནས་དག་པར་མ་ཤེས་ན། །ཇི་ལྟར་སྤྱད་པས་སྡུག་བསྔལ་ཉིད་དུ་འགྱུར། །རྣམ་དག་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཤ་ཁྲག་གཏོར་མའི་མཆོད་བར་བཞེས་སུ་གསོལ། ལོངས་སྤྱོད་སྒྱུ་མ་ཡིན་པར་མ་ཤེས་ན། །ཇི་ལྟར་བསགས་པས་སྡུག་བསྔལ་ཉིད་དུ་འགྱུར། །སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཡོ་བྱད་གཏོར་མའི་མཆོད་པར་བཞེས་སུ་གསོལ། །ཕྱི་ནང་སྣོད་བཅུད་གཏོར་མ་བསྡུས་ནས་ཀྱང་། །ཐུགས་རྗེ་ཆེན་པོའི་གཏོར་མར་རབ་སྤྲུལ་སྟེ། །ཡེ་ཤེས་རོལ་པའི་གཏོར་མར་འབུལ་ལགས་ཀྱི། །ཆོས་ཉིད་དབྱིངས་ཀྱི་གཏོར་མར་བཞེས་སུ་གསོལ། །ༀ་ཤྲི་བྷ་ཏྲ་ཨ་ཅེས་བརྗོད་ཅིང་། བྱ་རྩལ་མེད་པའི་གཏོར་མ་ནི། སྣང་སྲིད་འཛིན་པ་མེད་པས་ཕྱིའི་གཏོར་མ། སྒོ་ལྔ་གསལ་ལ་རྟོག་པ་མེད་པས་ནང་གི་གཏོར་མ། སྐྱེ་མེད་མཐར་ཐུག་གི་དོན་གསང་བའི་གཏོར་མ། ཀུན་ཏུ་བཟང་པོ་བཅྭ་བརྒྱད་ལ་གཉིས་སུ་མེད་པའི་ཚུལ་གྱི་འབུལ་བར་བྱའོ། །བརྒྱད་པ་ཚོགས་ཀྱི་མཆོད་པ་ནི། །ནམ་མཁའ་ཆེ་ལས། །ཚོགས་ཀྱི་བརྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འབྲི་བ་མེད། །ལྷུན་གྱིས་གནས་པས་མི་བསྔོ་སྟེ། །གདོད་ནས་དག་པའི་བདུད་རྩི་ཡིན། །འདུ་བྱེད་སྐྱེ་མཆེད་བཅུ་གཉིས་ཁྱད་པར་དུ། ལྷག་པའི་བསམ་པས་གཟུང་དུ་མེད། ཅེས་པས་བྱ་བརྩོལ་མེད་པའི་ཚོགས་གྱིས་མཆོད་པ་བྱ་སྟེ། དེ་ཡང་ཐེག་པ་ཆེན་པའི་འོག་མ་བའི་ཞི་ཁྲོའི་ལྷ་ཚོགས་རབ་འབྱམས་ལ། རྫས་ཤ་ཟན། ཆང་ལ་སོགས་པ་བཟའ་བ་དང་། བཏུང་པའི་བྱེ་བྲག་མང་པོ། ཏིང་ངེ་འཛིན་གྱི་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ནས་ཕུལ་ཡང་བཟང་མོད་ཀྱི། དེ་བས་ཀྱང་ཨ་ཏིའི་ཐེག་པ་འདིར་རང་བཞིན་གྱི་ཀུན་ཏུ་བཟང་པོ་བཅྭ་བརྒྱད། །རྒྱུ་རྐྱེན་མེད་པར་རང་བྱུང་། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། རྣམ་པར་ཤེས་པ་ཚོགས་བརྒྱད་ཡུལ་དང་བཅས་པར་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ་མཆོད་རྫས་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་བླང་དོར་མེད་པའི་ཚུལ་གྱིས་སངས་རྒྱས་ངོས་གཟུང་མེད་པ་ལ། སྣང་སྲིད་ངོས་གཟུང་མེད་པ་སྟེ། །བློ་ངོས་བཟུང་མེད་པས་ཕུལ་ནས། །ཡིད་ངོས་བཟུང་མེད་པར་གནས་ན། །ཚོགས་གཉིས་རང་རྫོགས་སུ་རྫོགས་སོ། །ནམ་མཁའ་མཐའ་ལྟར་ཀུན་ཏུ་ཐུག་པ་མེད། ཆོས་སྐུ་འགྱུར་བ་མེད་པའི་ཀློང་ན་བཞུགས། མ་བཅོས་ཐིག་ལེ་དུར་ཁྲོད་གཅིག་ཏུ་འཁྱིལ། མི་སྐྱེ་མི་འགག་ཀློང་དུ་འཕྲིན་ལས་རྫོགས་སོ། །ཞེས་བརྗོད་དོ། །མདོར་ན་ཕྱི་བསྐྱེད་པའི་རིམ་པ། ཡི་དམ་གང་ཡིན་གྱི་འཕྲིན་ལས། ནང་རྫོགས་པའི་རིམ་པ་ཀུན་བཟང་དོན་གྱི་འཕྲིན་ལས། དོན་བསྐྱེད་རྫོགས་གཉིས་ཀྱི་ཐ་སྙད་ལས་འདས་པས་བྱ་བསྩོལ་མེད་པའི་འཕྲིན་ལས་གཞུང་བ སྲང་བ་ནི། རིག་པ་རྩལ་གྱི་དབང་བཅྭ་བརྒྱད་པོ་ཐམས་ཅད་ལ་སྦྱར་རོ། །དགུ་པ་སྨོན་ལམ་གདབ་པ་ནི། འཆད་པར་འགྱུར་པའི་བུམ་པའི་དབང་བསྐུར་བའི་དུས་སུ་བརྗོད་པར་བྱའོ། །ལྔ་པ་བདག་རྟག་པའི་མན་ངག་གི་རིག་པ་བཙལ་གྱི་དབང་བསྐུར་བའི་ཐབས་ནི། ཚོགས་ཀྱི་མཆོད་པའི་རྗེས་དེ་ཉིད་དུ། །ལུས་གནད་རྣམ་སྣང་གི་ཆོས་བདུན་བཅས་ལ། །རླུང་རོ་ལན་གསུམ་བུད། རླུང་དལ་བ་རྟེན། སེམས་གནད་འདི་ལྟར་སྒོམ་པར་བྱ་སྟེ། དཔོན་སློབ་གཉིས་ཀའི་ཙིཏྟ་རིན་ཆེན་འབར་བའི་གཞལ་ཡས་སུ། །པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ། ཨ་དཀར་པོ་ཞལ་སྤྲོད་དང་། འདབ་མ་བཅུ་དྲུག་ལ་ཨ་དཀར་པོ་བཅུ་དྲུག་སྒོམ་པར་བྱའོ། །དེ་ནས་བླ་མའི་ཐུགས་ལ་གནས་པའི་པདྨའི་ལྟེ་བའི་ཨ་རྒྱབ་མ་འོད་དུ་ཞུ་ནས། འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས་མཚོན། དེ་བརྡུལ་ཚོན་གྱིས་པད་མའི་ལྟེ་བའི་ཨ་རྒྱབ་མ་ལ་ཕོག་པས། དེ་ཡང་འོད་དུ་དཀར་མེར་གྱི་ཞུ། དེ་ལས་ཀྱང་འོད་དཀར་ནར་གྱི་འཕྲོས་བས། སྟེང་གི་བུམ་པའི་ཨ་ལས་ཕོག་པས། དེ་ཡང་འོད་དུ་དཀར་མེར་གྱི་ཞུ་ནས་འོད་དེ། སློབ་མའི་སྙིང་གི་ལྟེ་བའི་ཨ་རྒྱབ་མ་ལ་ཕོག་པས། འཁོར་བའི་བག་ཆགས་དང་། རྣམ་པར་རྟོགས་པ་ཐམས་ཅད་སྤྱངས་ནས། སེམས་ཉིད་དག་པའི་ངོ་བོ་ཨ་དཀར་པོ་དེ་ལ་ཤེས་པ་མ་ཡེངས་པར་བཏད་ལ་སྒོམས་དུ་གཞུགས་ཅིང་། །བླ་མས་བརྡུལ་ཚོན་གྱིས་པདྨའི་ལྟེ་བ་ལ་གནས་པའི་ཨ་རྒྱབ་མའི། །སྟེང་གི་བུམ་པ་བླངས་ལ་དབྱངས་དང་བཅས་པའམ། མེད་ཀྱང་རུང་སྟེ། གོང་གི་འཕྲིན་ལས་ཀྱི་རྗེས་ཀྱི་སྨོན་ལམ་བཏབ་སྟེ། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། སྒོམ་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །སེམས་ཉིད་འཕྱོ་བ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་རྟོག་འདས་འདི། འབྲས་བུ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་གྱུར་ཅིག །ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོར་བཞག་ལ། སྦྱི་བོར་ཆུ་ཐིག་བཞག །བུམ་ཆུ་འཐུང་བ་དང་། ཁྲུས་བྱེད་དུ་བཅུག་པས། དབང་བརྟན་པར་བྱས་ལ། །མཆོད་མཁན་རྣམས་ཀྱིས་སྦོས་དང་རོལ་མོ་སྦྱར་རོ། །རྗེས་ཀྱི་ཤེས་པ་ནི། སློབ་མ་རྣམས་རང་རང་གི། སྔར་སྒོམ་པའི་ཨ་ལ་ཤེས་པ་གཏད་ལ། ཨ་དེ་ཡང་འོད་དཀར་པོ་གསལ་ལ་མཚེར་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་སྙིང་སྟོན་པ་ལྟ་བུ་ཞེས་པས། བདག་བརྟག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱི་སེམས་རྣམ་པར་རྟོག་ཐམས་ཅད་དང་བྲལ་བ་མཚོན་པའོ། །བདུན་པ་སྦུབས་མཆུའི་གདམ་ངག་གི་ངོ་སྤྲད་པ་ནི། གནས་པ་མེད་པའི་ཚུལ་གྱི་གནས་པའི་སློབ་མ་རྣམས་སོ། །སོ་སོའི་རྣ་བར་རིན་པོ་ཆེ་འམ། ཤིང་ལ་སོགས་པའི་ཨུ་བྷི་གཙུགས་ལ། བླ་མས་གཞན་གྱིས་མ་ཐོབ་པར་གསེར་གྱི་ཁྱུང་གཤོག་བྱ་བའི་མན་ངག་ལས། གསལ་ལ་མི་གཡོ་ཐལ་འབྱུང་བའོ། །ཅེས་ལན་གསུམ་བརྗོད་དོ། །བརྒྱད་པ་གདམ་ངག་གི་དགོངས་འབྲེལ་བཤད་པ་ནི། སྔར་སྦུབས་མཆུའི་གདམས་ངག་གི་དབང་དོན་ངོ་སྤྲོད་པའི་སློབ་མ་རྣམས་ལ་ཐུན་མོང་དུ་བཤད་པར་བྱ་སྟེ། དེས་དབང་ཀུན་ལ་འདྲེའོ། །དེ་ཡང་འདི་སྐད་བརྗོད་དོ། །ཐམས་ཅད་མ་ཡེངས་པར་ཉོན་ལ་ཡིད་ལ་གཟུང་ཞིག །རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ། བདག་ཅེས་བྱ་ལ། དེའི་མཚན་ཉིད་མ་བཅོས་པའི་དོན་ཁོང་དུ་ཆུད་པ་ལ་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱའོ། །དེ་ཉིད་ཆོས་ཐམས་ཅད་ཀྱི་བཅུད་དེ། དཔེར་ན་སྐྱེས་བུའི་སྙིང་ལྟ་བུའོ། །དེ་ལྟར་རྟོག་པ་དེ་ཁོ་ན་ལས། དུས་གསུམ་མ་གཡོས་པར། གནས་པ་ལ་བདག་རྟག་པའི་མན་ངག་ཅེས་བྱ་སྟེ། གསལ་ལ་མི་གཡོ་བ་ཆེན་པོ་གནས་པའོ། །ཐལ་བྱུང་བའོ། །ཞེས་བྱ་བ་ནི། བྱིང་རྒོད་ཡན་བར་བཞག་པའོ། །དེ་ཅིའི་ཕྱིར་བཞག་ཅེ་ན། ཐམས་ཅད་ཆོས་ཉིད་ལས་མ་གཡོས་པའི་ཕྱིར་མཉམ་པའི་གཏན་ཚིགས་སོ། །དེའི་ཕྱིར་རིག་པའི་ཡེ་ཤེས་ཆེན་པོ་ཉིད། དེ་ལྟ་ཤར་བས་རེ་དོག་ཀ་ནས་དག་པའོ། །དེ་ཡང་དྲང་སྲོང་བྷ་ཤིས་སེམས་ནི་ཅི་ཡང་མི་རྟག་པ། མ་བཅོས་དེ་ཉིད་གནས་མར་ཞོག །ཅེས་པས་གསལ་ལོ། །དགུ་པ་རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ནི། ཁྱུང་ཆེན་གྱི་དགོངས་པ། སེམས་ཉིད་ཀློང་བརྡོལ་ཀླུའི་བསམ་གཏན། ཙན་དན་གྱིས་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧེ་ན་ཏ་ལོས་འདི་སྐད་དོ། ༈ །ཧཱུཾ་འགྱུར་བ་མེད་པའི་ཆོས་ཉིད་འདི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སྣང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལ་མི་དཔྱད་རྟོག་པ་མི་བཟུང་ཞིང་། །སེམས་ཉིད་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་ཡེངས་མ་སླད་བཅོས་པ་མེད་པར་བཞག །སྒོམ་དུ་མེད་པའི་ཆོས་ཉིད་ཆེན་པོ་ལ། །བསམ་དུ་མེད་པར་རིག་པ་མ་ཡེངས་ཞོག །དེ་ལས་སྒོམ་དུ་བརྡུལ་ཙམ་མེད་པར་ཁུམས། །སྐྱེ་བ་རྒྱུད་ནས་རྒྱལ་པོ་བདག་སྐྱེས་ཏེ། །ཏོ་ཧ་དེ་ལོང་ང་རྒྱལ་བཅག་པ་ལས། །སྔོན་ཆད་བྱང་ཆུབ་མཆོག་དུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་སུ་འདྲེས་པའི་འཕྲོ་བླངས་ཤིང་། །སྒྱུ་མའི་ཕུང་པོ་ད་ལྟ་རྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོ་ཞེས་རྡོ་རྗེའི་གླུ་བླངས་སོ། །རིགས་པའི་ཁུ་བྱུག་དང་རྗེས་སུ་འགྲེལ་པའི་དབང་གཉིས་པ་བསྐུར་བ་ལ་དགུ་ལས། །དབང་དང་པོ་ཡེ་ཤེས་ངོས་གཟུང་བའི་མན་ངག་གི་རིག་པ་བརྩལ་གྱིས་དབང་བསྐུར་བ། རུས་སྤལ་མཁར་གཞོང་དུ་བཅུག་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། རིགས་པ་རང་ཤར་བས་སངས་རྒྱས་དང་། སེམས་གཅིག་ཏུ་རྟོགས་པའི་གདེང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དམུས་ལོང་མིག་ཕྱེ་བ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྦྱོད་པ་ནི། བཅོས་པ་མེད་པའི་སྤྱོད་པ་ཅི་ཡང་མི་བརྩོལ་བས་ཏེ། རྒྱལ་པོ་རྒྱལ་ས་བཟུང་བ་ལྟ་བུའོ། །བཞི་པ་གང་ཟག་གི་རྒྱུད་ལ་འཁྱེར་བའི་འཕྲིན་ལས་ནི་དབང་བཅྭ་བརྒྱད་པོ་ཐམས་ཅད་མཐུན་ནོ། །ལྔ་པ་ཡེ་ཤེས་ངོས་གཟུང་བའི་མན་ངག་གིས་དབང་བསྐུར་བའི་ཐབས་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅའ་ལ། །རླུང་རོ་བུས་ལ་འཇམ་རླུང་བཟུང་། །བླ་མ་དང་སློབ་མ་རྣམས་ཀྱི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་སུ། པདྨ་འདབ་མ་བཅུ་དྲུག་ལ་ཨ་བཅྭ་བརྒྱ་དང་བཅས་པ། དབང་སྔ་མ་བཞི ན་དུ་གསལ་བར་བསྒོམས་ལ། བླ་མའི་ཙིཏྟ་རིན་པོ་ཆེའི་དེའི་གཞལ་ཡས་ཁང་ན་གནས་པའི་པདྨའི་ལྟེ་བའི་ཨ་མདུན་མ་འོད་དུ་སྐྱ་མེར་གྱི་ཞུ་ནས། འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས། །རྡུལ་ཚོན་གྱི་པདྨའི་ལྟེ་བའི་ཨ་མདུན་མ་ལ་ཕོག་པས། དེ་ཡང་འོད་དུ་དཀར་མེར་གྱིས་ཞུ། དེ་ལས་ཀྱང་འོད་དཀར་ནར་གྱིས་འཕྲོས་ནས་སྟེང་གི་བུམ་པའི་ཨ་ལ་ཕོག་པས། དེ་ཡང་འོད་དུ་དཀར་མེར་གྱི་ཞུ་ནས། དེ་ལས་ཀྱང་འོད་དཀར་ནར་གྱི་འཕྲོས་ནས། སློབ་མའི་སྙིང་ཁའི་པད་མའི་ལྟེ་བའི་ཨ་མདུན་མ་ལ་ཕོག་པས། ཨ་དེ་ཤིན་ཏུ་དཀར་བ། རང་བཞིན་གྱིས་འོད་གསལ་བར་གྱུར་ཅིང་། ལྟེ་བའི་ཨ་མདུན་རྒྱབ་གཉིས། གཅིག་གི་འོད་གཅིག་ལ་ཕོག་པས། །འོད་དེ་ཤིན་ཏུ་གསལ་བར་གྱུར་ཏེ་སྙིང་གི་ནང་འོད་ཀྱིས་ཁེངས་ནས། བུམ་ནང་གི་མར་མེ་ལྟ་བུ་སྒོམ་དུ་བཞུགས་ཅིང་། བླ་མས་པདྨའི་ལྟེ་བ་ལ་གནས་པའི་ཨ་མདུན་མའི་སྟེང་གི་བུམ་པ་བླངས་ལ་དབང་བསྐུར་ཅིང་། བཀྲ་ཤིས་བརྗོད་པ་དང་། ཁྲུས་ལ་སོགས་པ་དབང་སྔ་མ་བཞིན་བྱའོ། །རྗེས་ཀྱི་ཤེས་པ་ནི། སློབ་མ་རྣམས་ཀྱིས་སྔར་རང་རང་གི་སྒོམ་པ་བཞིན་སྙིང་འོད་ཀྱིས་གསལ་བར་གང་བར་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་ཞེས་པས། ཡེ་ཤེས་ངོས་གཟུང་བའི་མན་ངག་གིས། རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱི་སེམས་ཟིན་པའི་རྟགས་སུ་ལུས་གཡོ་བ་དང་བྲལ་བ་མཚོན་པའོ། །བདུན་པ་སྦུབས་མཆུའི་ངོ་སྤྲད་པ་ནི། སློབ་མའི་རྣ་བར་སྦུབས་མཆུ་གཙུགས་ལ་འདི་སྐད་བརྗོད། བུང་བ་ཁུངས་གཏོར་བ་ཞེས་བྱ་བའི་མན་ངག་ལས། ཡེ་ཤེས་མ་རྩལ་ཡན་པར་ཞོག །ཅེས་ཚིག་ཕྱི་མ་གཅིག་པོ་ལན་གསུམ་བརྗོད། བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བ་ནི། ཆོས་ཐམས་ཅད་ཡེ་ཤེས་སུ་གསལ་བ། ཡེ་ཤེས་དངོས་ཟིན་པར་བྱས་ལ། །དེ་ལ་མ་བཙལ་བར་ཉམས་གསུམ་གྱིས་གནས་པར་བྱའོ། །དེ་ཉིད་ཁོ་ན་རུས་སྤལ་མཁར་གཞོང་དུ་བཞག་པ་མི་གཡོ་བར་གནས་པར་དང་འདྲའོ། །ཡན་པར་བཞག་ཅེས་བྱ་བ་ནི། བྱིང་རྒོད་མི་བཅོས་པར་བཞག་པའོ། །འོ་ན་གོལ་བ་རྣམས་དང་ཁྱད་ཅི་ཡོད་ཅེ་ན། དེ་ནི་འདི་ལྟར། མ་རྟོགས་མ་གོལ་བ་ཡིན་ལ། རྣལ་འབྱོར་པས་ནི་བྱིང་རྒོད་ཡོད་མེད་མཉམ་པར་རྟོགས་པའོ། །དེའི་ཕྱིར་ཆོས་ཐམ་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་བའོ། །དེ་ཡང་ཤྲཱི་སིང་ཧས། ཡེ་ཤེས་སྣ་ཚོགས་རང་གསལ་བས། །མི་གཡོ་དེ་བཞིན་ཉིད་དུ་ཞོག །ཅེས་པས་གསལ་ལོ། །དགུ་པ་རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ནི། རིག་པ་ཁུ་བྱུག་གི་དགོངས་པ། །རིག་པ་ཀློང་རྡོལ་གླུའི་བསམ་གཏན། །ཙན་དན་གོར་ཤི་ཤའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་བ་ོར་ཛ་ཧས་ཏི་འདི་སྐད་དོ། ཧཱུཾ། ཀུན་གཞི་ཡེ་ནས་མ་བཅོས་ཇི་བཞིན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་ངང་། །ཚིག་དང་ཡི་གེའི་སྒྲ་ལས་འདས་པ་ཀུན་ཏུ་བཟང་། །སེམས་དང་ཆོས་གཉིས་མཉམ་ཞིང་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅི་སླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་དེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས ། །མ་བཅོས་ངང་དུ་བཞག་པ་ལས། །སྒོམ་པ་གུད་ན་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་རྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ང་ལ་ཤར། །གྷི་ཏ་མ་ཀོ་ལ་པ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །ནམ་མཁའ་ཆེ་དང་རྗེས་སུ་འབྲེལ་པ། དབང་གསུམ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རིག་པ་སྦྱི་བླུགས་ཀྱི་མན་ངག་གིས། རིག་པ་རྩལ་གྱིས་དབང་བསྐུར་བས། མེ་ལོང་གིས་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས། གདེང་ཅི་ཐོབ་ན། དུས་གསུམ་གཅིག་དུ་རྟོགས་པས། རང་སོ་ལ་མི་རྩོལ་བའི་གདེང་སྐྱེས་བུ་མདུན་དུ་ལྟ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། རེ་དོག་དང་བྲལ་བའི་གང་ཡང་འཇིགས་པ་དེ་སྨྱོན་པ་ལྟ་བུའོ། ། བཞི་པ་འཕྲིན་ལས་འགྲེ། ལྔ་པ་རིག་པ་སྤྱི་བླུགས་ཀྱི་མན་ངག་གིས། རིག་པ་རྩལ་གྱིས་དབང་བསྐུར་བའི་ཐབས་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། རླུང་གནད་རླུང་རོ་བུས་ལ་དྲག་རླུང་གཟུང་། ཁུག་པ་བདུན་ལ་ཐུན་ཅིག་ཏུ་བྱ་ཞིང་། །དེ་དང་བསྟུན་ལ། སེམས་གནད་ཙིཏྟ་རིན་པོ་ཆེའི་གཞལ་ཡས་སུ། པདྨ་ཨ་བཅྭ་བརྒྱད་དང་བཅས་པ་གསལ་གདབ། བླ་མའི་ཙིཏྟའི་པད་འདབ་བདུན་མའི་ཨ་འོད་དུ་ཞུ་བའི་འོད་དཀྱིལ་འཁོར་གྱི་པད་འདབ་ནུབ་མའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྟེང་གི་བུམ་བའི་ཨ་ལ་ཕོག །བུམ་པའི་ཨ་འོད་དུ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པད་མ་མདུན་མའི་ཨ་ལ་ཕོག་པས། ཨ་འོད་དུ་ཞུ་བའི་འོད་ཀྱིས་སྙིང་འོད་ཀྱིས་གང་བ་ལས་མི་ཚད་པར། ལུས་ཀྱི་ནང་ཐམས་ཅད་ནམ་ལངས་པ་བཞིན་དུ་སྐྱ་འོལ་གྱིས་གང་པ་ལ་སེམས་གཏད་ལ་སྒོམ་དུ་བཞུགས་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་ཞིང་། སྨོན་ལམ་གདབ་བ་ལ་སོགས་འགྲེ། རྗེས་ཤེས་ལུས་འོད་ཀྱི་གང་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །ཞེས་པས། མེ་ལོང་ལ་ཧས་བཏབ་པའི་བ་མོ་རང་སངས་རྒྱས་པ་བཞིན་དུ། རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་བརྩལ་གྱིས་དབང་ཐོབ་པའི་སྟོབས་ཀྱིས། གསལ་ལ་རྟོག་མེད་ཀྱི་ཤེས་པ་སྒྲིབ་གཡོགས་དང་བྲལ་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཉི་མ་ཤར་བ་ལྟ་བུའི་མན་ངག་ལས། རིག་པ་གཅིག་ཅར་ལྷུག་པར་བཞག །ཅེས་པའི་ཚིག་ཕྱི་མ་ལན་གསུམ་སྐྱར་བ་འཆད་པར་འགྱུར་བའི་དབང་ཀུན་ལ་འགྲེའོ། །བརྒྱད་པ་གདམ་ངག་གི་དགོངས་འགྲེལ་བཤད་པ་ནི། འཁོང་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་རིག་པ་ཐམས་ཅད་དུ་རང་ཤར་བ་ཞེས་བྱ་སྟེ། གས ལ་ལ་མ་བཅོས་པར་འཛིན་རྟོག་གང་ཡང་མེད་པར་གསལ་བ་སྟེ། དཔེར་ན་མེ་ལོང་ལ་ཉི་མ་ཤར་བ་གསལ་ལ་རྟོག་པ་མེད་པ་ལྟ་བུའོ། །ལྷུག་པར་བཞག་ཅེས་བྱ་བ་ནི། དབང་པོ་ལྔ་ཡུལ་ཡན་པའོ། །འོ་ན་སོ་སོའི་སྐྱེ་བོ་དང་ཁྱད་ཅི་ཡོད་ཅེ་ན། དེ་ནི་དེ་ལྟར་མ་རྟོགས་པའི་ཕྱིར་ཡེ་ཤེས་ལ་ཡེ་ཤེས་རོལ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་རིག་པ་གསལ་ལ་རྟོག་པ་མེད་པའོ། །དེ་ཡང་འཕགས་པ་ལྷས། རིག་པ་ཉིད་དེ་དངོས་གཞན་མེད། དེས་ན་རྟོགས་མེད་གསལ་བར་བཞག །ཅེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། ནམ་མཁའ་ཆེ་པོ་དེའི་དགོངས་པ། །ཡེ་ཤེས་ཀློང་བརྡོལ་གླུའི་བསམ་གཏན། །མེ་ཏོག་ཨུ་དུམ་འབར་བའི་ཚལ་དུ་ནམ་གྱི་ཆ་སྨད་ལ། སྲས་མོ་ས་ར་ནི། འདི་སྐད་དོ། ། ཧཱུཾ། ཀུན་གཞི་མ་བཅོས་ཡེ་ནས་ཆོས་ཀྱི་དབྱིངས། རྒྱུ་དང་རྐྱེན་གྱི་མ་སྐྱེད་འཇིགས་འདྲལ་མེད། རང་འབྱུང་ལྷུན་གྱིས་གྲུབ་པས་བཅོམ་ལྡན་འདས། གཟུང་འཛིན་ཡུལ་ལས་འདས་པས་རྡོ་རྗེ་སེམས་དཔའི་ཐུགས། བདག་གིས་སྒོམ་པ་འདི་ལས་མེད་པར་ཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་རྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །ཐིག་ལེ་དྲུག་པ་དང་རྗེས་སུ་འབྲེལ་བ་དབང་བཞི་པ་བསྐུར་བ་ལ། དགུ་ལས། དང་པོ་དབང་ནི། སྤྲུལ་སྐུ་ཐུགས་འཕྲད་ཀྱི་མན་ངག་གིས། རིག་པ་རྩལ་གྱི་དབང་བསྐུར་བ་རལ་གྲི་ཁ་མངས་ཀྱི་སོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྒོ་གསུམ་གྱི་སྙིང་པོ་གསལ་བས། །དགེ་སྡིག་སྤོངས་ལེན་མེད་པའི་གདེང་། །ཁྱི་ཕག་ལམ་དུ་བཞུགས་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཐོགས་པ་མེད་པའི་སྤྱོད་པ་ཕྱོགས་དང་བྲལ་བ་སྟེ། དཔའ་བོ་གླང་པོ་ཆེ་ཞོན་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་སྤྲུལ་སྐུ་ཐུགས་འཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་པའི་ཐབས་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། །རླུང་གནད་རླུང་རོ་ལན་གསུམ་བུས་ལ། དྲག་རླུང་བུམ་པ་ཅན་སྔར་བཞིན་གཟུང་ཞིང་། ཐུན་གྱི་ངོ་བོ་དང་། གྲངས་ཁམས་ཚོད་དང་སྦྱར་ལ་སྤེལ་ལ། སེམས་གནད་ཙིཏྟ་རིན་པོ་ཆེེའི་གཞལ་ཡས་སུ། པདྨ་ཨ་བཅོ་བརྒྱད་དང་བཅས་པ་གསལ་གདབ། བླ་མའི་ཙིཏྟའི་པདྨ་མདུན་མའི་ཨ་ནས་ཆོས་འཁོར་གྱིས་པད་འདབ་གཉིས་པའི་ཨ་དེ་འོད་དུ་ཞུ་བའི་འོད་ཀྱིས། དཀྱིལ་འཁོར་གྱི་པད་འདབ་ནུབ་མ་ནས་ཆོས་བསྐོར་དུ་པད་འདབ་གཉིས་པའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་འོད་དུ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པདྨ་མདུན་མའི་ཨ་ནས་ཆོས་བསྐོར་གྱིས་པད་འདབ་གཉིས་པའི་ཨ་ལ་ཕོག་པས། ཨ་འོད་དུ་ཞུ་བའི་འོད་ཀྱིས། །ལུས་ནང་གི་འོད་སྔར་བས་ཀྱང་གསལ་དུ་སོང་བ། ཉི་མ་ཤར་བ་ལྟ་བུ་ལ་སེམས་གཏད་ལ་བསྒོམས་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་བརྟན་པར་བྱ་ཞིང་། སྨོན་ལམ་གདབ་པ་ལ་སོགས་པ་འགྲེ། རྗེས་ཤེས། ལུས་འོད་ཀྱིས་གང་བས་སྔར་བས་ཀྱང་གསལ་བ་ལ་ཤེས་པ་གཏད་ལ། སེམས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རལ་གྲི་ཁ་མངས་ལྟ་བུའོ། །རལ་གྲི་ཁ་མངས་སྟེང་འོག་མདུན་བརྒྱབ་གང་དུ་རྒྱབ་ཡང་ཆོད་པ་བཞིན་སྤྲུལ་སྐུ་ཐུགས་འཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱིས་དབང་ཐོབ་པའི་སྟོབས་ཀྱིས་སེམས་ལས་སུ་རུང་བས་ཇི་ལྟར་སྤྱད་ཀྱང་གྲོལ་བར་མཚན་པའོ། །བདུན་པ་སྦུབས་མཆུ་ནི། དབུལ་མོ་གཏེར་འཆང་ཞེས་བྱ་བའི་མན་ངག་ལས། ཐམས་ཅད་སྤྲུལ་པའི་སྐུ་སྟེ་བཏང་སྙོམས་ངང་ཅེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་སྦྲུལ་པའི་སྐུ་སངས་མ་རྒྱ་བ་གཅིག་ཀྱང་མེད་པས། སངས་རྒྱས་ནང་འཇལ་ཞེས་བྱ་སྟེ། །སྤུ་མ་རྗེས་མདོག་མ་བསྒྱུར་བར་མ་བཅོས་པའོ། །དེའི་ཕྱིར་རྣམ་རྟོག་ཐམས་ཅད་སྤངས་བར་ཞི་བར་བྱེད་པས། །རལ་གྲི་ཁ་མང་དང་འདྲའོ། །བཏང་སྙོམ་ངང་ཞེས་བྱ་བ་ནི། རྣམ་རྟོག་ཐམས་ཅད་བཏང་སྙོམས་དགག་སྒྲུབ་དང་བྲལ་བའོ། །དེ་ནས་བཏང་སྙོམས་ཆེན་པོའི་ངང་ཞེས་བྱ་སྟེ། དེ་ནི་སྩོལ་བ་མེད་པར་སངས་རྒྱས་པའོ། །དེ་ཡང་མ་གོལ་ལུང་བསྟན་པ་ལས། ཆོས་རྣམས་ཡེ་ནས་སངས་རྒྱས་པས། །གཞན་ལ་རེ་སྩོོལ་གཉིས་དང་བྲལ། །ཅེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། ཐིག་ལེ་དྲུག་པའི་དགོངས་པ་བདེ་བ་ཀློང་རྡོལ། གླུའི་བསམ་གཏན་སྐྱ་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་གཏིང་དུ། ཀླུའི་རྒྱལ་པོ་འཇོག་པོས་འདི་སྐད་དོ། །ཧཱུཾ་མཐའ་དང་དབུས་མེད་ནམ་མཁའ་ལྟ་བུ་ལ། །སྨྲ་བས་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །སྲིད་འབྱུང་སྐྱེ་འགྲོ་རྣམས་པར་དག་བྱད་ན། །མ་བཅོས་རྣམ་ཐར་དག་པས་ཀུན་གཞི་བྱང་ཆུབ་སེམས། མ་བཙལ་མཉམ་པར་བཞག་པ་བསྒོམས་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་པ། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དོ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་འཇལ། །བདག་གི་ཕུང་པོ་བརྡོས་བཅས་འདི་བརྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ངང་ལ་མཆི། །གྷི་ཏ་མ་ཀོ་ལ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །རྩལ་ཆེན་དང་རྗེས་སུ་འབྲེལ་བ་དབང་ལྔ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བ་སྐྱེས་བུ་ནད་ཀྱིས་གདུང་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། འཁོར་འདས་སྙིང་པོ་ཐིག་ལེར་རྟོགས་པས་མཐོ་དམན་དང་། རེ་དོག་མེད་པའི་གདེང་གསེར་གྱི་རྣམ་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ལྷུག་པ་ཆེན་པོའི་སྤྱོད་པ་རང་ཁར་གནས་པ་སྟེ། མགྲོན་པོ་རང་ཡུལ་དུ་སླེབ་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་གཟུང་། ཙིཏྟའི་དཀྱིལ་འཁོར་སྔར་བཞིན་གསལ་གདབ།བླ་མའི་པད་འདབ་གསུམ་པའི་ཨ་འོད་དུ་ཞུ་རྡུལ་ཚོན་གྱི། དཀྱིལ་འཁོར་གྱི་ཨ་གསུམ་པ་ལ་ཕོག །དེ་འོད་དུ་ཞུ་དེ་སྟེང་གི་བུམ་པའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྐྱ་ནར་གྱི་བྱུང་ནས་སློབ་མའི་སྙིང་གི་པད་འདབ་གསུམ་པའི་ཨ་ལ་ཕོག་པས། ལུས་ཀྱི་ནང་གི་འོད་སྔར་བས་གསལ་དུ་སོང་བ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པའི་བརྟན་པར་བྱ་བ། སྨོན་ལམ་དང་བཅས་པ་འདྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་གསལ་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་ནད་ཀྱི་གདུང་པ་ལྟ་བུའོ། །ཞེས་པས། སྐྱེས་བུ་ནད་ཀྱི་གདུངས་པས་ལུས་ཀྱི་ཟུངས་ཤོར་བས་ཁྲེལ་འཛེམ་དང་བྲལ་བ་བཞིན། ཚོགས་བརྒྱད་ལྷུག་བའི་མན་ངག་གིས་རིག་པ་བརྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སྒོ་གསུམ་རྩོལ་བ་དང་བྲལ་ནས་ལྷུག་པར་གནས་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། །མེ་ལོང་ལྟ་བུ་ཞེས་བྱ་བའི་མན་ངག་ལས། སྤྲོས་མེད་བྱང་ཆུབ་ཡན་པར་གནས་ཅེས་སོ། །བརྒྱད་པ་གདམ་ངག་གི་དགོངས་འབྲེལ་བཤད་པ་ནི། ཆོས་ཐམས་ཅད་བྱེད་པ་པོ་དང་བྲལ་བའི་ཕྱིར་ཡན་པ། ལྷུག་པར་མ་བཅོས་པར་གནས་པར་བྱེད་དེ། མ་རྩལ། མ་བསྒྲུབས་པས། ཆོས་མ་བསླད། མ་བཅོས་པ་ལ་བློའི་རིག་པ་ལྷུག་པར་ཐང་ཡན་དུ་བཏང་བས་ཟུངས་མེད་པར་གནས་པར་བྱའོ། །དེ་ཡང་སྐྱེས་བུ་ནད་ཀྱིས་གདུངས་པས་ངོ་ཚ་དང་བྲལ་བ་བཞིན་གནས་སོ། །ཡན་པར་གནས་ཞེས་བྱ་བ་ནི། བྱིང་རྒོད་ཡན་པ་སྟེ། དགག་སྒྲུབ་མེད་པའོ། །དེཅིའི་ཕྱིར་ཞེས་ན། ཆོས་ཉིད་ལ་བཟང་ངན་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཡན་པ་ལྷུག་པ། མ་བཀག་པར་གནས་བྱའོ། །དེ་ཡང་ཨརྻ་དེ་བས། བཟང་ངན་བླང་དོར་མེད་པས་ཡེ་ཤེས་ཟང་ཐལ་ཏེ། །ཡེ་ཤེས་ཉིད་ལ་ཉིད་དཔྱོད་གསེར་གླིང་འདྲ། ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྩལ་ཆེན་གྱིས་དགོངས་པ། བྱང་སེམས་ཀློང་རྡོལ་གླུའི་བསམ་གཏན། །སྐྱ་རེངས་གཉིས་པ་ཤར་ཙམ་ན། །རྒྱ་མཚོའི་གླིང་དུ་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛཱ་འདི་སྐད་དོ། ༈ ། ཧཱུཾ། ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ངང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མ་སླད་མཉམ་བཞག་ན། །ཅི་ལའང་མི་རྟོག་གང་ལའང་མི་སེམས་ཏེ། །མཆོག་ཏུ་གསང་བའི་རྨད་བྱུང་སེམས་ཉིད་འདི། །རྣ་བས་གཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། ཀུན་གཞི་མི་འབྱུང་དབྱིངས་ཆེན་ལ། རིག་པ་མི་འགྱུར་མ་ཡེངས་བཞག །སྒོམ་པ་འདི་ལས་མེད་པར་ཁུམས། ཁམས་གསུམ་རང་སར་གྲོལ་བས་བ ཙལ་ཞིང་བསྒྲུབ་མི་དགོས། རེ་ཞིག་དོག་པ་མེད་པས་བདག་ཉིད་སངས་རྒྱས་ཡིན། གྷི་ཏ་མ་ཀོ་ལ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །སེམས་སྒོམ་དང་རྗེས་སུ་འབྲེལ་བ། །དབང་དྲུག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། ཆོས་ཉིད་ཀློང་བརྡལ་གྱིས་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བས། ཆུ་བོ་ཆེན་པོའི་མགོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། འཁོར་བ་བདེ་ཆེན་དུ་རྟོགས་པའི་གཙང་རྨེ་དང་བླང་དོར་རེ་དོགས་མེད་པའི་གདེངས་ནི། སྔགས་པ་དུག་ཟ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་པའི་སྤྱོད་པ་ནི། བདེ་ཆེན་འགྱུར་མེད་ཀྱི་སྤྱོད་པ་གཅིག་ཏུ་མི་གནས་པ་སྟེ། ངོ་མཚར་དུ་མ་སྟོན་པའི་མི་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་ཚོགས་བརྒྱད་ལྷུག་པའི་མན་ངག་གིས། རིག་པ་བརྩལ་གྱ་ིདབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་དཀྱིལ་འཁོར་གསལ་གདབ། བླ་མའི་ཙིཏྟའི་པད་འདབ་བཞི་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་ཨ་བཞི་པ་ལ་ཕོག་བས། དེ་འོད་དུ་ཞུ། འོད་དེ་སྟེང་གི་བུམ་པའི་ཨ་ལ་ཕོག །འོད་དེ་དཀར་ནར་གྱིས་བྱུང་ནས། །སློབ་མ་རང་རང་གི་པད་འདབ་བཞི་པ་ལ་གནས་པའི་ཨ་ལ་ཕོག་པས། ལུས་ཀྱི་ནང་གིས་འོད་སྔར་བས་ཀྱང་ཆེས་གསལ་དུ་སོང་བ་ལ། སེམས་གཏད་ལ་སྒོམས་དུ་བཞུགས་ཅིང་། །བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་དབང་བསྟན་པར་བྱེད་པ་འགྲེ། རྗེས་ལུས་འོད་ཀྱིས་གང་བ་སྔར་བས་ཀྱང་ཆེས་གསལ་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ཆུ་བོ་ཆེན་པོའི་མགོ་ལྟ་བུའོ་ཞེས་པས། ཆུ་བོ་ཆེན་པོའི་མགོ་ས་ལས་རང་བརྡོལ་དུ་བྱུང་བ་བཞིན། མ་བྱས་པའི་ཆོས་ཉིད་རྐྱེན་གྱིས་མ་བསྐྱེད་པར་རང་བྱུང་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཐིག་ལེ་ཆེན་པོ་ཞེས་བྱ་བའི་མན་ངག་ལས། ཆོས་ཉིད་བདེ་ཆེན་ངང་དུ་གསལ་ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་ཆོས་ཉིད་དུ་གསལ་བས་འགྲེ་ལྡོག །སྤྱི་ཚུག་གར་སྐྱེས་ཀྱང་ཆོས་ཉིད་ལས་མ་གཡོས་པར། བདག་གཞན་ནམ། སྣང་སྲིད་ཐམས་ཅད་ཆོས་ཉིད་དུ་གསལ་བ་བཞིན་དུ། སེམས་ཉིད་ཤར་བས་ཀློང་རྡོལ་ཞེས་པ་སྟེ། དཔེར་ན་ཆུ་བོའི་མགོ་ནས་ཆུ་རང་རྡོལ་དུ་བྱུང་བ་བཞིན་ནོ། །ངང་དུ་གསལ་ཞེས་བྱ་བ་ནི། བྱིང་རྒོད་ཆོས་ཉིད་དུ་རྟོགས་པས་མཉམས་པའི་ངང་ངོ། །དེ་ཕྱིར་ཐམས་ཅད་ཆོས་ཉིད་དུ་གསལ་བ་དེ་ལ་དུས་གསུམ་དུ་གནས་པར་བྱའོ། །དེ་ཡང་ཤེལ་འཕྲེང་དཀར་པོ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཐམས་ཅད་ཆོས་ཉིད་ཡེ་ནས་ཡིན། །དེ་ནས་ཆོས་ཉིད་དེ་ཉིད་དེ་ལ་སྤྱོད། །ཅེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། སེམས་སྒོམ་གྱི་དགོངས་པ་དབྱིངས་བརྡོལ་གླུའི་བསམ་གཏན། རྒྱན་ཆག་དཔལ་གྱི་ནགས་སུ། སྐྱ་རེངས་གསུམ་པ་ཤར་ཙམ་ན། །ན་ག་རྫུ་ན་འདི་སྐད་དོ། །ཧཱུཾ་སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པས་མི་སླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལ། །མ་ཡེངས་མི་འགྱུར་ཡེངས་ཀྱི་འོད་གསལ་ལ། །བསྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་རྡོས་བཅས་འདི། སྐྱེེ་བ་མེད་པའི་ས་ལ་མཆི། གྷི་ཏ་མ་ཀོ་ལ་པ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །རྨད་བྱུང་དང་རྗེས་སུ་འབྲེལ་པ་དབང་བདུན་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བ་རྨ་བྱ་དུག་གིས་འཚོ་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན་གཟུང་འཛིན་སྐྱེ་མེད་དུ་རྟོགས་པས་སྤྱད་ཀྱང་མི་གོས་པའི་གདེང་ནི། པདྨ་འདམ་ནས་སྐྱེས་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བག་ཡངས་ཆེན་པོའི་སྤྱོད་པ་ཅི་སྤྱད་ཀྱང་མི་རྫི་བས་ཏེ། སེང་གེ་རྩལ་རྫོགས་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་གཟུང་། ཙིཏྟ་པདྨ་གསལ་གདབ། བླ་མའི་ཙིཏྟ་པད་འདབ་ལྔ་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་པད་འདབ་ལྔ་པའི་ཨ་ལ་ཕོག་པས། དེ་ཡང་འོད་དུ་ཞུ། འོད་དེ་སྟེང་གི་བུམ་པ་ཨ་ལ་ཕོག །བུམ་པའི་ཨ་ཞུ་བའི་འོད་དེ་དཀར་ནར་གྱི་བྱུང་ནས། །སློབ་མ་རང་རང་གི་སྙིང་གི་པདྨ་ལྔ་པའི་ཨ་ལ་ཕོག་པས། ལུས་འོད་ཀྱིས་གང་བ་དེ་སྔར་བས་ཀྱང་ཤིན་ཏུ་གསལ་བར་སྒོམ་དུ་གཞུགས་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་དབང་བསྟན་པར་བྱེད་པ་འགྲེ། རྗེས་ཤེས་ལུས་འོད་ཤིན་ཏུ་གསལ་བ་ལ་ཤེས་པ་གཏད་ནས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རྨ་བྱ་དུག་གིས་འཚོ་བ་ལྟ་བུ་ཞེས་པས། །རྨ་བྱས་དུག་ཟོས་པས་སླར་གྱི་ལང་འཚོ་རྒྱས་པ་བཞིན། དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་སྟོབས་ཀྱིས་ཉོན་མོངས་པའི་རང་ངོ་ཡེ་ཤེས་སུ་གསལ་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། །སེང་གེ་འགྱིང་བ་ལྟ་བུ་ཞེས་བྱ་བའི་མན་ངག་ལས། ཉོན་མོངས་ལྔ་ཉིད་ཡེ་ཤེས་ལྔ་རུ་གསལ་ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འབྲེལ་ནི། ཉོན་མོངས་གང་རུང་སྐྱེས་པའི་དུས་སུ། དཔེར་ན་སྒྲས་སྒྲ་གཅོད་པ་དང་འདྲ་སྟེ། །ཉོན་མོངས་པ་དེ་ཉིད་ཀྱིས་ཉོན་མོངས་པ་གནས་ཞི་སྡེ་ཟིལ་གྱིས་མནན་ཏེ། ཉོན་མོངས་བས་དེ་ཉིད་ལ་ཐབས་གཉིས་ཀྱིས་གནས་པར་བྱ་སྟེ། དབང་པོ་རྟུལ་པོ་ལྷ་རུ་གསལ་བར་གནས་པ་དང་། རྣོན་པོ་ཡེ་ཤེས་སམ་ཆོས་ཉིད་དུ་གསལ་བར་བྱས་ལ། བཙལ་བ་མེད་བའི་ཚུལ་དུ་གནས་པར་བྱ་སྟེ། སྤུ་མ་རྗེས། མདོག་མ་བསྒྱུར་བར་རང་སར་གྲོལ་བའོ། །དེའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་སུ་གསལ་བས། དཔེར་ན་རྨ་བྱ་དུག་གི་འཚོ་བ་བཞིན་ཏེ། དེ་ཉིད་ཁོ་ན་བདུན་རྩིའི་སྨན་དུ་གྱུར་པའོ། །ཡེ་ཤེས་ལྔ་རུ་གསལ་བ་ཞེས་བྱ་བ་ནི། རྣམ་རྟོག་ཡེ་ཤེས་སུ་གསལ་བས་ཤིན་ཏུ་རྣལ་འབྱོར་ལ་གནས་པ་རྣམས་ཀྱིས་ཉོན་མོངས་པ་མི་སྤོང་ཞེས་བྱའོ། །དེ་ཡང་རྡོ་རྗེ་བརྩེགས་པ་ལས། །རྣམ་རྟོག་ཡེ་ཤེས་ངང་དུ་གསལ། །དེས་ན་མ་སྦངས་རང་ཞིར་ཞོག །ཅེས་པས་གསལ་ལོ། །དགུ་པ་གླུ་ནི་རྨད་འབྱུང་གི་དགོངས་པ་འབྱུང་ལྔ་ཡེ་ཤེས་ཀྱི་ཀློང་རྡོལ་གླུའི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན། །རྒྱ་བོའི་འགྲམས་དུ་ཁྱིའི་རྒྱལ་པོ་ཕྱི་མ་འདི་སྐད་དོ། ༈ །ཧཱུཾ་ཆོས་ཉིད་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་གནས། །འགྲོ་བའི་གཟུང་འཛིན་སྲེག་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པ་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅིས་ཀྱང་སྐྱོན་མེད་སྲ་བས་ས་ལྟར་གནས། །འབྱུང་པ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། གདོད་ནས་དག་པ་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པར་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལ་མེད་པར་རྟོགས། །བདག་གི་ཕུང་པོ་འདུས་བྱས་འདི། །དབྱེ་བ་མེད་བའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །ཡིད་བཞིན་ནོར་བུ་དང་རྗེས་སུ་འབྲེལ་བ་དབང་བརྒྱད་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། འཁོར་བ་དོང་སྤྲུགས་ཀྱིས་རིག་པ་རྩལ་གྱི་དབང་བསྐུར་བ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། བདེ་བ་ཆེན་པོ་རྟོགས་པས་ཁྱད་པར་འཕགས་པའི་གདེང་། ཉི་ཟླ་དུས་གཅིག་ཤར་བ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། མི་འགྱུར་ཐབས་མཁས་ཀྱི་སྤྱོད་པ་ཕྱོགས་རིགས་མེད་པ་སྟེ། གར་མཁན་གྱིས་འདུ་བྱེད་ལྟ་བུའོ། །བཞི་པ་འཕྲིན་ལས་འདྲེ། ལྔ་པ་འཁོར་བ་དོང་སྤྲུགས་ཀྱི་མན་ངག་གི་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་གཟུང་། ཙིཏྟ་པདྨ་གསལ་བཏབ། བླ་མའི་ཙིཏྟ་པདྨ་དྲུག་པ་ལ་གནས་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱིས་པད་འདབ་དྲུག་པའི་ཨ་ལ་ཕོག །ཨ་འོད་དུ་ཞུ་བའི་འོད། སྟེང་གི་བུམ་པའི་ཨ་ལ་ཕོག ། ཨ་ཞུ་བའི་འོད་དཀར་ནར་གྱི་བྱུང་ནས། །སློབ་མ་རང་རང་གི་སྙིང་པད་འདབ་དྲུག་པའི་ཨ་ལ་ཕོག་པས། ཨ་འོད་དུ་ཞུ་ནས། ལུས་གང་བ་སྔར་བས་ཆེར་སོང་བ་ལ་སེམས་གཏད་ལ་བསྒོམ་དུ་གཞུགས་ཅིང་། །བླ་མས་བུམ་དབང་སྨོན་ལམ་དང་བཅས་པ་དབང་བསྟན་པར་བྱེད་པ་འགྲེ། རྗེས་ལུས་འོད་ཀྱི་གང་བ་སྔར་བས་ཆེར་འཕེལ་བ་ལ་ཤེས་པ་གཏད་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའོ། །ཞེས་པས། དཔའ་བོ་གོ་མཚོན་དང་ལྡན་པས་གཞན་གྱིས་གཡུལ་བཟློག་བར་བྱེད་བཞིན་འཁོར་བ་དོང་སྤྲུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་འཁོར་བའི་གཡུལ་བཟློག་སོ་ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མཁའ་ལྡིང་ཆེན་པོ་ཞེས་བྱ་བའི་མན་ངག་ལས། འཁོར་བ་མ་རྩལ་ཡེ་ནས་སངས་རྒྱས་ཡིན། །ཞེས་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འབྲེལ་བཤད་པ་ནི། ཁམས་གསུམ་འཁོར་བ་འདི་ཉིད་ཡེ་ཤེས་ཆེན་པོ་སྐྱོང་བའི་ཐབས་སུ་གྱུར་པས་ཁམས་གསུམ་སྐུ་གསུང་ཐུགས་སུ་རྟོགས་པའོ། །དེའི་ཕྱིར་འཁོར་བ་དོང་སྤྲུགས་ཤེས་བྱ་ཏེ། །འཁོར་བ་ཉིད་བདེ་གནས་སུ་རྟོགས་པས། དེ་ཕྱིར་བདག་གཞན་དུ་སྣང་བ་ལ་མ་དམིགས་པས་དེ་ལ་གནས་བར་བྱའོ། །ཡེ་ནས་སངས་རྒྱས་ཡིན་ཞེས་བྱ་བ་ནི། མཉམ་བཞག་གི་དུས་སུ་རྟོག་པ་ཅི་འགྱུར་བ་ཡེ་ཤེས་སུ་གསལ་བས། དཔའ་བོ་གཡུལ་དུ་ཞུགས་པས་ཉམས་ང་བ་མེད་པ་དང་འདྲའོ། །དེ་ཕྱིར་འཁོར་བ་མ་སྤངས་རང་སར་གྲོལ་བ་ཞེས་བྱའོ། །དེ་ཡང་ར་ཧུ་ལ་ཆེན་པོས་འཁོར་བ་མ་སྤངས་ངང་གིས་གསལ་བ་ལ། ཡེ་ཤེས་ཉི་མ་དེ་ཉིད་ཚུལ་དུ་འཆར། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། ཡིད་བཞིན་ནོར་བུའི་དགོངས་པ། །དུར་ཁྲོད་ཀློང་རྡོལ་གླུའི་བསམ་གཏན། །དམར་རེངས་གཉིས་པ་ཤར་ཙམ་ན། །གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་དོ། །ཧཱུཾ་ཆོས་ཉིད་བྱང་ཆུབ་སེམས་ལ་བླང་ཞིང་ལྟ་མེད་དེ། །ལྟ་བའི་གཟུགས་མེད་ཡོངས་ལ་སྣང་། །ཅིས་ཀྱང་བཅོས་སུ་མེད་དོ་སྤྱད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ལའང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ཇི་ལྟར་སླད་ཀྱང་དབྱིངས་ལ་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་རྩལ་ཏེ། །སེམས་ཉིད་མཁའ་ལྟར་དག་པ་ཏེ། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་བརྡོས་བཅས་འདི་བརྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། གྷི་ཏ་མ་ཀོ་ལ་ས་ལ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །རྩེ་མོ་བྱུང་རྒྱལ་དང་རྗེས་སུ་འབྲེལ་བ། དབང་དགུ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། ཡེ་ཤེས་གསལ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྣང་སྲིད་ཐམས་ཅད་ནམ་མཁར་གཅིག་པས། རེ་དོགས་ཐམས་ཅད་མེད་པའི་གདེང་ནི། ས་ཐོབ་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཐིག་ལེ་ཆེན་པོའི་སྤྱོད་པ་གཅིག་ལས་མ་འདས་སྟེ། འཕྲུལ་གྱི་མེ་ལོང་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེེ། ལྔ་པ་ཡེ་ཤེས་གསལ་བའི་མན་ངག་གིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་གཟུང་། ཙིཏྟ་པདྨ་ཨ་དང་བཅས་པ་གསལ་གདབ། བླ་མའི་ཙིཏྟ་པད་འདབ་བདུན་པ་ལ་གནས་པའི་ཨ་དང་། དཀྱིལ་འཁོར་པད་འདབ་བདུན་པ་ལ་གནས་པའི་ཨ་འོད་དུ་ཞུ་བ་ལ་སོགས་པ་ཨ་བཞི་བསྐོར་གྱིས་དམིགས་པ་སྦྱིར་འགྲེ། ཁྱད་པར་གྱིས་དམིགས་པ་ལུས་འོད་ཀྱི་གང་བ་ཇེ་ཆེར་སོང་བ་ལ་དམིགས་པ་གཏད་ལ་སྒོམ་དུ་བཞུགས་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་བརྟན་པར་བྱེད་པ་འགྲེེ། རྗེས་ཤེས་ལུས་འོད་ཆེན་འཕེལ་བ་ལ་ཤེས་པ་གཏད་ནས་གནས་པ་མེད་པའི་ཚུལ་གྱི་གནས་པ་ཀུན་ལ་འགྲེེའོ། །དྲུག་པ་དབང་གི་དཔེ་ནི། ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ། །ཞེས་པས་ཉི་མའི་དཀྱིལ་འཁོར་ཆེན་པོ་ལ་གསལ་འགྲིབ་མེད་པ་བཞིན། ཡེ་ཤེས་གསལ་བའི་མན་ངག་གིས། རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། ཏིང་ངེ་འཛིན་བྱིང་རྒོད་དང་བྲལ་བས་གསལ་འགྲིབ་མེད་པར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཡེ་ཤེས་ཕྲེང་བ་ཞེས་བྱ་བའི་མན་ངག་ལས ། སྣང་སྲིད་ཡེ་ཤེས་ངང་དུ་གསལ། །ཞེས་སོ། །བརྒྱད་པ་མན་ངག་གི་དགོངས་འགྲེལ་ནི། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་བས་སངས་རྒྱས་ཉིད་ལས་ཞན་པ་ངང་གི་མེད། འཁོར་བ་ཀ་ནས་དག་པས་ཐམས་ཅད་ཡེ་ཤེས་གསལ་བར་ཁོང་དུ་ཆུད་པས་སངས་རྒྱས་དགོངས་པའི་ཞེ་ཕུགས་རྟོགས་པ་ཞེས་བྱའོ། །དེའི་ཕྱིར་ན་ཉི་མའི་དཀྱིལ་འཁོར་གྱི་ངོ་བོ་འཆར་བ་དང་མཚུང་སོ། ། ངང་དུ་གསལ་ཞེས་པ་ནི། ཉི་མ་དང་འོད་དབྱེར་མེད་པ་དང་འདྲ་སྟེ། མི་རྟོགས་པ་དང་རྟོགས་པ། དབྱེར་མེད་དུ་འདྲེས་ཟེར་བའམ་འདུག་གོ་རྟོགས་པས་དག་གོ །དེའི་ཕྱིར་གསལ་ལ་རྟོག་པ་མེད་པ་ཞེས་བྱའོ། །དེ་ཡང་གུ་རུ་ཆེན་པོས། ཐམས་ཅད་ཡེ་ཤེས་གསལ་བའི་བརྒྱན། དེ་ལྟར་རྟོགས་པས་དག་པ་ཡིན། ཞེས་པས་གསལ་ལོ། །དགུ་པ་གླུ་ནི། རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། །རྩལ་མེད་ཀློང་བརྡོལ་གླུའི་བསམ་གཏན། །ཤིང་ནལ་བྱི་ས་ལའི་རྩར། །དམར་རེངས་གསུམ་པ་ཤར་ཙམ་ན། །སྨད་འཚོང་མ་བུད་དྷས་འདི་སྐད་དོ། །ཨེ་མ་ཧོ་ཆོས་ཉིད་བྱང་ཆུབ་སེམས། །རྟག་དུ་མེད་དོ་སྤྱད་དུ་མེད། །རྩལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བརྩལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བརྩལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་མ་སླད་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་ཁུམས། །བདག་གི་ཕུང་པོ་བརྡོས་བཅས་འདི་བརྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་དེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །སྤྱི་གཅོད་དང་རྗེས་སུ་འབྲེལ་བ་དབང་བཅུ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། བདེ་བ་ཆེན་པོས་རིག་པ་རྩལ་གྱིས་དབང་བསྐུར་བ་ལྷའི་བདུད་རྩི་འཚོ་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། རིག་པ་ཕྱོགས་བྲལ་རྟོགས་པས་གོལ་སྒྲིབ་ཀྱི་གཡང་ས་མེད་པའི་གདེང་། འཕྲུལ་གྱི་སྐྱེས་བུ་བགྲོད་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་ལམ་དུ་སློང་བའི་སྦྱོད་པ་ནི། དབྱེ་བ་མེད་པར་ཀུན་ལ་སྤྱོད་པ་སྟེ། །ཀུན་ཏུ་རྒྱུ་འཇིགས་པ་མེད་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་བདེ་བ་ཆེན་པོ་རིག་པ་རྩལ་གྱིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་གཟུང། ཙིཏྟའི་པདྨ་གསལ་གདབ། པད་འདབ་བརྒྱད་པའི་ཨ་བཞིས་བསྐོར་གྱི་དམིགས་པ་འགྲེེ། བུམ་དབང་སྨོན་ལམ་དང་བཅས་པ། དབང་བརྟན་པར་བྱེད་པ་འདྲེ། རྟོགས་པ་ཡེ་ཤེས་སུ་རྒྱས་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ལྷའི་བདུད་རྩིས་འཚོ་བ་ལྟ་བུའོ། །ཞེས་པས། ལྷ་ལུས་ཟག་པ་དང་བྲལ་ཞིང་བདེ་ཉམས་དང་ལྡན་པ་དེ་བཞིན་དུ། །རྟོག་པ་ཡེ་ཤེས་སུ་རྒྱས་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སེམས་ཀྱི་འཁོར་ལོ་ཞེས་བྱ་བའི་མན་ངག་ལས། །སེམས་ཀྱི་ཉམས་མྱོང་བདེ་ཆེན་གསལ། །ཞེས་སོ། བརྒྱད་པ་མན་ངག་གི་དགོངས་འགྲེལ་ནི། སྣང་སྲིད་ཐམས་ཅད་ཡེ་ཤེས་སུ་གསལ་ལ། སེམས་བདེ་བ་ཆེན་པོར་གསལ་བས། དེ་བཞིན་དུ་ཉམས་སུ་མྱོང་བ་དང་འདྲ་བས། གཉིས་སུ་མེད་པའི་བདེ་བ་ཆེན་པོ། མ་བཅོས། མ་སླད་པར་ཉམས་སུ་མྱོང་བའོ། །དེས་ན་ལྷའི་ལུས་བདུད་རྩི་རྒྱས་པས་བདེ་དང་ལྡན་པའོ། །གསལ་ཞེས་བྱ་བ་ནི། བྱིང་རྒོད་བདེ་ཆེན་དུ་གསལ་བའོ། །དེས་ན་བྱིང་རྒོད་མི་བཅོས་པར་ཡན་པའོ། །ཅིའི་ཕྱིར་ཞེ་ན། །ཐམས་ཅད་བདེ་བ་ཆེན་པོ་ལས་མ་གཡོས་པར་རྟོགས་པའོ། །དེ་ཡང་ལུང་ཕྱི་མ་ལས། ཉམས་སུ་མྱོང་བའི་བདེ་ཆེན་ནི། །ཐམས་ཅད་གསལ་བས་ཞེ་ཕུགས་ཉིད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྤྱི་སྤྱོད་ཀྱི་དགོངས་པ། གསང་བ་ཀློང་བརྡོལ་གླུའི་བསམ་གཏན། ཤིང་ཎྱ་གྲོ་དྷའི་རྩར་སྲོད་ཐུན་ལ། འཇམ་དཔལ་བཤེས་གཉེར་ཕྱི་མ་འདི་སྐད་དོ། ། ཧཱུཾ། ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །དག་པའི་ཀློང་ནས་ཉི་མ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་ནས་མ་བཅོས་གསལ་བ་ལས། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་བརྙེད་མཐའ་མེད། །ཀུན་གཞི་ཡངས་པའི་ཆོས་ཉིད་ལ། །རིག་པ་སེམས་ཀྱི་ཉི་ཤར་བ། །མ་བཅོས་ནུབ་པ་མེད་པ་ལས། །སྒོམ་དུ་འདི་ལས་མེད་པར་ཁུམས། །མྱ་ངན་སེམས་ཀྱི་བདུད་རྩི་མྱོང་། །ལྟ་ན་རིག་བའི་ཡེ་ཤེས་ལྟོས། །པད་མ་ཀོ་ལ་ཤ་ཨ་ཧོ། །ཞེས་རྡོ་རྗེའི་གླུ་བླངས་སོ། །སྤྱི་བཅིངས་དང་རྗེས་སུ་འབྲེལ་པ་དབང་བཅུ་གཅིག་པ་བསྐུར་བ་ལ་དགུ་ལས། དང་པོ་ནི། སེམས་ཀྱི་ན་དའི་མན་ངག་གིས། རིག་པ་རྩལ་གྱིས་དབང་བསྐུར་བས། །དྲང་སྲོང་རླུང་ནད་ཅན་སྨན་པའི་ངག་ཉན་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྣ་ཚོགས་སྐྱེ་མེད་དུ་འགྱུར་ལ། །དེ་ལས་མི་འགྱུར་བ་རྟོགས་པས། །ཉོན་མོངས་པ་མི་སྤོངས་བའི་གདེང་མགྲོན་པོ་འཁྲུལ་པ་སྤོང་བ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་སླང་པའི་སྤྱོད་པ་ནི། བཀག་མེད་ཡོངས་རྫོགས་ཟེར། སྣ་ཚོགས་ཀྱི་སྤྱོད་པས་སྣ་ཚོགས་གཅིག་ཏུ་མཛད་པ་དེ་ལན་ཚཱའི་རྒྱ་མཚོ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེེ། ལྔ་པ་སེམས་གྱི་ན་དའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་གཟུང་། ཙིཏྟ་པདྨ་གསལ་གདབ། པད་འདབ་དགུ་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་བུམ་དབང་སྨོན་ལམ་དང་བཅས་པ་འགྲེེ། རྗེས་ཤེས་རྟོག་པ་ཡེ་ཤེས་གྱི་དབང་དུ་འདུས་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དེས་ནི་དྲང་སྲོང་རླུང་ནད་ཅན་སྨན་པའི་གཉན་པ་ལྟ་བུའོ། །ཞེས་པས་རླུང་ནད་ཅན་སྨན་པ་མཁས་པའི་ངག་ཉན་པས་འབད་མེད་དུ་གྲོལ་བ་བཞིན། སེམས་གྱི་དེའི་མན་ངག་གི་རིག་པ་རྩལ་གྱི་དབང་ཐོབ་པས། །དུག་ལྔའི་ནད་འབད་མེད་དུ་གྲོལ་བའོ། །ཞེས་མཚན་པའོ། །བདུན་པ་སྦུབས་མཆུ་ནི། སྒྲོན་མ་གསལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ཉིད་གྱིན་དལ་རྣལ་མར་བཞག །ཅེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་སེམས་གྱིན་འདའ་མ་རྟོགས་པ་སྐྲའི་ཚལ་པ་བརྒྱར་བཤག་པ་ཙམ་ཡང་མེད་པས། །གྱིན་འདའ་མ་བཅོས་རྣལ་མ་ལ་མ་སླད་པར་བཞག་པར་བྱ་སྟེ། ནམ་མཁའ་དང་སེམས་དང་ཆོས་ཉིད་ལ་སྦྱར་རོ། །དེས་ན་དྲང་སྲོང་རླུང་ནད་ཅན་སྨན་པའི་ངག་ཉན་ནས་ལུས་ངག་ཡིད་གསུམ་གྱི་ངང་གནས་པ་ལྟ་བུའོ། །རྣལ་མར་བཞག་ཅེས་བྱ་བ་ནི། ལུས་ངག་ཡིད་གསུམ་མ་བཅོས་པར་བཞག་པའོ། །དེའི་ཕྱིར་ན་ཆོས་ཐམས་ཅད་མ་བཅོས་པའོ། །ཞེས་བྱ་བ་དང་འདྲའོ། དེས་ན་གྱིན་དྷར་གནས་པར་གྱིས་ཤིག །དེ་ཡང་ལུང་གི་རྒྱལ་པོ་ལས། སེམས་ཀྱི་དེ་ཉིད་མ་བཅོས་གསལ། །དེ་ལྟར་ཡིན་པས་རྟོག་པ་མེད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྤྱིི་ཆིངས་ཀྱི་དགོངས་པ། ནམ་མཁའ་ཀློང་བརྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རངས་ཁ། ཨརྱ་པ་ལོ སའདི་སྐད་དོ། །ཧཱུཾ། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། ཕྱི་དང་ནང་མེད་ཀུན་ལ་གསལ་བར་སྣང་། །གདོད་ནས་དག་པ་ནམ་མཁའི་ཀློང་འདྲ་བ། །རྣམ་རྟོག་སྲེག་པའི་ཡེ་ཤེས་མངོན་ཤར་པས། །སྐྱེ་འགགས་ཡངས་དོག་རང་བཞིན་མེད་པ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཉིད་བདུད་རྩི་ཟོ། །གོན་ན་ཆོས་ཉིད་གོས་སུ་གོན། །ཨེ་མ་ཀོ་ལ་ཤ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །བདེ་བ་འཕྲ་བཀོད་དང་རྗེས་སུ་འབྲེལ་བ་དབང་བཅུ་གཉིས་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། །རིག་པ་མི་གཡོ་བའི་རིག་པ་རྩལ་གྱིས་དབང་བ་རྒྱ་མཚོ་ཆེན་པོའི་གཏིང་ལྟ་བུའོ། གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྒོ་གསུམ་གྱིས་འཁྲུལ་བས་མི་འཇིགས་པའི་གདེང་། ཐག་པ་ལ་སྦྲུལ་ཞེན་གྱི་ཞེན་པ་ལོག་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཡེ་ཤེས་རང་ཤར་གྱིས་སྤྱོད་པ་ཀུན་ཏུ་མཛེས་པ་སྟེ། རིན་པོ་ཆེ་མགུལ་མཛེས་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འདྲེ། ལྔ་པ་སེམས་མི་གཡོ་བའི་རིག་པ་རྩལ་གྱི་དབང་བསྐུར་ཐབས་ནི། ལུས་གནད་བཅའ། དྲག་རླུང་བུམ་པ་ཅན་གཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་གདབ། པད་མ་བཅུ་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། བུམ་དབང་སྨོན་ལམ་དང་བཅས་པ་འདྲེ། རྗེས་ཤེས་བདེ་ལ་མི་རྟོགས་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། རྒྱ་མཚོ་ཆེན་པོ་ལྟ་བུ་ཞེས་པས། རྒྱ་མཚོ་ཆེན་པོ་ཁ་ཅུང་ཟད་རླུང་གིས་གཡོ་ཡང་། གཏིང་གཡོ་བ་མེད་པ་བཞིན། རིག་པ་མི་གཡོ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པས། ཏིང་འཛིན་བྱིང་རྒོད་ཀྱི་སྐྱོན་གྱིས་མི་གནོད་པར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སྐྱེས་བུ་ཁྱད་གྱད་ཀྱི་རྩལ་འཆང་ཞེས་བྱ་བའི་མན་ངག་ལས། རིག་པ་མི་གཡོ་རྒྱ་མཚོ་བཞིན་དུ་གནས། ཤེས་བརྗོད། བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་རིག་པ་ཆེན་པོར་གསལ་བས་རེ་དོག་ངང་གི་མེད་དོ། །དེ་བས་ན་རིག་པ་འོད་གསལ། བར་གནས་པའི་རིག་མེད་ནམ་མཁའ་དང་འདྲ་སྟེ། ཕྱོགས་བཅུ་གར་ཡང་ནམ་མཁའ་ལས་མ་འདས་པ་དང་འདྲ་བར། རྟོགས་པའི་རིག་པ་དང་ལྡན་པའི་རྣལ་འབྱོར་པས། དུས་གསུམ་དུ་རིག་པ་རང་བཞིན་གྱིས་འོད་གསལ་བའོ། །དེ་ཉིད་རྒྱ་མཚོ་ཆེན་པོར་གསལ་བས་མི་གཡོ་བ་དང་འདྲའོ། །རྒྱ་མཚོ་བཞིན་དུ་གནས། ཞེས་བྱ་བ་ནི། ཆུ་ཕྲན་ཐམས་ཅད་རྒྱ་མཚོར་དང་རོ་གཅིག་བར། ཆོས་ཐམས་ཅད་རིག་པ་འོད་གསལ་བར་རོ་གཅིག་པའོ། །དེས་ནི་རྣམ་རྟོག་ཐམས་ཅད་ཡེ་ཤེས་སུ་རོ་གཅིག་པས་མི་སྤོང་བའོ། །དེ་ཡང་རྒྱ་ལུང་ཆེན་པོ་ལས། སེམས་ཉིད་མི་རྟོག་ནམ་མཁའི་ངང་དུ་གསལ། །དེས་ན་མ་བཅོས་རྟོགས་མེད་ངང་དུ་ཤར། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། བདེ་བ་འཕྲ་བཀོད་ཀྱིས་དགོངས་པ་འཕྲིན་ལས་ཀློང་བརྡོལ་གླུའི་བསམ་གཏན། རིན་པོ་ཆེའི་གླིང་ལ། ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེ་འདི་སྐད་དོ། །ཧཱུཾ་སེམས་ཉིད་སངས་རྒྱས་ཡིན་པ་ལས། །སེམས་ལས་སངས་རྒྱས་ལོགས་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ། །རིག་པ་མི་འགྱུར་རང་བཞིན་མེད་པ་འདི། །ཟབ་མོ་ཆོས་དབྱིངས་མི་བརྗོད་དོན་དམ་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལས། །རིག་པ་བཟོད་ཅིང་ནང་ནས་འཆར། །ཀུན་གཞི་གཏན་ནས་སྦྱོང་བའི་ཉི་ཆེན་པོ། །མཁའ་ལྟར་དག་པས་ཡོངས་ལ་ཁྱབ་བར་བརྡལ། ཆོས་ཉིད་ཡེ་ནས་དག་པས་སྦྱངས་དུ་མེད་པ་ལ། རིག་པ་མི་འགྱུར་གདོད་ནས་གསལ་བར་གནས། །ཕྱིན་ཅི་ལོག་གི་མ་སླད་གསལ་བར་གནས། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་མཇལ། ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་ཁྱུང་ཆེན་གཤོག་པ་ལྡིང་། །རྐརྨ་ཀོ་ལ་ཤ་ཨ་ཧོ། །ཞེས་རྡོ་རྗེའི་གླུ་བླངས་སོ། །སྲོག་གི་འཁོར་ལོ་དང་། རྗེས་སུ་འབྲེལ་པ་དབང་བཅུ་གསུམ་པ་བསྐུར་ཐབས་དགུ་ལས། དང་པོ་དབང་ནི། སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ། ནོར་བུ་རིན་པོ་ཆེ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྣང་སྲིད་ཡེ་ཤེས་སུ་རྟོགས་ཏེ། །དེ་ཉིད་གདོད་ནས་བཅོས་སུ་མེད་པའི་གདེང་། མཁའ་ལ་ཉི་མ་ཤར་པ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། སྒོ་གསུམ་ཆིག་ཆོད་གསལ་བའི་སྤྱོད་པ། །རིག་པ་དུས་གཅིག་ཏུ་གསལ་བ་སྟེ། དེ་གསུམ་མ་འདྲེས་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེེ། ལྔ་པ་སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་སྒོམ་དུ་བཞུགས ། ཙིཏྟའི་པདྨ་གསལ་གདབ། པད་འདབ་བཅུ་གཅིག་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པས་ལུས་ཀྱི་འོད་རྫིང་དུ་རྡོ་སྐྱུར་བའི་གཉེར་མ་ལྟར། མཆེད་ནས་ཡུལ་ཁམས་འོད་ཀྱིས་་དཀར་མེར་ཁེངས་པ་ལ་རིག་པ་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེེ། རྗེས་ཀྱི་ཤེས་པ་ནི། འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་པས། ནོར་བུ་རིན་པོ་ཆེ་ལ་མ་གཡོས་བཞིན་དུ། བསོད་ནམས་ཀྱི་དབང་གིས་དགོས་འདོད་འབྱུང་བ་བཞིན། སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱི་འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལས་མ་གཡོས་པར་དངོས་གྲུབ་གཉིས་ལྷུན་གྲུབ་དུ་འབྱུང་ངོ་། །ཞེས་མཚན་པའོ། །བདུན་པ་སྦུབས་མཆུ་ནི། ལྷ་མོ་ནམ་མཁའ་ལྡིང་ཞེས་བྱ་བའི་མན་ངག་ལས་འཁོར་འདས་སེམས་ལ་རྫོགས་པས་ལྷུན་གྱིས་གྲུབ། ཅེས་སོ། །བརྒྱད་པ་དགོངས་འབྲེལ་ནི། སེམས་ཀྱི་དེ་ཁོ་ན་ཉིད་ལ་སྣང་སྲིད་འཁོར་འདས་ཐམས་ཅད་ལྷུན་གྱིས་གྲུབ་པས་རྫོགས་པ་ཆེན་པོ་ཞེས་བྱའོ། །དཔེར་ན་རི་བོ་ལྷུན་པོའི་ཁ་རུ་ཕྱིན་པས། གསེར་གྱི་རི་བདུན་ནས་ཕྱིའི་ལྕགས་རིའི་བར་རྩལ་བ་མེད་པར་གསལ་བ་དང་འདྲ་བར་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་ནས། ཆོས་ཐམས་ཅད་རྩལ་བ་མེད་པར་རྟོགས་པས་ཡོན་ཏན་ཐམས་ཅད་རྫོགས་པ་ཞེས་བྱ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེས་ན་འདོད་པ་ཐམས་ཅད་འབྱུང་བ་ཅེས་བྱའོ། །ལྷུན་གྱིས་གྲུབ་ཅེས་པ་ནི། བྱིང་རྒོད་ཡེ་ཤེས་སུ་ལྷུན་གྲུབ་ཏུ་གནས་པས་མི་འགལ་བའོ། །དེ་ཡང་ཀློང་ཆེན་འཁྱིལ་བ་ཅེས་བྱ་བའི་མན་ངག་ལས། སེམས་ལས་ཐམས་ཅད་རྫོགས་པར་ལྷུན་གྲུབ་སྟེ། བཅོས་སླད་དགག་སྒྲུབ་མེད་པས་ཡེ་ཤེས་གསལ་ཞེས་པས་གསལ་ལོ། །དགུ་པ་གླུ་ནི། སྲོག་གིས་འཁོར་ལོའི་དགོངས་པར་རང་འབྱུང་ཀློང་བརྡོལ་གླུའི་བསམ་གཏན། གྲོ་ཏིའི་དགོན་བར། སྲོད་ཡོལ་བའི་དུས་སུ། དྲང་སྲོང་བྷི་ཤ་ཏི་འདི་སྐད་དོ། །ཧཱུཾ་མ་བཅོས་ངང་ལ་གཟའ་སྐར་ཀུན་འཕྱོ་བས། །གདོད་ནས་དག་པས་མཁའ་ནི་མི་བརྗོད་དེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། །མཚན་མའི་རྣམ་རྟོག་སྒྱུ་མས་ཅི་སླད་ཀྱང་། །རྣམ་དག་སེམས་ཉིད་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ལ། །རིག་པ་ཡེ་ཤེས་དུར་ས་བཏབ་པ་ནི། གསང་བའི་འོད་ཀྱི་དཀྱིལ་འཁོར་གསལ་བར་འཆར། །ཤར་པ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་པར་རྟོག་པའི་མུན་པ་ཡེངས། །ཨེ་ཀ་ཤ་ཀོ་ལ་མ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །རིན་པོ་ཆེ་ཀུན་འདུས་དང་རྗེས་སུ་འབྲེལ་པ། དབང་བཅུ་བཞི་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། གཉིས་མེད་ངང་གིས་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་མར་མེའི་འོད་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། འབྲས་བུ་དུས་གཅིག་ལ་རྟོགས་པས། །རྒྱུ་ལ་ལྟོས་པ་མེད་པའི་གདེང་། །ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་པའི་སྤྱོད་པ་ནི། རྟོགས་པ་རང་སར་སྦྱོད་པ་ཇི་ལྟར་གནས་པ་ལྟར་བདེ་བ་སྟེ། ནམ་མཁའ་ལ་ཆར་བབས་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེེ། ལྔ་པ་གཉིས་མེད་ངང་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་ཅན་གཟུང་། ཙིཏྟའི་པད་མ་གསལ་གདབ། པད་འདབ་བཅུ་གཉིས་པའི་ཨ་བཞི་བསྐོར་གྱི་དམིགས་པ་སྒོམས་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ། ལུས་ཀྱི་འོད་རྫིང་ལ་རྡོར་སྐྱུར་བ་ལྟར་མཆོད་པ་དེ་ཆེར་མཆེད་ནས། འཇིག་རྟེན་གྱི་ཁམས་འོད་ཀྱིས་དཀར་མེར་ཁེངས་པ་ལ་སེམས་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེེ། རྗེས་ཀྱི་ཤེས་པ་ནི། འཁོར་བ་ཡེ་བརྡལ་གྱི་དགོངས་པ། །གསལ་ལ་རྟོག་མེད་ཀྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། མར་མེའི་འོད་ལྟ་བུའོ། །ཞེས་པས་མར་མེ་རང་གིས་རང་གསལ་བ་ལྟར། གཉིས་སུ་མེད་པའི་མན་ངག་གིས་རང་གསལ་བ་ལྟར། གཉིས་སུ་མེད་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། སེམས་ཉིད་རང་གསལ་རྟོགས་པ་མེད་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མན་ངག་ཡེ་ཤེས་འཁྱིལ་བ་ལས། གཉིས་མེད་ཡེ་ཤེས་ངང་དུ་རོ་གཅིག་པས། ཤེས་སོ། །བརྒྱད་པ་དགོངས་འགྲེེལ་ནི། ཆོས་ཐམས་ཅད་གཉིས་སུ་མེད་པར་གསལ་བ་རྟོག་པས་ཐག་ཆོད་པར་བྱས་ལ། དེ་ནས་ཉམས་གསུམ་ལ་བཅོས་ཐབས་དང་བཅས་བ་གནས་པར་བྱ་སྟེ། གཉིས་མེད་ངང་ལས་མ་རྟོགས་པའི་ཆོས་ཏིལ་འབྲུ་ཙམ་ཞིག་མ་རྙེད་པས་གསལ་ལ་རྟོག་པ་མེད་པས། མར་མེ་རླུང་མེད་པ་ལྟར་གནས་པར་བྱས་ལ། དེ་ཉིད་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །རོ་གཅིག་པས་ཤེས་པ་ནི། བྱིང་རྒོད་གཉིས་མེད་དུ་རོ་གཅིག་པས་དགག་སྒྲུབ་དང་བྲལ་བའོ། །དེ་ཡང་བདུད་རྩི་འཁྱིལ་པ་ལས། ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་སེམས ། ཡིན་པར་བདག་ཅག་རྣམས་ཀྱིས་རྟོགས། །ཤེས་པས་གསལ་ལོ། །དགུ་པ་གླུ་ནི། རིན་པོ་ཆེ་ཀུན་འདུས་ཀྱི་དགོངས་པ། སྐྱེ་མེད་ཀློང་བརྡོལ་གླུའི་བསམ་གཏན། རྒྱལ་པོའི་དགོན་གནས་སུ། ནམ་སྨད་ལ། སྲས་མོ་གོ་མ་དི་ཝིས་འདི་སྐད་དོ། །ཧཱུཾ་སངས་རྒྱས་ཀུན་གྱི་ཐུགས་ཡི་གེ་ཨ་ཡིན་ཏེ། ཨའི་རང་བཞིན་ཡེ་ནས་དངོས་པོ་མེད། །བདེ་གཤེགས་ཀུན་གྱིས་འབྱུང་གནས་ཨ་ཡིན་ཏེ། །བདེན་གཉིས་ལ་སོགས་སྣང་སྲིད་ཅིར་སྣང་ཡང་། །ཨའི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་རྟགས་ནས་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་དབྱིངས་ཉིད་ལ། ཨ་ལྟར་སྐྱེ་བ་མེད་པའི་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་བཞག་པ་ལས། །བདག་གི་སྒོམ་པ་འདི་ལས་མེད་པར་འཇལ། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པ་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་མ་པ་ཤ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །སྐྱེ་མེད་རང་རིག་དང་རྗེས་སུ་འབྲེལ་བ། དབང་བཅྭ་ལྔ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་བརྩལ་གྱི་དབང་བསྐུར་བ། ཆུ་བོ་ཆེན་པོའི་གཞུང་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྣང་སྲིད་སྐྱེ་མེད་དུ་གསལ་བས་འཁྲུལ་མ་འཁྲུལ་བླང་དོར་མེད་པའི་གདེང་རྨི་ལམ་གྱི་སྒྲ་སྙན་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། སྒོོ་གསུམ་རླུང་ཞུགས་ཀྱི་སྤྱོད་པའི་དམ་ལ་མི་འདའ་སྟེ། རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འདྲེ། ལྔ་པ་རྡོ་རྗེ་རང་འཁྲུངས་རྟག་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་གཟུང་། ཙིཏྟའི་པད་མ་ཨ་དང་བཅས་པ་གསལ་གདབ། པད་འདབ་བཅུ་གསུམ་པའི་ཨ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱིས་དགོངས་པ། །ལུས་འོད་ཤིན་ཏུ་ཆེར་མཆེད་པས། །ནམ་མཁའི་མཐའ་ཀླས་པ་འོད་ཀྱི་རང་བཞིན་དུ་གྱུར་ནས། གཞན་པའི་སེམས་མེད་པར་ལ་རིག་པ་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་འཁོར་བ་ཡེ་བརྡལ་གྱི་དགོངས་པ། གསལ་ལ་རྟོག་མེད་ཀྱི་འཛིན་པའང་རང་དག་གི་ངང་ལ་གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ཆུ་བོ་ཆེན་པོའི་གཞུང་ལྟ་བུའོ། །ཅེས་པས། ཆུ་བོ་ཆེན་པོའི་གཞུང་ལ་རྒྱུན་ཆད་མེད་པ་བཞིན་དུ། །རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་རྩལ་གྱིས་དབང་ཐོབ་པའི་སྟོབས་ཀྱིས་གསལ་ལ་རྟོག་མེད་ཀྱི་ཤེས་པ་དེར་འཛིན་དང་བྲལ་བ་དེ། རྒྱུན་ཆགས་སུ་གནས་སོ། །ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཐིག་ལེ་ཉི་ཤར་ཞེས་བྱ་བའི་མན་ངག་ལས། གཉིས་མེད་རྡོ་རྗེ་ཡེ་ཤེས་གསལ། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་རྡོ་རྗེ་རང་འ ཁྲུངས་སུ་སངས་རྒྱས་པས། སངས་མ་རྒྱས་པའི་ཆོས་ནི་གཅིག་ཀྱང་ཡོད་པ་མ་ཡིན་པས། ཐམས་ཅད་རིག་པའི་ཡེ་ཤེས་སུ་གསལ་ཞེས་བྱ་སྟེ། དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཉི་མ་ཤར་བ་ཅེས་བྱ་ཏེ། དེ་ལས་གཞན་པ་ངང་གིས་མེད་དོ། །དེ་ལྟར་རྟོགས་ན་སངས་རྒྱས་ཞེས་བྱའོ། །དེ་བས་ན་ཆུ་བོའི་གཞུང་ཆེན་པོ་མི་འགྱུར་བ་དང་འདྲའོ། །རིན་ཆེན་གསལ་བ་ཞེས་བྱ་བ་ནི། མཉམ་པའི་ངང་བཟང་ངན་ཀྱི་འདུ་ཤེས་དང་བྲལ་བའོ། །དེའི་ཕྱིར་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ལ་བློའི་རིག་པ་མ་བཅོས་པར་འཆར་དེ། དེ་གླང་པོ་རབ་འབོག་ལས། གཉིས་མེད་བདེ་ཆེན་ངང་གིས་གསལ། །དེ་བཞིན་མ་བཅོས་རྣལ་མར་བཞག །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྐྱེ་མེད་རང་རིག་གི་དགོངས་པ། ཆོས་སྐུ་ཀློང་བརྡོལ་གླུའི་བསམ་གཏན། །ཙན་དན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་མཁན་པོ་རབ་སྣང་འདི་སྐད་དོ། །ཧཱུཾ་བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བ་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་རྫུ་འཕྲུལ་ཅིར་སྣང་ལ། །བསམ་དུ་བརྡུལ་ཡང་མེད་པ་ལ། །བརྗོད་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། །ཁམས་གསུམ་འཁོར་བའི་ནད་པ་སོས། །ཀ་པ་ལ་ཀོ་ཤ་ཨ་ཧོ། །ཞེས་རྡོ་རྗེའི་གླུ་བླངས་སོ། །བདེ་འབྱམས་དང་རྗེས་སུ་འབྲེལ་བ། དབང་བཅུ་དྲུག་པ་བསྐུར་བ་ལ་དགུ་ལས་དང་པོ་དབང་ནི། བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བ་འདུན་མ་ལ་མོས་པའི་སློབ་མ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། གཉིས་སྣང་གི་ངོ་བོ་གཉིས་མེད་དུ་རྟོགས་པས། གཉིས་འཛིན་ཀུན་དང་བྲལ་བའི་གདེང་། རང་སོར་གནས་པའི་ཤེས་པ་ལྟ་བུ་ཐོབ་པོ། གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། འགྱུར་བ་མེད་པའི་སྤྱོད་པ་རྐྱེན་གྱི་མི་འཕྲོག་པ་སྟེ། མ་ཧཱ་དེ་བའི་གདེང་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་གནད་དལ་བ་བརྟེན། ཙིཏྟའི་པད་འདབ་ཨ་དང་བཅས་པ་གསལ་གདབ། པད་འདབ་བཅུ་བཞི་པའི་ཨ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ་འཇིགས་རྟེན་གྱི་ཁམས་འོད་ཀྱི་ཁྱབ་པ་ཐམས་ཅད་ཀྱང་། མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ན་ཐིག་ལེ་ཆེན་མོའི་རང་བཞིན་གསལ་བ་ཡུལ་གྱི་མི་འཕྲོགས་པ་ལ་རིག་པ་གཏད་ལ། སྒོ་གསུམ་ཁོང་ནས་ཀློད་དུ་བཅུག་ལ། དབང་རྟེན་བྱེད་ཀྱི་བུམ་དབང་སྨོན་ལམ་དང་བཅས་པའང་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ། །ཕྱི་རོལ་ཡུལ་གྱི་སྣང་བ་བློའི་ཡུལ་ལས་འདས་ནས་ཇི་ལྟར་སྣང་ཡང་། སྣང་ལ་ངོས་གཟུང་མེད་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། འདུན་མ་ལ་མོས་པའི་སྐྱེས་བུ་ལྟ་བུའོ། །ཞེས་པས། གཙོ་བོ་གཟུ་བོར་གནས་པའི་བློ་ཅན་ཞལ་ལྕེ་དྲང་པོར་སྤྱོད་པ་བཞིན་བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་བའི་སྟོབས་ཀྱིས་རིག་པ་འཁྲུལ་ཕྱིར་དུ་མི་འབྲང་བར་ཕྱོགས་རིས་ཀྱི་འཛིན་པ་ལས་གྲོལ་ལོ་ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཆོས་ཉིད་ནམ་མཁའ་ལྟར་ཡངས་པ། །ཞེས་བྱ་བའི་དོན་ངག་ལས། བླང་དོར་མེད་ཅིང་མཉམ་པའི་ངང་དུ་གསལ། །ཅེས་སོ། །བརྒྱད་པ་དགོངས་འབྲེལ་ནི། སྣང་སྲིད་ཐམས་ཅད་མཉམས་པའི་ངང་དུ་གསལ་བ། དེ་ཡང་རང་འབྱུང་གི་ཡེ་ཤེས་ལྔ་རུ་བྱུང་ཐེམས་ལ། ལུས་ངག་ཡིད་གསུམ་སྐུ་གསུམ་ཐུགས་སུ་སངས་རྒྱས་པས། སངས་རྒྱས་གཞན་ནས་བཙལ་དུ་མེད་དོ། །དེ་ནས་དགྲ་ཟིན་མཉམ་པའི་སྐྱེས་བུ་ལྟ་བུའོ། །ངང་དུ་གསལ་ཅེས་པ་ནི། རྟོག་པ་ཐམས་ཅད་མཉམ་པའི་ངང་དུ་རོ་གཅིག་པས་དུག་ལྔ་མ་སྤངས་བར་རང་སར་དག་གོ །དེའི་ཕྱིར་མཉམ་པའི་ངང་ལ་བློ་མ་བཅོས་བར་གནས་སོ། །དེ་ཡང་དྲི་མེད་བཤེས་ཉེན་གྱི་མན་ངག་ལས། དུག་ལྔ་ཡེ་ཤེས་ལྔ་རུ་གསལ་དེ་ལྟར་རྟོགས་ན་རིག་མཆོག་ཡིན། ཅེས་པས་གསལ་ལོ། །དགུ་པ་གླུ་ནི། བདེ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་བརྡོལ་གླུའི་བསམ་བཏན། གྲོང་ཁྱེར་དཔལ་ཡོན་དུ། སྲོད་ཀྱི་དུས་སུ། རྒྱལ་བོ་དེ་བ་རཱ་ཛ་འདི་སྐད་དོ། །ཧཱུཾ་སྣང་སྲིད་ཆོས་རྣམས་སྔོན་དུ་ལྟོས་པ་རྣམས། །ཡང་དག་ཉིད་དུ་འདི་ལྟར་བསྒོམ་པར་བྱ། །སྣང་སྲིད་ཐམས་ཅད་ཡེ་ཤེས་ཀུན་ཏུ་བཟང་པོའི་ངང་། འདི་ལས་གཞན་མེད་མ་ཡེངས་མཉམ་ཞག་བས། སྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་འདི་སྒྱུ་མའི་ཕུང་པོ་མིང་ཙམ་ཏེ། །སེམས་ནི་ཡེ་ཤེས་ཆེན་པོར་སྟོན། ཙནྟྲ་དེ་བ་ཀོ་ས་ལ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །ནམ་མཁའ་རྒྱལ་པོ་དང་རྗེས་སུ་འབྲེལ། དབང་བཅུ་བདུན་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུ་འདོད་ཆགས་ཀྱི་གདུང་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། རང་འབྱུང་དམ་ཚིག་གསལ་བས་ཉམས་པའི་རྟོགས་པ་མི་འཇིག་པའི་གདེང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྲན་གྱིས་ཆད་པས་མི་འཇིགས་པ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། དམིགས་པ་མེད་པའི་སྦྱོད་པ་གང་དུ་ཡང་མི་རྟོགས་པ་དེ། །ནམ་མཁའ་ལ་ལྟ་བའི་སྐྱེས་བུ་ལྟ་བུའོ། །བཞི་པ་འཕྲིན་ལས་འདྲེ། ལྔ་པ་རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་དལ་བ་བརྟེན། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་གདབ། པདྨ་བཅྭ་ལྔ་པའི་ཨ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྦྲུགས་ཀྱི་དགོངས་པ། འཇིག་རྟེན་གྱི་ཁམས་འོད ཀྱི་ཁྱབ་པ་ཐམས་ཅད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་ཤིན་ཏུ་ཕྲ་ཞིང་གསལ་བ་ལ་རིག་པ་གཏད་ལ་སྒོ་གསུམ་ཁོང་ནས་ཀློད་དུ་གཞུགས། དབང་བརྟན་བྱེད་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ། ནང་ཡིད་ཀྱི་རྟོགས་པ་སྔ་ཕྱི་བློའི་ཡུལ་ལས་འདས་ནས་ཇི་ལྟར་འགྱུར་ལ་ངོས་བཟུང་ལས་འདས་པའི་ངང་ལས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གིས་དཔེ་ནི། སྐྱེས་བུ་འདོད་ཆགས་ཀྱི་གདུངས་བ་ལྟ་བུའོ། །ཞེས་པས་འདོད་ཆགས་ཀྱིས་གདུངས་པའི་སྐྱེས་བུ་དེ། འདོད་ཞེན་ལས་གཞན་དུ་མི་གཡོ་བ་བཞིན་སེམས་རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་བློ་བྲལ་གྱི་རིག་པ་ཡུལ་གྱིས་ཕྱིར་དུ་མི་འབྲང་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཡེ་ཤེས་ཕྱི་མོ་ཞེས་བྱ་བའི་མན་ངག་ལས། གང་ནས་བལྟས་ཀྱང་ཡེ་ཤེས་རྩེ་གཅིག་འཆར་ཅེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་ཀྱི་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བས་ཡེ་ཤེས་ཟང་ཐལ་སྟེ། ཕྱི་ནང་སྒོ་ཕུགས་མེད་པར་གསལ་ལ་རྟོག་པ་མེད་པར་འཆར་རོ་དེས་ན་གང་ལྟར་བལྟས་ཀྱང་ཡེ་ཤེས་རྩེ་གཅིག་པ་ཞེས་བྱ་སྟེ། སྐྱེས་བུ་འདོད་པས་གདུངས་པས་སེམས་གཞན་དུ་མི་གཡོ་བ་བཞིན་ནོ། །རྩེ་གཅིག་འཆར་ཅེས་པ་ནི། བྱིང་རྒོད་ཉིད་ཡེ་ཤེས་རྩེ་གཅིག་པའི་བསྐུལ་མ་ཡིན་ཏེ། ཤིང་མནན་པའི་མེ་བཞིན་ནོ། །འཕགས་པ་དྲང་སྲོང་མིག་གི་མན་ངག་ལས། གཡེང་མེད་རྩེ་གཅིག་བསམ་དང་བྲལ། །དེས་ན་ཡེ་ཤེས་ཟང་ཐལ་ཡིན། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། ནམ་མཁའ་རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་བརྡོལ་གླུའི་བསམ་གཏན་མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨཱ་ར་ཛ་འདི་སྐད་ལོ། །ཧཱུཾ་སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལ། གང་ལྟར་རྟོགས་ཤིང་ཇི་ལྟར་སྣང་བ་ན། འབྱུང་འཇུག་འབྱུང་བ་ཐམས་ཅད་མེད་ན་ཀུན་ཏུ་བཟང་། གཉིས་སུ་མེད་པའི་རིག་པ་སྟེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལས་མ་སླད་པས། །སྒོམ་ཞིང་གནས་པ་འདི་ལས་མེད། ཀྱེ་མ་མ་རྟོགས་སྙིང་རེ་རྗེ། བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། རྡོ་ཧ་ཀོ་ས་ཤ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །རྗེ་བཙུན་དམ་པ་དང་རྗེས་སུ་འབྲེལ་པ་དབང་བཅྭ་བརྒྱད་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། མ་བཅོས་ལྷུན་གྱི་གྲུབ་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་གཡོ་རྒྱུ་དང་བྲལ་བའི་མི་ལྟ་བུའོ། གཉིས་པ་དབང་བསྐུར་བས་གདེང་ཅི་ཐོབ་ན། བདག་ཉིད་འབྲས་བུར་ཤར་བས་འབྲས་བུ་གཞན་ནས་མི་འཚོལ་བའི་གདེང་ནོར་བུ་རིན་པོ་ཆེའི་གཏེར་རྙེད་པ་ལྟ་བུའི་གདེང་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། གཉེན་པོ་མེད་པའི་སྤྱོད་པ་ནི། གང་ལྟར་སྤྱད་ཀྱང་སྐྱོན་གྱིས་མི་སེལ་བ་སྟེ། འཕྲུལ་གྱི་སྐྱེས་བུའི་མཛད་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་མ་བཅོས་ལྷུན་གྱིས་གྲུབ་པའི་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་དལ་བ་བརྟེན་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་གདབ། པདྨ་བཅུ་དྲུག་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ། །འཇིག་རྟེན་གྱིས་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་ཀྱང་། མེ་ལོང་ལ་ཧས་བཏབ་པ་བཞིན་དུ། སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་དུ། གསལ་བ་དེ་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་འདུས་ནས་དེ་ཡང་ཡལ་གྱིས་ཡལ་པ་ལ་རིག་པ་གཏད་ལ། ཅིར་ཡང་ཡིད་ལ་མི་བྱེད་པའི་ངང་ལ་རང་ལུགས་སུ་གློད་ལ། དབང་རྟེན་བྱེད་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ་གཟུང་འཛིན་གྱི་དྲི་མ་མཐའ་དག་བྲལ་ནས། འགག་མེད་ཀྱི་རང་རྩལ་འཁོར་འདས་ཀྱི་སྣང་བ། ཅིར་སྣང་། ཅིར་སྲིད། ཅིར་ཤར་ཡང་ངོས་བཟུང་ལས་འདས་པའི་རང་རིག་ཡུལ་མེད་རང་གསལ་གྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། གཡོ་སྒྱུ་དང་བྲལ་བའི་མི་ལྟ་བུའོ། །ཞེས་པས། དཔེར་ན་མི་ཟོལ་མེད་གཡོ་དང་བྲལ་བས་མི་བ སླུ་ངེས་པ་བཞིན་དུ། མ་བཅོས་ལྷུན་གྲུབ་ཀྱི་མན་ངག་གིས། རིག་པ་བརྩལ་གྱིས་དབང་ཐོབ་པའི་སྟོབས་ཀྱི་སླུ་མི་སྲིད་དེ། གནས་ལུགས་རང་ངོ་ཤེས། རང་ས་ཟིན། །རང་སར་གྲོལ་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ནམ་མཁའ་སྤྲིན་དང་ལྡན་པ་ཞེས་བྱ་བའི་མན་ངག་ལས། ཆོས་རྣམས་མ་བཅོས་ལྷུན་གྱིས་གྲུབ་པའི་ངང་། །ཞེས་ཚིག་ཕྱི་མ་ལན་གསུམ་བརྗོད། །བརྒྱད་པ་གདམ་ངག་གི་དགོངས་འགྲེལ་བཤད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་བཅོས་སླད་དང་བྲལ་བ་རྣལ་ལ་མ་བཅོས་པ་བློ་དེ་བཞིན་རྣལ་མར་མ་གནས་པས། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྟན་པས་གསལ་བ་ལ། ཐམས་ཅད་ཀྱི་དངོས་གཞི་པ་ཞེས་བྱའི་དེ་ཉིད་གཡོ་སྒྱུ་དང་བྲལ་བའི་མི་མ་བཅོས་པ་དང་འདྲའོ། །ངང་ཞེས་པ་ནི། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་ལས་མ་གཡོས་པའོ། །དེས་ན་བྱང་ཆུབ་སེམས་ཀྱི་ཀློང་ལ་གནས་ཤེས་བྱའོ། །དེ་ཡང་བསྒོམ་ལུང་ཆེན་པོ་ལས། བཅོས་སླད་མེད་པར་ཀ་ནས་དག་པ་ལ། །གཉིས་སུ་འཛིན་པ་ཡོངས་ཡེ་ངང་གིས་མེད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་བརྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ། བུདྡྷ་གུསྟས་འདི་སྐད་དོ། །ཧཱུཾ་ཆོས་རྣམས་མ་བཅོས་ཀུན་ཏུ་བཟང་པོ་ལ། གསལ་ལ་འགྱུར་བ་མེད་པ་བྱང་ཆུབ་སེམས་ངང་དེ་ལ། །མཚན་མའི་རྣམ་པར་རྟོགས་པས་མི་སླད་དེ། རྣམ་རྟོག་རང་འབྱུང་རང་བཞིན་གནས་པ་ལས། སྒོམ་པ་འདི་ལས་གུད་ན་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་ལྟས་ན། །རྣམ་རྟོག་གི་དྲི་མས་གོས་ཏ་རེ། པྲ་ཛྙ་ཀོ་ས་ལ་ཨ་ཧོ། །ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །འདི་ལྟ་དབང་བཅྭ་བརྒྱད་པོ་ཡང་། སེམས་འཛིན་གྱི་དམིགས་པ་ལྔ་ལ་བརྟེན་ནས་ངོ་སྤྲད་པ་ཡིན་ཏེ། དམིགས་པ་དང་པོ། ཨ་དཀར་པོ་འོད་འཕྲོ་བ་ལ་སེམས་བཟུང་། གཉིས་པ་སྙིང་འོད་གོང་བུ་ལ་སེམས་བཟང་སྟེ། རླུང་རོ་བུས་ནས་འཇམ་རླུང་བརྩོལ་མེད་དུ་འཛིན་པ་ཡིན་ནོ། །དམིགས་པ་གསུམ་པ། ལུས་འོད་ཀྱི་གོང་བུ་ལ་སེམས་བཟུང་སྟེ། དབང་གསུམ་ནས་བཅུ་གཉིས་ཀྱི་བར་དུ། དྲག་རླུང་བུམ་པ་ཅན་བསྒོམ་ཞིང་། །དེ་ཡང་དབང་ལྔའི་བར་དུ་ཐུན་གྱི་ངོ་བོ་དང་གྲངས་གཉིས་ཀར་འཕེལ། དེ་ནས་དབང་ལྔའི་བར་དུ་ཐུན་གྱི་ངོ་བོ་འཕེལ་གྲངས་འགྲིབ་པོ། །དེ་ནས་དམིགས་པ་བཞི་པ་འཁོར་བ་ཡེ་བརྡལ་ལ་སེམས་བཟུང་སྟེ། དབང་བཅུ་གསུམ་པ། བཅུ་བཞི་པ། བཅྭ་ལྔ་པ་གསུམ་ལ། འཇམ་རླུང་བུམ་པ་ཅན་དུ་བྱས་ལ་ཐུན་གྱི་གྲངས་མི་བཟུང་། ངོ་བོ་འཕེལ་ལོ། །དེ་ནས་དམིགས་པ་ལྔ་པ་ཁམས་གསུམ་དོང་སྤྲུགས་ལ་སེམས་བཟུང་སྟེ། དབང་བཅུ་དྲུག་པ། བཅུ་བདུན་པ། བཅྭ་བརྒྱད་པ་གསུམ་ལ་འཇམ་རླུང་བརྩོལ་མེད་ཐུན་མཚམས་མེད་པར་ཉམས་སུ་བླངས་ཏེ། ཆུ་བོ་རྒྱུན་གྱིས་རྣལ་འབྱོར་དུ་བྱའོ། །དེ་ལྟར་བསྒོམ་བྱ་སྒོམ་བྱེད་བྲལ་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱི་གནས་པས། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ལུས་ལ་གནས་པའི་རྩལ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་སྟོང་ཕྲག་བདུན་བཅུ་རྩ་གཉིས་འདུས། དེ་ཡང་མཚན་དང་དཔེ་བྱད་བརྒྱད་བཅུ་རྩ་གཉིས་ཀྱི་རང་བཞིན་དུ་ཀུན་ཏུ་བཟང་པོ་བརྒྱད་བཅུ་རྩ་གཉིས་སུ་འདུས། དེ་ཡང་ཡེ་ཤེས་ཀྱི་རྩ་བཞི་བཅུ་རྩ་གཉིས་ལ་གནས་པའི་རང་བཞིན་གྱིས་ཀུན་ཏུ་བཟང་པོ་ལྷ་བཞི་བཅུ་རྩ་གཉིས་ལ་འདུས། དེ་ཡང་སྙིང་གི་རྩ་འདབ་བཅུ་དྲུག །ལྟེ་བ་དང་བཅས་པ་ལ་གནས་པའི་རང་བཞིན་གྱིས་ཀུན་ཏུ་བཟང་པོ་བཅྭ་བརྒྱད་དུ་འདུས། དེ་ཡང་རྒྱུ་རྐྱེན་མེད་པར་རང་བྱུང་ཞིང་བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པས། བླངས་བ་མེད་ཅིང་། དོར་བ་མེད་པའི་ཕྱིར། ཀུན་ཏུ་བཟང་པོ་ཞེས་ཐ་རྙད་དུ་བཏགས་ཏེ། རང་འབྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་སྒྲ་ཇི་བཞིན་པ་མིན་པ། དོན་ཐུན་མོང་མ་ཡིན་པ། དགོས་ཆེད་ཀྱི་དབང་གི་ཇི་ལྟར་བཏགས་ཀྱང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཐག་ཆོད་ན་དབང་ཐམས་ཅད་རྫོགས་པ་ཡིན་ནོ། །རྟེན་གྱི་གང་ཟག་ལས་དང་པོ་པ་རྟོགས་པའི་ངང་ལ། མི་གནས་པར་བྱིང་རྒོད་ཀྱི་སྐྱོན་གང་བྱུང་ཡང་བཅོས་པའི་ཐབས་གཉིས་ཏེ། སེང་གེ་སྒྲ་ལྟར་བཅོས་པ་དང་། །སེང་པ་བརྡལ་ལྟར་བཅོས་བའོ། །སེང་གེའི་སྒྲ་ལྟར་བཅོས་པ་ནི། གཅན་གཟན་གྱི་རྒྱལ་པོ་སེང་གེ་ནགས་ན་ཉལ་བ་ལ། གཅན་གཟན་གཞན་གྱིས་མཐོ་མཚམས་པར་རྩོམས་ན། སེང་གེ་རང་སྐད་སྟོན་པ་ཙམ་གྱིས། གཅན་གཟན་ཐམས་ཅད་ཟིལ་གྱིས་ནོན་ནས་འཐབ་པའི་རྩོལ་བ་མི་དགོས་པ་ལྟར། རིག་པ་རྩལ་གྱི་དབང་བཅྭ་བརྒྱད་གྱི་དོན་དྲན་པ་ཙམ་གྱི་བྱིང་རྒོད་དབྱིངས་སུ་ཡལ་ནས་ཐབས་སམ་རྟེན་འབྲེལ་ལ་རག་མ་ལུས་པར་ཤེས་བར་བྱའོ། །བཅོས་ཐབས། གཉིས་པ་སེང་པ་གལ་ལྟར་བཅོས་པ་ནི། སེང་པ་གལ་ལའི་ཡན་ལག་ལ་མདུན་རྒྱབ་མེད་ཅིང་། ལུས་ཀྱི་མཐའ་ཡན་ལག་གིས་འཁོར་བས། མགོ་འཕོངས་གཡས་གཡོན་གང་གིས་ཀྱང་འགྲོ་ཤེས་པ་བཞིན། །རིག་པ་རྩལ་གྱི་དབང་བཅྭ་བརྒྱད་ཀྱི་དོན་དྲན་པ་ཙམ་གྱིས་ལམ་དུ་མ་གྱུར་པ་གང་ཡང་མེད་དེ། འགལ་རྐྱེན་ལྟར་སྣང་བ་ཐམས་ཅད་ཀྱང་། རང་འབྱུང་གི་ཡེ་ཤེས་རང་ལ་རང་ཆས་སུ་གནས་པ་དེ། རང་སྣང་བ་ལས་གཞན་པའི་སེམས་མེད་པར་ཐག་ཆོད་པས། བྱིང་རྒོད་དབྱིངས་སུ་ཡལ་ཅིང་། འཁྲུལ་སྣང་རང་སར་གྲོལ་ནས་འགལ་རྐྱེན་གྲོགས་སུ་འཆར་རོ། ༈ །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི། ཐོག་མར་བཏང་རག་གཏང་སྟེ། སྤྱིའི་དབང་བཅྭ་བརྒྱ་པོ་རེ་རེའི་རྗེས་སུ་ཡང་། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཅི་འབྱོར་བའི་ཡོན་དངོས་སུ་འབུལ་བའམ། མཎྜལ་འགྲེམ་བསྡུད་བྱས་ནས་ཡིད་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་འབུལ་བར་བྱ་ཞིང་། སྐབས་འདིར་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བྱ། ཆོས་སྐྱོང་ལ་བཏང་རག་བཏང་། སྐྱེ་བོར་སྦྱིན་བཏོང་བྱ། བླ་མས་འཁོར་གསུམ་ཡངས་དག་གི་བཏང་རག་གིས་མཉེས་པར་བྱས་ལ། སློབ་མ་རྣམས་ཀྱིས་རྟོག་པ་འབུལ་ཞིང་། །དེའི་ལན་དུ་བླ་མས་ཀྱང་སེམས་སྡེ་སྤྱིའི་དགོངས་པ། །རིན་ཆེན་ཀློང་བརྡོལ་གླུའི་བསམ་བཏན། །ཤྲཱི་སིང་དྷས་བསམ་གཏན་གྱི་ཁང་པར། །ཚོགས་ཀྱི་མཆོད་པའི་དུས་སུ་གླུ་བླངས་པ་བཞིན་དུ་རྡོ་རྗེའི་གླུ་བླངས་པར་བྱའོ། །འདི་སྐད་དོ། །ཧཱུཾ་ཇི་ལྟར་བསམ་ཀྱང་སྒོམ་དུ་མེད། །ཇི་ལྟར་སྨྲས་ཀྱང་དཔྱད་དུ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལ། །བཙལ་བ་མེད་པར་འོད་ཤར་སྟེ། །བསམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་བ་མེད་པར་མཉམ་པར་བཞག །སྒོམ་པ་འདི་ལས་མེད་པར་ཁུམས། །རིག་པ་ཡེ་ཤེས་མདུང་རྩེ་ཡི། །རྣམ་རྟོགས་དགྲ་བོ་རྡུལ་དུ་རློག །རད་ན་ཀོ་པ་ལ་ཨ་ཧོ། །ཞེས་རྡོ་རྗེའི་གླུ་བླངས་སོ། །དེ་ནས་བུམ་པ་དང་རྡུལ་ཚོན་རྣམས་བསྡུ་ཞིང་། བུམ་ཆུ་དང་རྡུལ་ཚོན་དོན་དུ་གཉེར་བ་ཡོད་ན་སྦྱིན། མེད་ན་རི་བོ་ཆེན་པོའི་རྩེའམ་ཆུ་བོ་ཆེན་པོའི་རྒྱུན་ལ་སྐྱལ་བས། རླུང་དང་ཆུ་རྒྱུན་ཕོག་པའི་སེམས་ཅན་རྣམས་འབད་མེད་དུ་གྲོལ་བར་བསམ། བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་ལ་འཇུག་བཀྲ་ཤིས་ཀྱི་བསྡུ། ཞག་གཅིག་གནས་བསྲུངས་པའི་ཆོ་ག་བྱ་ཞིང་ཉམས་དང་རྟོག་པ་ཅི་འཕེལ་དུ་སྐྱང་ངོ་། །སེམས་སྡེ་མ་བུ་བཅྭ་བརྒྱད་ཀྱིས་དགོངས་པ་ངོ་སྤྲད་པའི་ཐབས། རིག་པ་རྩལ་གྱི་དབང་བཅྭ་བརྒྱད་བསྐུར་བའི་ཆོག་སྒྲིག་འདི། །སྔ་རབས་པ་འགའ་ཞིག་ལ་ཕྱག་ལེན་ཅུང་ཟད་མི་འདྲ་བར་སྣང་ཡང་། རྒྱ་གར་མཁས་པ་ཉི་ཤུ་རྩ་གཅིག་རིམ་པར་བ རྒྱུད་པའི་མན་ངག་དང་། ལོ་ཙྭ་བ་ཆེན་པོ་བཻ་རོ་ཙ་ནའི་འདྲ་འབག་དང་། བོད་ཀྱི་བླ་མ་གོང་མ་རྣམས་ཀྱིས་ཕྱག་བཞེས་ཀྱི་ཡི་གེའི་རིས་རྣམས་དང་། དྲིན་ཆེན་ཟུར་མོའི་ཕྱག་བཞེས་རྣམས་གུང་སྒྲིགས་ནས། །ལག་དུ་བླངས་པའི་ཕྱིར། སེམས་སྡེའི་རྒྱུད་འགྲེལ་མན་ངག་རྣམས་དང་། མི་འགལ་བར་སྡེབས་པ་འདི་ནི། །བྱ་བཏང་གི་སྤྲང་པོ་རྡོ་རྗེ་དཔལ་བཟང་པོས། །ཆུ་བོ་ཆེན་པོ་པ་ཤུའི་གཡས་འགྲམ་ཆོས་སྡེའི་ཞེས་བྱ་བའི་རི་ཁྲོད་དུ། མཚན་ལྡན་ཞིག་པོ་རིན་པོ་ཆེའི་ཆོས་རྒྱུད་དྲི་མ་མེད་པ་འཛིན་པའི་དགེ་བའི་བཤེས་གཉེན་ར་དུང་བྲག་པས་སྦྱིན་བདག་བགྱིས་ནས། ལྕགས་མོ་སྦྲུལ་གྱི་ལོ། དབྱར་ཟླ་ཐ་ཆུང་ཀྱི་ཡར་ངོ་ལ་ཡི་གེར་བཏབ་བའོ། །འདིས་སེམས་ཅན་དཔག་ཏུ་མེད་པ་རྩོལ་བྲལ་རྫོགས་པ་ཆེན་པོའི་དོན་རྟོགས་ནས་འཁྲུལ་སྣང་རང་སར་གྲོལ་བའི་རྐྱེན་བྱེད་པར་གྱུར་ཅིག །ངེས་དོན་མཐར་ཐུག་རྫོགས་ཆེན་གྱི། །སྙན་བརྒྱུད་ཞལ་གྱི་གདམ་ངག་འདི། །ཡི་གེར་བཀོད་པ་མི་འོས་ཀྱང་། །བརྡའ་དོན་རྒྱུད་པའི་དོན་ཆེད་དུ། །སྟོན་པ་བཞི་ཡིས་རྗེས་འབྲངས་ནས། །རིག་པའི་རྩལ་དབང་བཅྭ་བརྒྱད་ཀྱིས། །ངོ་སྤྲོད་དབང་གི་ཕྱག་ལེན་འདི། །ལྷག་པའི་བསམ་པས་ཡེ་གེར་བཀོད། །འདི་ལ་ནོངས་པའི་ཚོགས་མཆིས་ན། །བླ་མ་ཡིད་དམ་བཀའ་བསྲུངས་གིས། །རང་བཞིན་དོན་ལ་དགོངས་མཛད་ནས། །ཐུགས་རྗེས་ཉེ་བར་བཟུང་པར་རིགས། གལ་ཏེ་བདག་གིས་ངལ་བ་འདིས། །དོན་ཡོད་སྲིད་ན་དགེ་བ་དེས། །མ་ལུས་སེམས་ཅན་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་སྨོན། །མ་བཅོས་རང་སྣང་རོལ་པ་དང་། འཁྲུལ་ཤེས་ཡུལ་དང་བཅས་པ་དག། །བྱེ་བྲག་མ་ཕྱེད་གཏི་མུག་བློས། །ཉམས་ལ་རྟོགས་པ་རློམས་པ་དང་། །མཁས་པ་མངོན་པའི་ང་རྒྱལ་ཅན། །ངེས་པའི་དོན་ལ་སྐུར་འདེབས་ཤིང་། །ཆོས་སྤོང་ལས་ཀྱི་ཁུར་ཁུར་ནས། མནར་མེད་གནས་སུ་སྙེག་པ་དང་། །ཁ་འབྱམ་ལྟ་བའི་རྫོང་གཟུང་ནས། བསླུ་མེད་རྒྱུ་འབྲས་ཁྱད་གསོད་ཅིང་། །བཟུ་བོར་གནས་པའི་བློ་བོར་ནས། །བདག་སྟོད་གཞན་ལ་སྨད་པ་དང་། །མཁས་པའི་བླ་མ་མ་རྟེན་ཅིང་། །རྣམ་དག་གཞུང་ལུགས་མ་སྦྱངས་པས། །གནས་ལུགས་དྲི་མེད་རྟོགས་དཀའ་ཡང་། །མུ་ཅོར་སྨྲ་བའི་བླུན་པོ་རྣམས། །རེང་ཤིག་ཐུགས་རྗེའི་ཡུལ་མིན་ཡང་། །རང་འབྱུང་རིག་པའི་བྱིན་རླབས་ཀྱིས། །རྩོལ་བྲལ་ཐེག་པའི་སྣོད་གྱུར་ནས། །ཡང་དག་དོན་ལ་འཇུག་པར་ཤོག །ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་བདེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག། །།ཞུས་དག །


previousབཞི་པ་མན་ངག་གི་དབང་ལས་སེམས་སྡེ་བཅོ་བརྒྱད་ཀྱི་དབང་གི་ཆོ་གnext