Nitartha Digital Library
Tibetan
 
previousབསྙན་བརྒྱུད་རྡོ་རྗེ་ཟམ་པའི་ལོ་རྒྱུས་འབྲིང་པོ་གདམས་ངག་དང་བཅས་པ། next

བསྙན་བརྒྱུད་རྡོ་རྗེ་ཟམ་པའི་ལོ་རྒྱུས་འབྲིང་པོ་གདམས་ངག་དང་བཅས་པ།

བསྙན་བརྒྱུད་རྡོ་རྗེ་ཟམ་པའི་ལོ་རྒྱུས་འབྲིང་པོ་གདམས་ངག་དང་བཅས་པ་བཞུགས་སོ། །མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱི། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ། བྱ་བ་ལ་སོགས་པའི་དོན་སྟོན་པ་ལགས་སོ། །དེ་ལ་སྤྱིར་གདམས་ངག་གི་ལུགས་ཀྱི་མཆོད་པར་བརྗོད་པ་མི་འབྱུང་བ་ཡིན་ཏེ། མཆོད་པར་བརྗོད་པ་རྒྱུད་ལུང་ངམ་སྒྲུབ་ཐབ་སམ་བསྟན་བཅོས་ལས་འབྱུང་བའོ། །གདམས་ངག་ལ་མཆོད་པར་བརྗོད་པ་མི་འབྱུང་བའི་རྒྱུ་མཚན་ནི། གདམས་ངག་ཅེས་པ་ནི། རང་གི་རྒྱུད་ལ་ཉམས་སུ་མྱོང་ཚོད་དམ། གོ་ཚོད་དམ། རྟོགས་ཚོད་ཀྱི་དོན་ཉུང་ལ་འདུས་པར་སྟོན་པས་ན། ཀླད་ཀྱི་དོན་མཆོད་པར་བརྗོད་པ་མི་འབྱུང་བའོ། །འབྱུང་ནའང་བརྒྱུད་པའི་བླ་མ་ལ་མཆོད་པར་བརྗོད་པའོ། །རྒྱུད་ལུང་ངམ། སྒྲུབ་ཐབས་སམ། བསྟན་བཅོས་ལ་མཆོད་པར་བརྗོད་པ་འབྱུང་བའི་རྒྱུ་མཚན་ནི། རྒྱུད་ལུང་གི་སྟོན་པའམ། སྒྲུབ་ཐབས་ཀྱི་གཙོ་བོའི་ལྷའམ། བསྟན་བཅོས་རྩོམ་པ་པོ་རྟེན་གྱི་གང་ཟག་གིས་ཡི་དམ་གྱི་ལྷའམ། ཡང་ན་བསྟན་པའི་བདག་པོ་ལ་མཆོད་པར་བརྗོད་པ་ཡིན་ཏེ། དེ་ཡང་ཀླད་དང་། གཞུང་དང་། མཇུག་བསྡུ་བ་ལ་སོགས་པ་མང་ལ་འབྲེལ་བར་སྟོན་པ་ཡིན་པས་ན། ཀླད་ཀྱི་དོན་མཆོད་པར་བརྗོད་པར་འབྱུང་བ་ཡིན་ཏེ། དེ་ཡང་མ་རྟོགས་པ་རྟོགས་པར་བྱ་བའི་ཐབས་ཀུན་རྫོབ་ལུས་ངག་ཡིད་གསུམ་གྱི་ཕྱག་ཡུལ་གཞན་ལ་མཆོད་པར་བརྗོད་པའོ། །གདམས་ངག་རྡོ་རྗེ་ཟམ་པ་འདི་ནི་རྒྱུད་དང་གདམས་ངག་ཡིན་པས། མཆོད་པར་བརྗོད་པ་འདིར་འབྱུང་བའོ། །དེ་ཡང་ཡུལ་གཞན་ལ་མཆོད་པར་མི་བརྗོད་དེ། རྟོགས་པའི་དོན་དེ་གསལ་འདེབས་པ་ཤེས་རབ་དོན་དམ་པའི་ཕྱག་ཉིད་ལ་ཉིད་ཀྱིས་མཆོད་པར་བརྗོད་པའོ། །དེ་ཡང་རྫོགས་པ་ཆེན་པོ་གུ་རུ་བཞི་པ་ལས། སེམས་ལས་སངས་རྒྱས་མེད་པས་མཆོད་པ་གཞན་མི་བྱ། ཞེས་བཤད། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། ཆོས་ཀྱི་དབྱིངས་ན་གཅིག་པུར་བཞུགས་པའི་ལྷ། །དོན་དམ་བྱང་ཆུབ་སེམས་ཀྱི་ལྷ་ཡིན་ཏེ། །དོན་དམ་སེམས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །ཞེས་བཤད། རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རྟོགས་པའི་རིག་པ་གཉིས་མེད་ངང་དུ་འདུད། །ཅེས་བཤད་པས་ན། གཉིས་སུ་མེད་པའི་དོན་བརྗོད་དུ་མེད་པའི་ངང་གཅིག་ཏུ་འདུད་པའོ། །དེ་ཡང་ཚུལ་ལ་ཐབས་ཇི་ལྟར་དུ་མཆོད་པར་བརྗོད་པ་ན། མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་ལ་དང་པོ་མ་ནོར་ཞེས་པའི་དོན་ནི། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས། རང་བྱུང་གི་ཡེ་ཤེས་ཆེན་པོ། དུས་གསུམ་དུ་འདུ་འབྲལ་མེད་པ། གསལ་འགྲིབ་མེད། འགྲོ་འོང་མེད། སྐྱེ་འགགས་མེད་པའི་དོན། ཆོས་བཞི་དང་ལྡན་པ་དེ་བླ་མས་བརྡ་དང་ངག་གིས་ངོ་སྤྲད་ནས་ཕྱིན་ཅི་མ་ལོག་པར་རྟོག་པས་ན་མ་ནོར་ཞེས་བྱའོ། །མ་ནོར་པའི་དོན་དེ་ལ་ཡར་སངས་རྒྱས་སྒམ་སྟེ་མཛད་དུ་མི་བཏུབ། མར་སེམས་ཅན་སྒྲིན་ཏེ་བསྒྱུར་དུ་མི་བཏུབ། བར་གང་ཟག་གི་བློས་བཅོས་སུ་མེད་པས་ན་མ་བཅོས་ཞེས་བྱའོ། །མ་བཅོས་པའི་དོན་དེ་ཡིད་ཡུལ་ལམ། བསམ་ཡུལ་ལམ། དྲན་ཡུལ་ལ་མི་གནས་ཏེ་བསམ་དུ་མ་བཏུབ་པས་ན་བསམ་འདས་ཞེས་བྱའོ། །བསམ་ལས་འདས་པའི་དོན་དེ་བློའི་ཡུལ་ལམ། དྲན་པའི་ཡུལ་ལམ། ཚིག་གི་ཡུལ་ལ་མི་གནས་ཏེ། སྨྲ་རུ་མ་བཏུབ་པས་ན་བརྗོད་མེད་ཅེས་བྱའོ། །བརྗོད་དུ་མེད་པའི་དོན་དེ་ལས་མི་འདའ་ཞིང་མི་འགྱུར་བར་གནས་པས་ན་ངང་ཞེས་བྱའོ། །དོན་དམ་བསམ་འདས་བརྗོད་དུ་མེད་པའི་ངང་དེ་རང་ཡིན་པར་ངོས་འཛིན་པ་ལས། དེ་ལས་ལྷག་པའི་དོན་ཞིག་གཞན་ནས་བཙལ་དུ་མེད་པས་ན་ལ་ཞེས་བྱའོ། །བསམ་འདས་བརྗོད་དུ་མེད་པའི་ངང་དེ་ལ། གཟུང་འཛིན་བག་ཆགས་ཀྱི་རྟོག་པ་རྡུལ་ཙམ་པ་ཞིག་ཀྱང་མི་གནས་པར་ཕྱགས་པས་ན་ཕྱག་ཅེས་བྱའོ། །གཟུང་འཛིན་གྱི་བག་ཆགས་མི་གནས་པའི་དོན་དེ་ཉིད་གོ་ཞིང་རྟོགས་པ་དེས་ཆོག་པས་ན་འཚལ་ཞེས་བྱའོ། །ལོ་ཞེས་བྱ་བ་ནི། དེས་ཆོག་པའི་དོན་དེ་ལས་བསྟན་དུ་མེད་དེ། ལོ་ཁོ་ཐག་ཆོད་ཅིང་ཡིད་ཚིམ་པས་ན་ལོ་ཞེས་བྱའོ། །དེ་ནི་རྟོགས་པའི་དོན་དེ་གསལ་འདེབས་པས་ཤེས་རབ་དོན་གྱི་ཕྱག་གོ། །དེ་ཡང་། འཕགས་རིམ་ལྔ་པའམ། པཉྩ་དྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གི་རང་ཉིད་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་བཤད་དོ། །དེ་ནི་ཡང་དག་པའི་མཆོད་བརྗོད་དོ། །དེ་ཡང་སངས་རྒྱས་ཕལ་པོ་ཆེ་ལས། བུདྡྷའི་འདུ་ཤེས་མེད། དྷརྨའི་འདུ་ཤེས་མེད། སཾ་གྷའི་འདུ་ཤེས་མེད་པ་འདི་ནི་ཡང་དག་པའི་མཆོད་པའོ་ཞེས་བཤད་པའོ། །དེས་ན་ཉིད་ལ་ཉིད་ཀྱིས་མཆོད་པར་བརྗོད་པ་ཡིན་ཏེ། རང་གི་སེམས་ཉིད་ཀྱི་དོན་ལ་ཕྱག་འཚལ་བ་བསྟན་པའོ། །དེས་སྔོན་དུ་མཆོད་པར་བརྗོད་པར་བསྟན་པའོ། །གཉིས་པ་བསྟན་པར་དམ་བཅའ་བ་ནི། ཆོས་གཞན་གྱི་ལུགས་ཀྱིས་བཤད་པར་དམ་བཅའ་བ་འབྱུང་བ་ཡིན་ཏེ། གདམས་ངག་འདིའི་ལུགས་ཀྱི་ཆོས་སྤྱིའི་འདོད་ལུགས་འཆད་པ་ལྟ་བུ་ཞིག་མ་ཡིན་ཏེ། དོན་རང་གི་མཚན་ཉིད་བླ་མའི་གདམས་ངག་གིས་སྟོན་པ་ཡིན་པས་ན་བསྟན་པར་དམ་བཅའ་བའོ། །དེ་ལ་དང་པོ་གདོད་ནས་དག་པ་ནི། སེམས་ཉིད་དངོས་པོའི་གནས་ལུགས་དུས་གསུམ་དུ་འདུ་འབྲལ་མེད། གསལ་འགྲིབ་མེད། འགྲོ་འོང་མེད། སྐྱེ་འགགས་མེད་པའི་དོན། ཆོས་བཞི་དང་ལྡན་པ་དེ་ལ་རྣམ་རྟོག་རང་རྒྱུད་དུ་གྲུབ་པ་རྡུལ་ཙམ་གཅིག་ཀྱང་མི་གནས་ཏེ། དོན་དམ་པ་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ན་གདོད་ནས་དག་པའོ། །སེམས་ཉིད་ཀྱི་དོན་དེ་ལ་བཟང་རྟོག་དང་ངན་རྟོག་གི་བག་ཆགས་གང་ཡང་མི་གནས་པས་ན་བྱང་བའོ། །སྙིང་པོའི་དོན་དེ་འཁོར་འདས་ཀུན་ལ་ཆེ་ཆུང་མེད་པར་མཉམ་པར་ཁྱབ་པས་ན་ཆུབ་པའོ། །དེ་ཡང་རྣམ་པར་རྟོག་པ་མ་ཡིན་ཏེ། སེམས་ཉིད་དངོས་པོའི་གནས་ལུགས་ཡིན་པས་ན་སེམས་ཉིད་དོ། །ཀྱི་ཞེས་བྱ་བ་སྔ་མ་འདི་ནི་ཚིག་གཞུག་གཅོད་པར་བྱེད་པས་ན་ཀྱིས་སོ། །ཉིད་ཀྱི་ངོ་བོ་ཞེས་པ་ནི་གཞན་ནས་མ་ཡིན་ཏེ་རང་ཉིད་ཀྱི་ཡིན་པས་ན་ཉིད་ཀྱི་ངོ་བོའོ། །སྙིང་པོའི་དོན་དེ་སེམས་ཉིད་དངོས་པོའི་གནས་ལུགས་ཀྱི་ངོ་བོ་ཆོས་བཞི་ལྡན་པ་དེ་ཉིད་དོ། །ཀྱི་ཞེས་བྱ་བ་ཕྱི་མ་འདི་གཉིས་ནི་ཚིག་གོང་འོག་གཉིས་འབྲལ་བར་བྱེད་པའི་ཀྱིའོ། །དོན་བསྟན་པ་ནི་གཞན་ཞིག་ནས་བཙལ་ལམ། གཡར་རམ། བཀྲུས་སམ། ཕྱིས་སམ། བརྡར་རམ། སྟོན་པ་ལྟ་བུ་གཅིག་མ་ཡིན་ཏེ། རང་ལ་ཡེ་ནས་ཡོད་པའི་དོན་ངོ་མ་ཤེས་པ་དེ་བླ་མའི་བརྡའ་དང་ངག་གི་ངོ་སྤྲད་ནས་སྟོན་པའོ། །ཚིག་ཏུ་བཤད་ནས། སྨྲ་རུ་མ་བཏུབ་པ་བརྗོད་མེད་ཀྱི་དོན་དེ། ཚིག་མེད་ཀྱི་གནས་སུ་ངོ་སྤྲད་ནས་སྟོན་པའོ། །དེ་ཡང་སྨྲ་རུ་བཏུབ་པ་ཚོ་ཆོས་སྤྱི་དང་རང་གི་མཚན་ཉིད་དུ་གཏན་ལ་ཕབ་ནས། སྨྲ་རུ་མ་བཏུབ་པའི་དོན་དེ་བརྡས་ངོ་སྤྲོད་ནས་དོན་ཉམས་སུ་མྱོང་བའི་དོན་དེ་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལུང་མན་ངག་དང་མི་འགལ་བར་སངས་རྒྱས་ཀྱི་དགོངས་པ་ཡིན་ངེས་པར་ཡིད་ཆེས་ཐེ་ཚོམ་མི་ཟ་བར་སྟོན་པའོ། །དེ་ལ་དང་པོ་ཆོས་སྤྱིའི་འདོད་ལུགས་ནི། སྟོན་པ་གསུམ་གྱིས་བསྟན་པའི་ཆོས་ཡིན་ཏེ། དེ་ལ་ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོས་བསྟན་པའི་ཆོས་འཆོས་མདོ་སྡེ་ཡང་སྣང་། མཆན། སྡེ་རྒྱུད་སྡེ་ཀློང་སྡེ་རྣམས་ལས་གསུམ་ཀ་བསྟན། དེ་ཡང་དོན་གང་ལ་དགོངས་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སེམས་བྱ་བ་གཅིག་ཡོད་དེ། དེ་ཡང་མ་རིག་པས་ལོག་པར་རྟོགས་པའི་འཁྲུལ་པ་རུ་འདུག་པས། དེ་ཡང་མ་འཁྲུལ་བར་འཆོས་པར་བྱ་བའི་ཕྱིར་དུ། གང་ཟག་དབང་པོ་རབ་ཀྱི་ཐ་མ་ལ་འཆོས་སྡེ་རུ་བསྐྱེད་པ་མ་ཧཱ་ཡོ་ག་བསྟན། མ་འཁྲུལ་པའི་དོན་དེ་རྒྱུན་ཆད་མེད་པར་བསྟན་པའི་ཕྱིར་དུ། གང་ཟག་དབང་པོ་རབ་ཀྱི་འབྲིང་ལ་རྒྱུད་སྡེ་རུ་ལུང་ཨ་ནུ་ཡོ་ག་བསྟན། རྒྱུན་ཆད་མེད་པའི་དོན་དེ་མི་འཛད་ཅིང་འགྱུར་བ་མེད་པའི་ཕྱིར་དུ། གང་ཟག་དབང་པོ་རབ་ཀྱི་རབ་ལ་ཀློང་སྡེ་རུ་རྫོགས་པ་ཨ་ཏི་ཡོ་ག་བསྟན་པའོ། །དེ་ཚོ་ནི་གསང་སྔགས་ནང་པ་སྡེ་གསུམ་ཡིན་ཏེ། ཚུལ་ལམ་ཐབས་ཇི་ལྟར་དུ་བསྟན་ན། ཆོས་ཀྱི་སྐུ་དཔལ་སྟོན་པ་ཀུན་ཏུ་བཟང་པོས་གསུངས། འོག་མིན་ཆོས་ཀྱི་དབྱིངས་ནས་བྱིན་གྱིས་བརླབས་ནས་བསྟན་པའོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་སྟོན་པ་དཔལ་རྣམ་པར་སྣང་མཛད་ཀྱིས་བསྟན་པའི་ཆོས། ཀྲྀ་ཡ་ཡོ་ག་ཨུ་པ་ཡ་གསུམ་བསྟན། དེ་ཡང་དོན་གང་ལ་དགོངས་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སེམས་པས་རྟོག་པ་རགས་སུ་སོང་བའི་ལུས་ངག་ཡིད་གསུམ་དུ་བྱུང་བས་ལུས་ངག་ཡིད་གསུམ་འདུལ་བའི་གཉེན་པོ་རུ། གང་ཟག་དབང་པོ་འབྲིང་གི་ཐ་མ་ལ་ལུས་འདུལ་ཕྱིར་ཀྲྀ་ཡ་བསྟན། གང་ཟག་དབང་པོ་འབྲིང་གི་འབྲིང་ལ་ངག་འདུལ་ཕྱིར་ཡོ་ག་བསྟན། གང་ཟག་དབང་པོ་འབྲིང་གི་རབ་ལ་ཡིད་འདུལ་ཕྱིར་ཨུ་པ་ཡ་བསྟན་པའོ། །དེ་ཚོ་ནི་གསང་སྔགས་ཕྱི་པ་སྡེ་གསུམ་ཡིན་ཏེ། ཚུལ་ལམ་ཐབས་ཇི་ལྟར་དུ་བསྟན་ན། ལོངས་སྤྱོད་རྫོགས་པའི་སྐུའི་སྟོན་པ་དཔལ་རྣམ་པར་སྣང་མཛད་ཀྱིས་འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ནས། ཐམས་ཅད་རང་གི་ངོ་བོ་སྐུ་གསུང་ཐུགས་ཀྱི་ངོ་བོ་བརྡས་བསྟན་ནས་བཤད་པའོ། །སྤྲུལ་པ་སྐུའི་སྟོན་པ་ཤཱཀྱ་ཐུབ་པས་བསྟན་པའི་ཆོས། འདུལ་བ་མངོན་པ་མདོ་སྡེ་གསུམ་བསྟན། དེ་ཡང་དོན་གང་ལ་དགོངས་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལུས་ངག་ཡིད་གསུམ་ཡོད་པ་ལ་བརྟེན་ནས་རྟོག་པ་རགས་ཤིང་མང་དུ་སོང་བས། ཉོན་མོངས་པ་གཏི་མུག་འདོད་ཆགས་ཞེ་སྡང་གསུམ་བྱུང་བའོ། །དེ་ཡང་ཉོན་མོངས་པ་གཏི་མུག་འདུལ་བའི་གཉེན་པོ་རུ་གང་ཟག་དབང་པོ་ཐ་མའི་འབྲིང་ལ་མངོན་པ་བསྟན། འདོད་ཆགས་འདུལ་བའི་གཉེན་པོ་རུ་གང་ཟག་དབང་པོ་ཐ་མའི་ཐ་མ་ལ་འདུལ་བ་བ སྟན། ཞེ་སྡང་འདུལ་བའི་གཉེན་པོ་རུ་གང་ཟག་དབང་པོ་ཐ་མའི་རབ་ལ་མདོ་སྡེ་བསྟན་པའོ། །དེ་ཚོ་ནི་རྒྱུ་མཚན་ཉིད་ཀྱི་སྡེ་སྣོད་གསུམ་ཡིན་ཏེ། དེ་ཡང་ཚུལ་ལམ་ཐབས་ཇི་ལྟར་དུ་བསྟན་ན། སྤྲུལ་པ་སྐུའི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། རྒྱ་གར་རྡོ་རྗེ་གདན་བྱ་རྒོད་ཕུང་པོའི་རི་བོ་དུ། སྐུ་དངོས་སུ་བྱོན་ནས་སྡེ་སྣོད་གསུམ་པོ་ཞལ་ནས་ཚིག་སྡེབ་སྦྱོར་ལེགས་པར་གསུངས་སོ། །དེ་ཚོ་ནི་དབང་པོ་རབ་འབྲིང་ཐ་མ་གསུལ་ལ་དགོངས་ནས། ཐེག་པ་རིམ་པ་དགུ་རུ་བསྟན་པའོ། །དེ་ཡང་ལུང་མཆོག་བླ་མ་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ། །གྲངས་མེད་གསུམ་གྱི་སངས་རྒྱས་ས་ལ་སླེབས། །ཀྲྀ་ཡ་ཡོ་ག་ཨུ་པ་ཡ་དང་གསུམ། །མི་ཚེ་གསུམ་གྱི་སངས་རྒྱས་ས་ལ་སྦྱོར། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་གསུམ། །མི་ཚེ་གཅིག་གི་སངས་རྒྱས་ལག་ཏུ་ལེན། །ཞེས་བཤད་དོ། །གཏི་མུག་ལས་གྱུར་པ་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། འདོད་ཆགས་ལས་གྱུར་པ་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ལས་གྱུར་པ་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། དུག་གསུམ་སྤྱི་མཐུན་ལས་གྱུར་པར་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། ཉི་ཁྲི་གསུམ་ལ་དྲུག་ཁྲི། ཆིག་སྟོང་གསུམ་ལ་སུམ་སྟོང་། དེའི་སྟེང་དུ་སྤྱི་མཐུན་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་བསྣན་པས་ཉི་ཁྲི་བཞི་ལ་བརྒྱད་ཁྲི། ཆིག་སྟོང་བཞི་ལ་བཞི་སྟོང་། དེ་རུ་ཉོན་མོངས་པ་བརྒྱད་ཁྲི་དང་བཞི་སྟོང་དུ་བྱུང་བ་ནི། གཏི་མུག་འདུལ་བའི་གཉེན་པོ་རུ་མངོན་པ་ཉི་ཁྲི་ཆིག་སྟོང་གཅིག་གསུངས། འདོད་ཆགས་འདུལ་བའི་གཉེན་པོ་རུ་འདུལ་བ་ཉི་ཁྲི་ཆིག་སྟོང་གཅིག་གསུངས། ཞེ་སྡང་འདུལ་བའི་གཉེན་པོ་རུ་མདོ་སྡེ་ཉི་ཁྲི་ཆིག་སྟོང་གཅིག་གསུངས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྤྱི་མཐུན་ལས་གྱུར་པ་ཉི་ཁྲི་དང་ཆིག་སྟོང་གི་གཉེན་པོ་རུ། འདུལ་བ་མངོན་པ་མདོ་སྡེ་གསུམ་སྤྱི་མཐུན་ལ་གྱུར་པ་ཆོས་ཀྱི་སྒོ་མོ་ཉི་ཁྲི་དང་ཆིག་སྟོང་གསུངས་པའོ། །དེ་རུ་ཉོན་མོངས་པའི་སྒོ་མོ་བརྒྱད་ཁྲི་དང་བཞི་སྟོང་གི་གཉེན་པོ་རུ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་བཞི་སྟོང་གཅིག་གསུངས་པ་ནི། གཉེན་པོའི་དོན་སྤྲོས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། གཏི་མུག་ཉི་ཁྲི་ཆིག་སྟོང་གི་གཉེན་པོ་རུ་མངོན་པ་ཉི་ཁྲི་ཆིང་སྟོང་གསུངས་པ་ཡིན། འདོད་ཆགས་ཉི་ཁྲི་ཆིག་སྟོང་གི་གཉེན་པོ་རུ་འདུལ་བ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། ཞེ་སྡང་ཉི་ཁྲི་ཆིག་སྟོང་གི་གཉེན་པོ་རུ་མདོ་སྡེ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། དུག་གསུམ་ཆ་མཉམ་སྤྱི་མཐུན་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོ་རུ། སྡེ་སྣོད་གསུམ་པོ་ཆ་མཉམ་སྤྱི་མཐུན་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། ཞེས་བཤད་དོ། །དེ་ཡང་ཉོན་མོངས་པའི་སྒོ་མོ་ཁ་ཕྱེ་བས་རྟེན་འབྲེལ་བཅུ་གཉིས་སུ་བྱུང་བ་ནི། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་བཅུ་གཉིས་སུ་བྱུང་བའོ། །དེ་ཡང་ཆོས་ཀྱི་སྒོ་མོ་ལ་བྱེ་བྲག་ཏུ་ཕྱེ་བས་གསུང་རབ་མདོའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟར་འདས་པའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། གཏན་ལ་དབབ་པའི་སྡེ་དང་། དབྱངས་སུ་བསྙད་པའི་སྡེ་དང་བཅུ་གཉིས་སུ་བཤད་པའོ། །དེ་ནི་བྱེ་བྲག་ཏུ་དབྱེ་བའི་དོན་ལ་དགོངས་ཏེ་རྒྱས་བསྡུས་འབྲིང་དུ་བཀའ་བསྩལ་ལོ། །དེ་ཡང་ཉོན་མོངས་པའི་སྒོ་མོ་བསྡུས་ན། ངོ་བོ་རང་བཞིན་མཚན་ཉིད་གསུམ་དུ་འདུས་ཏེ། དེ་ཡང་གཏི་མུག་གི་ངོ་བོ་མ་རིག་པ་རུ་བྱུང་། འདོད་ཆགས་ཀྱི་རང་བཞིན་འཁྲུལ་པ་རུ་ཤར། ཞེ་སྡང་གི་མཚན་ཉིད་སྡུག་བསྔལ་དུ་ཉམས་སུ་མྱོང་བའོ། །རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རང་གསལ་དགོངས་པའི་ཐུགས་མ་རིག །འཛིན་པའི་ཆ་ལ་གང་གནས་ཀྱང་། །འཁོར་བའི་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་བཤད་དོ། །དེ་ནས་ཆོས་ཀྱི་སྒོ་མོ་བསྡུ་ན་བསླབ་པ་གསུམ་དུ་འདུས་ཏེ། སྤྲོས་པ་མེད་པའི་དོན་རིག་ཅིང་གསལ་བར་རྟོགས་པས་ལྷག་པ་ཤེས་རབ་ཀྱི་བསླབ་པ་བྱུང་། འདུ་བྱེད་ཀྱི་བློ་མེད་པའི་ངང་ལ་ཚུལ་བཞིན་དུ་གནས་པས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བྱུང་། ཉོན་མོངས་པའི་རྣམ་པར་རྟོག་པ་གང་ལའང་མི་གནས་ཤིང་ཆོས་ཀྱི་དོན་དང་ནམ་ཡང་མི་འབྲལ་བར་བརྟན་པས་ན། ལྷག་པ་བསམ་གཏན་གྱི་བསླབ་པ་བྱུང་ངོ་། །དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྤྲོས་མེད་རྟོགས་པ་ཤེས་རབ་ཡིན། །འདུ་བྱེད་མེད་པ་ཚུལ་ཁྲིམས་ཡིན། །གནས་མེད་མི་འབྲལ་བསམ་གཏན་ཡིན། །ཞེས་བཤད་དོ། །དེ་ནི་ཧྲིལ་གྱིས་བསྡུ་བའི་དོན་ལ་དགོངས་ཏེ་ཉུང་ལ་འདུས་པ་རུ་བཀའ་སྩལ་ཏོ། །དེ་ཡན་ཆད་ནི་ཆོས་སྤྱིའི་རྣམ་པར་འདུས་པ་ཡིན་ཏེ། དཔེར་ན་རྡོ་རྗེ་གདན་མཐོང་མ་མྱོང་བ་གཅིག་ལ་རྡོ་རྗེ་གདན་གྱི་མཚན་ཉིད་བཤད་པས། རྡོ་རྗེ་གདན་དེ་འདྲ་གཅིག་ཡོད་ཚོད་དུ་འདུག་སྙམ་པ་ལས། དོན་ལྷག་གེར་རྟོགས་པ་མེད་པ་དང་འདྲའོ། ༈ །གཉིས་པ་དོན་རང་གི་མཚན་ཉིད་དུ་ཉེ་བར་བསྡུས་ནས་སྙིང་པོའི་དོན་ལ་སྦྱོར་བ་ནི། དེ་ཡང་དོན་རང་གི་མཚན་ཉིད་བརྗོད་དུ་མེད་པའི་དོན་དེ། ཚིག་མེད་པའི་བརྡ་རུ་མཚོན་ནས་སྟོན་པ་ཡིན་པས། དེ་ཡང་དུས་ཀྱི་བརྡའི་དུས་སུ་གནད་ཀྱི་བརྡའ་བཞིས་རྒྱུད་ལ་སྦྱར་བས། གསལ་བ། མི་རྟོག་པ། བདེ་བ། ངོ་བོ་དབྱེར་མི་ཕྱེད་པ་རྒྱུད་ལ་འཆར་བས། གསལ་བ་གནད་ཀྱི་བརྡས་སྤྲོས་པ་མེད་པའི་དོན་དེ་རང་གི་སེམས་ཉིད་དུ་རིག་ཅིང་། རང་གི་སེམས་ཉིད་དུ་གསལ་བར་རྟོགས་པས། ཉོན་མོངས་པའི་རྩ་བ་ངོ་བོ་མ་རིག་པ་དག་པ་སྟེ། ཆོས་ཀྱི་སྒོ་མོའི་རྩ་བ་སྤྲོས་པ་མེད་པར་རྟོགས་པ་ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །མི་རྟོག་པ་གནད་ཀྱི་བརྡས་འདུ་བྱེད་མེད་པའི་དོན་དེ་རང་གི་སེམས་ཉིད་བློའི་རྟོག་པ་ཅི་ཡང་མི་གནས་པ། མི་རྟོག་པ་ཆོས་ཉིད་ཀྱི་ངང་ངམ་ཚུལ་དེ་ལས་མི་འདའ་བ་གཅིག་ཏུ་རྟོགས་པས། ཉོན་མོངས་པའི་སྒོ་མོ་རྩ་བ་རང་བཞིན་འཁྲུལ་པ་ཆོད་པ་དེ། ཆོས་ཀྱི་སྒོ་མོའི་རྩ་བ་འདུ་བྱེད་མེད་པར་གནས་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །བདེ་བ་གནད་ཀྱི་བརྡས་གནས་པ་མེད་པ་མི་འབྲལ་བའི་དོན་དེ་རང་གི་སེམས་ཉིད་ལུས་སེམས་ཡོད་དུ་མི་ཚོར་བའི་བདེ་བ། ཉོན་མོངས་པའི་རྣམ་པར་རྟོག་པ་གང་ལ་ཡང་མི་གནས། ཆོས་ཉིད་ཀྱི་དོན་དང་ནམ་ཡང་མི་འབྲལ་བར་བརྟན་པ་གཅིག་ཏུ་རྟོགས་པས། ཉོན་མོངས་པའི་རྩ་བ་མཚན་ཉིད་སྡུག་བསྔལ་དང་བྲལ་བ་དེ། ཆོས་ཀྱི་སྒོ་མོའི་རྩ་བ་གནས་པ་མེད་པར་མི་འབྲལ་བ་ལྷག་པ་བསམ་གཏན་གྱི་བསླབ་པའོ། །དབྱེར་མི་པྱེད་པ་གནད་ཀྱི་བརྡས་ཆོས་སྤྱིའི་འདོད་ལུགས་བསླབ་པ་གསུམ་གྱི་དོན་དེ། དོན་རང་གི་མཚན་ཉིད་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་བཞི་དང་ལྡན་པ་དེ། གསལ་བ། མི་རྟོག་པ། བདེ་བ་གསུམ་ཚིག་ལ་ཐ་དད་པར་འདུག་ཀྱང་། དོན་ལ་ངོ་བོ་དབྱེར་མི་ཕྱེད་པ་གཅིག་འདུག་པ་ལ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་ཅེས་བྱ་བའམ། མི་ཕྱེད་ཅེས་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་གཅིག་ཏུ་རྟོགས་པའོ། །དེ་ཡང་བླ་མས་བརྡར་བསྟན་དུ་བྱུང་བས་ནི་ཆོས་ཀྱི་ཆོས་ཉིད། རང་གི་རྒྱུད་ལ་ཉམས་སུ་མྱོང་བས་ན་སེམས་ཀྱི་སེམས་ཉིད། དཔེར་ན་ནམ་མཁའི་དཀྱིལ་ལྟ་བུ་རྒྱ་ཆད་ཕྱོགས་ལྷུང་མེད་དོ། །རྟོག་མེད་དུ་ལྷུན་གྱིས་གྲུབ་པ་ལ། བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། འདུ་ཤེས་དང་བྲལ་བས་ནམ་མཁའི་མཚན་ཉིད་གཉིས་གསུམ་གཅིག་ཏུ་འདྲེས་པ་འདི་བཞག་ཕྱིས་མི་ལེན་གྱི་དགོངས་པ། རང་རིག་དང་པོའི་ས་རུ་ཚུད་པ་ཞེས་བྱའོ། །དེ་ཙ་ན་བསམ་པའི་བློ་ཟད་བརྗོད་པའི་ཚིག་ཟད་པས་ཆོས་ཐམས་ཅད་ཀྱི་ཚིག་དོན་མ་ལུས་པར་མཐའ་རུ་ཕྱིན་ཏེ། ཟད་ས་རུ་སྐྱོལ་བའོ། །དེ་ཡང་མདོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །འདུ་ཤེས་མེད་ཅིང་གནས་མེད་ན། །ཐེག་པ་མེད་ཅིང་འགྲོ་འོང་མེད། །ཅེས་བཤད། ཤེས་རབ་སྙིང་པོ་ལས། ཆོས་མེད་དོ། །ཞེས་བཤད་དོ། །དོན་དེ་ལྟ་བུ་གོ་ཞིང་རྟོགས་ནས་མངོན་དུ་གྱུར་ན་སངས་རྒྱས་པ་རང་ཡིན་གསུངས་སོ། །དེ་ཡང་བདེན་ནམ་བྱས་ན། མན་ངག་སངས་རྒྱས་ཀྱིས་གསུངས་པའི་རྒྱུད་ལུང་དང་མི་འགལ་བས་ཤེས་ཏེ། དེ་ཡང་རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། ཡེ་ནས་ཆོས་སྐུར་གནས་པ་ལ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་བཤད་དོ། །ཡང་དེ་ཉིད་ལས། ཡེ་ནས་ཡིན་པའི་དོན་དེ་རྟོགས་ནས་རྟོགས་པ་བརྟན་པ་དེ་ལ་འབྲས་བུར་བཏགས་ཞེས་བཤད་དོ། །ལུང་འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་བཤད་དོ། །རྒྱུད་སྡེ་དང་སྒྲུབ་སྡེའི་དོན་བསྡུས་པ། རྣ་བརྒྱུད་ལུང་གི་ཕྲེང་བ་ལས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །སངས་རྒྱས་བཙལ་བས་མི་རྙེད་དེ། །རང་སེམས་རྟོགས་ན་སངས་རྒྱས་ཡིན། །དེ་ལས་གཞན་དུ་མ་འཚོལ་ཅིག །ཅེས་བཤད་དོ། །དཔལ་དགྱེས་པ་རྡོ་རྗེའི་བརྟག་པ་གཉིས་པ་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དག་ན་སངས་རྒྱས་ཉིད། །ཅེས་བཤད་དོ། །གློ་བུར་གྱི་དྲི་མ་ནི་ཉོན་མོངས་པའི་སྒོ་མོའི་རྩ་བ། ངོ་བོ་རང་བཞིན་མཚན་ཉིད་གསུམ་གྱིས་སྒྲིབ་པའོ། །དེ་ཡང་བླ་མའི་བརྡ་དང་ངག་གིས་རྒྱུད་ལ་སྦྱར་བས། ཉོན་མོངས་པའི་རྩ་བ་ངོ་བོ་མ་རིག་པ་དག །རང་བཞིན་འཁྲུལ་པ་ཆོད། མཚན་ཉིད་སྡུག་བསྔལ་དང་བྲལ་ནས། དྲི་མ་དག་པ་ཆོས་ཀྱི་སྒོ་མོའི་རྩ་བ་བསླབ་པ་གསུམ་གྱི་དོན་གསལ་བ། མི་རྟོག་པ། བདེ་པ་གསུམ་ངོ་བོ་དབྱེར་མི་ཕྱེད་བྱ་བའམ། ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པར་དག་པ་ནི་སངས་རྒྱས་དེ་ཉིད་ཡིན་པར་བཤད་དོ། །དེ་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ་རྟོགས་ན། སངས་རྒྱས་ཀྱི་དགོངས་པ་ཡིན་པས་དེ་ལ་ཚུལ་བཞིན་དུ་གནས་ན། སངས་རྒྱས་ཀྱི་བསྟན་པ་ལ་གནས་པ་དེ་རང་ཡིན་ནོ། །དེ་ཡང་མདོ་སྡེ་ངེས་པར་འཇོག་པ་ལས། དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྦྱང་། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བཤད་དོ། །དེ་བས་ན་ཉོན་མོངས་པའི་རྩ་བ་ངོ་བོ་མ་རིག་པ་དག །རང་བཞིན་འཁྲུལ་པ་ཆོད། མཚན་ཉིད་སྡུག་བསྔལ་དང་བྲལ་བས་ན། སྡིག་པ་ཅི་ཡང་མི་བྱ་བ་ཡིན། ཆོས་ཀྱི་སྒོ་མོའི་རྩ་བ་བསླབ་པ་གསུམ་གྱི་དོན་གསལ་བ། མི་རྟོག་པ། བདེ་བ་གསུམ་དུ་སྤྱོད་པས་ན། དགེ་བ་ཕུན་སུམ་ཚོགས་པར་སྤྱད་པ་ཡིན་ནོ། །གསལ་བ། མི་རྟོག་པ། བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ན། རང་གི་སེམས་ཉིད་བློའི་རྟོག་པ་ལ་མི་གནས་པར་ཐུལ། སེམས་ཉིད་དོན་དམ་པ་བློའི་སྤྱོད་ཡུལ་དུ་མ་གྱུར་པ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པས། དེ་བླ་མའི་བརྡའ་དང་ངག་གིས་སྨྲ་རུ་བཏུབ་པ་ཚིག་ཏུ་བཤད། སྨྲ་རུ་མ་བཏུབ་པའི་དོན་བརྡས་ངོ་སྤྲད་ནས་བསྟན་པ་དེ། སངས་རྒྱས་ཀྱི་དགོངས་པ་བསྟན་པ་ཡིན་པས་ན། དེ་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བཤད་དོ། དོན་དེ་ལ་གནས་ན་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའོ། །དེ་ཡན་ཆད་ཀྱིས་གང་ཐལ་ན་སྔོན་དུ་མཆོད་པར་བརྗོད་ཅིང་བསྟན་པ་དམ་བཅའ་བའི་སྐབས་ཐལ་ལོ། །དེ་ཡང་གང་ཟག་དབང་པོ་རབ་ཀྱིས་ཆོས་ཟབ་མོའི་མཚན་ཐོས་པའམ། མཆོད་པར་བརྗོད་པའམ། བསྟན་པར་དམ་བཅའ་བ་ཙམ་གྱིས་གྲོལ་བ་ཡང་ཡོད། གང་ཟག་དབང་པོ་འབྲིང་གིས་གཞུང་ཐོས་པ་ཙམ་གྱིས་གྲོལ་བ་ཡང་ཡོད། གང་ཟག་དབང་པོ་ཐ་མ་ལ་ཞིབ་ཚགས་འབྲུ་བསྣོན་དཔེ་དོན་མན་ངག་དང་མི་འགལ་བར་སྟོན་དགོས་པ་ཡང་ཡོད་པ་ཡིན་པས། དེ་ལ་དང་པོ་གདམས་ངག་འདིས་མཚོན་པའམ། མཆོད་པར་བརྗོད་པའམ། བསྟན་པར་དམ་བཅའ་བ་ཙམ་གྱིས་མ་གྲོལ་ན། ༈ །གཉིས་པ་གདམས་ངག་རྡོ་རྗེ་ཟམ་པ་འདིའི་གཞུང་སྟོན་པ་ལ་གསུམ་སྟེ། གོང་དུ་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན། སེམས་ཉིད་དངོས་པོའི་གནས་ལུགས་ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ་དེ། སངས་རྒྱས་ཀྱི་དགོངས་པ་ཡིན་ངེས་པར་སྟོན་པ་ནི། ༈ །དོན་དང་པོ་སངས་རྒྱས་པ་ཡིན་ངེས་པར་གཏན་ལ་འབེབས་པའི་དུས་དང་གཅིག །བར་དུ་གཏན་ལ་ཕེབས་པའི་དུས་དང་གཉིས། ཐ་མ་ཉམས་སུ་ཤར་བའི་དུས་དང་གསུམ་མོ། །དེ་ཡང་དཔེར་ན། ཆང་མིག་གིས་མཐོང་བ་དང་། རོ་ཞིམ་པ་རུ་ཤེས་པ་དང་། གཟི་བས་ནང་རྟགས་ཕྱི་རུ་ཤར་བ་དང་འདྲའོ། ༈ །དོན་དང་པོ་གཏན་ལ་འབེབས་པའི་དུས་ལ་གསུམ་སྟེ། རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ་བ་དང་གཅིག །སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་དང་གཉིས། རེ་དོགས་མེད་པས་དབྱིངས་ལ་གཏད་པ་དང་གསུམ་མོ། །བར་དུ་གཏན་ལ་ཕེབས་པའི་དུས་ལ་ཡང་གསུམ་སྟེ། དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་ཕེབས་པ་དང་གཅིག །སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བར་གཏན་ལ་ཕེབས་པ་དང་གཉིས། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པར་གཏན་ལ་ཕེབས་པ་དང་གསུམ་མོ། །ཐ་མ་ཉམས་སུ་ཤར་བའི་དུས་ལ་ཡང་གསུམ་སྟེ། འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །བྱ་བ་དང་གཅིག །སྐལ་ལྡན་འབད་པ་མེད་པར་གྲོལ། །བྱ་བ་དང་གཉིས། གྲོལ་བ་རང་བྱུང་གཞན་ལས་མིན། །བྱ་བ་དང་གསུམ་མོ། །དེང་མཆོད་པར་བརྗོད་ཅིང་བསྟན་པར་དམ་བཅའ་བ་ལ་ཚིག་རྐང་གཉིས། གདམས་ངག་གི་གཞུང་གི་རྩ་བ་ལ་ཚིག་རྐང་དགུ་སྟེ། བཅུ་གཅིག་ཏུ་བསྟན་པའི་གཞུང་དེ་ཐོས་པ་ཙམ་གྱིས་གྲོལ་ན། གང་ཟག་དབང་པོ་ཐ་མ་ལ་འབྲུ་བསྣོལ་ཞིབ་ཚགས་སམ། དཔེ་གཅིག་དོན་གཅིག་མན་ངག་གིས་བཀའ་ལུང་དང་མི་འགལ་བར། ཡིད་ཆེས་ཐེ་ཚོམ་མི་ཟ་བར་སྟོན་པའོ། །དེ་ལ་དང་པོ་རྣ་བརྒྱུད་ལུང་གི་གཏེར་ཆེན་དགྲོལ་བ་ལ། གོ་བ་དང་། ཚིག་གཉིས་ཏེ། གོ་བ་ནི་དོན་མདོར་བསྡུས་པ་ཡིན་ལ། ཚིག་ནི་དེའི་དོན་རྒྱས་པར་བཤད་པའོ། །དེ་ཡང་དང་པོ་གོ་བ་ལ་རྣ་བརྒྱུད་ཅེས་པ་ནི། གང་ཟག་གི་སྙན་ནས་སྙན་དུ་བརྒྱུད་པ་རྣམས་སོ། །ལུང་གི་ཞེས་པ་ནི། རིག་འཛིན་པ་བརྡའམ་ལུང་བསྟན་པ་ཙམ་གྱིས་གྲོལ་བ་རྣམས་སོ། །དེ་ཡང་དང་པོ་རྣ་བརྒྱུད་སྔོན་ལ་ཡོང་བ་ནི། རང་ལ་དྲིན་ཆེ་བའི་བླ་མ་གོང་མས་སྙན་ནས་རྣ་བ་རུ་བརྒྱུད་ནས་སྟོན་པའམ། ཚིག་སྡེབ་སྦྱོར་ལེགས་པར་བྱ་བའི་ཕྱིར་དུ་བསྟན་པའོ། །ལུང་གི་ཞེས་པ་ནི། རིག་པ་འཛིན་པ་རྣམས་སོ། །བརྡའམ་ལུང་བསྟན་པ་ཙམ་གྱིས་གྲོལ་བའོ། །གཏེར་ཆེན་དགྲོལ་བ་ཞེས་པ་གོ་བ་ནི། དབུལ་འཕོངས་སུ་གྱུར་པས་གཏེར་རྙེད་པའི་དཔེས་མཚོན་པ་ཡིན་ཏེ། དེ་ཡང་རྒྱ་གར་གྱི་ཡུལ་སིངྒལ་བྱ་བ་ན། ཡབ་ཚོང་དཔོན་ཕྱིའི་རྒྱ་མཚོ་ལ་ནོར་བུ་ལེན་པའི་རིགས་གཅིག་གིས། ཕྱི་རབས་ལ་ཕན་པ་སྲིད་སྙམ་ནས། སྒྱེད་པོ་མ་སྒྱེད་མི་སྒུལ་བ་དེའི་འོག་ཏུ་གསེར་ཕྱེ་བུམ་པ་གང་སྦས་ནས་བཞག་པས། དུས་ལན་གཅིག་ཚོང་དཔོན་དེ་གྲོངས་ནས། བཟའ་མི་དེ་མིན་ཚོ་ཟད་པའི་ལྷག་མ། བུ་མོ་ལྟོག་མ་གཅིག་ལུས་ནས་ཡོད་པ་ལ། ཡུལ་གཅིག་ན་གཏེར་སའི་དཔྱད་ཤེས་པའི་མི་ས་འོག་ས་སྟེང་ས་བླ་གསུམ་ན་གཏེར་རམ་ནོར་ཅི་ཡོད་པ་མཐོང་བ་གཅིག་ཡོད་པས། ལན་ཅིག་སིངྒ་ལའི་ཡུལ་དེ་རུ་བརྟོལ་ནས་བལྟས་པས། དབུལ་མོ་བཟའ་བ་དང་གྱོན་པ་ཅི་ཡང་མེད། ནོར་དུ་རས་གོས་ཧྲུལ་པོ་གཅིག་ལས་མེད་པ། དེ་ཡང་ཉིན་མོ་སྨད་དུ་དཀྲིས་ནས་འཚོ་བ་བྱ་འཚོལ་བྱིའུ་འཚོལ་བྱེད་དོ། །ནང་ལྟོ་ནང་འཚོལ་ནུབ་ལྟོ་ནུབ་འཚོལ་བ། ནུབ་མོ་རས་གོས་དེ་གཉིས་ལྟེབ་གཅིག་བྱས་ནས་བཤུལ་དུ་བཀབ་ནས་ཉལ་བ་ལས་གཞན་ཅི་ཡང་མེད་པའི་དབུལ་མོ་དེའི་སྒྱེད་པོ་མ་སྒྱེད་དེའི་འོག་ན། ཕས་གཏེར་དུ་སྦས་པའི་གསེར་བུམ་པ་གང་འདུག་པ་དེ་མཐོང་ནས། གཏེར་སའི་དཔྱད་ཤེས་པའི་མི་དེས། དབུལ་མོ་དེའི་དྲུང་དུ་ཕྱིན་ནས། དབུལ་མོ་ཁྱེད་ལ་བཟའ་བ་དང་། གྱོན་པ་ཅི་ཡང་མེད་དམ་ཞེས་དྲིས་པས། མོ་ན་རེ་ཁྱེད་ཅི་འདོད་པ་ཡིན། ང་ལ་ནི་ཅི་ཡང་མེད་དོ་ཟེར་བས། གཏེར་སའི་དཔྱད་ཤེས་པའི་མི་དེས། དབུལ་མོ་དེའི་དྲུང་དུ་ཕྱིན་ནས། ཁྱེད་རང་གི་སྒྱེད་པོ་མ་སྒྱེད་ཀྱི་འོག་ན། ཡབ་ཀྱིས་སྦས་པའི་གསེར་བུམ་པ་གང་འདུག་གི། དེ་ཁྱེད་རང་ཐོན་ལ་བདེ་བར་ལོངས་སྤྱོད་དང་། གཞན་སུ་ལ་ཡང་རག་མ་ལུས་པར་ཡོད་ཅིང་བྱས་པས། མོ་ན་རེ། ཅང་བདེན་ནམ་བདེན་ན་དང་དགའ་སྟེ། ང་བྱ་བ་བསོད་ནམས་ཆུང་བས་ཡོད་ཤེས་ཀྱང་ངས་མི་རྙེད་བྱས་པས། རྙེད་འོང་ཞིང་དེ་ཐོན་ལ་བདེ་བར་ལོངས་སྤྱོད་ཅིག་བྱས་པས། གལ་ཏེ་བདེན་ནམ་སྙམ་ནས་བལྟས་པས། སྒྱེད་པོ་མ་སྒྱེད་ཀྱི་འོག་ནས་གསེར་ཕྱེ་བུམ་པ་གང་རྙེད་ནས་དེ་ལ་མོས་ཆ་གསུམ་དུ་བགོས་ནས། ཆ་གཅིག་བླ་མ་དང་དཀོན་མཆོག་ལ་མཆོད་པའི་ཕུད་དུ་བཅད། ཆ་གཅིག་ལོང་སྤྲང་དང་ཡུལ་དེའི་རྒྱལ་པོ་ལ་ཁྲལ་དང་སྦྱིན་པར་བཅད། དུས་དེ་ཙ་ན་རྒྱལ་པོ་བླས་འཚོ་བ་བྱ་བ། སོ་ནམ་བྱ་མི་དགོས་པར་ཁྲལ་གྱིས་འཚོ་བ་ཡིན་སྐད། མངའ་བདག་དཔལ་འཁོར་བཙན་བཞུགས་པའི་དུས་སུ། རྒྱལ་པོའི་སྲས་གཅིག་གིས་ཡར་ཀླུངས་རོག་པ་རྩ་རུ་བྱོན་པས། རྒན་མོ་གཅིག་གིས་ནས་ཕུང་གཅིག་ལ་བཟང་ངན་གསུམ་དུ་ཕྱེ་ནས་འདུག་པ་ལ། རྒྱལ་བུ་དེས་ནས་ཚན་པ་གསུམ་དུ་འབྱེད་པ་ཅི་ཙུག་ཡིན་བྱས་པས། རྒན་མོ་ན་རེ། ནས་ཀྱི་སྙིང་པོ་བཟང་ཤོས་འདི། བླ་མ་དང་དཀོན་མཆོག་གཉན་པས་མཆོད་པའི་ཕུད་དུ་བཅད་པ་ཡིན། འབྲིང་པོ་ནི་ངེད་རང་གིས་སོ་ནམ་དཀའ་བས་བྱས་པ་ཡིན་པས། འཚོ་བའི་རྒྱག་བྱེད་པ་ཡིན། ངན་ཤོས་འདི་རྒྱལ་པོ་དང་ལོང་སྤྲང་ལ་ཁྲལ་དུ་འཇལ་བ་དང་སྦྱིན་པར་གཏོང་བ་བྱེད་པ་ཡིན་ཟེར་བས། དེ་རུ་རྒྱལ་བུ་དེ་ཕོ་བྲང་དུ་བྱོན་ནས། ངེད་རང་རྒྱལ་པོ་ཀུན་སོ་ནམ་བྱེད་དགོས་པར་འདུག །རྒྱལ་པོའི་དཔྱ་དང་ལོང་སྤྲང་གི་ཡོན་ལ་ནས་ངན་ཤོས་སྟེར་བ་ཡིན་འདུག །ངེད་རྒྱལ་པོ་དང་ལོང་སྤྲང་མཉམ་པོར་བྱེད་པ་འདུག་ཟེར་ནས། དེ་ནས་བོད་ཀྱི་རྒྱལ་པོ་སོ་ནམ་ལ་ཚུད་པ་ལགས་སྐད། རྒྱ་གར་ན་ད་ལྟ་ཡང་རྒྱལ་པོ་བླས་འཚོ་བ་ཡོད་པ་ཡིན་སྐད་དོ། །དེ་ཡང་དབུལ་མོས་གཏེར་རྙེད་པ་དེས་ཡར་བླ་མ་དང་དཀོན་མཆོག་ལ་མཆོད་པ། མར་རྒྱལ་པོ་དང་ལོང་སྤྲང་དཔྱ་འབུལ་ཞིང་སྦྱིན་པ་གཏོང་བ། བར་མོ་རང་གི་བཟའ་གོས་ལ་སོགས་པ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་དུ་བྱུང་བས། གཞན་ལ་རག་མ་ལུས་པའི་དཔེ་དེ་བཞིན་ནོ། །གདམས་ངག་འདི་རང་གི་བརྒྱུད་པའི་བླ་མ་རྣམས་ཀྱིས་ཡེ་ནས་བདེ་བར་གཤེགས་པའི་སྙིང་པོ་རང་གི་རྒྱུད་ལ་ཡོད་པའི་སེམས་ཉིད་མ་ནོར་ཞིང་འཁྲུལ་པ་མེད་པའི་གཏེར་ཆེན་པོ་དེ་བླ་མའི་བརྡ་དང་ངག་ལ་བརྟེན་ནས། མ་རིག་པས་གཏེར་སྒོ་བསྡམས་པ་དེ་བཀྲལ་བས། གཏེར་ཆེན་པོ་གསེར་བུམ་པ་གང་ཡོད་དེ་རྙེད་པས་དབུལ་མོས་ཡར་ལ་མཆོད་རྒྱུ་བྱུང་བ་བཞིན་དུ། སངས་རྒྱས་ཀྱི་དགོངས་པ་ལོན། མར་ལ་སྦྱིན་རྒྱུ་བྱུང་བ་དང་འདྲ་བར། སེམས་ཅན་ལ་ཐུགས་རྗེས་སྐྱོབ། རང་ཉིད་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་དུ་བྱུང་བ་བཞིན་དུ། དོན་རང་གི་སེམས་ཉིད་རྟོགས་པས། གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་བྲལ་ནས། འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ། ཆོས་ཉིད་ལ་ལོངས་སྤྱད་དུ་བྱུང་བའོ། །དེ་ཙ་ན་ཐར་པ་གཞན་ལ་རག་མ་ལུས་ཏེ། སངས་རྒྱས་ཁོ་ན་རང་ཉིད་དོ། །དེ་ནི་གཏེར་ཆེན་གྲོལ་བའི་གོ་བ་དབུལ་མོས་གཏེར་རྙེད་པའི་དཔེས་མཚོན་པའོ། །གཏེར་ཆེན་དགྲོལ་བའི་ཚིག་ལ་གཉིས་ཏེ། རིག་འཛིན་བརྡས་གྲོལ་བའི་བརྒྱུད་པ་དང་། གང་ཟག་གདམས་ངག་གིས་གྲོལ་བའི་བརྒྱུད་པའོ། །དང་པོ་རིག་འཛིན་བརྡས་གྲོལ་བའི་བརྒྱུད་པ་ལའང་གོ་བ་དང་། ཚིག་གཉིས་ཏེ། རིག་འཛིན་བརྡས་གྲོལ་བའི་གོ་བ་ནི། དང་པོ་རིག་འཛིན་ཞེས་པ་ནི། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རིགས་རྒྱུད་འཛིན་པ་ཡིན་ལ། བརྡས་གྲོལ་བ་ནི་ཚིག་མང་པོ་བཤད་མ་དགོས་ཏེ། བླ་མ་གོང་མས་བརྡའ་བསྟན་པ་ཙམ་གྱིས་གྲོལ་བའོ། །བརྒྱུད་པ་ནི་རྡོ་རྗེ་སེམས་དཔའ་ནས། བཻ་རོ་ཙ་ན་ཡན་ཆད་དུ། གཅིག་ནས་གཅིག་ཏུ་ཕྲེང་མ་ཆད་པར་བརྒྱུད་པའོ། །དེ་ཡང་ཚུལ་ལམ་ཐབས་ཇི་ལྟར་དུ་བརྒྱུད་ན། དེ་ལ་གཏམ་རྒྱུད་འདི་བྱུང་སྟེ། དང་པོ་ཆོས་འདི་འབྱུང་བའི་ཁུངས་ནི། རྒྱ་གར་གྱི་ཡུལ་ཡིན་པས། རྒྱ་གར་ཡུལ་དེ་ན་གླིང་ཆེན་པོ་དགུ་ཡོད་དེ། དེ་ཡང་ཤར་ཕྱོགས་ན་བྷངྒ་ལའི་གླིང་། ལྷོ་ཕྱོགས་ན་བྷེ་ཏ་ལའི་གླིང་། ནུབ་ཕྱོགས་ན་ཨོ་རྒྱན་གྱི་གླིང་། བྱང་ཕྱོགས་ན་ཁ་ཆེའི་གླིང་། ཤར་ལྷོ་མཚམས་ན་ཁམས་བུའི་གླིང་། ལྷོ་ནུབ་མཚམས་ན་ཟངས་གླིང་། ནུབ་བྱང་མཚམས་ན་ཟ་ཧོར་གྱི་གླིང་། བྱང་ཤར་མཚམས་ན་ཀ་མ་རུ་པའི་གླིང་། དབུས་ན་རྒྱ་གར་རྡོ་རྗེ་གདན་དང་དགུ་ཡོད་པ་ལས། གླིང་དེ་ཚོ་ལས་ཆོས་འདི་འབྱུང་བའི་གནས་ནི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཡིན་ནོ། །དེ་ལ་སྤྱིར་རྒྱ་གར་གྱི་ཡུལ་ན་ཆོས་སྐྱོང་བའི་རྒྱལ་པོའི་རིགས་དྷརྨཱ་རཱ་ཛ་བྱ་བ་དང་། སྲིད་སྐྱོང་བའི་རྒྱལ་པོའི་རིགས་ཨུ་པ་རཱ་ཛ་བྱ་བ་གཉིས་ཡོད་པ་ལས། ཆོས་སྐྱོང་བའི་རྒྱལ་པོའི་རིགས་དེ་གཅིག་སྐྱེས་གཉིས་སྐྱེས་དྷརྨ་རཱ་ཛ་བྱ་བ་རུ་འོང་སྟེ། དེ་ཡང་ལས་དགེ་བའི་ལས་མིན་པ་སྡིག་པའི་ལས་ཡིད་ལ་མི་འགྱུ། བྱེད་ཀྱང་མི་ཕྱེད། འདོད་ཀྱང་བྱ་བའི་དབང་མེད། བྱས་ན་ཆོས་སྐྱོང་བའི་རྒྱལ་པོའི་རྒྱལ་སྲིད་མི་ཟིན་ནོ། །སྲིད་སྐྱོང་བའི་རྒྱལ་པོའི་རིགས་དེ་གཅིག་སྐྱེས་གཉིས་སྐྱེས་ཐམས་ཅད་ཨུ་པ་རཱ་ཛ་བྱ་བ་རུ་ཡོང་སྐད། དེ་ལ་ལས་དམག་དང་སྡིག་པའི་ལས་མིན་པ་དགེ་བའི་ལས་ཡིད་ལ་བྱ་ཡང་མི་འགྱུ། བྱེད་ཀྱང་མི་བྱེད། འདོད་ཀྱང་བྱ་བའི་དབང་མེད། བྱས་ན་སྲིད་སྐྱོང་བའི་རྒྱལ་པོའི་རྒྱལ་ས་མི་ཟིན་པ་ཡིན་སྐད་དོ། །དེ་ཡང་ཆོས་སྐྱོང་བའི་རྒྱལ་པོ་དྲི་མེད་གཙུག་ཕུད་ཤཱཀ་བཟང་གི་རིགས་མཚན་དྲི་མེད་གཙུག་ཕུད་ཤཱཀ་བཟང་བྱ་བའི་བཙུན་མོ་དམ་པ་བྱ་བ་ལ་སྲས་མོ་མཚར་སྡུག་འོད་དུ་འབར་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འགྲོ་བས་བལྟ་བའི་འོས་སུ་གྱུར་པས། བལྟས་པས་ཆོག་མི་ཤེས་པ་གཅིག་སྐུ་འཁྲུངས་ཏེ། དེར་ཡབ་ཀྱི་ཞལ་ནས། ངའི་སྲས་མོ་འདི་འགྲོ་བ་གཞན་ལ་བསྟན་པར་ཕངས་ཟེར་ནས། ཕོ་བྲང་དགུ་ཐོག་གི་རྩེ་ལ་འཚོ་བའི་མ་མ་དང་བཅས་པ་བཞུགས་སུ་བཅུག་གོ། །དེའི་དུས་དེའི་ཚེ་ཆོས་སྐྱོང་བའི་རྒྱལ་པོ་དེ་ལ་རྒྱལ་བུ་མེད་པས་གདུང་བརྒྱུད་ཆད་འགྲོ་བར་འདུག་སྟེ། དེའི་དུས་སུ་ཆོས་ཀྱི་སྐུའི་ཆོས་ཀྱི་སྐུ་དཔལ་བདེ་བ་ཆེན་པོ། ཆོས་ཀྱི་སྐུའི་ལོངས་སྤྱོད་རྫོགས་སྐུ་དཔལ་ཀུན་ཏུ་བཟང་པོ། ཆོས་ཀྱི་སྐུའི་སྤྲུལ་པའི་སྐུ་དཔལ་རྡོ་རྗེ་སེམས་དཔའ། དེ་ཡང་ཐུགས་ཆོས་སྐུ། གསུང་ལོངས་སྐུ། སྐུ་སྤྲུལ་པའི་སྐུ་ཡིན་པས། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་རྣམ་པར་དག་པའི་ངང་ནས། ཐུགས་རྗེས་འགྲོ་བའི་དོན་དུ་འབྲས་བུ་གསང་སྔགས་ཀྱི་དོན་སྟོན་པར་སྤྲུལ་པ་བཀྱེ་བ། སེམས་དག་པ་ལྷའི་བུ་ཞེས་བྱ་བ་དེ། འོག་མིན་ལྷའི་གནས་ན་བཞུགས་པའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་མཁྱེན་ནས། ལྷའི་བུ་སེམས་དག་པ་ཁྱེད་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་འགྲོ་བ་མིའི་ཡུལ་དུ་འབྲས་བུ་གསང་སྔགས་ཀྱི་ཆོས་སྟོན་པར་སྤྲུལ་པ་ཡིན་པས། ཞེས་དྲན་པ་བསྐུལ་བས་དེ་རུ་སེམས་དག་པ་ལྷའི་བུས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན་པར་རང་ངོ་རང་གིས་ཤེས་ནས། ལྷོ་འཛམ་བུའི་གླིང་དུ་ཆོས་སྐྱོང་བའི་རྒྱལ་པོ་དྲི་མེད་གཙུག་ཕུད་ཤཱཀ་བཟང་གི་གདུང་གསོབ་པ་ལ། སྲས་མོ་མཛེས་མ་དང་ལྡན་པའི་ལྷུམས་སུ་ཞུགས་པ་ཡིན་ཏེ། དེ་ཡང་ཟམ་པ་ཆེན་པོ་དབང་གི་མན་ངག་ལས། ཡང་སྤྲུལ་དགའ་རབ་རྡོ་རྗེ་དེ། །འཛམ་བུའི་གླིང་དུ་རྒྱལ་ཐེབས་བྱོན། །ཞེས་བཤད་དོ། །དེ་ཡང་ཇི་ལྟར་དུ་བྱོན་ན། གླང་གི་ལོ། ཟླ་བ་དཔྱིད་ར་བ། སྐར་མ་རྒྱལ། ཟླ་བ་ཉའི་གདུགས་ཉི་མ་རྩེ་ཤར་ལ། སྲས་མོ་མཛེས་མ་དང་ལྡན་པའི་དྲུང་དུ། བྱ་གཡུ་བྱ་ཁུ་བྱུག་གཅིག་ཏུ་སྐུ་སྤྲུལ་ནས། ཀུ་ཁུག་ཀུ་ཁུག་པ་ལན་གསུམ་དུ་སྐད་བཏོན་ནས་སོང་སྟེ། ང་དོ་ནུབ་འོང་ངོ་བྱ་བའི་བརྡར་བྱུང་སྟེ། དོ་ནུབ་སྲོད་ལ་ཁྱེའུ་ཆུང་མཚར་སྡུག་འོད་དུ་འབར་བ་གཅིག་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འགྲོ་བས་བལྟ་བའི་འོས་སུ་གྱུར་པ། བལྟས་པས་ཆོག་མི་ཤེས་པ། སོ་དུང་སོ་འཁོར་བ། སྨིན་མ་གཡུའི་སྨིན་མ། དབུ་སྐྲ་ལེའུ་རུ་འགྲོལ་བ་གཅིག་བྱུང་ནས། སྦྱོར་བ་མཛད་ནས། ནངས་པར་ཐོ་རངས་ཁར་ནམ་མཁའ་ལ་སྐུ་གཤེགས་ནས་སོང་ངོ་། །དེ་ནས་སང་ཕོད་དེའི་དུས་ཚོད་དུ་སྲས་མོ་དེ་ལ། སྲས་པོ་མཚན་དང་ལྡན་པ་དཔེ་བྱད་དང་ལྡན་པ་གཅིག་འཁྲུངས་ཏེ། ཡབ་ལ་ངོ་ཚ་ནས་ལོ་བདུན་གྱི་བར་དུ་གསང་ངོ་། །དེ་ནས་སྲས་མོ་དེས་རྒྱལ་པོ་དེ་ལ། ང་ལ་སྲས་འདི་ལྟ་བུ་གཅིག་མངའ་ན་བྱས་ནས་བསྟན་པས། དེར་ཡབ་རྒྱལ་པོས་དེ་ལ་མཚན་བལྟས་ནས། དེའི་འཕྲོ་ལ་ལིང་གིས་བརྒྱལ་ནས་འདུག་གོ། །དེ་ནས་ཡབ་དེ་བརྒྱལ་སངས་ཙ་ན་སྲས་མོ་དེས་ཡབ་རྒྱལ་པོ་ལ་མ་མཉེས་སམ་བྱས་པས། ཡབ་རྒྱལ་པོའི་ཞལ་ནས། ང་མི་དགའ་བ་ཅི་མཆི། ཁྱོད་ཀྱི་བུ་འདི་རིགས་བྱེད་ལྷའི་སྤྲུལ་པ་གཅིག་འདུག་པ། རིགས་ནི་ཐེག་པ་ཆེན་པོའི་རིགས་བྱེད་པ་མཛེས་ཤིང་ཡབ་མི་མངའ་བས་ན། ལྷའི་སྤྲུལ་པ། འདིའི་དྲིན་ལས་ཐེག་པ་ཆེན་པོའི་ཆོས་སྐད་ཅིག་མས་དོན་རྟོགས་ནས་ཚེ་ད་རེས་གཅིག་པུས་སངས་རྒྱ་བའི་ཆོས་ཟབ་མོ་གཅིག་དར་འོང་བར་འདུག་པ་ལ། ང་རྒས་པས་སྤྱན་ཆབ་ཤར་གྱིས་བྱུང་བ་ཡིན་སྐད། སྤྱན་ཆབ་བྱུང་ཡང་བུ་དེ་ལ་དགའ་བ་ཡིན་པས། སྲས་མོ་མི་ནོངས་པར་རབ་ཏུ་སོང་སྟེ། བུ་རྡོ་རྗེ་སེམས་དཔའི་ཡང་སྤྲུལ་ཡིན་པས། དེ་བས་ན་དགའ་རབ་རྡོ་རྗེ་ཞེས་བྱ་བ་རུ་མཚན་བཏགས་སོ། །དེ་ནས་དགའ་རབ་རྡོ་རྗེས་ལོ་བརྒྱད་ལོན་ཙ་ན། ཡུམ་འདི་རུ་བདེ་བར་བཞུགས་ཤིག །འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་། ཕྱིའི་རྒྱ་མཚོ་ཆེན་པོའི་འགྲམ། རོ་མཆོག་བདེ་བའི་ཚལ། མེ་ཏོག་ཨུ་དུམ་ཝ་རའི་གླིང་། དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བྱ་བ་ན། སྒྲུབ་པའི་གནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་ཡོད་པས། ང་དེ་རུ་སྒྲུབ་པ་ལ་འགྲོ། དུས་ད་རེས་ཀྱི་མི་ལུས་འདི་ལ་དམ་པའི་ཆོས་གཅིག་མ་འགྲུབ་ན། འཇིག་རྟེན་འདིའི་རྒྱལ་སྲིད་བཙན་ཡང་ནུབ་གཅིག་གི་རྨི་ལམ་ཙམ་ལས་མེད་པས་དེ་དུས་སུ་མི་ཕན་ནོ་གསུངས་ནས། ཡུམ་ལ་ཕྱག་བཙལ་ཞུ་བ་བྱས་ནས་བྲག་ཕུག་ཡུ་བ་ཅན་དུ་སྒྲུབ་པ་ལ་གཤེགས་སོ། །དེ་ནས་ཡང་གླང་གི་ལོ་ཟླ་བ་དཔྱིད་ར་བ། སྐར་མ་རྒྱལ། ཟླ་བ་ཉའི་གདུགས་པར་ཉི་མའི་ཟེར་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་གསུམ་རྣམ་པར་དག་པའི་སྤྲུལ་པ་སེམས་དག་པ་ལྷའི་བུ་ཞེས་བྱ་བ་སྣང་བའི་གཟུགས་སུ་གྲུབ་ལ། རེག་པའི་གཟུགས་སུ་མ་གྲུབ་པ། འོད་ཀྱི་ལུས་ཅན་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། སྐུ་གཅེར་བུ་དབུ་སྐྲ་ལེའུ་འགྲོལ་བ་ལ་པ་ཏི་སྔོན་པོའི་ཤམ་ཐབས་གསོལ་བ། ཕྱག་གཡས་ན་གསེར་གྱི་རྡོ་རྗེ་བསྣམས་པ། གཡོན་ན་ཤེལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ། དེ་ལྟ་བུ་གཅིག་གིས་ཕྱག་གཡས་པའི་རྡོ་རྗེ་དགའ་རབ་རྡོ་རྗེའི་སྤྱི་བོ་རུ་བཞག་ནས། ཞལ་འཛུམ་པ་དང་བཅས་ཏེ། ཨ་ཧ་ཧོ་འི་ཞེས་བྱིན་གྱིས་བརླབས་པས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་གཉིས་སུ་མེད་པ། འི་དབྱེར་མི་ཕྱེད་པ། དོན་དེ་དབྱེར་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ཆོས་ཉིད་ཀྱི་རང་སྒྲ་ཞག་བདུན་གྱི་བར་དུ་མ་ཡལ་བར་ཏིང་ངེ་འཛིན་ཐུན་གཅིག་ཏུ་སོང་ངོ་། །ཡང་ན། ཨ་ཧ་བྱ་བ་ནི་སྐྱེ་འགགས་མེད་བྱ་བ་ཡིན་ལ། ཧོའི་བྱ་བ་དེ་གཉིས་མེད་དབྱེར་མི་ཕྱེད་པའི་དོན་དེ་ཐུགས་ཁར་ཕེབས་བྱ་བ་ཡིན་གསུང་ངོ་། །ཏིང་ངེ་འཛིན་དེ་ལས་བཞེངས་ཙ་ན། རྗེས་ཀྱི་ཤེས་པ་ལ། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ། ཆོས་བཞི་དང་ལྡན་པ། མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་དུ། བྱས་པ་དང་བཅོས་པ་མེད་པར། རང་གསལ་དུ་ལྷག་གིས་རྒྱུད་ལ་ཤར་ཞིང་རྟོགས་སོ། །དོན་དེ་མི་བརྗེད་མི་ཡལ་བར་བྱ་བའི་བརྗེད་རྡོ་རུ། སེམས་དག་ལྷའི་བུས་ཨ་ཝན་དྷ་ར་ཞེས་བརྡའ་བསྟན་པས། བོད་ཀྱི་སྐད་དུ་ཁྱེད་རང་ནམ་མཁའ་དག་པ་ལ་འཇའ་གསལ་བ་འདི་ལ་ལྟོས་དང་བྱས་པའི་བརྡའ་རུ་བྱུང་ནས། མདུན་གྱི་ནམ་མཁའ་དག་པའི་དཀྱིལ་ན་འཇའ་གཅིག་ཤར་ནས་འདུག་པ་དེ་ལ་དགའ་རབ་རྡོ་རྗེས་བལྟས་པས། ནམ་མཁའ་དག་པ་དེ་དམིགས་སུ་མེད་པ་ཆོས་དབྱིངས་ཀྱི་བརྡའ། འཇའ་ཁ་དོག་ལྔ་དང་གསལ་བར་ལྡན་པ་དེ་དམིགས་མེད་ཀྱི་དོན་དེ་མ་འགགས་པར་རིག་ཅིང་གསལ་བ་ཡེ་ཤེས་ཀྱི་བརྡའ། དེ་ཉིད་ཐ་དད་དུ་མ་སོང་སྟེ་དབྱེར་མི་ཕྱེད་དེ། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་བརྡའ། སེམས་དག་ལྷའི་བུའམ་འཇའ་གསལ་བ་དེ་སྣང་བའི་གཟུགས་སུ་མ་འགགས་པར་གསལ་བ་དེ་མཚོན་པར་བྱེད་པ་ཐབས་ཀྱི་བརྡའ། རེག་པའི་གཟུགས་སུ་མ་གྲུབ་པ་དེ་དམིགས་སུ་མེད་པ་ཤེས་རབ་ཀྱི་བརྡའ། དེ་གཉིས་ཐ་དད་དུ་མ་སོང་སྟེ། ངོ་བོ་དབྱེར་མེད་གཅིག་ཏུ་འདུག་པ་དེ་ཐབས་དང་ཤེས་རབ་གཉིས་སུ་མེད་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ། དོན་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ། ནམ་མཁའ་དག་པ་ལ་འཇའ་གསལ་བ་ལྟ་བུ་གཅིག་རྟོགས་སོ། །དེར་ཞིང་ལས་སྐྱེས་པའི་མཁའ་འགྲོ་མའི་གཙོ་མོ་འབར་མའི་གདོང་ཅན་དང་། ལས་ལས་སྐྱེས་པའི་མཁའ་འགྲོ་མའི་གཙོ་མོ་མཁའ་ལ་གཤེགས་མ་དང་། སྔགས་ལས་སྐྱེས་པའི་མཁའ་འགྲོ་མའི་གཙོ་མོ་མཁའ་ལ་སྤྱོད་མ་དང་གསུམ་ཡང་མདུན་དུ་ཤར་གྱིས་བྱུང་ནས། དགའ་རབ་རྡོ་རྗེ་ལ་ཆོས་ཟབ་མོ་འདི་ལྟ་བུའི་བཀའ་སྐྱོང་བའི་ཆོས་སྐྱོང་ངེད་བྱེད་པ་ཡིན་ནོ། །འདི་བསྒྲུབ་ཅིང་བསྲུང་བ་ལ་དངོས་གྲུབ་སྟེར། ཉམས་སུ་མི་ལེན་ཅིང་དམ་ཚིག་མི་བསྲུང་བ་ལ་བཀའི་ཆད་པ་གཅོད་པ་ཡིན་ནོ་གསུངས་ནས། དགའ་རབ་རྡོ་རྗེ་ལ་བྱིན་གྱིས་ཀྱང་བརླབས། སྲོག་སྙིང་ཡང་ཕུལ་ནས། གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་བཞེས་མ་བྱ་བ་ཡིན་པས་རང་དམ་རང་གིས་བཅས་པའི་བཀའ་སྐྱོང་གི་མཁའ་འགྲོ་སྡེ་གསུམ་བྱ་བ་བྱིན་རླབས་དང་ནུས་མཐུ་ཤིན་ཏུ་ཆེ་བ་ཡིན་པས། ཆོས་འདི་གཉན་པ་ཡིན་པས་དམ་ཚིག་ཤིན་ཏུ་གཙང་དགོས་པ་ལགས་སྐད་དོ། །དེ་ཡང་སེམས་དག་ལྷའི་བུས་སློབ་དཔོན་དགའ་རབ་རྡོ་རྗེ་ལ་བསྟན་པ་ཙམ་གྱིས་རྟོགས། །རྟོགས་པ་ཙམ་གྱིས་དོན་མངོན་དུ་གྱུར་ཏེ། སྒྲིབ་པ་ལ་སྦྱངས་དཀའ་བ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དེ་ཉིད་དུ་དག །ཐོབ་པ་ལ་དཀའ་བ་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་སྟེ། དཔེར་ན་འབྲས་འཁོར་མ་ལོ་ལེགས་ན་ཕུབ་སོག་ཞོར་ལ་བྱུང་བའམ། ཡང་ན་ནོར་བུ་རིན་པོ་ཆེ་སྔོན་ལ་རྙེད་པ་དེ་ལ་གསོལ་བ་བཏབ་ན་དགོས་འདོད་འཕྲལ་ལ་འབྱུང་བ་ལྟ་བུར་གྱུར་པའོ། །དེ་ནི་སློབ་དཔོན་དགའ་རབ་རྡོ་རྗེའི་ལོ་རྒྱུས་སོ། །དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེས་འགྲོ་བའི་དོན་དུ་བྱིན་གྱིས་བརླབས་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཐུགས་ལ་དད་པ་རང་བཞིན་གྱིས་ཤར་ཏེ། དཔེར་ན། ཉི་མ་ལ་ཉེ་རིང་གི་རྟོག་པ་མེད་ཀྱང་། སྣོད་བཅུད་གཙང་མའི་ནང་དུ་འཆར་བ་བཞིན་དུ། ནམ་ཐོ་རངས་གཅིག་ན། ག་རེ་བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པ་སྦྱངས་ཀྱང་། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ནས་འཁོར་བའི་སྡུག་བསྔལ་ལས་གྲོལ་ལམ་ཟེར་བ་ལས། དེའི་གོང་དུ་གྲོལ་བའི་ཐབས་མི་འདུག་བས། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་ཆོས་གཅིག་ཡོད་དུ་གཤའ་བར་འདུག་པ་ལ། དེ་ཡང་གཞན་ན་དྲི་བའི་ཁ་ན་མེད་དེ། གྲོང་ཁྱེར་སེར་སྐྱའི་སྒོ་ཁ་དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ན། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལྔ་བརྒྱ། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ་བཞུགས་པས། དེ་ལྟ་བུའི་ཆོས་གཅིག་ཡོད་ན་དེ་རུ་ཁུང་ཆོད་ཡོང་སེམས་ནས་ཕྱོགས་དེར་རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལ་སྤྱན་གཡས་པས་གཟིགས། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལ་སྤྱན་གཡོན་པས་གཟིགས་ནས། འོ་པཎྜི་ཏ་རྣམས་ལགས། བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པར་སྦྱངས་ཀྱང་། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་ལམ་ཟེར་བ་ལས། དེའི་གོང་དུ་གྲོལ་བའི་ཐབས་མི་འདུག་པས། སྐད་ཅིག་མའི་དོན་རྟོགས་ནས། ཚེ་ད་རེས་གཅིག་པུས་སངས་རྒྱ་བའི་ཆོས་གཅིག་ཡོད་དུ་གཤའ་བར་འདུག་པ་ལས། དེ་ལྟ་བུ་གཅིག་མེད་ན་དེ་རིང་སང་དུས་བཏབ་པའི་མི་ཡང་སྟབས་ཁ་ཨེན་རེས་འཛོལ་ནས། མི་འཕྲད་པར་འགྲོ་བར་འདུག་པ་ལ། ལན་གཅིག་ཅི་ཚུགས་སུ་འགྲོ་རང་ཅི་ཆ་བྱས་ནས་དྲིས་པས། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་རྣམས་ཅི་ཡང་མི་གསུང་། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་རྣམས་སྤྱན་ཟུར་གྱིས་བརྡས་བསྐུལ་ནས། མིག་ལོག་བྱས་འོག་མ་དག་དེས་ལན་བཏབ་པ། དེ་ལྟ་བུ་ཤེས་པ་འོ་སྐོལ་གྱི་འདི་ན་མེད། འདི་ནས་ནུབ་ཕྱོགས་སུ་ཕྱིན་པ་ན། དཔལ་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་ཕྱིའི་རྒྱ་མཚོ་ཆེན་པོའི་འགྲམ། མེ་ཏོག་ཨུ་དུམ་ཝ་ར་འབྱུང་བའི་གླིང་། རོ་མཆོག་བདེ་བའི་ཚལ། དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བྱ་བ་ན་བསྒྲུབ་པའི་གནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་བྱ་བ་ཡོད་པས། དེ་ན་རིགས་བྱེད་ལྷའི་སྤྲུལ་པ་སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ་ཞུགས་ཏེ། དེ་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སེམས་དག་ལྷའི་བུ་ཞེས་བྱ་བས་བྱིན་གྱིས་བརླབས་ནས། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གི་འཚང་རྒྱ་བའི་ཆོས་ཁོང་ལ་ཡོད་པ་ཡིན་པས་དེ་རུ་ཕྱིན་ན་ཡོང་། གཞན་གང་ན་ཡང་དེ་ལྟ་བུའི་ཆོས་ཤེས་པ་མེད་ཟེར་སྐད། དེ་ཡང་ནུབ་ཕྱོགས་ཞེས་པ་ནི། རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡིན་ཏེ། ཡང་ན་ཉོན་མོངས་པའི་རྣམ་པར་རྟོག་པ་མི་སྐྱེ་བར་ནུབ་འགྲོ་བས་ན་ནུབ་ཕྱོགས་སོ། །དཔལ་ཨོ་རྒྱན་གྱི་ཡུལ་ནི། དེ་ལ་དཔལ་ནི་རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་ལོ། །ཡང་ན་ཕོ་སྐྱེས་དཔའ་བོར་གྱུར་ལ་མོ་སྐྱེས་དཔའ་མོ་རུ་འབྱུང་བའོ། །ཨུ་རྒྱན་གྱི་ཡུལ་ནི་མེ་ཏོག་ཨུ་དུམ་ཝ་རས་བརྒྱན་པའི་ཡུལ་ཡིན་ལ། ཡང་ན་གནས་གཞན་ལས་ཁྱད་པར་འཕགས་ཏེ། དཔའ་བོ་དང་དཔའ་མོ་རང་བཞིན་གྱིས་འབྱུང་བའི་གནས་ཡིན་པས་ཨོ་རྒྱན་དང་འདྲ་སྟེ། ཀུན་གྱི་སྤྱི་བོར་ཁུར་བའི་འོས་སུ་གྱུར་པའོ། །དྷ་ན་ཀོ་ཤའི་གླིང་ནི། དྷ་ན་སེམས་ངལ་བསོ་བ། ཀོ་ཤ་ནི་ཡིད་སྐྱོབ་པར་བྱེད་པ། གླིང་ནི་སེམས་མ་བཅོས་པར་གནས་པ་ཞིག་འོང་བའོ། །ཕྱིའི་རྒྱ་མཚོ་ཆེན་པོ་ནི་ཆུ་བ་ཚྭ་ཅན་བཏུང་དུ་མི་བཏུབ་པ། འགྲམ་ཞེས་པ་ནི་རྒྱ་མཚོ་དེའི་ཆུ་འགྲམ་ལ་ཡར་ནས་ཡར་ལ། རོ་མཆོག་བདེ་བའི་ཚལ་ནི། བཟའ་ཤིང་གི་ནགས་དང་ཚལ་ཡོད་དེ། དེ་དག་ཟོས་པའི་རོ་མཆོག་གིས་རྒྱུད་ལ་ཟག་པ་མེད་པའི་བདེ་བ་བསྐྱེད་ནུས་པའོ། །དེ་ལྟར་ཕྱི་རིམ་ན་ཡར་ལ་མེ་ཏོག་ཨུ་དུམ་ཝ་ར་མཐིང་ག་ཤ་སྟག་འབྱུང་བའི་གླིང་ཆགས་པའོ། །དེ་ལྷོ་ཕྱོགས་ཡིན་པས། མཐིང་ག་དེའི་མདངས་རི་རབ་ལ་ཕོག །རི་རབ་ཀྱི་མདངས་རྒྱ་མཚོ་ལ་ཕོག །རྒྱ་མཚོའི་མདངས་ནམ་མཁའ་ལ་ཕོག་པས། ལྷོ་འཛམ་བུའི་གླིང་པའི་ནམ་མཁའ་མཐིང་ཁ་དེ་བཞིན་དུ་ལགས་སྐད། དུར་ཁྲོད་ནི། ཆོས་ཅན་གྱི་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ཐིམ་པས་དུར། ཁྲོད་ནི་རིག་པའི་ཡེ་ཤེས་སྐྱེ་འགགས་མེད་པར་གནས་པའི་ཁྲོད། གསེར་གླིང་ནི། གསེར་གྱི་གླིང་ནས་རྡོ་གཞན་མི་འབྱུང་བ་བཞིན་དུ། དུར་ཁྲོད་ཆེན་པོ་གསེར་གླིང་དེ་རུ་ཐ་མལ་གྱི་རྟོག་པ་རང་རྒྱུད་པ་མི་སྐྱེ་བའོ། །ཧེ་ཆེན་བརྡལ་ནི། ཆོས་ཉིད་གཉིས་སུ་མེད་པའི་དོན་ལ་དགྱེས་པ་ཆེན་པོ་ཕྱོགས་རིས་མེད་པ། དེ་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་སུ་ཁྱབ་པར་བརྡལ་བའོ། །སྒྲུབ་པའི་གནས་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་ཅིང་ཐོབ་པར་བྱེད་པའི་གནས་སོ། །གསེར་གྱི་བྲག་ཞེས་པ་ནི། ཆོས་ཉིད་གསེར་བཞིན་དུ་རྐྱེན་གྱིས་མི་འགྱུར་བའོ། །ཕུག་ནི། ཟབ་མོའི་དོན་དམིགས་སུ་མེད་པའོ། །ཡུ་བ་ཅན་ནི། ཆོས་ཉིད་ཟབ་མོའི་དོན་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུ་དེ་རྟོགས་ནས། གྲུབ་ཐོབ་ཕྲེང་བ་མ་ཆད་པར་ཡུ་བ་བཞིན་དུ་བྲེང་ངེར་ཡོང་བ་ལ་ཟེར་བའོ། །འོ་ན་དེ་ལྟ་བུའི་གནས་མཚན་ཉིད་དང་ལྡན་པ་དེ་རུ་འགྲོ་བ་ལ་དཀའ་སླ་དང་ཉེ་རིང་ཇི་ཙམ་ཡོད་ཅེས་དྲིས་པས། དཀའ་སླ་ནི་ཤིན་ཏུ་དཀའ་སྟེ། མི་མེད་པའི་ལུང་སྟོང་ལ་ཟླ་བ་བཅུ་གསུམ་དུ་འགྲོ་དགོས་ཏེ། ལམ་ན་གཅན་གཟན་མ་རུང་པ་དང་། སྤྲུལ་གདུག་པ་ཅན་དང་། མི་དང་མི་མ་ཡིན་དང་ལྷ་མ་ཡིན་ལ་སོགས་པ་ཡོད། གཅན་གཟན་གདུག་པ་གཅན་དང་འཕྲད་ན་ཁྲུམ་གྱིས་ཟོས་ནས་འགྲོ། སྦྲུལ་གདུག་པ་ཅན་དང་འཕྲད་ན་དུག་སྦྲུལ་གྱི་ལྕེ་ཡུག་བྱས་པས། སྣག་མ་ཚོ་ཁ་རུ་སིབས་ལ། རུས་པ་ཚོ་ཐང་ལ་དཀར་སྤུངས་ཀྱིས་འགྲོ། མི་མ་ཡིན་དང་འཕྲད་ན་ཁྱུར་གྱིས་མིད་ནས་འགྲོ། ལྷ་མ་ཡིན་དང་འཕྲད་ན་སྐད་ལྷང་གི་བཏོན་པ་ཙམ་གྱིས་མིག་ཁྲག་འཕྲུལ་གྱིས་འཆི་བ་ཡོང་། དཀའ་སླ་ཉེ་རིང་དེ་ཙམ་དུ་མེད་ན་ངེད་ཀྱང་འགྲོ་སྟེ་གསུངས་སྐད། དེ་རུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཐུགས་ལ་ག་རེ་ངའི་ལུས་འདི་ལ་ཁོང་གིས་བསད་ནས་ཤི་ཡང་སེམས་ནི་སློབ་དཔོན་དགའ་རབ་རྡོ་རྗེའི་གམ་དུ་ཅི་བརྟོལ་ཅིག་བྱེད་དགོས། སློབ་དཔོན་གྱི་ཐུགས་ཀྱིས་མཁྱེན་ནས་ངའི་སེམས་ལ་བྱིན་གྱིས་བརླབ་ཏུ་འོང་བས། སེམས་འཁོར་བ་རུ་གཏན་དུ་མ་འཁྱམས་ན། ལུས་ད་རེས་གཅིག་པོ་ལ་ཤི་དང་མ་ཤི་མེད་ཀྱི་སེམས་ནས། ཐེ་ཚོམ་མ་ཟོས་པར་གཤེགས་པས། ཟླ་བ་རིལ་པོ་བཅུ་གསུམ་ན་རི་བྲག་གཅིག་ཏུ་བརྟོལ་ཏེ། བཙུན་པ་ཧྲལ་པོ་ཕྱག་ན་མདའ་ལྔ་དང་གཞུ་གཅིག་བསྣམས་པ། ཤམ་ཐབས་ཐོད་དུ་བཅིང་བ་གཅིག་དང་འཕྲད་དེ། ག་རེ་གཞན་འདི་རུ་སུ་ཡང་ཡོང་བའི་དོན་མེད་དེ། སློབ་དཔོན་དགའ་རབ་རྡོ་རྗེ་ཡིན་པ་ལས་འོས་མེད་གཅིག་སེམས་ནས་སློབ་དཔོན་ལ་གསེར་གྱི་མཎྜལ་ཕུལ་བ་ལ། ཆག་ཆག་འདེབས་པའི་ཆུ་མ་རྙེད་པས། སློབ་དཔོན་གྱི་ཞལ་ནས། ཁྱོད་རང་ལ་ལུས་འདུག་པ་ལ་གསུངས་ནས། དེ་རུ་ག་རེ་ང་ལ་ལུས་ཡོད། ལུས་ལ་རྩ་ཡོད། རྩ་ལ་ཁྲག་ཡོད་སེམས་ནས། ལུས་ལ་གཏར་ཁ་བྱས་སུ་བཏུབ་པའི་རྩ་ཚོ་སྤུ་གྲི་ཀ་མ་ལས་གཤགས་ནས། མཎྜལ་བཤམས་པ་ལ་ཁྲག་གིས་ཆག་ཆག་བཏབ། གསེར་གྱི་ཚོམ་བུ་བཀོད་ནས། ལྷ་ཕྱག་མང་པོ་བཙལ། བསྐོར་བ་ལན་མང་པོ་བྱས་ནས། སློབ་དཔོན་ཆེན་པོ་ལགས། ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་པར་ཞུ་འཚལ་ཞེས་གསོལ་བ་བཏབ་པས། ཅི་ཡང་མི་གསུང་བར་དུར་ཁྲོད་ཆེན་པོ་དེ་རུ་གཤེགས་ནས་སོང་ངོ་། །དེའི་ཕྱིར་འབྲངས་ནས་ཕྱག་དང་བསྐོར་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱས། ཟླ་བ་ངོ་རེ་ལ་ཞུ་བའི་དོན་རེ་ཕུལ་ཀྱང་ཅི་ཡང་མི་གསུང་ནས། ད་འོ་སྐོལ་ལ་གདམས་ངག་མི་གནང་བར་འདུག་པས་ཡུལ་དུ་ཕྱིན་ན་ནི་ལུས་ལ་ཡང་བར་ཆད་ཡོང་སྟེ། སེམས་ཀྱང་གཏན་དུ་འཁོར་བ་རུ་འཁྱམས་ཉེན་ཡོད་པས་ང་རང་འདི་རུ་ལྕེབས་ལ་ཤི་ནས་བསྡད་དགོས། ངའི་ལུས་འདི་ཤི་ཡང་སེམས་ལ་སློབ་དཔོན་གྱི་བྱིན་གྱིས་བརླབས་ནས་འཁོར་བ་རུ་གཏན་ལ་མི་འཁྱམས་པ་དགོས་ཏེ་ཡོང་བསམ་ནས། ཀ་པ་ལི་ནས་སྤུ་གྲི་ཀ་མ་ལ་བཏོན་ནས་སྐེ་ལ་རྒྱབ་དགོས་སེམས་ནས་དེངས་ཀྱིས་བྱས་ཙ་ན། སློབ་དཔོན་དགའ་རབ་རྡོ་རྗེས་གཟིགས་ཏེ་ཞལ་ནས། འཇམ་དཔལ་བཤེས་གཉེན་གསུངས་ནས། ཨ་བྱས་པས། ཁྱོད་ཅི་འདོད་པ་ཡིན་གསུངས་པས། ང་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས། ཚེ་ད་རེས་གཅིག་པུས་སངས་རྒྱ་བ་གཅིག་འདོད་པ་ཡིན་ཞེས་ཞུས་པས། ཁྱོད་ཀྱིས་ད་དུང་མ་གོའམ་ཞེས་གསུངས་པ་ལ། བདག་གིས་ནི་མ་རིག་མ་རྟོགས་མ་གོའོ་ཞེས་ཞུས་པས། ཕྱག་གཡས་སྤྱི་བོ་རུ་བཞག་ནས། ཨ་ཧ་ཧོའི་ཞེས་བྱིན་གྱིས་བརླབས་པས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་གཉིས་སུ་མེད་པ། འི་གཉིས་སུ་མེད་པའི་དོན་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ཆོས་ཉིད་ཀྱི་རང་སྒྲའི་ངང་དུ་ཞག་བདུན་གྱི་བར་དུ་ཏིང་ངེ་འཛིན་ཐུན་གཅིག་ཏུ་ཕྲིལ་གྱིས་སོང་ངོ་། །དེ་ལས་སད་ཙ་ན་རྗེས་ཀྱི་ཤེས་པ་ལ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་མུན་ཁུང་དུ་སྒྲོན་མེ་བཏེག་པ་བཞིན་དུ་བྱས་པ་བཅོས་པ་མེད་པར་རང་གསལ་དུ་རྒྱུད་ལ་ལྷག་གིས་ཤར་ནས་འདུག་གོ། །རྒྱུད་ལ་ཤར་བའི་དོན་དེ་ཡང་མི་བརྗེད་མི་ཡལ་བར་བརྟེན་པར་བྱ་བའི་བརྗེད་རྡོ་རུ། དགའ་རབ་རྡོ་རྗེས། སུཪྱཱ་དྷ་ར་ཞེས་བརྡས་བསྟན་པས། ཁྱེད་རང་ཉི་མའི་སྙིང་པོ་ཡ་གི་ལ་ལྟོས་དང་བྱ་བའི་བརྡ་རུ་གོ་ནས་བལྟས་པས། ཉི་མའི་སྙིང་པོ་དེ་དུས་གསུམ་དུ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ། འགྲོ་འོང་མེད་པ། སྐྱེ་འགགས་མེད་པ། ཆོས་བཞི་དང་ལྡན་པ་གཅིག་ཏུ་འདུག་གོ། །དཔེ་དེ་བཞིན་དུ་རང་གི་སེམས་ཉིད་ཀྱང་ཆོས་བཞི་དང་ལྡན་པ། གསལ་ལ་རྟོག་པ་མེད་པ་ཉི་མའི་སྙིང་པོ་ལྟ་བུ་གཅིག་ཏུ་རྟོགས་སོ། །དེ་ཡང་བསྟན་པ་ཙམ་གྱིས་རྟོགས། རྟོགས་པ་ཙམ་གྱིས་དོན་མངོན་དུ་གྱུར་ཏེ། སྒྲིབ་པ་ལ་སྦྱངས་དཀའ་བ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དེ་ཉིད་དུ་དག །ཐོབ་པ་ལ་དཀའ་བ་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ། ཐུན་མོང་གི་དངོས་གྲུབ་ཞར་ལ་བྱུང་སྟེ། དཔེར་ན་འབྲས་འཁོར་མ་ལོ་ལེགས་ན་ཕུབ་སོག་ཞོར་ལ་འབྱུང་བ་དེ་བཞིན་ནོ། །དེ་ཡང་སློབ་དཔོན་དགའ་རབ་རྡོ་རྗེའི་ཕྱག་ན་མདའ་ལྔ་བསྣམས་པ་དེ་ཡེ་ཤེས་ལྔ་རུ་གོ། །གཞུ་དང་སྤྲད་དུ་འདུག་པ་དེ་ཡང་ཐབས་དང་ཤེས་རབ་ཡ་མ་བྲལ་བར་ཟུང་དུ་འཇུག་པར་གོ། །ཤམ་ཐབས་ཐོད་དུ་བཅིངས་པ་དེ་ཐེག་པ་འོག་མ་མ་སྤང་བར་གོང་མ་དབྱིངས་སུ་དག་པར་གོ་ཞིང་རྟོགས་ནས། དེའི་དུས་སུ་བཀའ་སྐྱོང་གི་མཁའ་འགྲོ་མ་གསུམ་གྱིས་བྱིན་གྱིས་བརླབས། བཀའ་སྐྱོང་གི་སྲུང་མར་ཁས་བླངས་དམ་བཅས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་ཡང་བྱ་འཕུར་བའམ་རྫི་བསྐྱོད་པ་བཞིན་དུ། དུར་ཁྲོད་གསེར་གླིང་ནས་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ། ཟླ་བ་རིལ་པོ་བཅུ་གསུམ་གྱི་ལམ་ཡོད་པ་ལ། གྲོ་ཁར་ཕྲིལ་གྱིས་བརྟོལ་ལོ། །དེ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ལོ་རྒྱུས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རང་བཞིན་གྱིས་བྱིན་གྱིས་བརླབས་པས། སློབ་དཔོན་ཤྲཱི་སིང་ཧའི་ཐུགས་ལ་ཤར་བ་ནི། དཔེར་ན་ཉི་ཟླ་ལ་ཉེ་རིང་མེད་ཀྱང་སྣོད་དག་པ་དང་ཆུ་གཙང་མའི་ནང་དུ་འཆར་བ་བཞིན་དུ། འགྲོ་བ་ལ་ཉེ་རིང་མེད་ཀྱང་སློབ་དཔོན་ཤྲཱི་སིང་ཧའི་ཐུགས་ལ་ཡང་དག་པའི་དོན་ལ་མོས་པ་གཅིག་རང་བཞིན་གྱིས་ཤར་ཏེ། དེ་ཡང་ནམ་ཐོ་རེངས་གཅིག་ཙ་ན། ག་རེ་བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པ་སྦྱངས་ཀྱང་། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་འཁོར་བའི་སྡུག་བསྔལ་ལས་ཐར་རམ་ཟེར་བ་ལས། དེའི་གོང་དུ་ཐར་པའི་ཐབས་མི་འདུག་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན། དེའི་ཆོས་བྱེད་པ་ནི་རྡོ་རྗེ་གདན་གྱི་བྱང་ཕྱོགས། གྲོང་ཁྱེར་སེར་སྐྱའི་སྒོ་ཁ་དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ན། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལྔ་བརྒྱ། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ་རྒྱལ་པོའི་མཆོད་གནས་སུ་བཞུགས་ཡོད་པས། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་ཡོད་དམ་མེད། དེ་ཚོ་ལ་འདྲི་དགོས། འདུག་ན་ཞུ་དགོས། མི་འདུག་ན་ཡང་དེ་རང་དུ་ཁོ་ཐག་ཆོད་བསམ་ནས། ཤྲཱི་སིང་ཧས་དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་བྱོན་ནས། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལྔ་བརྒྱ་ལ་སྤྱན་གཡས་པས་གཟིགས། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ་ལ་སྤྱན་གཡོན་པས་གཟིགས་ནས། འོ་པཎྜི་ཏ་རྣམས་ལགས། བསྐལ་པ་ནས་བསྐལ་པ་རུ་ཚོགས་བསགས། བསྐལ་པ་ནས་བསྐལ་པ་རུ་སྒྲིབ་པ་སྦྱངས་ཀྱང་། བསྐལ་པ་ནས་བསྐལ་པ་གཅིག་གམ་གཉིས་ན་འཁོར་བའི་སྡུག་བསྔལ་གྲོལ་ལམ་ཟེར་བ་ལས། དེའི་གོང་དུ་གྲོལ་ཐབས་མི་འདུག་པས། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་འདྲ་མེད་དམ། དེ་ལྟ་བུ་གཅིག་མེད་ན་ནི། དེ་རིང་སང་ལ་དུས་བཏབ་པའི་མི་ཡང་སྟབས་ཀ་སྔ་ཕྱི་ཨེན་ཙམ་ཞིག་གིས་འཛོལ་ནས། གཏན་དུ་མི་འཕྲད་པར་ཡང་འགྲོ་བ་ཡོང་གི་འདུག་པས། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་གློ་བུར་གྱི་ཉོན་མོངས་པའི་རྐྱེན་གྱིས་ཅི་ཙུག་འགྲོ་རང་ཅི་ཆ་ཞེས་དྲིས་པས། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལ་རྒྱུས་མེད་པས་ཅི་ཡང་མི་གསུངས། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་རྣམས་གཅིག་ནས་གཅིག་ཏུ་སྤྱན་ཟུར་གྱི་བརྡས་བསྐུལ་ནས། འོག་མ་དག་དེས་བཞེངས་ནས་ལན་བཏབ་པ། འོ་སྐོལ་གྱི་འདི་ན་དེ་ལྟ་བུ་ནི་མེད་དེ། འདི་ནས་ནུབ་ཕྱོགས་སུ་ཕྱིན་པ་ན། དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བྱ་བ་ན། སྒྲུབ་པའི་གནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་བྱ་བ་ཡོད་པས། དེར་རིགས་བྱེད་ལྷའི་སྤྲུལ་པ་སློབ་དཔོན་དགའ་རབ་རྡོ་རྗེ་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྲུལ་པ་སེམས་དག་ལྷའི་བུ་ཞེས་བྱ་བ། སྣང་བའི་གཟུགས་སུ་གྲུབ་ལ། རེག་པའི་གཟུགས་སུ་མ་གྲུབ་པ། ནམ་མཁའི་འཇའ་ལྟ་བུ་གཅིག་གིས་བྱིན་གྱིས་བརླབས་ནས། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་དགོངས་པ་དེ་ཁོང་ལ་ཡོད་པ་ཡིན་པས། དེ་གོང་དུ་ཡང་འཇམ་དཔལ་བཤེས་གཉེན་བྱ་བ་འདྲི་རུ་བྱུང་བ་ལ། པཎྜི་ཏ་གོང་མ་རྣམས་ཀྱིས་ཁོང་དགའ་རབ་རྡོ་རྗེའི་གམ་དུ་ལུང་བསྟན་པ་ཡིན། དགའ་རབ་རྡོ་རྗེ་དེ་མཁའ་འགྲོ་མ་རྣམས་ཀྱིས་ནུབ་ཕྱོགས་ཨོ་རྒྱན་ཡུལ་སྤྲིན་ནག་པོ་འདུས་པའི་ཁྲོད་དུ་གདན་དྲངས་ནས། ད་ལྟ་འཇིག་རྟེན་མི་ཡུལ་ན་མི་བཞུགས། ཁོང་གིས་བྱིན་གྱིས་བརླབས་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེས་སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་གདམས་པ་འདི་ལོན་ནས། ལྷོ་ཕྱོགས་གྱད་ཀྱི་ཡུལ་བྷེ་ཏ་ལའི་གླིང་། ཤིང་དྲ་བ་གཙུག་དགུ་ཡོད་པའི་ཚལ། གནོད་སྦྱིན་འབྲོག་གནས་ཀྱིས། དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ། བྱ་འཕུར་བའམ་རྫི་བསྐྱོད་པའམ། གོམ་པ་གཅིག་གིས་འགོང་པའམ། བྱ་རྨྱང་གཅིག་གིས་བརྟོལ་བ་བཞིན་དུ་ཟླ་བ་བཅུ་གསུམ་གྱི་ལམ་ཡོད་པ་ལ། དུར་ཁྲོད་གསེར་གླིང་གི་ཚ་བ་ཐོན་ནས་བྱོན་པས་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་གྲོ་ཁར་ཧྲིལ་གྱིས་བརྟོལ་ནས་བྱུང་སྟེ། ད་ལྟ་ཁོང་དེ་ན་བཞུགས་ནས་ཡོད་པས། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་དེ་ཁོང་ལ་ཞུས་ན་ཡོང་། གཞན་ད་ལྟ་ཡང་ཆོས་དེ་ལྟ་བུ་ཤེས་པ་མེད་ཟེར་རོ། །དེ་ཡང་ལྷོ་ཕྱོགས་ནི་རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ཕྱོགས། གྱད་ཀྱི་ཡུལ་ནི་གྱད་སྟོབས་པོ་ཆེ་འབྱུང་བའི་ཡུལ། བྷེ་ཏ་ལའི་གླིང་ནི་ལྷོ་ཕྱོགས་བྷེ་ཏ་ལའི་གླིང་བྱ་བ་དེ་ཡིན། ཤིང་དྲ་བ་གཙུག་དགུ་བཀོད་པའི་ཚལ་ནི། ཤིང་རིགས་མི་གཅིག་པ་དགུའི་ནགས་དང་ཚལ་གྱིས་རིམ་པར་བསྐོར་བ་ཡིན། གནོད་སྦྱིན་འབྲོག་གནས་ཀྱི་ས་ནི། དེ་རུ་འགྲོ་བའི་ལམ་རི་བར་གྱི་འབྲོག་ཆེན་པོ་ཡོད་པའི་ས་ན། བསྡོ་བ་ལ་སོགས་པས་གནོད་སྦྱིན་མི་མ་ཡིན་གནས་སོ། །མི་ཕྱུགས་བྱུང་ཚད་ཐམས་ཅད་ལས་ཀྱིས་ཟ་བར་བསྡོས་པ་ཡོད་པའི་ས་ཡིན། དེ་ཚོ་བརྒལ་བ་ན་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་བྱ་བ། རིགས་པའི་གནས་ལྔ་ལ་སོགས་པའི་ཡོན་ཏན་ཅི་ཡང་འབྱུང་བའི་གྲོང་ཁྱེར་ཆེན་པོ་གཅིག་ཡོད་པའོ། །ཤྲཱི་སིང་ཧས་གྲོང་ཁྱེར་དེ་རུ་འགྲོ་བ་ལ་ཉེ་རིང་དང་དཀའ་སླ་ཅི་ཙམ་ཡོད་དྲིས་པས། དེ་རུ་འགྲོ་བ་ལ་ཉེ་རིང་ནི་མི་ཡི་ཡུལ་མེད་པའི་ལུང་སྟོང་ན་ཕར་ལ་འགྲོ་བ་ལ་ཟླ་བ་རིལ་པོ་བཅུ་གསུམ་གྱི་ལམ་ཡོད། དཀའ་སླ་ནི་ལམ་ན་གཅན་གཟན་སྦྲུལ་གདུག་པ་ཅན་རྣམས་དང་། མི་མ་ཡིན་དང་ལྷ་མ་ཡིན་ལ་སོགས་པ་ཡོད། དེ་ཡང་གཅན་གཟན་གདུག་པ་ཅན་དང་འཕྲད་ན་ཁྲུམ་གྱིས་ཟོས་ནས་འགྲོ། སྦྲུལ་གདུག་པ་ཅན་དང་འཕྲད་ན་ལྕེ་ལེབ་ཀྱིས་བྱས་པས། སྣག་མ་ཚོ་ཁ་རུ་སིབ་ལ་རུས་པ་རྣམས་ཐང་ལ་སྤུང་གིས་ཡོང་བ་ཡིན། ལྷ་མ་ཡིན་དང་འཕྲད་ན་སྐད་བཏོན་པ་ཙམ་གྱིས་མིག་ཁྲག་ཕྲུལ་གྱིས་འཆི་བ་ཡིན་སྟེ། དེ་ལྟ་བུ་མེད་ན་ངེད་ཀྱང་འགྲོ་སྟེ་གསུང་ངོ་། །དེ་རུ་ཤྲཱི་སིང་ཧ་ཐེ་ཚོམ་ཨེན་ཅིག་ཟོས་ཏེ། དེ་བས་ཉེ་བའམ་འཇིགས་པ་ཆུང་བའི་ལམ་འདྲ་བ་མེད་དམ་བྱས་པས། དེ་ལས་ཉེ་ཞིང་འཇིགས་པ་ཆུང་བའི་ལམ་ནི་རིའི་ཁོང་སེང་སའི་ཕུག་པ་གཅིག་ན་ཕར་ཕྱིན་ན། ཟླ་བ་རིལ་པོ་དྲུག་ན་སླེབ་ཡོང་བའི་ལམ་གཅིག་ཡོད་དེ། དེའི་ལམ་ནས་ཕར་ལ་ཡང་སྦྲུལ་གདུག་པ་ཅན་དང་། རི་རབ་ཀྱི་ཁོང་སེང་ན་མི་མ་ཡིན་གྱི་གྲོང་ཁྱེར་ཡོད་པས། སྦྲུལ་གདུག་པ་ཅན་གྱིས་ཉེ་མི་ནུས་པ་ལ་རྩི་མ་གི་ཏ་ཞེས་བྱ་བ་གླ་རྩི་ལུས་ལ་འདོགས་དགོས། མི་མ་ཡིན་གྱི་གྲོང་ཁྱེར་དུ་འཁྱམས་ན་རི་རབ་ཀྱི་ཁོང་སེང་དུ་འཁྱམས་ནས་ཕྱི་རུ་མི་ཐོན་པས། མི་མ་ཡིན་གྱི་གྲོང་ཁྱེར་གྱི་སྒོ་སྒྲིབ་པ་ལ། ཞུན་ཆེན་གྱི་མར་མེ་ཁྱེར་ནས་ཕྱིན་ན། ཟླ་བ་རིལ་པོ་དྲུག་ནས་སླེབ་ཡོང་བའི་ལམ་གཅིག་ཡོད་དེ་བྱས་པས། དེ་རུ་འགྲོ་དགོས་བསམ་ནས། ཤྲཱི་སིང་ཧས་དེ་རུ་འཚོ་བའི་ཡོ་བྱད་དང་། དགོས་པའི་རྫས་རྩི་མ་གི་ཏ་ལུས་ལ་བྱུག །ཞུན་ཆེན་གྱི་མར་མེ་ཁྱེར་ནས་ཕྱིན་པས་ཟླ་བ་རིལ་པོ་དྲུག་ན་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་སླེབས་སོ། །དེ་རུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེ་བཞུགས་སམ། ཞེས་དྲིས་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེ། ངེད་ཀྱི་ཡུལ་དུ་བྱོན་ནས། ལོ་ཕྱུགས་རྟག་ཏུ་ལེགས་པ། ཆར་ཆུ་དུས་སུ་ཕེབས་པ། མི་ནད་དང་ཕྱུགས་ནད་རྒྱུན་ཆད་པ་ལ་སོགས་པའི་བཀྲ་ཤིས་པ་དང་ཡོན་ཏན་ཤིན་ཏུ་འཕེལ་བར་བྱུང་བ་ཡིན་ཟེར་ཏེ། ཁོ་རང་ངེད་ཀྱིས་ཞལ་མཇལ་བ་དང་ངོ་ཤེས་པ་མེད་ཟེར་རོ། །གཅིག་ལ་དྲིས། གཉིས་ལ་དྲིས། འཕྲད་ཚད་ལ་དྲིས་པས། དེ་སྐད་ཟེར་བ་ལས་ངས་ཤེས་ཟེར་བ་མ་བྱུང་ནས། དེ་ནས་བཙལ་བས་ཀྱང་མ་རྙེད། སྡོད་པ་ཡང་མ་ཚུགས་ཏེ། ཅམ་མེ་ཅམ་མེར་ཕྱིན་པས་ཆུ་ཁ་གཅིག་ཏུ་སླེབ་ཙ་ན། བུད་མེད་ཆུ་ལེན་པ་གཅིག་དང་མཇལ་ནས་གཏམ་གཅིག་འདྲི་དགོས་བསམ་ནས་དེ་རུ་འདུག་དང་བྱས་པས། ལན་མེད་པར་བུམ་པ་རྒྱབ་ཏུ་ཁྱུག་གིས་ཁུར་ནས་མི་སྡོད་པར་འགྲོ་བར་འདུག་པས། དེ་མ་འཐད་པར་ཚོར་ནས་ཤྲཱི་སིང་ཧས་ཀྱང་གོང་དུ་རྫུ་འཕྲུལ་གྱི་དངོས་གྲུབ་བརྙེས་པ་ཡིན་པས། ཕྱག་གཡས་པ་ཁ་སྦུབ་ནས་དེངས་ཀྱིས་བྱས་ནས་ས་ནི་བྷེ་ས་བྱས་པས། མོའི་བུམ་པ་རྒྱབ་ནས་ཁོག་གི་གོག་ནས་ས་ལ་ཁྲིག་གིས་འབྱར་རོ། །དེ་རུ་མོས་ཀྱང་རྫུ་འཕྲུལ་ཅན་དུ་ངོ་ཤེས་ནས། ཁ་ཕྱི་རུ་ལོག་གི་བྱས་ནས། སོ་གསེབ་ནས་ཤེལ་དཀར་གྱི་གྲི་ཆུང་ཅིག་ཅར་གྱིས་བཏོན་ནས། ཙིཏྟ་ཨ་བྷི་ཥིཉྩ་པྲ་ས་ལ་ཟེར་ནས་བྲང་ཁ་ཤགས་ཀྱི་ཕྱེས་ཏེ། སྙིང་གི་ནང་ནས་ཡང་དག་གྲུབ་པའི་ལྷ་མོ་བརྒྱད་དཔལ་དང་དགུ་འདུག་པ་ཞལ་བསྟན་ནོ། །སློབ་དཔོན་ཤྲཱི་སིང་ཧས་ཀྱང་བུད་མེད་རྫུ་འཕྲུལ་ཅན་གཅིག་ཏུ་འདུག་པར་ཤེས་ནས། ས་ནི་ས་མ་ཡ་ཛཿབྱས་ནས་ཕྱག་གཡས་པ་ཡར་ལ་དེངས་བྱས་པས། བུམ་པ་དེ་ས་ནས་ཁོག་གི་གོག་ནས་མོ་རང་གི་རྒྱབ་ཏུ་ཁྱུག་གིས་སོང་ངོ་། །དེ་རུ་མོ་ན་རེ། ཙིཏྟ་ཨ་བྷི་ཥིཉྩ་མཾ་ཟེར་ནས། བྲང་ཁ་ཅག་གིས་ཟུམ་མོ། །དེ་ཡང་ཙིཏྟ་ནི་ཐུགས། ཨ་བྷི་ཥིཉྩ་ནི་དབང་བསྐུར་བ། མཾ་ནི་ཞལ་གསུམ་པ་ཡིན་ཏེ། དེ་རུ་ཤྲཱི་སིང་ཧ་ལ་ཡང་དག་ཐུགས་ཀྱི་མ་བརྒྱད་དཔལ་དང་དགུའི་ཞལ་བསྟན། དབང་བསྐུར་ནས་ཞལ་ཟུམ་པའོ། །དེ་ནས་མོ་ན་རེ་ཁྱོད་ཅི་འདོད་པ་ཡིན་ཟེར་བས། ང་ནི་གཞན་ཅི་ཡང་མི་འདོད་དེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ། དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་བྱ་བ་འདི་ན་བཞུགས་ཟེར་ནས། འཚོལ་དུ་ཡོང་བ་ལ་ལམ་མ་རྙེད། ཁྱོད་ཀྱི་དེ་འདྲ་ངོ་ཤེས་སམ་བྱས་ནས་དྲིས་པས། བུད་མེད་དེ་ན་རེ། ངས་ངོ་ཤེས་པ་ལས། གཞན་སུས་ཀྱང་ངོ་མི་ཤེས་ཏེ། ང་རང་དམ་རང་གིས་བཅས་པའི་སྲིང་མོ་བཀའ་སྐྱོང་གི་མཁའ་འགྲོ་མ་སྡེ་གསུམ་བྱ་བ་ལས། ངའི་མིང་འབར་མའི་གདོང་ཅན་བྱ་བ་ཡིན་ཏེ། ལྟོས་དང་ཟེར་ནས་ལྗགས་ནར་གྱི་བརྐྱང་བས། སྤྱི་བོ་རུ་ལྷག་གིས་སླེབ་ནས་གདོང་པ་ལ་མེ་འབར་བ་བཞིན་དུ་དམར་རིང་གིས་བྱུང་ངོ་། །དེ་རུ་མོ་ན་རེ། ད་ཁྱེད་རང་ངའི་ཕྱི་རུ་འདོང་ངོ་། །ངས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་བསྟན་གྱིས་ཟེར་ནས། གྲོང་ཁྱེར་དེར་ཆུའི་བུམ་པ་གནས་སུ་སྐྱེལ་བའི་ཚུལ་དུ་བྱས་ནས་ཕྱིར་བྱུང་སྟེ། མ་གི་ཡིན་ནོ་གསུངས་ནས་བལྟས་པས། བཙུན་པ་ཧྲལ་པོ་གཅིག་གིས་རྨོས་ཐོང་ཟུང་གཅིག་མདུན་དུ་བཙུག །གཉའ་ཐོང་ཟུང་གཅིག་ཕྲག་ལ་གཟར་ནས། ཤམ་ཐབས་ཐོད་དུ་བཅིངས་པ་གཅིག་གིས་གླང་ལ་ལྕག་གིས་བྲབ་ཀྱིན་ཞིང་རྨོད་དུ་འགྲོ་བ་གཅིག་བྱུང་ནས། དེའི་དྲུང་དུ་ཕྱིན་ནས་དང་པོ་ནས་ཆོས་ཞུ་མ་བྱས་པར། བཙུན་པ་འོ་སྐོལ་ལ་བཟའ་བ་གཅིག་ཞུ་དང་བྱས་པས། བཙུན་པ་དེ་ན་རེ་བཟའ་བ་འདི་རུ་ག་ན་འོང་། གྲོང་ཡ་གི་ན་ངའི་ཇོ་མོ་ཡོད་ཅིང་དེ་རུ་སློང་དང་ཟེར་ནས། ག་རེ་འདི་ཆོས་ཡོད་པའི་གཞུང་མི་འདུག་སྟེ། འདི་ཁྱིམ་བཙུན་ནམ། ཁྲོམ་བཙུན་གཅིག་ཡིན་ཚོད་དུ་འདུག་སྟེ། གལ་ཏེ་ཡིན་ཡང་སྲིད་པས་ད་དུང་དུ་རྫི་རྟོག་དགོས་བསམ་ནས། ཇོ་མོ་དེའི་དྲུང་དུ་ཕྱི་ནས་ཇོ་མོ་བཟའ་བཅའ་གཅིག་ཞུ་དང་བྱས་པས། ཁྱོད་རང་འདི་རུ་སྡོད་ཅིག་ང་ལ་སྤག་མེད་པས་བཙལ་ནས་ཡོང་གི་ཟེར་ནས་སོང་བས། ཚོང་འདུས་སུ་འགྲོ་བ་ལ་ཉིན་ལམ་བདུན་ཡོད་པ་གཅིག་ཇོ་མོས་ཡུད་ཅིག་ལ་འཁོར་ནས་བྱིའུ་མཆིལ་སྤྲད་བདུན་ཉོས་ནས་ཐུ་བར་བླུག་ནས་གསོན་པོ་རུ་ཁྱེར་ནས་བྱུང་སྟེ། མདུན་དུ་སླེབས་པ་དང་བྱིའུ་བདུན་པོ་ལྟག་པ་ཕུད་ནས་བསད་དེ། སྤུ་བཏོག་རྒྱུ་ལོང་ཕྱུངས་ནས་བཙོས་ཏེ་འབྲས་ཆན་དང་གཉིས་མཁར་གཞོང་གི་སྟེང་དུ་དྲངས་ཏེ། སྤག་མེད་འདི་གསོལ་བར་ཞུ་ཟེར་བས། ཤྲཱི་སིང་ཧས། སྤྱིར་ང་བཙུན་པའི་ཆ་བྱད་དུ་ཡོད་པས་ཤའི་རྣམ་པ་མི་ཞུ། དེའི་ནང་ནས་ཀྱང་དགེ་སློང་གི་ཆ་བྱད་ཡོད་པས་མི་ཞུ། ཁྱད་པར་དུ་ཡང་ང་ལ་བསྔོས་ནས་བསད་པའི་ཤ་འདི་ལྟ་བུ་མི་ཞུ་བས། ཕར་ལ་བཞེས་པར་ཞུ་བྱས་པས། རྗེས་སུ་ཡི་རང་ཆོས་པར་འདུག་ཟེར་ནས་བྱིའུ་མཆིལ་སྤྲད་བདུན་པོ་ལག་ཏུ་བླང་ནས། སེ་གོལ་གཏོགས་པ་གཅིག་བྱས་པས་སྦྲུལ་ཆིལ་བྱས་ནས། ནམ་མཁའ་ལ་ཙི་དི་རི་རི་འཕུར་ནས་སོང་ངོ་། །དེ་རུ་ཨ་མ་ཇོ་མོ་འདིས་ཀྱང་བསད་གསོ་ལ་སོགས་པ་ནུས་པའི་རྫུ་འཕྲུལ་ཅན་གཅིག་འདུག་པས། དེ་ཙུག་ཏུ་སོང་ནས་ད་ཅིའི་བཙུན་པ་དེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་རང་མིན་རྒྱུ་མི་འདུག །ད་དུང་རྫི་རྟོག་བྱ་དགོས་པར་འདུག་བསམ་ནས། ཇོ་མོ་དོ་ནུབ་གནས་གཡར་པོ་ཞུ་དགོས་བྱས་པས། ཁྱོད་རང་དེ་རུ་འདུག་པས་ཆོག་གསུངས་ནས། དེ་རུ་བསྡད་ཙ་ན་དེ་རིང་གི་བཙུན་པ་ཧྲལ་པོ་དེ་དེ་རུ་བྱུང་སྟེ་རྩ་ནས་ཡར་ལ་ཉལ་ནས་འདུག་སྐད། ནངས་པར་སྔ་བ་ནས་ཤྲཱི་སིང་ཧས་རྡོ་རྗེ་སེམས་དཔའི་མདོ་སྒྱུ་འཕྲུལ་དྲྭ་བ་ཞལ་བཏོན་དུ་བྱས་པས། ཁོང་གིས་ཅེ་རེ་གསན་ནས། མདོ་དེ་ཐོན་པ་དང་། དོན་ལ་ལྟ་ཅི་སྨོས་ཏེ། ཚིག་ལ་རྨོངས་པ་གསུངས་ཏེ། ཚིག་ངོ་མཚར་བར་འདུག་སྟེ། དོན་མ་གོ་བ་རུ་འདུག་པ་བྱ་བ་རུ་བྱུང་བས། དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་འདུག །དེ་མིན་གཞན་དེ་འདྲ་བ་མི་ཡོང་བསམ་སྐད། དེ་ནས་བཙུན་པ་དེ་ན་རེ། ཇོ་མོ་སྤག་ཚོལ་ལ་ཤོག །ད་ནང་བཙུན་པ་འདི་ལ་ཚ་བ་འདྲེན་དགོས་གསུངས་ནས། ཡང་ཇོ་མོ་དེས་ཚོང་འདུས་ནས་བུད་མེད་ཀྱི་ལག་པ་གཡོན་པ་གྲུ་མོ་མན་ཆད་ལ་གདུབ་བུ་ལྔ་དང་བཅས་པ་གཅིག་ཉོས་ནས་བྱུང་བས། དེ་འབྲས་ཆན་དང་གཉིས་མཁར་གཞོང་གི་སྟེང་དུ་དྲངས་ནས། སྤག་མེད་འདི་གསོལ་བར་ཞུ་ཟེར་སྐད། སྔར་བཞིན་དུ་དགེ་སློང་གི་ཆ་བྱད་དུ་ཡོད་པས་ཤའི་རྣམ་པ་མི་ཞུ། དེའི་ནང་ནས་ཀྱང་མིའི་ཤ་མི་ཞུ། དེའི་ནང་ནས་ཀྱང་བུད་མེད་ཀྱི་ཤ་མི་ཞུ་བས། ཕར་ལ་བཞེས་པར་ཞུ་བྱས་པས། རྗེས་སུ་ཡི་རང་ཆོས་པ་རང་དུ་འདུག་ཟེར་ནས་བུད་མེད་ཀྱི་ལག་པ་དེ་ནམ་མཁའ་ལ་རྒྱང་རིང་གིས་བོར་ནས། སེ་གོལ་གཏོགས་པ་གཅིག་མཛད་པས། འོད་ཁ་དོག་ལྔ་དང་བཅས་པ་འཇའ་ལྟ་བུ་གཅིག་ཏུ་བྱས་ནས་ནམ་མཁའ་ལ་ཡལ་སོང་སྐད། དེ་རུ་ཐེ་ཚོམ་མ་ཟོས་ཏེ། བཙུན་པ་འདི་སློབ་དཔོན་འཇམ་དཔལ་བཤེས་གཉེན་རང་ཡིན་འདུག །ཇོ་མོ་འདི་ལ་ཡང་རྫུ་འཕྲུལ་འདི་ལྟ་བུ་འདུག་པ་བསམ་ནས། གསེར་གྱི་མཎྜལ་ཕུལ། ལྷ་ཕྱག་དང་བསྐོར་བ་ལན་མང་དུ་བྱས་ནས། སློབ་དཔོན་ཆེན་པོ་ལགས། ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་དུ་གསོལ་བྱས་ནས་གསོལ་བ་བཏབ་ཅིང་ཞུ་བ་ཕུལ་བས་ཅི་ཡང་མི་གསུངས་སྐད། དེ་ནས་ལྷ་ཕྱག་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཙལ། བསྐོར་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱས་པས། ཟླ་བ་ངོ་རེ་ལ་ཞུ་བའི་དོན་རེ་ཕུལ་ཀྱང་ཅི་ཡང་མི་གསུང་ནས། ད་ནི་ནམ་ཡང་ཆོས་མི་སྟེར་བར་འདུག་པས། ང་རང་གི་ཡུལ་དུ་ལོག་ནས་འགྲོ་དགོས་བསམ་ནས། ཁུར་ཙ་དང་ཀ་པ་ལི་དང་ཁྲེས་པོ་ཚོ་བཏེགས་ནས། གདམས་ངག་མ་གནང་ཀྱང་ཕྱི་ཕྱག་ག ཅིག་བྱ་དགོས་བསམ་ནས། མཆོད་ཁང་དུ་ཕྱིན་པ་དང་། ཤྲཱི་སིང་ཧ་གསུངས་དབུ་བཏེགས་བྱུང་ནས། ཨ་བྱས་པ་དང་ཅི་ཡང་མི་གསུང་བར་དབུ་ཧྲིལ་གྱིས་བསྟུམ་ནས་སོང་ངོ་། །གཞན་གདམས་ངག་ནི་མི་སྟེར། ང་ལ་འབོད་དོན་མེད། མཆོད་ཁང་གི་སྦུར་མ་དང་འབག་འབོག་མི་གཙང་བ་འདི་ཚོ་ཕྱོགས་བྱ་བར་བྱུང་བསམ་ནས་ཕྱག་གཡས་པས་ཕྲུལ་དུ་སེར་བུའམ། ཚད་རླངས་གཅིག་གིས་ཕྱག་ཀྱང་ཤུལ་དུ་བཏབ་ནས་བྱུང་ངོ་། །དེ་རུ་ལན་བཅོ་བརྒྱད་དུ་ཕྱགས་དགོས་བྱུང་སྟེ། ཐང་ཆད་ནས་སློབ་དཔོན་གྱི་མདུན་དུ་ཀྲོང་ངེར་ངལ་གསོས་ནས་ཡོད་ཙ་ན། སློབ་དཔོན་གྱི་སྔས་ན་ཤིང་ཐོག་རྡོག་པོ་ཆེ་བ་ཁ་དོག་ལེགས་པ། དྲི་ཞིམ་པ་གཅིག་འདུག་ནས། ད་ཅི་ང་ལ་འབོད་པ་དེ་འདི་རང་ཟོ་བྱས་པ་ཡིན་ནམ་བསམ་ནས། ཤིང་ཐོག་དེ་ཟོས། རོ་མཆོག་བརྒྱ་དང་ལྡན་པ་གཅིག་བྱུང་སྟེ། དེ་ཟོས་ཟིན་པ་དང་དུག་དང་གྱུར་ཏེ་འགྱེལ་ནས་ཤི་འཕྲས་བྱེད་ཅིང་དུག་སྐྱུག་གིན་དུ་འཆི་བ་ལ་ཐུག་ཙ་ན། ཤྲཱི་སིང་ཧའི་ཐུགས་ལ་ཤི་ན་རུང་བདུན་ཤར་ཏེ། ག་རེ་སློབ་དཔོན་གྱིས་གཉའ་ཐོང་ཟུང་གཅིག་ཕྲག་ལ་བཀལ། རྨོས་ཐོང་ཟུང་གཅིག་མདུན་དུ་བཙུག་ནས་བྱུང་བའི་དུས་སུ་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་ཏེ་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་བསམ་པ་དང་གཅིག །བྱིའུ་མཆིལ་སྤྲད་བདུན་གྱི་ཤ་དྲངས་པའི་དུས་ན་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་བསམ་པ་དང་གཉིས། མདོ་སྒྱུ་འཕྲུལ་དྲྭ་བ་བཏོན་པའི་དུས་སུ། ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་བསམ་པ་དང་གསུམ། བུད་མེད་ཀྱི་ལག་པ་གཡོན་པ་དྲངས་པའི་དུས་ན་ཡང་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བསམ་པ་དང་བཞི། སློབ་དཔོན་ལ་གསེར་གྱི་མཎྜལ་ཕུལ། ཕྱག་དང་བསྐོར་བ་བྱས་ནས་གདམས་ངག་ཞུས་པའི་དུས་ན་ཅི་ཡང་མི་གསུངས་པ་དེ་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བསམ་པ་དང་ལྔ། ད་ང་རང་འགྲོ་དགོས་བསམ་ནས། མཆོད་ཁང་དུ་ཕྱིན་པ་དང་། ཤྲཱི་སིང་ཧ་གསུངས་ནས། འདི་ཕྱོགས་བྱ་བ་ཡིན་ནམ་བསམ་ནས། སྦར་སྦུར་ལན་བཅོ་བརྒྱད་དུ་ཕྱགས་དགོས་བྱུང་བ་དེ་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བསམ་པ་དང་དྲུག །དེ་ནས་སློབ་དཔོན་གྱི་སྔས་ན་ཤིང་ཐོག་རྡོག་པོ་ཆེ་བ་ཁ་དོག་ལེགས་པ། དྲི་ཞིམ་པ་གཅིག་འདུག་ནས། འདི་ཟོ་བྱ་བ་ཡིན་འདུག་སེམས་ནས་ཟོས་པས་དུག་ཏུ་གྱུར་ཏེ་སྐྱུག་ཅིང་འགྱེལ་ནས་འཆི་བ་ལ་ཐུག་པའི་དུས་ན། ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་ལ། གོ་བ་མེད་པ་ཁྱེད་རང་ཤི་ན་རུང་བསམ་པ་དང་བདུན་ཤར་ཙ་ན། འགྱེལ་བ་ལས་ཀྱང་བསླང་། སྐྱུག་པའི་འཕྲོ་ཡང་ཆད་ནས་སློབ་དཔོན་གྱི་མདུན་དུ་ཀྲོང་ངེར་བསྡད་ནས་ཡོད་ཙ་ན། ཤྲཱི་སིང་ཧ་གསུངས་ནས། ཨ་བྱས་པས། ཁྱོད་ཅི་འདོད་པ་ཡིན་གསུངས། ང་ནི་ཆོས་ཉིད་ཀྱི་དོན་སྐད་ཅིག་མ་ཅིག་གིས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བ་ཞིག་འདོད་པ་ཡིན་ཏེ་བྱས་པས། འོ་ན་ཁྱོད་ཀྱིས་ད་དུང་མ་གོའམ་གསུངས། བདག་གིས་ནི་མ་རིག་མ་གོ་མ་རྟོགས་སོ་ཞུས་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཕྱག་གཡས་པ་སློབ་དཔོན་ཤྲཱི་སིང་ཧའི་སྤྱི་བོ་རུ་བརྐྱང་ནས། ཨ་ཧ་ཧོའི་ཞེས་བྱིན་གྱིས་བརླབས་པས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་གཉིས་སུ་མེད་པ། འི་ནི་གཉིས་སུ་མེད་པའི་དོན་ལ་དབྱེ་རུ་མི་ཕྱེད་དེ། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ངང་དུ་ཕྲིལ་གྱིས་ཞག་བདུན་གྱི་བར་དུ་སོང་ངོ་། །ཏིང་ངེ་འཛིན་དེ་ལས་སད་ཙ་ན་རྗེས་ཀྱི་ཤེས་པ་ལ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ། མུན་ཁུང་དུ་སྒྲོན་མེ་བཏེགས་བ་བཞིན་དུ། རང་གསལ་དུ་ལྷག་གེར་རྒྱུད་ལ་ཤར་རོ། །དེའི་དོན་དེ་བརྗེད་ཀྱིས་དོགས་པའམ། བརྟན་པར་བྱ་བའི་ཕྱིར་མི་བརྗེད་མི་ཡལ་བར་བྱ་བའི་བརྗེད་རྡོ་རུ་བརྡས་བསྟན་པ། ཨ་ཝན་དྷ་ར་ཞེས་བརྡས་བསྟན་ནོ། །དེ་ཡང་ཤྲཱི་སིང་ཧ་ལ། ཁྱེད་རང་ནམ་མཁའི་དཀྱིལ་ཡ་གི་ལ་ལྟོས། ཁྱོད་རང་གི་རྒྱུད་ལ་སྐྱེས་པ་དེ། དཔེར་ན་ནམ་མཁའི་དཀྱིལ་ཡ་གི་དང་འདྲ་བ་ཡིན་གྱི་བྱ་བའི་བརྡའ་རུ་བྱུང་ནས། ནམ་མཁའི་དཀྱིལ་དུ་བལྟས་པས། ནམ་མཁའི་དཀྱིལ་ཡར་གནམ་སྔོན་པོ་ལ་མ་བལྟས། མར་ས་རྡོ་རབ་རིབ་ལ་མ་བལྟས། ཚུར་ཁ་ལུས་དང་སེམས་ལ་མ་འཁྲིས། བར་སྣང་ལས་གཞན་ལ་མ་འཕྲོས་པར། མདུན་གྱི་ནམ་མཁའ་འདོམ་གང་གི་ཚད་ཙམ་དུ་བལྟས་པས། མདུན་གྱི་ནམ་མཁའ་འདི་དང་པོ་རྒྱུ་ལས་མ་བྱུང་། བར་དུ་རྫས་སུ་མ་གྲུབ། ཐ་མ་རྐྱེན་གང་གིས་ཀྱང་མི་འཇིག་སྟེ། གསལ་ལ་ངོས་བཟུང་མེད་པར་འདུག །དཔེ་དེ་བཞིན་དུ་རང་གི་སེམས་ཉིད་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ། དང་པོ་རྒྱུ་འདི་ལས་བྱུང་བྱ་བ་མི་འདུག །བར་དུ་དངོས་རྫས་སུ་མ་གྲུབ། ཐ་མ་རྐྱེན་གང་གིས་ཀྱང་མི་འཇིག་པ། འདུས་མ་བྱས་པ་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ། གསལ་ལ་རྟོག་པ་མེད་པ། ནམ་མཁའི་དཀྱིལ་ལྟ་བུ་གཅིག་རྟོགས་སོ། །དེ་རུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་ནས། ངས་གཉའ་ཐོང་ཟུང་གཅིག་ཕྲག་ལ་གཟར། རྨོས་ཐོང་ཟུང་གཅིག་མདུན་དུ་བཙུག་པའི་དུས་སུ་ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། བྱིའུ་མཆིལ་པ་བདུན་གྱི་ཤ་དྲངས་པ་དེ་ཚོགས་དྲུག་ངོ་བོ་གཅིག་ཏུ་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། མདོ་སྒྱུ་འཕྲུལ་དྲྭ་བ་བཏོན་པའི་དུས་སུ། ཆོས་ཐམས་ཅད་བསམ་བརྗོད་དང་བྲལ་བར་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། བུད་མེད་ཀྱི་ལག་པ་གཡོན་པ་གདུབ་བུ་ལྔ་དང་བཅས་པ་གཅིག་དྲངས་པའི་དུས་སུ་བུད་མེད་ཤེས་རབ་ཀྱི་རང་བཞིན་ལ་ཡེ་ཤེས་ལྔར་འཆར་བར་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། གསེར་གྱི་མཎྜལ་ཕུལ་ནས་ཕྱག་དང་བསྐོར་བ་བྱས་ནས་ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་པར་ཞུ་ཟེར་བའི་དུས་སུ། ངས་ཅི་ཡང་མ་སྨྲས་པ་དེ་དོན་སྨྲ་བརྗོད་དང་བྲལ་བར་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། སྦར་སྦུར་ལན་བཅོ་བརྒྱད་དུ་ཕྱག་ཏུ་བཅུག་པ་དེ་ཁྱོད་ལ་ཁམས་བཅོ་བརྒྱད་ཀྱི་སྒྲིབ་པ་ཟབ་ཅིང་ཕྲ་བ་གཅིག་འདུག་པ་དེ་སྦྱོང་བའི་ཕྱིར་དུ་བླ་མའི་མཆོད་ཁང་ཕྱག་བདར་བྱེད་དུ་བཅུག་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། ཤིང་ཐོག་ཁ་དོག་ལེགས་པ་རྡོག་པོ་ཆེ་ཞིང་དྲི་ཞིམ་པ་དེ་ཁྱོད་ཕྱི་གཟུང་བའི་ཡུལ་ལ་ཆགས་པ་ཡིན། རོ་མཆོག་བརྒྱ་དང་ལྡན་པར་ཚོར་བ་དེ། ནང་འཛིན་པའི་སེམས་ལ་ཆགས་པ་ཡིན། གཟུང་འཛིན་གཉིས་པོ་དུག་ཏུ་གྱུར་ནས། ན་ནས་ཤི་ལ་ཁད་པའི་དུས་སུ། ཤི་ན་རུང་བདུན་བྱུང་བས་བཤགས་པར་སོང་ནས་སྒྲིབ་པ་དག་པ་ཡིན། ངས་ཀྱང་དེ་གོང་ནས་བསྟན་པ་ཡིན་ཏེ། ཁྱོད་རང་ལས་སྒྲིབ་ཆེ་བས་མ་གོ་བ་ཡིན་སྐད། དེ་རུ་སྒྲིབ་པ་དག་པས་བསྟན་པ་ཙམ་གྱིས་རྟོགས། རྟོགས་པ་ཙམ་གྱིས་མངོན་དུ་གྱུར་ཏེ། འབྲས་འཁོར་མ་ལོ་ལེགས་ན། སོག་ཕུབ་ཞོར་ལ་འབྱུང་བ་བཞིན་དུ། མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ། ཐུན་མོང་གི་དངོས་གྲུབ་ཞར་ལ་བྱུང་སྟེ། དེ་ནས་བྱ་འཕུར་བའམ་རྫི་བསྐྱོད་པའམ་གོམ་པ་གཅིག་གིས་འགོང་པའམ་བྱ་རྨྱང་གཅིག་གིས་སླེབས་པ་བཞིན་དུ་གྱུར་ཏེ། ཤྲཱི་སིང་ཧ་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་ནས་ཚ་བ་ཐོན་ནས་བྱོན་པས། རྡོ་རྗེ་གདན་གྱི་བྱང་ཕྱོགས་གྲོང་ཁྱེར་སེར་སྐྱའི་སྒོ་ཁང་ན་ཡོད་པའི་དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་གྲོ་ཁ་རུ་སླེབས་སོ། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་ཚུར་ལ་ཕྱི་པ་མུ་སྟེགས་པའི་རྩོད་པ་དར་བས། ནང་པ་སངས་རྒྱས་པའི་བསྟན་པ་ནུབ་ལ་ཁད་པ། སློབ་དཔོན་ཤྲཱི་སིང་ཧས་ཚར་བཅད་ནས། ནང་པ་སངས་རྒྱས་པའི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ། དགྲ་བཅོམ་པ་ལྔ་བརྒྱའི་དཔོན་མཛད་དོ། །དེ་ནས་རྒྱ་གར་ནས་ཚེ་འཕོས་ནས་བོད་དུ་སྐུ་འཁྲུངས་པའི་མངའ་བདག་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱི་སྙན་དུ་གསན། ཐུགས་ཀྱིས་ཀྱང་མཁྱེན་ནས་བསམ་ཡས་སུ། ལི་རྟག་པོ་ཆེའམ། ལི་ཁྲ་མི་ལ་སོགས་རྒྱ་མི་བདུན་བྱ་བ་བསགས་ནས། འོ་སྐོལ་གྱི་བོད་ན་རྒྱུ་འབྲས་ཀྱི་ཆོས་བཤད་དེ་དར་ན་ཡང་། འཁོར་བའི་གནས་མཐོ་དམན་ལས། གྲོལ་བའི་སྐབས་མི་འདུག །ཡུལ་རྒྱ་གར་གྱི་ཡུལ་ན། རྒྱུ་འབྲས་ཀྱི་ཆོས་མཐའ་དག་ལས་བོགས་ཕྱུང་བ། བཀའ་སེམས་ཕྱོགས་ཀྱི་ཆོས་མན་ངག་གི་དོན་སྐད་ཅིག་མས་རྟོགས་ནས་ཚེ་གཅིག་གིས་སངས་རྒྱས་པའི་གདམས་ངག་ཡོད་མཆི་བས། འོ་སྐོལ་དེ་ལྟ་བུ་ཞུ་རུ་བཏང་དགོས་གསུངས་པས། རྒྱ་མི་མི་བདུན་ལ་སོགས་པ་རྣམས་གྲོས་བྱས་ནས། མངའ་བདག་རྒྱལ་པོ་ལགས། དེ་ལྟ་བུ་ཞུ་བ་ལ། སུ་ཏོ་མུ་ཏོ་ཅི་ཡིན་ཆ་མེད་པ་བཏང་བས་ཕན་མི་ཐོགས་ཏེ། ལམ་ན་འཕྲང་དགུ་དང་གཅན་དགུ་ལ་སོགས་པ་དཀའ་བའི་འཕྲང་མང་པོ་ཡོད་པས། མི་ཡང་ཤི །ནོར་ཡར་ཤོར་ནས་ངན་པ་ཕྱིས་འགྱོད་ན་མི་ཡོང་བས། འོ་སྐོལ་མོ་བཏབ། དཔྱད་བྱས། པྲ་ཕབ་ནས། འདིས་ལོན་ཡོང་ཟེར་བའི་ཁ་འཆམ་པ། ཕྱིས་མི་འགྱོད་པ་གཅིག་བཏང་དགོས་ཟེར་བས། དེ་རུ་བོད་ཀྱི་མོ་མ་ལ་མཁས་པ་དཔེ་ནི་གུ་བྱ་བ་ལིའི་ཡུལ་ལ ས་བཀུག །རྒྱ་ནག་པོའི་དཔྱད་མཁན་ལ་མཁས་པ་བྷེ་ཤོག་པྲ་བྱ་བ་རྒྱ་ནག་པོའི་ཡུལ་ནས་བཀུག །པྲ་མཁན་ལ་མཁས་པ་པྲ་སེ་ན་བྱ་བ་རྒྱ་དཀར་པོའི་ཡུལ་ནས་བཀུག་སྟེ་དེ་རུ་མོ་བཏབ། པྲ་ཕབ། དཔྱད་བྱས་པས། མཁས་པའི་མཐར་ཐུག་པ་དེ་གསུམ་ཁ་འཆམ་སྟེ། དེ་ལྟ་བུའི་ཆོས་གཞན་སུས་ཀྱང་མི་ལོན་ཏེ། ཡུལ་གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ན། ཡབ་པ་གོར་ཧེ་འདོད། ཡུམ་བྲན་བཟའ་སྒྲོན་སྐྱིད་བྱ་བ་ལ། པ་གོར་གན་འཇག་ཐང་ཏ་བྱ་བ་བྱིས་པ་ལོ་བརྒྱད་ལོན་པ་གཅིག་ཡོད་པ་དེ་བཏང་ན་ལོན། གཞན་སུས་ཀྱང་མི་ལོན་ཟེར་ནས། དེ་རུ་མངའ་བདག་རྒྱལ་པོས། བློན་འཁོར་ཉི་ཤུ་རྩ་ལྔ་ཙམ་ཁྲིད་ནས། གཙང་གི་སྙེ་མོ་བྱེ་མཁར་དུ་བྱོན་ཏེ། གནས་གཅིག་འདུག་པའི་སྒོ་མདུན་དུ་བསྒུག་པས། རྒྱལ་པོ་གཟི་བརྗིད་ཆེ་བ་དང་། ཕྱག་དང་ཞེ་ས་མི་ཤེས་པས། ཉི་མ་ཕྱི་ཕྲང་ཚུན་ཆད་དུ་མཇལ་འཕྲད་མ་ནུས་ཏེ། མིའི་འགྲུལ་ཆད་སྐད། དེ་ནས་སྒོ་མདུན་དུ་བྱིས་པ་ར་ལུ་ཅན་གཅིག་བྱུང་སྟེ། མངའ་བདག་རྒྱལ་པོས་བྱིས་པ་དེ་ལ་ཞལ་ཀྱལ་ཀུ་རེའི་ཐབས་སུ་དྲི་བ་བྱས་ཏེ། བྱིས་པ་ཁྱོད་ཀྱི་ཕ་ག་རུ་སོང་བྱས་པས། ངའི་ཕ་གཏམ་འཚོལ་དུ་སོང་ཟེར། མ་ག་རུ་སོང་བྱས་པས། མ་མིག་འཚོལ་དུ་སོང་ཟེར། ཁྱོད་ག་རུ་འགྲོ་བྱས་པས། ང་འགྲོ་བའི་དོན་ལ་འགྲོ་བ་ཡིན་ཟེར་བས། མངའ་བདག་རྒྱལ་པོའི་ཞལ་ནས། ཁ་བརྡའ་དང་ལ་ཉེ་བཟང་། ངེད་རང་འདོད་པའི་བུ་དེ་རང་ཡིན་ནམ་གསུངས་སྐད། བྱིས་པ་དེ་པ་གོར་ཧེ་འདོད་ཀྱི་བུ་པ་གོར་གན་འཇག་ཡིན་ཏེ། དཔལ་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་བཻ་རོ་ཙ་ན་བྱ་བ་ཡིན། མངའ་བདག་རྒྱལ་པོ་དེ་ཡང་རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་པས། ཁ་བརྡ་དང་ལ་ཉེ་ཡང་འདི་ལྟར་དུ་གོ་སྟེ། ཕ་གཏམ་འཚོལ་དུ་སོང་བ་དེ་རྒྱ་གར་གྱི་ཆོས་ཀྱི་གཏམ་འཚོལ་དུ་འགྲོ་བྱ་བར་གོ། མ་མིག་འཚོལ་དུ་སོང་བྱ་བ་དེ་མ་རིག་མུན་པ་སེལ་བའི་མན་ངག་མིག་ལྟ་བུ་འཚོལ་དུ་འགྲོ་བྱ་བར་གོ། ང་རང་འགྲོ་བའི་དོན་ལ་ཕྱིན་པ་ཡིན་ཟེར་བ་དེ། ངས་ཀྱང་འགྲོ་བའི་དོན་བྱས་ན་འོང་བ་ཡིན་བྱ་རུ་གོ་བ་ལགས་སྐད། དེར་པ་གོར་ཧེ་འདོད་ཀྱིས་ཞུགས་ཀྱང་སྒྲོན། དྲུང་མར་ཡང་དྲངས། རྗེ་ལགས། ཞབས་དོན་ཅི་མངའ་ཞེས་དྲིས་པས། རྗེའི་ཞལ་ནས། རྒྱ་གར་གྱི་ཡུལ་ན་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བའི་ཆོས་ཡོད་ཟེར་བས། དེ་ཞུ་རུ་གཏོང་བ་ལ་གཞན་སུས་ཀྱང་མི་ཡོང་བས། ཁྱོད་ཀྱི་བུ་འདིས་ཡོང་ཟེར་བས། ཁྱོད་ཀྱི་བུ་འདི་སློང་དུ་འོང་བ་ཡིན་གསུངས་པས། ངའི་བུ་ལོ་བརྒྱད་ལས་མ་ལོན་པས། རྒྱ་གར་དུ་ཅང་སླེབ་བམ། ཆོས་ཞུ་བ་ཡང་ཡོང་ངམ་ཟེར་ཏེ། དེར་རྒྱལ་པོའི་ཞལ་ནས། ངེད་ད་ལྟ་གཏོང་བ་མིན་གྱིས། དུས་ལན་གཅིག་གཏོང་བ་ཡིན་ཟེར་ནས། དེར་གན་འཇག་བརྟན་བཟའ་མི་མར་ལ་ཁྲིད་ནས། རོག་པ་རྩ་རུ་ཕོག །བཻ་རོ་ཙ་ན་བྲག་དམར་བསམ་ཡས་སུ་ཁྲིད་ནས། ལོ་བརྒྱད་ཀྱི་བར་དུ་ཉིན་གྲིབ་མཚམས་སུ་བཞག་ནས། ཟས་སུ་དཀར་གསུམ་གསོལ་ཞིང་། ཤེས་རབ་བསྐྱེད་པའི་གཟུངས་དང་། བློ་འཕེལ་པའི་ཐབས་བསྒྲུབས་སོ། །དེར་ལོ་བཅུ་དྲུག་ལོན་པ་དང་། དབུ་སྐྲ་བཞར་ནས། གསེར་གྱི་པ་ཏྲ་བདུན་བརྡུངས་ནས། ཐོད་པའི་དབྱིབས་སུ་བུ་ག་མང་པོ་ཕུག་ནས་མགོ་ལ་བཀབ་སྟེ། གཙང་ཐེ་ལེན་པ་དང་། ན་ལེན་ཏྲའི་བུ་གཙང་སྔོན་པོ་ལེགས་གྲུབ་བྱ་བ་ལོ་ཉི་ཤུ་རྩ་ལྔ་ལོན་པ་གཅིག་དང་གཉིས་ཀྱིས། བསམ་ཡས་ཀྱི་ཨརྱ་པ་ལོའི་གླིང་དུ། རྨི་ལམ་བརྟགས་པས་བཟང་ནས་གཤེགས་སོ། །དེ་ནས་འཕྲང་དགུ་གཅན་དགུ་རུ་ལ་ལར་གླུ་བླངས། ལ་ལར་སྒྲུང་བཏང་། ལ་ལར་གསེར་བྱིན་ནས། དཀའ་བའི་སྤྱོད་པ་སྣ་ཚོགས་མཛད་ནས་གཤེགས་སོ། །དེ་ནས་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ། སློབ་དཔོན་ཤྲཱི་སིང་ཧ་ལ་ཆོས་ཞུས་པས། ལོ་གཅིག་ཏུ་བཀའ་སེམས་ཕྱོགས་གསུངས་ཏེ། རྒྱ་གར་དུ་སློབ་བུ་བྱས། ལོ་གཅིག་ལོན་པ་དང་། བོད་བུ་གཉིས་པོ་གོའམ་ཚིམ་མམ་གསུངས་ཏེ། གཙང་སྔོན་པོ་ལེགས་གྲུབ་ཞལ་ནས། བདག་གིས་ནི་གོའོ། །རྟོགས་སོ། །ཚིམ་མོ་གསུངས་ནས། སྔོན་ལ་བོད་དུ་གཤེགས་ཏེ་འཕྲང་བས་བཀྲོངས་སོ། །བཻ་རོ་ཙ་ནའི་ཐུགས་ལ། དང་པོ་ཐོས་པའི་ཤེས་རབ་སྒྲ་འབའ་ཞིག་ཏུ་འདུག །བར་དུ་བསམ་པའི་ཤེས་རབ་སྒྲ་དོན་ཕྱེད་མར་འདུག །ཐ་མ་སྒོམ་པའི་ཤེས་རབ་དོན་དུ་འདུག་ཀྱང་། དེ་ཡང་ཐོས་བསམ་སྒོམ་གསུམ་གྱིས་རྒྱུད་སྦྱངས་དགོས་པར་འདུག་པས། སྐད་གཅིག་མས་རྟོགས་ནས་ཚེ་གཅིག་གིས་སངས་རྒྱས་པའི་ཆོས་དེ་མི་འདུག་བསམ་ནས། དེར་སྐྲ་བཞར་ནས། གསེར་གྱི་པ་ཏྲ་བདུན་མགོ་ནས་ཕུད་ནས། ཕྱིས་ནས་སློབ་དཔོན་ཤྲཱི་སིང་ཧའི་ཕྱག་ཏུ་ཕུལ་ཏེ། སློབ་དཔོན་ཤྲཱི་སིང་ཧ་ལགས། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་ནས། ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་ཆོས་སློབ་དཔོན་ལ་ཡོད་མཆིས་པས། བདག་ཞུ་རུ་བཏང་བ་ལགས་པས། ཆབ་གསེར་འདི་དག་ཀྱང་རྗེའི་ཕྱག་ནས་བསྐུར་བ་ལགས་པས། སློབ་དཔོན་གྱི་ཕྱག་ཏུ་བསྣམས་ལ། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་གདམས་ངག་དེ་ཐུགས་ལ་གདགས་པར་ཞུ་ལགས། དེ་ཐུགས་ལ་མ་བཏགས་ན། བདག་བོད་དུ་ཕྱིན་ཀྱང་རྒྱལ་པོས་བཀའ་ཆད་བཅད་ནས། ཆབ་ལ་གསོལ་ཏེ་མཆི་བས། ཐུགས་ལ་གདགས་པར་ཞུ་འཚལ་ཅེས་ཞུས་པས། སློབ་དཔོན་གྱི་ཕྱག་གཡོན་པ་ན་གསེར་གྱི་པ་ཏྲ་བསྣམས། གཡས་པ་བཻ་རོ་ཙ་ནའི་སྤྱི་བོར་བརྐྱངས་ནས། ཨ་ཧ་ཧོའི་ཞེས་བྱིན་གྱིས་བརླབས། ཐུགས་ཡིད་དཀྲུག་གིས་འདྲེས་ནས། ཆོས་ཉིད་ཀྱི་རང་སྒྲ་ཞག་བདུན་གྱི་བར་དུ་ཡལ་བར་བྱུང་ངོ་། །དེར་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ། མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་དུ། ཐུགས་སུ་ལྷག་གིས་གསལ་ལོ། །དེ་ལས་སད་ཙ་ན་བལྟས་པས། སློབ་དཔོན་ཡང་དེ་རང་ན་བཞུགས་ནས་འདུག་སྟེ། དེའི་དུས་དེའི་ཚེ་སན་དྷ་ར་ཞེས་བརྡས་སུ་བསྟན་ནོ། །དེ་ཁྱོད་རང་མན་ཤེལ་འདི་ལ་ལྟོས་དང་བྱ་བ་རུ་གོ་ནས། བལྟས་པས་རིན་པོ་ཆེ་མན་ཤེལ་དེ་རྐྱེན་ཁ་དོག་རྣམ་པ་ལྔ། གང་གིས་ཐོག་ཏུ་བཞག་པ་དེ་བཞིན་དུ། ཁོ་ཡང་ཁ་དོག་འགྱུར་བྱིན་འདུག་སྟེ། གང་ལ་ཡང་མ་བརྟེན་པའི་དུས་ན། གསལ་བ་ལ་ངོ་བོ་གང་ཡང་མ་གྲུབ་པ་གཅིག་ཏུ་འདུག་པས། དཔེ་དེ་བཞིན་དུ། དོན་རང་གི་མཚན་ཉིད་ཆོས་བཞི་དང་ལྡན་པ་དེ། མ་རྟོགས་པའི་དུས་ན་རྐྱེན་གྱིས་ཅིར་ཡང་འཆར་གིན་འདུག་པ་ལ། རྐྱེན་གང་ལ་ཡང་མ་བརྟེན་པའི་དུས་ན། གསལ་ལ་ངོ་བོ་གང་དུ་ཡང་མ་གྲུབ་པ་གཅིག་རྟོགས་སོ། །དེར་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དག་ནས། ཆོས་ཉིད་ཀྱི་དོན་ལ་རྟོགས་པ་མངོན་དུ་གྱུར་ནས། མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ། ཐུན་མོང་གི་དངོས་གྲུབ་ཞར་ལ་བྱུང་སྟེ། དཔེར་ན་འབྲས་འཁོར་མ་ལོ་ལེགས་ན་སོག་ཕུབ་ཞར་ལ་འབྱུང་བ་བཞིན་ནོ། །དེ་ནས་སློབ་དཔོན་བཻ་རོ་ཙ་ནའི་ཐུགས་ལ། ད་བོད་དུ་འགྲོ་དགོས་བསམ་པ་ལ། གཙང་ལེགས་གྲུབ་འཕྲང་བས་བསད་པས། སོམ་ཉི་ཨེན་ཅིག་ཟོས་པ་ལ། སློབ་དཔོན་ཤྲཱི་སེང་ཧའི་ཞལ་ནས། ཆུ་འདི་དག་ལ་བརྟེན་པའི་གྲུ། །སྐྱ་བ་དྲག་པོས་རྩོལ་ཕོད་ན། །གྲུས་ཀྱང་ཕ་རོལ་ཕྱིན་པར་འགྱུར། །གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུའི་མཐེབ་ཀྱིས་རྩོལ་ཕོད་ན། །མདས་ཀྱང་ཕ་རོལ་ཕྱིན་པར་འགྱུར། །ཡོན་ཏན་དག་ལ་བརྟེན་པའི་མི། །ས་ཕྱོགས་བགྲོད་ཀྱང་ཉམ་མི་ང་། །ཞེས་གསུངས་པས། བཻ་རོ་ཙ་ན་ཐེ་ཚོམ་མེད་པར་གཤེགས་ཏེ། དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ནས་ཚ་བ་ཐོན་ནས་ཕྱིན་པས་བསམ་ཡས་སུ་གྲོ་ཁར་བརྟོལ་ལོ། །དེ་ཡན་ཆད་ནི་རིག་འཛིན་བརྡས་གྲོལ་བའི་བརྒྱུད་པ་ཡིན་ནོ།། ༈ །།དེ་ནས་རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་རཱ་ཛའི་རྨི་ལམ་ལོག་སྟེ། བོད་དུ་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པ་གཅིག་ཤོར་ནས་འདུག་སེམས་ནས། རྒྱལ་པོའི་ཞལ་ནས། བོད་སྤྲེའུ་བྲག་སྲིན་གྱི་བུ་ཡིན་པས། བོད་དུ་ཐེག་པ་ཆེན་པོའི་ཆོས་ཤོར་དུ་འཕངས་པས། རྐང་མགྱོགས་པ་སོང་ལ་བོད་དུ་ཕྲ་མ་ཆུག་ཅིག་གསུང་ངོ་། །དེར་ཞག་བདུན་ན་རྐང་མགྱོགས་པ་མི་བདུན་གྱིས་བསམ་ཡས་སུ་བརྟོལ་ཏེ། བོད་དུ་གཅིག་གིས་ངན་སྔགས་དང་། དུག་སྦྱོར་བསླུས་ནས་སོང་བས། བོད་ཕུང་དུ་འགྲོ་བས། དེ་སྤྱུག་ཅིག་སོད་ཅིག་ཟེར་ནས་སོང་ངོ་། །དེ་ནས་ལི་རྟག་པོ་ཆེའམ། ལི་ཁྲ་མི་ལ་སོགས་པ། རྒྱ་མི་མི་བདུན་འདུས་ནས། མངའ་བདག་ལས་ཅོལ་ཆུང་བ་མེད། ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས་ཚེ་གཅིག་གི་སངས་རྒྱས་པ་ཡོད་ཟེར་ནས། དེ་ཞུ་རུ་བཏང་བ་ཡིན་ན། གནོད་བྱ་མང་པོ་སློབ་ཏུ་བཅུག་ནས་ཅི་བྱེད། མངའ་བདག་ལ་དགྲ་ནི་མི་ཡོང་ན། ད་བོད་ཕུང་འགྲོ་བས་འདི་སྤྱུགས་པ་ལས་མི་བཏུབ་ཟེར་ནས་མངའ་བདག་གིས་སློབ་དཔོན་སྤྱུགས་པར་བྱས་ཏེ། མི་བཙུན་པ་དབང་ཆུང་བ་ངན་ལ་རིད་པ་གཅིག་བཟུང་ནས། སློབ་དཔོན་གྱི་གོས་བསྐོན། ཟས་བྱིན་ནས། བོད་འབངས་ཚོ་འདིར་འདུས་ཤིག །སློབ་དཔོན་སྤྱུགས་པ་ཡིན་ནོ་གསུངས་ནས། ཟངས་གཙང་པོ་ལས་བསྐྱུར་རོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀྱིས་བཟུང་བས། ཟངས་དེ་འོལ་ཁ་མཁར་ལྟག་ཡང་སྣང་གི་འཁོར་མར་ཆགས་སོ། །དེར་འཁོར་མའི་བདག་པོས་ཟངས་དེ་རྙེད་ནས། ཁ་ཕྱེ་བས་མི་གཅིག་བྱུང་སྟེ། འདི་གླུད་དུ་བཏང་བའི་མི་གཅིག་འདུག་ཟེར་ནས། གསོས་པས་འོལ་ཁ་རྒྱུག་ཐང་གི་ལྷུ་མི་ཡིན་སྐད། དེ་ནས་སློབ་དཔོན་དབུ་རྩེའི་གློ་འབུར་དུ་བཞུགས་ནས། རྒྱལ་པོ་ལ་ཆོས་གསུངས་བཞིན་ཡོད་པ་ལ། ཇོ་མོ་ཚེ་སྤོང་བཟའ་ཞེ་སྡང་ཆེ་བས། ཕྱིས་བྱར་བྱས་ནས། རྒྱལ་པོ་གར་འགྲོ་བ་བལྟས་པས། རྒྱལ་པོ་སློབ་དཔོན་ལ་དྲུང་མར་ཡང་དྲངས། དར་གྱི་ཐོད་ཕུད་ནས་ཁྲུས་བཤལ་བྱེད་ཅིང་ཡོད་པ་དེ་མོས་མཐོང་ནས། དེར་མོ་རང་བདས་པས་མ་ཟིན་ཏེ། མོས་རྔ་བོ་ཆེ་བརྡུངས་པས། བོད་འབངས་ཚོ་དེར་འདུས་ཏེ། དེར་ཇོ་མོ་ན་རེ། མངའ་བདག་ལས་ཅོལ་ཆུང་བ་མེད་དེ། སློབ་དཔོན་དེ་ད་རུང་འདུག་གོ། །ཆུ་ལ་བསྐྱུར་བ་དེ་སྤྲང་པོ་ཡིན་འདུག་གོ་ཟེར་བས། དེར་བློན་འཁོར་ཀུན་འདུས་ནས། མངའ་བདག་ལས་ཅོལ་ཆུང་བ་མེད། གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་ཐམས་ཅད་གྱང་གི་ལོགས་ལ་བྱུག །ཆོས་ལེན་དུ་གཏོང་ཟེར་ནས་ངན་སྔགས་དང་དུག་སྦྱོར་དང་ཁྲོ་ཆུ་མཐེབ་རྒྱ་ཅན་བསླུས། སློབ་དཔོན་སྤྱུགས་པར་བྱས་ནས་སྤྲང་པོ་ཆུ་ལ་འབོར། ད་ཡང་སྤྱུགས་དགོས་ཟེར་ནས་རྒྱལ་པོ་བློན་འཁོར་ཉི་ཤུ་རྩ་ལྔ་དང་བཅས་པས། སྐྱི་གཙང་ལ་བརྒལ་ནས་འགྲོ་བའི་དུས་དེར། སློབ་དཔོན་མ་དགྱེས་ནས་མགུར་བཞེངས་པས། ཇོ་མོ་འགྱོད་ནས་ད་མི་གཤེགས་པར་ཞུ་བྱས་ནས། ཉག་ཐག་ནས་འཐེན་པས། སེམས་ཀྱི་ཐག་པ་དེ་གོང་དུ་བཅད། གྲུའི་ཉག་ཐག་དེ་ཚུར་ལ་ཐོང་ཟེར་ནས་གཤེགས་སོ། །དེར་ཚ་བ་རོང་གི་ལ་ཁར་བསྐྱལ་ནས། ད་རུང་ཡར་ལ་གཤེགས་པར་ཞུ་བྱས་པས། ལན་ཅིག་འོང་གི་གསུངས་ནས། མར་ལ་གཤེགས་སོ། །བློན་འཁོར་ཚོ་ཡར་ལ་ལོག་གོ། །དེར་སློབ་དཔོན་ཚ་བ་རོང་གི་རི་ལ་བཞུགས་ཡོད་པ་ལ། བོད་ཀྱི་བྱ་སློབ་དཔོན་གྱི་ཕྱི་ལ་འབྲངས་ནས། གྲོང་ན་མར་བྱུང་བས། རྒྱལ་མོ་དཔལ་གཞེར་འཕན་བུ་ལ་སོགས་པ་ན་རེ། བོད་ཀྱི་བྱ་ངེད་ཀྱི་ཡུལ་དུ་བྱུང་བས། བོད་ཀྱིས་ངེད་ཀྱི་ཡུལ་འཕྲོག་པའི་སོ་རྟོགས་པ་ཡིན་པས་དེ་རིང་རི་ཉུལ་དགོས་ཟེར་ནས། བཙལ་བས་སློབ་དཔོན་རྙེད་ནས། དྲུད་བཤལ་བརྡུང་བཙོགས་མང་པོ་བྱས། སྦལ་དོང་དང་ཤིག་དོང་དུ་བཅུག་སྟེ། སློབ་དཔོན་ཆོས་ཉིད་ཀྱི་ངང་ལ་བཞུགས་པས། སྦལ་པ་དང་ཤིག་གིས་ཟ་མ་ནུས་ཏེ། ངོ་མཚར་སྐྱེས་ནས། བོད་སྟོང་སྦོས་གཅིག་འདུག་ཟེར་ནས་མཆོད་གནས་བྱས་སོ། །དེར་ཚ་བ་རོང་པ་ལ་ཆོས་སྟོན་དགོས་བསམ་ནས། སྒྲ་ཤེས་སམ་མི་ཤེས་བལྟས་པས། མི་མང་པོ་འཚོགས་པའི་ས་རུ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་གྱིས་དང་བྱས་པས། ཁོང་གིས་མ་ཤེས་ཏེ། མདོས་སེ་མདོས་སེ་གནེ་འབོལ་གནེ་ཁྲི་ལྡོས་སེ་ལྡོས་སེ་རྣེ་སྦོམ་ཁྲི་ཡང་སྣང་། མཆན། བྱ་བ་ལས་མ་བྱུང་སྟེ། བྱིས་པ་ངན་ལ་རིད་པ་གཅིག་ན་རེ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་ཟེར་ཏེ། དེའི་ཕ་མ་དྲིས་པས། མ་ནི་སྔ་གོང་ནས་ཤི། ཕ་ཡོད་ཀྱང་དྭ་ཕྲུག་ཏུ་འདུག་ན་ཟེར་རོ། །འདི་ངའི་གཡོག་བྱ་ཡིས་ཆོས་སློབ་ང་ལ་སློང་བྱས་པས། འོ་དེ་བོད་ཀྱི་སྟོང་སྦོས་ལ་སྦྱིན། ངེད་རང་ཚོ་ལྟོ་སྟེར་རེས་བྱའོ་ཟེར་ནས་བྱིན་ནོ། །ཁོ་ལ་སྒྲ་དང་ཆོས་སློབ་པས། རྒྱལ་མོ་གཡུ་སྒྲ་སྙིང་པོ་དེ་ལགས། དེ་ནས་རྩྭ་མི་ཤིང་མིའི་ཚོང་པས་བོད་བསྐོར་ནས་བྱུང་བ་ལ། སློབ་དཔོན་གྱིས་དྲིས་པ། མངའ་བདག་རྒྱལ་པོའི་མཆོད་གནས་སུ་ཇི་ལྟར་བྱ་བ་བཞུགས་འདུག །མངའ་བདག་སྐུ་ཁམས་བདེ་བར་འདུག་གམ། རྒྱལ་ཁྲིམས་མ་ཞིག་པར་འདུག་གམ། ཞེས་དྲིས་པས། ཚོང་པ་ན་རེ། རྒྱལ་ཁྲིམས་མ་ཞིག་པར་འདུག །མངའ་བདག་སྐུ་ཁམས་བདེ་བར་འདུག །མཆོད་གནས་བི་མ་ལ་མི་ཏྲ་བཞུགས་འདུག་ཟེར་བས། བཻ་རོ་ཙ་ནའི་ཞལ་ནས། གཡུ་སྒྲ་སྙིང་པོ་ལ། ཁོང་ཡ་གི་ན་ཐེག་པ་ཆེན་པོའི་ཆོས་གསུངས་ངེས་མེད་པས། ཁྱོད་ང་ཡི་ལ་ཡོག་དོར་ལ་ཤོག་གསུངས། དེར་གཡུ་སྒྲ་སྙིང་པོས། ཞྭ་སྤྱི་རིང་གཅིག་གི་ནང་དུ། སྔ་འགྱུར་ལྔ་ཤོག་དྲིལ་དུ་བྱས་ནས་བཅུག་སྟེ་གྱོན་ནས་བསམ་ཡས་སུ་བྱོན་ནོ། །སློབ་དཔོན་བི་མ་ལ་མི་ཏྲས། ཐེག་པ་ཆུང་ངུའི་གྱི་ཆོས་གསུང་གི་འདུག་པ་ལ། གཡུ་སྒྲ་སྙིང་པོས་ཞྭ་གྱོན་འབེར་ཀ་གཅིག་བཙུགས་ནས། ཕྱག་ཀྱང་མི་འཚལ་བར། ཀ་ཀ་པ་རི་ཀ་ཀ་པ་རི་ཟེར་བས། བི་མ་ལས། བརྡ་ཐིམ་བརྡ་ཐིམ་ཞེས་སྐད་འཕང་སྨས་ནས་གསུངས་སོ། །དེར་གཉགས་ཀུ་མཱ་ར་ཡི་ཞལ་ནས། སྤྲང་པོ་ཨ་ཙ་ར་ཀུ་ཅོ་རེ་ཆེ། སློབ་དཔོན་གསུང་རེ་ཞན། ཁྱེད་གཉིས་ཀྱི་སྒྲ་དེ་ངས་མ་ཤེས་ཟེར་བས། སློབ་དཔོན་གྱི་ཞལ་ནས། ཁོ་ན་རེ། ཕོ་རོག་རྡོ་རྗེ་འགྲོས་ཀྱིས་ས་མི་ཆོད། །ཉན་ཐོས་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ། །ཐེག་པ་ཆེན་པོའི་ཆོས་མི་བཤད་པར་ཟེར་བ་ལ། ངས་བརྡ་ཐིམ་བྱས་པ་དེ། དུས་ལ་མ་བབ་ཁ་རོག་སྡོད་བྱས་པ་ཡིན། ཁོ་ཆོས་ཤེས་པ་གཅིག་འདུག་ཟེར་ནས་བཙལ་བས། གླིང་བར་ནས་མ་ཇོ་ཆང་མ་གཅིག་གི་གམ་དུ་འདུག་ནས། ཁྱོད་ཀྱི་ཆོས་ཅི་ཤེས་དྲིས་པས། བཻ་རོ་ཙ་ན་བྱ་བའི་སློབ་མ་ཡིན། བཀའ་རྫོགས་པ་ཆེན་པོ་ཤེས། མདོ་ཁམས་སྨད་ནས་འོངས་པ་ཡིན་གསུངས། ཨ་ཙ་ར་ཛྙཱ་ནས་འོ་ན་ཆོས་གཅིག་ཞུ་བྱས་པས། ཡང་ན་རིག་པ་དང་རིག་པ་བརྗེ། ཡང་ན་རིག་པ་ཡོན་གྱིས་བསླུ། ཡང་ན་རིག་པ་བུ་ལ་བྱིན་བྱ་བ་ཡིན་ཟེར་ནས། དེར་རིག་པ་དང་རིག་པ་ཡང་བརྗེས་ཏེ། ཨ་ཙ་ར་ཛྙཱ་ནས་བི་མ་ལ་མི་ཏྲའི་ལོ་ཙཱ་བ་བྱས་ནས། ཕྱི་འགྱུར་བཅུ་གསུམ་གཡུ་སྒྲ་སྙིང་པོ་ལ་ཕར་བཤད། གཡུ་སྒྲ་སྙིང་པོས་སྔ་འགྱུར་རྣམ་པ་ལྔ། ཨ་ཙ་ར་ཛྙཱ་ན་ལ་བཤད་དོ། །རིག་པ་ཡོན་གྱིས་ཀྱང་བསླུས་ཏེ། སློབ་དཔོན་དུ་ཁུར་ནས་སྲིང་མོ་ཞབས་ཏོག་ཏུ་ཕུལ་བ་ལགས་སོ། །སྐབས་དེར་གཡུ་སྒྲ་སྙིང་པོ་བོད་དུ་སོང་ནས། སློབ་དཔོན་བཻ་རོ་ཙ་ན་སྐྱོ་བར་གྱུར་ནས། རྒྱལ་མོ་ཚ་བའི་ཤོད་བྱ་བ་ན་བཞུགས་པ་དེ། རྒྱལ་མོ་ཚ་བའི་ཤོད་བྱ་བ་ནས་མར་ལ་ཉིན་ལམ་བཅུ་གསུམ་གྱི་ཐག་རིང་བའི་ས་ན། རྒྱལ་མོ་སྟག་རྩེ་ལ་ཁར་བྱ་བ་ན། སྤང་མི་ཕམ་མགོན་པོ་བྱ་བ། དགུང་ལོ་དགུ་བཅུ་རྩ་ལྔ་ལོན་པ། བོད་སྐད་དུ་བྱང་བ། དད་པ་ཆེ་བ་གཅིག་དང་མཇལ་ནས། ཁོ་ན་རེ། སློབ་དཔོན་བཻ་རོ་ཙ་ན་བྱ་བ་ལ། སྐད་ཅིག་མས་དོན་རྟོགས་ནས། ཚེ་གཅིག་གིས་སངས་རྒྱས་བའི་ཆོས་ཡོད་ཟེར་བ་ལ། ཁྱེད་དེར་ཆོས་ཉན་གྱིན་མི་སྡོད་པར། འདི་ན་མར་ཡོང་བ་སྟངས་རེ་ཞན་ཟེར་བས། དེ་ལྟ་བུ་ཤེས་པའི་བཻ་རོ་ཙ་ན་བྱ་བ་དེ་ང་རང་ཡིན་གསུངས་པས། དེར་དགའ་ནས་ཤི་ན་རུང་སྙམ་ཙ་ན། མ་ཤི་བ་ང་རེ་འཚེང་ཟེར་ནས། སྐེ་ལ་འཁྱུད་ནས། ཉིན་ཞག་ཕྲུག་གཅིག་ཏུ་མ་བཏང་ངོ་། །དེ་ནས་བསྒྲེས་པ་རུ་འདུག་ནས། ཕྱག་སྤྱི་བོ་རུ་བཞག་ནས། ཨ་ཧ་ཧོའི་ཞེས་བརྡས་བྱིན་གྱིས་བརླབས་པས། སོ་སོ་སྐྱེ་བོ་རུ་འདུག་པ་དང་། ལས་སྒྲིབ་ཆེ་བས་གོ་རུ་མ་བཏུབ་ནས། སྐྱབས་འགྲོ་ཁྱད་པར་ཅན་ལ་བརྟེན་ནས། སེམས་བསྐྱེད་བྱིན་རླབས་མཛད། དོན་སྒྲར་བཏུབ་ཚད་ཚིག་ཏུ་བཤད། སྨྲ་རུ་མ་བཏུབ་པ་བརྡས་སུ་བསྟན། དེ་རུ་བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས་ནས། དེར་ཆོས་སྤྱིའི་རྣམ་པ། དོན་རང་གི་ཆིངས་སུ་བསྟན། དེར་སེམས་ཉིད་དེ་སོ་སོའི་གནས་ལུགས། མ་ནོར་བ་དེ་ལ་སྒོམ་དུ་མེད་ཀྱང་། མི་འགྱུར་མི་ཡེངས་པར་བྱེད་པ་ལ། ལུས་ཚུགས་མ་ཐུབ་པ་ལས། པུས་འཁྱུད་ཀྱིས་བཅིངས་ཀྱང་འགྱེལ་བས་སྒོམ་རྟེན་བཙུག །དོན་ཉམས་སུ་མྱོང་བ་དེ་ལ་ཡིད་ཆེས་པར་བྱེད་པ་ལ། ཚུལ་ཤིང་ལ་བལྟ་ཡིན་བསྒོམ་དུ་བཅུག་གོ། །ལུས་ངག་ཡིད་གསུམ་སྨིན་པར་དང་གྲོལ་བར་བྱེད་པ་ལ། ཡང་དག་གི་དབང་བཞི་རྫོགས་སུ་བསྐུར་བ་ཡིན། དེ་སྒོམ་ཚུལ་བླ་མའི་བྱིན་རླབས་ཟེར་བ་ཡིན་གསུངས། དེ་ནས་ཡང་མི་ཕམ་མགོན་པོས་བརྡ་ལ་ངང་གིས་བལྟ་ཡིན་ཡོད་ཙ་ན། སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས། མི་ཕམ་མགོན་པོའི་དྲུང་དུ་ཕྱག་རྒྱ་མཐོ་དོ་མཛད་ནས། ཚིགས་བཅད་འདི་སྐད་བརྗོད་དོ། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་སློབ་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །མངའ་བདག་རྒྱལ་པོ་ཉིད་ལ་གཏད། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་ནས་ཚ་བའི་རོང་དུ་མཆིས། །ཆོས་རྒྱུད་སྡེ་དང་ཀློང་སྡེ་བཀའ་བཀྲོལ་ནས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །སྐྱེ་མེད་ནམ་མཁའི་མཐའ་བཞིན་རྒྱས། །རི་མཐོ་ས་གཙང་བོད་ཡུལ་དབུས། །ཐ་མ་གངས་ཀྱིས་བསྐོར་བས་སྦྲུལ་དང་གདུག་པ་མེད། །དགོས་དགུ་ས་ལ་འབྱུང་བས་བོད་ཡུལ་དབུས་དེ་བཟང་། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །སྒྱུ་མའི་ཕུང་པོ་བོད་དུ་སྨིན། །སྒྱུ་མའི་ཕུང་པོ་བོད་སྨིན་པས། །བདག་ཉིད་སླར་ལ་བོད་དུ་མཆི། །གསུངས་ཏེ། མི་ཕམ་མགོན་པོའི་སོག་པ་ལ་ཐལ་ལྕགས་གཅིག་བྱས་ནས་གཤེགས་སོ། །མི་ཕམ་མགོན་པོས་བལྟས་ཙ་ན། གཤེགས་ཟིན་ནས་འདུག་སྐད། དེའི་ཚེ་ཚ་བ་རོང་གི་ཚ་བ་ཐོན་ནས་བྱོན་པས་བསམ་ཡས་སུ་གྲོ་ཁར་སླེབས་སྐད། བསམ་ཡས་སྒོ་མོའི་ཐང་ནས་ཡར། སྒྲ་མི་འདྲ་བ་མང་པོ་བསྒྱུར་ཅིང་གླག་ཅོར་བྱོན་པས། སློབ་དཔོན་བི་མ་ལ་མི་ཏྲ་དང་། སློབ་དཔོན་རང་གི་ཡུམ་དང་། མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང་། ཀུན་གྱིས་ངོ་ཤེས་ནས། དྲི་མེད་བྱེད་དུ་འོང་བར་འདུག་པ་ལ། ཡང་སྤྱུགས་ཀྱིས་དོགས་ནས་གཞན་གྱིས་མི་གོ་བའི་བརྡའ་རེ་མཛད་པས། དེ་ཁོང་གིས་གོ་ནས། ཁྱོད་ཀྱི་ཅི་སྐད་བྱ་བ་ཡིན་ཟེར་བས། ང་བན་ཆུང་ཡེ་ཤེས་སྡེ་བྱ་བ་ཡིན། མདོ་ཁམས་སྨད་ནས་འོངས་པ་ཡིན། སྒྲ་དོན་བསྒྱུར་བའི་ལོ་ཙཱ་བ་མཁས་པ་ཡིན་གསུངས་སྐད། དེར་འོ་ན་ངེད་ཀྱི་ལོ་ཙཱ་བ་མཛད་པར་ཞུ་བྱས་པས། དེར་སྒྲ་དང་དོན་བསྒྱུར་བའི་ལོ་ཙཱ་བ་མཛད་སྐད། དུས་ཚོད་དེ་ཙམ་ན་བསམ་ཡས་སུ། རྒྱ་ནག་པོའི་ཧ་ཤང་གསུམ་དང་། རྒྱ་དཀར་པོའི་པཎྜི་ཏ་གསུམ་དང་། སྒྲ་དོན་བསྒྱུར་བའི་ལོ་ཙཱ་བ་དང་། དེ་རྣམས་ཀྱིས་དུས་དེར་ཆོས་མང་པོ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ནས། དེ་རྣམས་སློབ་དཔོན་བཻ་རོ་ཙ་ནས་སྒྲ་དོན་བསྒྱུར་མཛད་དོ། །དེ་ཙ་ན་ཡུམ་བསྒྲེས་པར་འདུག་པས། དང་པོ་བསྙེན་གནས་ཀྱི་སྡོམ་པ་ཕོག །དེ་ནས་དགེ་ཚུལ་གྱི་སྡོམ་པ་ཕོག །དེ་ནས་བར་སློབ་མའི་སྡོམ་པ་ཕོག །དེ་ནས་དགེ་སློང་མའི་སྡོམ་པ་ཕོག །དེ་རྣམས་ཞག་བདུན་བདུན་རིམ་གྱིས་ཕོག་ནས། ཚེ་ལ་ལོངས་མི་འདུག་པས། ཕུག་པོ་ཆེ་རུ་བཞུགས་སུ་བཅུག །དེར་གྲོང་ནས་བསམ་ཡས་ཁ་ཧས་པོ་རི་ཡང་སྣང་། སྤུ་རིའི་རྩེ་ལ་པུར་སྦྱངས་པས། སྐུ་ཚབ་མཆོད་རྟེན་བརྩིགས་པས། ད་ལྟ་བཻ་རོ་ཙ་ནའི་མཆོད་རྟེན་ཟེར་བ་ཡིན་སྐད། དེ་ནས་སློབ་དཔོན་བཻ་རོ་ཙ་ན་སྒྲགས་ཀྱི་ཡང་རྫོང་ལ་གཤེགས་ནས། ནམ་ཞིག་ན་ཕྱག་རྒྱ་མཐོ་གང་མཛད་ནས། ཚིགས་བཅད་འདི་མཛད་དོ། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་བསླབ་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །མངའ་བདག་རྒྱལ་པོ་ཉིད་ལ་གཏད། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་པས་ཚ་བའི་རོང་དུ་མཆིས། །ཆོས་རྒྱུད་སྡེ་དང་ཀློང་སྡེའི་བཀའ་བཀྲོལ་ནས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །སྐྱེ་མེད་ནམ་མཁའི་མཐའ་བཞིན་རྒྱས། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །སྒྱུ་མའི་ཕུང་པོ་བོད་དུ་སྨིན། །སྒྱུ་མའི་ཕུང་པོ་བོད་སྨིན་པས། །བདག་ཉིད་སླར་ཡང་ལ་བོད་དུ་མཆིས། །སྒྱུ་མ་ལྟ་བུའི་ཕུང་པོ་ཡིས། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་མངོན་སྤྱད་ནས། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཀྱིས། །ནམ་མཁའ་ལྟ་བུར་མངོན་སྤྱད་ནས། །ནམ་མཁའ་ལྟ་བུར་མངོན་སངས་རྒྱས། །རྣལ་འབྱོར་ཉི་མའི་སྙིང་པོ་འདྲ། །གསུངས་ཏེ། སྒྲགས་ཀྱི་ཡང་རྫོང་ལ་འཇའ་ཡལ་བ་བཞིན་དུ་གཤེགས་སྐད། ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །བྱ་བ་དེ་ངན་ལམ་བྱང་ཆུབ་རྒྱལ་མཚན་གྱིས་གསན་ནས། ཡང་དག་པའི་དོན་དེ་སྤང་མི་ཕམ་མགོན་པོ་ལ་ཡོད་པར་འདུག་བསམ་ནས། སྤང་མི་ཕམ་མགོན་པོའི་སྤྱན་སྔར་ངན་ལམ་བྱང་ཆུབ་རྒྱལ་མཚན་ལོ་དྲུག་ཅུ་རྩ་བདུན་ལོན་པ་གཅིག་གིས་བྱོན་པས། བརྡའ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པར་མཛད་ནས། དེ་ནས་ཁམས་སུ་སྒོམས་ཤིག་གསུངས་ནས་དེས་ཁམས་ཀྱི་ཝ་སེང་གེ་བྲག་ཏུ་བཞུགས་ཙ་ན། ཟ་ངམ་རིན་ཆེན་དབྱིག་ལོ་དྲུག་ཅུ་རྩ་བདུན་པ་གཅིག་གིས་བྱོན་ནས། དེ་ལ་བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས་ནས། བྱིན་གྱིས་བརླབས་པ་ཡང་མཛད་དོ། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །བྱ་བ་དེ། ཁུ་འགྱུར་གསལ་བ་མཆོག་གིས་གསན་ནས། ལོ་ལྔ་བཅུ་ང་གསུམ་ལོན་པ་གཅིག་གིས། མི་ཕམ་མགོན་པོའི་དྲུང་དུ་བྱོན་ནས། ཁྱེད་ཁམས་སུ་བྱོན་པས་ཡོངས་གསུངས་ནས། དེར་ཟ་ངམ་རིན་ཆེན་དབྱིག་ལ་ཞུས་པས། བརྡའ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པར་ཡང་མཛད་དོ། །ཉང་བྱང་ཆུབ་གྲགས་པ་ལོ་བཞི་བཅུ་ཉི་ཤུ་ཡང་སྣང་། རྩ་གཉིས་ལོན་པ་གཅིག་གིས། མི་ཕམ་མགོན་པོའི་དྲུང་དུ་བྱོན་པས། ངའི་གདམས་ངག་འདི་ཆིག་བརྒྱུད་ཡིན་པས། ངས་བསྟན་དུ་མི་རུང་ཁྱོད་རང་ཁམས་ན་ངའི་སློབ་མ་གཅིག་ཡོད་དེར་སོང་གསུངས་ནས། ཁམས་སུ་ཕྱིན་པས། ངན་ལམ་དང་། ཟ་ངམ་གཉིས་ཀྱིས་གདམས་ངག་མ་གནང་བར། ཁུ་འགྱུར་ཁབ་ཏུ་ལུང་བསྟན་པས། དེར་ཕྱིན་པས་བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་མཛད་ནས། བསམ་ཡས་མཆིམས་ཕུ་རུ་བྱོན་པ་ལ། ཉང་ཤེས་རབ་འབྱུང་གནས་དང་མཇལ་ནས། ང་བསྙེན་པར་རྫོགས་ཀྱང་། གདམས་ངག་ཁྱེད་ཆེ་བར་འདུག་པས། ངའི་སློབ་དཔོན་གྱིས་གསུངས་ནས། བརྡའ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པར་མཛད་དོ། །ཉང་ཤེས་རབ་འབྱུང་གནས་ཕུག་པོ་ཆེ་ལ་བཞུགས་པ་ལ། རྦ་སྒོམ་བྱིས་པ་གཅིག །ཨ་མས་ཉང་ཤེས་རབ་འབྱུང་གནས་ལ་བཅོལ་བས། ལོ་ཉི་ཤུ་རྩ་ལྔ་ལོན་ནས། བརྡའ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་དོ། །སློབ་དཔོན་རྦ་སྒོམ་ཕུག་ཆུང་ཟུར་རི་ན་བཞུགས་པ་ལ། ཕུག་པོ་ཆེ་ན། དགེ་བཤེས་བཙན་ཁ་བོ་ཆེ་ཞེས་བྱ་བ། ཆོས་གསུངས་ཟེར་ནས་ལྟ་རུ་ཕྱིན་པས། སློབ་དཔོན་རྦ་སྒོམ་དང་མཇལ་ནས། ཕམ་ཕབ་ཞུས་པས། ཁྱོད་རང་འདིར་སྡོད་ལ་ངའི་རོག་འདྲ་བ་གྱིས་ཤིག་གསུངས་ནས། རོག་བྱས་པས་སློབ་དཔོན་དགྱེས་ནས། སློབ་དཔོན་འཛེང་ལ་བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་དོ། །ཕྱིས་ནས་སློབ་དཔོན་འཛེང་གིས་བྱིན་གྱིས་རློབས་པ་ལན་ལྔ་ཞུས། ཞབས་ཏོག་ཀྱང་ལན་འགའ་བསྐྱལ་གསུང་ངོ་། །དེ་ནས་སློབ་དཔོན་འཛེང་དྭགས་པོ་སྤ་ལུང་ན་བཞུགས་ཙ་ན། སློབ་དཔོན་ཇོ་སྲས་དགུང་ལོ་བཅུ་གསུམ་ཙམ་ལོན་པ་གཅིག་གིས་བྱོན་ནས། སུམ་ཅུ་རྩ་དྲུག་མན་ཆད་ལོ་རེ་ལ་དབྱར་དགུན་གང་རུང་རེ་རེ་བཞུགས་སོ། །སློབ་དཔོན་ཀུན་བཟང་གྱིས། སློབ་དཔོན་ཇོ་སྲས་དང་ལོ་བརྒྱད་ཀྱི་བར་དུ་ཕལ་ཆེར་འགྲོགས་ཏེ། རྡོ་རྗེ་ཟམ་པ་ཚར་བཅུ་གསུམ་ཐོབ་བོ། །གླེང་གླེང་མང་པོ་ཞུས་སོ། །སློབ་དཔོན་འཛེང་ཆེན་པོ་ལ། རྣ་བརྒྱུད་ཚར་བཅུ་གསུམ་ཐོབ་བོ། །དགུན་ཐོག་ལྔ་འགྲོགས་སོ། །གླེང་གླེང་ཤིན་ཏུ་མང་བར་བྱུང་ངོ་། །བདག་གིས་ནན་ཏན་བྱས་པ་ལགས་སོ། །སློབ་དཔོན་དགའ་རབ་རྡོ་རྗེས་མཁའ་འགྲོ་མ་མ་རུངས་པ་འདུལ་བ་ལ། མཁའ་འགྲོ་མ་ལ་ཆོས་གསུང་བཞིན་ད་དུང་དུ་བཞུགས་སྐད། འཇམ་དཔལ་བཤེས་གཉེན་སྣང་བ་དག་པ་རྣམས་ཀྱིས་མཐོང་། སྣང་བ་མ་དག་པ་རྣམས་ཀྱིས་མི་མཐོང་སྟེ། གྲོངས་པ་མི་མངའ་སྐད། ཤྲཱི་སིང་ཧ་མཁའ་སྤྱོད་དུ་གཤེགས་སྐད། བཻ་རོ་ཙ་ན་དགུང་ལོ་སུམ་བརྒྱ་དང་དྲུག་ཅུ་བཞུགས་ནས་མཐར་སྒྲགས་ཀྱི་ཡང་རྫོང་དུ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་ལྷག་མེད་དུ་གཤེགས་སྐད། སློབ་དཔོན་རྦ་སྒོམ་གྱི་ཞལ་ནས། མི་ཕམ་མགོན་པོ་ད་རུང་དུ་བཞུགས་གསུངས་ནས། དྭགས་པོ་བ་གཅིག་བལྟར་བཏང་བས། ལོ་ལྔ་བརྒྱ་དང་བཞི་བཅུ་ལྔ་བརྒྱ་ཁོ་ན་ཡིན་པར་སྣང་། ཞེ་གཉིས་ལོན་ནས་ཕུང་པོ་ལྷག་མེད་དུ་གཤེགས་སྐད། ངན་ལམ་བྱང་ཆུབ་རྒྱལ་མཚན་དགུང་ལོ་བརྒྱ་དང་བདུན་ཅུ་རྩ་གཉིས་ལོན། ཟ་ངམ་རིན་ཆེན་དབྱིག་བརྒྱ་དང་བཞི་བཅུ་རྩ་བཞི་ལོན། ཁུ་འགྱུར་གསལ་བའི་མཆོག་བརྒྱ་དང་བཅུ་བདུན་ལོན། དེ་གསུམ་ཁམས་ཀྱི་ཝ་སེང་གེ་བྲག་ལ། སྦྲུལ་གྱི་ལོ་ལ་གཅིག་རྟིང་ལ་གཅིག་གཤེགས་ཏེ། སྐུ་ན་བུན་བཞིན་དུ་གཅིག་རྟིང་ལ་གཅིག་ནམ་མཁའ་ལ་གཤེགས་སོ། །ཉང་བྱང་ཆུབ་གྲགས་པ་ཕུག་པོ་རི་བོ་ཆེ་བྱ་བའི་རྩེ་ལ། ཕུང་པོ་ལྷག་མེད་དུ་གཤེགས་སྐད། ཉང་ཤེས་རབ་འབྱུང་གནས་ངམ་ཤོད་ཕུག་པོ་ཆེའི་ལྷ་རིའི་རྩེ་མོ་ལ་ན་བཟའ་དང་། ཕྲེང་བ་དང་། ཆོས་གོས་ཚོ་ཤུག་པ་ལ་གཟར་ནས། ནམ་མཁའ་ལ་ལྷག་མེད་དུ་གཤེགས་སྐད། རྦ་སྒོམ་ཡེ་ཤེས་བྱང་ཆུབ་ལོ་དགུ་བཅུ་རྩ་བརྒྱད་ལོན་ནས། ཕུག་ཆུང་ཟུར་རི་རུ་ཇོ་མོ་གང་མོ་བྱ་བས་མཆོད་ཁང་ནང་དུ་པུར་སྦྱངས་བས། མེ་བུམ་པ་ཙམ་གཅིག་མིག་གིས་མཐོང་མཐོང་གི་ནམ་མཁའ་ལ་གཤེགས་ནས། ཤུལ་དུ་བསྲེག་རྒྱུ་དང་གདུང་ཐལ་ཡང་མ་བྱུང་སྐད། སློབ་དཔོན་འཛེང་དྷརྨ་བོ་དྷི་དགུང་ལོ་བརྒྱ་དང་བཅུ་བདུན་ལོན་པའི་ནངས་པར་སྐྱེ་ཤི་ལ་སྤྱོད་གསུངས་ཏེ། ངའི་ལུས་ལ་གྲིབ་མ་ཡོང་ཞིང་འདུག་པས། ལུས་ལ་ལྷག་མ་ཡོང་སྟེ། སེམས་ལ་ལྷག་མ་མི་འཇོག་གསུངས་ནས། ཉི་ཤུ་གཉིས་ཀྱི་ཐོ་རངས་སྐུ་གཤེགས་ནས། པུར་སྦྱངས་པས། ནམ་མཁའ་འཇའི་རྒྱ་གྲམ་བྱུང་བས། པུར་སྦྱོངས་པ་རྣམས་ཀྱིས་མ་མཐོང་བར། ཡུལ་ཕ་ཀིའི་རྐྱང་ཕུ་བའི་ཕྱུགས་རྫི་དང་མི་མང་པོས་མཐོང་སྐད། ཡོན་བདག་བཛྲ་བྱ་བ་དམ་ཚིག་གཙང་བ་མོས་གུས་ཆེ་བ་གཅིག་གིས་སྡོང་པོ་ལ་བ་གཞོན་པ་གཅིག་དང་། གླང་བཟང་པོ་གཅིག་བཏགས་ནས། ཕྱག་རྟེན་ཞུ་བྱས་ནས། གསོལ་བ་བཏབ་པས། སྲིན་ལག་ཐབ་ནས་ཡར་ནས་པང་དུ་བྱུང་སྐད། རིང་བསྲེལ་དང་མཆོད་རྟེན་བྱུང་བའི་ལོ་རྒྱུས་འདུག་སྟེ། བདག་གིས་ཐོས་པ་ལས་མ་མཐོང་། དེ་ཡང་ཉམས་སུ་བླངས་པས་གྲུབ་པ་ཐོབ་པ་ལགས་སོ། །སློབ་དཔོན་ཀུན་བཟང་གིས་འཛེང་ཁུ་དབོན་གཉིས་ཀ་ལ་ནན་ཏན་དུ་ཞུས་པ་ལགས་སོ། །ལོ་རྒྱུས་རྒྱས་བསྡུས་ལས་འབྲིང་པོ་བྲིས་པ་ལགས་སོ། །དེ་ཡན་ནི་ངེས་ཤེས་བསྐྱེད་པར་བྱེད་པར་བརྒྱུད་པའི་ལོ་རྒྱུས་ཡིན་ཏེ། རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ་བའི་སྐབས་ལགས་སོ།། ༈ །།སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་ལ། གོ་བ་དང་ཚིག་གཉིས་ཏེ། དེ་ཡང་གོ་བ་ནི་མདོར་བསྟན་པ་ཡིན་པ་དང་། ཚིག་དོན་གྱིས་རྒྱས་པར་བཤད་པ་ལགས་སོ། །དང་པོ་གོ་བ་ལ་བསྒོམ་དུ་མེད་པ་ནི། གང་ལ་བསྒོམ་དུ་མེད་ན། སེམས་ཉིད་དངོས་པོའི་གནས་ལུགས་དེ་ལ་བསྒོམ་དུ་མེད་དེ། དེ་ཡང་སེམས་ཉིད་ཞེས་པ་ནི་སེམས་མ་ཡིན་པའི་ཕྱིར་ན་སེམས་ཉིད་ཡིན་ཏེ། སེམས་ནི་དྲན་པ་གློ་བུར་བ་རྐྱེན་ལས་སྐྱེས་ཤིང་རྐྱེན་གྱིས་འཇིག་པས་ན་ཀུན་རྫོབ་བོ། །སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་གསལ་ལ་རྟོག་པ་མེད་པའི་དོན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་གཅིག་ཡིན་ཏེ། དེ་ཡང་དུས་གསུམ་དུ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ། འགྲོ་འོང་མེད་པ། སྐྱེ་འགགས་མེད་པ་སྟེ། ཆོས་བཞི་དང་ལྡན་པའོ། །དེ་ཡང་ཡིད་ཀྱི་ཡུལ་ལམ། བློའི་ཡུལ་དུ་མི་གནས་པས་ན། བསྒོམ་དུ་མེད་པའོ། །ཡོད་མེད་གང་དུ་ཡང་བསྒོམ་དུ་མེད་པའི་དོན་དེ། བློའི་སྤྱོད་ཡུལ་དུ་མ་གྱུར་པས་ན་དོན་དམ་པའོ། །དེ་ཡང་རྩ་བའི་རྒྱུད་ལས། དོན་དམ་ཆོས་ཉིད་སྐྱེ་འགགས་མེད། །ཀུན་རྫོབ་སྒྱུ་མ་ཅིར་ཡང་སྣང་། །ཞེས་བཤད་དོ། །སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཉིད་དུ་འདོད། །ཅེས་པའོ། །དེ་བས་དོན་དམ་པ་བློའི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ། བླ་མའི་གདམས་ངག་གིས་ངོ་སྤྲད་པས། སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ། བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་ཉིད། རྐྱེན་གཞན་གྱིས་མི་འཆུག་མི་འགྱུར་བར་རྟོགས་པས་ན་གཟེར་ཞེས་བྱའོ། །དེ་ནི་བསྒོམ་མེད་དོན་གྱི་གཟེར་ཆེན་གདབ་པའི་གོ་བ་མདོར་བསྟན་པའོ། །ཚིག་ལ་གཉིས་ཏེ། བསྒོམ་མེད་བརྡའི་གཟེར་ཆེན་གདབ་པ་ལས། བརྡས་དོན་འགྲོལ་བའི་མན་ངག་སྦྱིན་པ་དང་། རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པའོ། །བརྡས་དོན་འགྲོལ་བའི་མན་ངག་སྦྱིན་པ་ལ་གཉིས་ཏེ། དུས་ཀྱི་བརྡའ་དང་། གནད་ཀྱི་བརྡའོ། །དང་པོ་དུས་ཀྱི་བརྡའ་ནི། རླུང་རྩ་ཨ་ཝ་དྷུ་ཏིར་ཚུད་པའི་རྟགས་སུ། རླུང་གཞན་ནས་མི་འགྱུ་སྟེ། མེ་ཁམས་གཡོན་པའི་སྣ་ནས་ཚུར་ལ་རླུང་དར་སྐུད་ཙམ་གཅིག་འགྱུ་བའི་དུས་དེར་ངོ་སྤྲད་ནས། ཡེ་ཇི་བཞིན་པའི་དོན་དེ། ཇི་ལྟ་བ་བཞིན་དུ་མཐོང་ཡོད་པའི་དུས་ཡིན་པས་ན་དུས་ཀྱི་བརྡའ་ཞེས་བྱའོ། །དེ་ཡང་དཀྱུས་སུ་བསྟན་དུ་མི་བཏུབ་སྟེ། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ་བསྟན་པའོ། །གནད་ཀྱི་བརྡའ་ལ་ཡང་གོ་བ་དང་། ཚིག་གཉིས་ཏེ། དེ་ལ་དང་པོ་བརྡའི་གོ་བ་མདོར་བསྟན་པ་ནི། དེ་ཡང་འདྲ་བ་དཔེས་མཚོན་པའོ། །དཔེར་ན་མེ་སྒྲོན་ལ་བརྟེན་ནས་མཛོད་ཀྱི་ཀ་ཆ་ལེན་པའམ། མཛུབ་མོ་ལ་བརྟེན་ནས་བྱིས་པས་ཟླ་བ་མཐོང་བ་བཞིན་དུ། དུས་ཀྱི་བརྡའི་དུས་སུ་གནད་ཀྱི་བརྡ་བཞི་ལ་བརྟེན་ནས་རང་གི་རྒྱུད་ལ་སྦྱར་ནས་ངོ་སྤྲོད་པའོ། །སེམས་ཉིད་དངོས་པོའི་གནས་ལུགས་བསྒོམ་དུ་མེད་པ་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན། འགྱུར་བ་མེད་པ་དེ་མཐོང་བས། གཉིས་སུ་འཛིན་པའི་བློ་ལས་གྲོལ་བའོ། །བློ་བྲལ་གྱི་དོན་བསྒོམ་དུ་མེད་པ་དེ་ལ། མིང་དུ་བཏགས་ན་སྟོང་པ་ཉིད་ཅེས་བྱ་སྟེ། སྟོང་པ་ཉིད་ལ་ཡང་གསུམ་དུ་འདོད་པ་ལས། དེ་ཡང་ཚིག་དང་བློས་གཏན་ལ་ཕབ་པ་དེ་ནི། སེམས་ཅན་བློའི་སྟོང་པ། བརྡའ་དང་ཐབས་ཀྱིས་རྒྱུད་ལ་སྦྱོར་བ་དེ་ནི། རྣལ་འབྱོར་ལམ་གྱི་སྟོང་པ། དོན་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ། དུས་གསུམ་འགྱུར་བ་མེད་པ་དེ་ནི། སངས་རྒྱས་ཀྱི་སྟོང་པའོ། །སྤྱི་རུ་རྫོགས་པ་ཆེན་པོ་ལ། བསྒོམ་ཡོད་དང་། བསྒོམ་མེད་དང་། གཉིས་སུ་མེད་པ་དང་གསུམ་ལས། ཁམས་ཀྱི་ཉང་ལུགས་ནི་བསྒོམ་ཡོད། བོད་ཀྱི་བསྒོམ་ལུགས་ནི་བསྒོམ་མེད། རྒྱལ་མོ་ཚ་བའི་རོང་གི་སངས་རྒྱས་ཀྱི་ལུགས་འདི་ནི་བསྒོམ་ཡོད་དང་བསྒོམ་མེད་གཉིས་སུ་མེད་པ། མཐའ་བྲལ་དབུ་མའི་ལམ་ཡིན་སྐད་དོ། །དེ་ཡང་འདི་ནི་ཆོས་ཉིད་ཀྱི་དོན་དེ་ལ་དམིགས་སུ་མེད་པས་ན་ཤེས་རབ་ཀྱི་ཆ་བསྒོམ་མེད། གང་ཟག་གི་བློ་ཐོག་ཏུ་ཡེངས་སུ་མེད་པས་ན་ཐབས་ཀྱི་ཆ་བསྒོམ་ཡོད། དེ་ཡང་མ་ཡེངས་པའི་གནད་ཀྱིས་བརྡའ་བཞི་དང་། མི་དམིགས་པའི་བསྒོམ་མེད་ཀྱི་དོན་གཉིས། སྔ་ཕྱི་མེད་པར་དུས་གཅིག་ལ་རྒྱུད་ལ་འབྱོར་བས་ན། ཐབས་དང་ཤེས་རབ་གཉིས་སུ་མེད་དེ། བསྒོམ་པར་འཛིན་པ་དང་མི་བསྒོམ་པར་འཛིན་པ་མེད་པའོ། །བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་ལ་ཟུང་འཇུག་གི་དགོངས་པ་མཐའ་བྲལ། ཡོད་མེད་གང་དུ་ཡང་མི་བསྒོམ་པའི་དོན་དབུ་མ། ཕྱོགས་གང་དུ་ཡང་མི་ཡོ་བའི་དྲང་པོ། བསྒོམ་དུ་ཡོད་མེད་གང་རུང་གཅིག་གི་ཕྱོགས་ནས་འཇུག་པ་མེད་དེ། གང་དུ་ཡོད་མེད་གཉིས་སུ་མེད་པའི་དོན། བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ། དུས་གསུམ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ ། འགྲོ་འོང་མེད་པ། སྐྱེ་འགགས་མེད་པའི་དོན་ཆོས་བཞི་དང་ལྡན་པ་དེ་བརྡས་བསྟན་པ། དོན་དེ་ཉིད་མཐོང་ནས། ད་མི་འཆུག་མི་འགྱུར་བར་རྟོགས་པས་ན་གཟེར་ཞེས་བྱའོ། །དེ་ཡང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བསྒོམ་དུ་ཡོད་མེད་མཐའ་ཡི་ཆོས། །མཐའ་བྲལ་དབུ་མ་དྲང་པོའི་ལམ། །ཕྱོགས་ཀྱི་ལམ་ལ་འཇུག་པ་མེད། །ཅེས་བཤད་དོ། །དེ་ཡང་གང་ཟག་དབང་པོ་རབ་ལ། དུས་ཀྱི་བརྡའི་དུས་གནད་ཀྱི་བརྡས་ངོ་སྤྲད་དུས། བསྟན་པ་ཙམ་གྱིས་རྟོགས། རྟོགས་པ་ཙམ་གྱིས་གྲོལ་ནས། ད་བྱ་བ་དང་བྱེད་པ་ལ་རག་མ་ལུས་པ། དེ་ནི་རབ་བྱར་མེད་བཞག་ཆོག་ཏུ་རྟོགས་པའོ། །འབྲིང་ལ་ངོ་སྤྲད་པས་དོན་དེ་རྟོགས་ནས། ཆེད་དུ་བསྒོམ་ཀྱང་མི་དགོས། ཆེད་དུ་ཡེངས་ཀྱང་མ་ཡེངས་པར། ངང་ངམ་ཤུགས་ཀྱིས་མི་སྤོངས་མི་བསྒྲུབ་པར། རང་བཞིན་གྱིས་སྐྱོང་བ་དེ་ནི། འབྲིང་རང་བཞིན་ལྷུན་གྲུབ་ཏུ་རྟོགས་པའོ། །དབང་པོ་ཐ་མ་ལ་ངོ་སྤྲད་པས། དོན་རྟོགས་བྱ་རྒྱུ་མེད་པ་གཅིག་རྟོགས་འདུག་ཀྱང་། གང་ཟག་གི་བརྡའ་དང་ཐབས་བཞག་ཏུ་མ་བཏུབ་སྟེ། སྐད་ཅིག་མ་གཅིག་ཀྱང་མ་ཡེངས་པར་ཕྱེད་དགོས་པ་ནི། ཐ་མ་བྱར་མེད་བཞག་ཏུ་མེད་པ་རུ་རྟོགས་པའོ། །དེ་ཡང་དཔེས་དོན་མཚོན་པ་ཡིན་ཏེ། དཔེར་ན་བྱང་ཕྱོགས་ཤམ་བྷ་ལའི་དུར་ཁྲོད་ན། རྣལ་འབྱོར་པ་བརྒྱ་ཉག་གཅིག་ཡོད་པ་ལ། དེ་ཚེའི་ཆེ་ཤོས་རྣལ་འབྱོར་པ་ད་ན་དྷ་ཞེས་བྱ་བ་ཞེས་རིགས་བྱེད་སྐྱེ་བ་བདུན་པ་གཅིག་གི་ཤ་དང་། ཀླད་པ་ཚོགས་སུ་བཏང་བས། རྣལ་འབྱོར་པ་ཚོ་ལ་སྐད་ཅིག་མའི་དོན་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བའི་དོན། རིག་པ་རྟེན་མེད་དུ་གསལ་བ་གཅིག་རྒྱུད་ལ་ཤར་བའོ། །དེ་ཡང་རྣལ་འབྱོར་ཚོ་ལ། རྣལ་འབྱོར་པ་ད་ན་དྷས། རྣལ་འབྱོར་དེ་ཇི་ལྟ་བུ་གཅིག་འདུག །དེ་ལུས་དང་སེམས་དེ་ཅི་ལ་གནས་འདུག་དྲིས་པས། དེ་ཡང་རྣལ་འབྱོར་པ་འོག་མ་དག་དེས་ལན་བཏབ་པ། རྣལ་འབྱོར་དེ་ནི་ཐེག་པ་ཆེན་པོའི་རིགས་བྱེད་པའི་རིགས་གཅིག་འདུག །ཁོའི་ལུས་དང་སེམས་རླུང་ལ་གནས། རླུང་ནམ་མཁའ་ལ་གནས། ནམ་མཁའ་ནི་ཅི་ལ་ཡང་བརྟེན་མ་བྱས་པར་འདུག །དཔེ་དེ་བཞིན་དུ་ཐམས་ཅད་ཀྱི་ལུས་རྩ་བ་དེ་བཞིན་དུ་རྟོགས་སོ། །ཞེས་བཤད་པ་དང་མཐུན་ནོ། །སེམས་ཉིད་ཅི་ལ་ཡང་རྟེན་མ་བྱས་མ་བཅོས་པར་གསལ་བ་གཅིག་ཏུ་རྟོགས་པ་དེ་ལ་གོ་ལུགས་རྣམ་པ་གསུམ་དུ་བྱུང་སྟེ། རབ་སྒྲ་དྲང་ཐད་དུ་གོ་ཞིང་བྱར་མེད་བཞག་ཆོག་ཏུ་རྟོགས་པ་དང་གཅིག །འབྲིང་སྒྲ་ལྷུན་གྲུབ་ཏུ་གོ་བ་དང་། རང་བཞིན་ལྷུན་གྲུབ་ཏུ་གོ་ཞིང་རྟོགས་པ་དང་གཉིས། ཐ་མ་སྒྲ་ཐང་ལོག་ཏུ་གོ་བ། བྱར་མེད་བཞག་ཏུ་མེད་པར་རྟོགས་པ་དང་གསུམ་མོ། །དེ་ཡང་བརྡའ་གཅིག་ལ་ངོ་སྤྲད་པས། རྒྱུད་ལ་གཅིག་ཏུ་ཤར་ཀྱང་། གང་ཟག་གི་བློ་རིགས་ཀྱིས་དབང་པོ་རབ་འབྲིང་ཐ་མ་གསུམ་འཆར་རུང་ཞེས་བྱའོ། །དེཡང་དཔེར་ན ། གང་ཟག་དབང་པོ་རབ་དེ། དབང་པོ་ཆེའི་གམ་དུ་འབབ་པ་དང་འདྲ་སྟེ། ངོ་སྤྲད་པ་ཙམ་གྱིས་ཆོག་སྟེ། རྐྱེན་གང་གིས་ཀྱང་ཕན་གནོད་མི་ནུས་པའོ། །གང་ཟག་དབང་པོ་འབྲིང་། དབང་འབྲིང་པོའི་གམ་དུ་འབབ་པ་དང་འདྲ་སྟེ། ངང་གིས་མི་འབྲལ་བར་ཞེས་བྱ་ར་བྱེད་དགོས་པའོ། །གང་ཟག་དབང་པོ་ཐ་མ་གཅིག་ནི། དབང་ཆུང་བའི་གམ་དུ་འབབ་པ་དང་འདྲ་སྟེ། སྐད་ཅིག་ཀྱང་ཡེངས་ཐེངས་མེད་པར། བརྡའི་ཐབས་དང་དཀྲིལ་ལེ་འགྲོགས་དགོས་པའོ། །དེ་ཡང་དང་པོ་བརྡའ་ལ་ངོ་སྤྲད་པའོ། །གཞིས་ཡུལ་ལས་གཞན་དུ་འཕགས་ནས། རང་ཡུལ་དུ་ཁ་མ་བལྟས་པ་དང་འདྲ། བར་དུ་བླ་མའི་ཐབས་བརྡའ་ལམ་ལ་ཆགས་ནས། དོན་མ་མཐོང་ན་མགྲོན་པོ་རང་ཡུལ་དུ་ཁ་བལྟས་ནས། གནས་པོའི་སྐྱེལ་མས་མགྲོན་པོ་ཡུལ་དུ་མ་བསྐྱལ་བར། རང་རེས་བཟུང་བ་དང་འདྲ་སྟེ། བརྡའི་དེ་ཉིད་ཆགས་པས། དོན་བློ་བྲལ་དེ་བརྡའི་གཉེན་པོ་རུ་སྒྲིབས་ནས། རྟེན་མེད་དུ་འཆར་དུ་མ་བཏུབ་པའོ། །བརྡས་དོན་རྒྱུད་ལ་གསལ་བ་དེ། མངོན་དུ་མ་གྱུར་པ་ལ། ཉམས་སུ་ལེན་འཕྲོ་བཅད་ན་སྐྱེལ་མ་ལམ་ནས་ལོག་པ་སྔས་ཏེ། འཇིགས་པ་མ་སྒྲོལ་བའི་བར་དགྲའི་ཁྱེར་བ་དང་འདྲ། དོན་མངོན་དུ་མ་གྱུར་ནས་བརྡའི་ཐབས་ཀྱི་གཉེན་པོ་བརྟེན་མ་དགོས་པ་ནི། འཇིགས་པ་སྒྲོལ་ནས་སྐྱེལ་མ་ཡུལ་དུ་ལོག །མགྲོན་པོ་གནས་སུ་བསྐྱལ་བ་དང་འདྲ་སྟེ། བརྡའ་དང་ཐབས་ལ་བརྟེན་མ་དགོས་པ་ནི། བརྡ་ལ་མ་ཆགས་པས་དོན་མ་སྒྲིབ་སྟེ། གཉེན་པོའི་དྲི་མ་དང་བྲལ་བའི་དོན་རྣམ་པར་དག་པའོ། །དེ་ནི་བརྡས་དོན་དགྲོལ་བའི་གོ་བ་དཔེས་བསྟན་པའོ། །དེ་ཡང་དབང་པོ་རབ་འབྲིང་ཐ་མའི་དཔེ་ནི། མིག་གི་དབང་པོ་རྣོ་རྟུལ་དང་འདྲ་སྟེ། བརྡ་དངོས་དབང་པོ་རྣམ་ཤེས་གཅིག་གིས་ཕོགས་གཅིག་མཐོང་བས་ཆོག་སྟེ། དེ་ནས་ངོ་མི་ཤེས་པ་མི་ཡོང་། དབང་པོ་འབྲིང་པོ་གཅིག་སྐབས་སུ་མཐོང་དགོས་ཏེ། དེ་ནས་ངོ་ཤེས། དབང་པོ་རྟུལ་པོ་གཅིག་གི་རང་རེ་འགྲོགས་དགོས་ཏེ། བྲལ་མ་ཐག་ཏུ་ངོ་མི་ཤེས་ཏེ། སོམ་ཉི་ཟ་བའོ། །དབང་པོ་རབ་གཅིག་གིས་བརྡས་སུ་ཕོགས་གཅིག་མཐོང་ནས་གཉེན་པོ་བརྟེན་མི་དགོས་ཏེ། མ་རིག་པ་དང་མ་གོ་བ་དང་མ་རྟོག་པ་རྣམས་ཀྱང་མི་སྤོང་། དབང་པོ་འབྲིང་གིས་ཕོག་ས་གཅིག་གིས་མི་ཆོག་སྟེ། སྐབས་སྐབས་སུ་འཕྲད་པས་དེ་ནས་གོམས་ཤིང་འདྲིས་པས་དེ་ནས་ངོ་མི་ཤེས་པ་ཙམ་ཡང་མི་ཡོང་སྟེ། དྲན་པ་ཟིན་པ་ཙམ་གྱིས་ཆོག་པའོ། །གང་ཟག་དབང་པོ་ཐ་མ་གཅིག་གིས་ཕྲིལ་ལེ་མ་ཡེངས་པར་མ་འགྲོགས་ན། ཨེན་འཕྲད་མ་ཐག་ཏུ་ཡིད་མི་ཆེས། སོམ་ཉི་ཟ་རུ་འོང་པས། མ་ཡེངས་མ་བརྗེད་པ་རུ་ཕྲིལ་ལེ་འགྲོགས་དགོས་པ་ཡོང་བའོ། །དེ་ནི་བརྡས་སུ་དོན་དགྲོལ་བའི་དོན། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་དབང་པོ་རྣོ་རྟུལ་གྱི་དཔེས་བསྟན་པའོ། །ད་བརྡས་དོན་རྒྱུད་ལ་འབྱོར་བ་བྱེད་པ་ལ། བརྡའི་ཚིག་དོན་རྒྱས་པ་ལ་གཉིས་ཏེ། དང་པོ་བརྡའི་ཚིག་གཉིས་ནི། འཛིན་མེད་ངང་ལ་མི་གནས་ལ། །གཡོ་འཛིན་རླུང་གི་མན་ངག་སྦྱིན་པ་དང་། །སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། །བདེ་བ་ཐིག་ལེའི་མན་ངག་གོ། །དེ་ཡང་རང་རིག་སེམས་ཉིད་དངོས་པོའི་གནས་ལུགས་འཛིན་པའི་བློ་མེད་པའི་ངང་ལ་མི་གནས་པར། དྲན་རྟོག་གི་འཁྲུལ་པ་ཐམས་ཅད་ནི། རིག་པའི་རླུང་གཡོས་ནས་ཡིད་འཛིན་པ་མེད་པ་ཆོས་ཉིད་ཀྱི་ངང་ལ་མི་གནས་པར། དྲན་རྟོག་འཛིན་པ་སྣ་ཚོགས་སུ་འཁྲུལ་པ་ཡིན་པས། ད་མ་འཁྲུལ་བར་བྱེད་པ་ལ་ཡིད་གཡོ་བའི་རླུང་དེ་བཟུང་ནས། ཡིད་འཛིན་པ་མེད་པའི་ངང་དུ་གནས་པར་བྱེད་པ་ལ། ཡིད་གཡོ་བ་དེ་ལ་རླུང་དེ་འཛིན་པའི་མན་ངག་སྟེར་བ་ཡིན་ནོ། །དེ་ཡང་མན་ངག་རྣ་བརྒྱུད་འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ཆེན་པོར་ཡང་། དྲན་རྟོག་རླུང་གིས་གཡོ་བའི་ཡིད། །འཛིན་མེད་ངང་ལ་མི་གནས་ལ། །གཡོ་འཛིན་རླུང་གི་མན་ངག་སྦྱིན། །ཞེས་བཤད་པ་དང་མཐུན་ནོ། །ད་གཡོ་བའི་རླུང་དེ་འཛིན་པའི་མན་ངག་ལས། རླུང་རྣམ་པར་གཉིས་སུ་འདོད་དེ། དེ་ཡང་བེམ་པོའི་རླུང་དང་། རིག་པའི་རླུང་གཉིས་སོ། །དེ་ཡང་རྡོ་རྗེ་ཟམ་པ་དབང་གི་མན་ངག་ལས། རླུང་དེ་རྣམ་པ་གཉིས་ཡིན་ཏེ། །རིག་པའི་རླུང་དང་བེམ་པོའི་རླུང་དང་། །ཞེས་བཤད་དོ། །བེམ་པོའི་རླུང་ལ་རྩ་བའི་རླུང་དང་། ཡན་ལག་གི་རླུང་གཉིས་ལས། རླུང་ཞེས་བྱ་བ་ལས། སྐུ་ལྔའི་བདག་ཉིད་མཐའ་ཡས་ཡིན་དེ་ཡང་འཕགས་འཁོར་ཟེར་བ་གཅིག་འཛུད་རྒྱུར་འདུག་ནའང་དཔྱད་དགོས་སོ། །ཞེས་བཤད་ནས། རྩ་བའི་རླུང་དང་། ཡན་ལག་གི་རླུང་ཞེས་བཤད་དོ། །དེ་ཡང་རྩ་བའི་རླུང་ལ་རྣམ་པ་ལྔ་ལས། གྱེན་རྒྱུའི་རླུང་ནི་ཨོག་མའི་འོག་ན་གནས་པས། ཟས་ཀྱི་དྭངས་མའི་བཅུད་གྱེན་ལ་དྲངས་ནས། ལུས་ལ་མདངས་ཆགས་པར་བྱེད། ཐུར་དུ་སེལ་བའི་རླུང་ནི་དབུགས་ཁ་དང་རྡོ་རྗེར་གནས་པས། ཟས་སྙིགས་མ་དང་ཁུ་བ་ཕྱེས་ནས་མཐུར་ལ་འབྱིན་པ་བྱེད། མེ་དང་མཉམ་པའི་རླུང་ནི་ལྟེ་བའི་རྩ་ཕོ་བའི་ནང་ན་གནས་པས། ལུས་དྲོད་བསྐྱེད་ཅིང་ཟས་འཇུ་བར་བྱེད་དོ། །ཁྱབ་བྱེད་ཀྱིི་རླུང་ནི་ཚིགས་བཞི་ལ་གནས་པས། ལུས་མགོ་གཞུག་གི་རེག་བྱ་ཚོར་བར་བྱེད་དོ། །སྲོག་འཛིན་པའི་རླུང་ནི་སྙིང་གི་སྲོག་རྩ་ལ་གནས་པས། དབུགས་ཕྱི་རུ་ཁྲུ་གང་དང་ནང་དུ་སྙིང་གི་ནང་ཚུན་ཆད་དུ་འགྱུ་ཞིང་འཁྲིག་པར་བྱེད་པས་ན་ནང་དུ་སྙིང་གི་སྲོག་རྩ་དང་། ཕྱི་ནང་གི་དེ་གཉིས་ཕར་འགྱུ་ཚུར་འགྱུ་བས་སྙིང་རྩ་འཕར་ཞིང་སྲོག་འཛིན་པའོ། །ཡན་ལག་གི་རླུང་ལྔ་ནི། རྒྱུ་བ། རབ་ཏུ་རྒྱུ་བ། ཀུན་ཏུ་རྒྱུ་བ། ཤིན་ཏུ་རྒྱུ་བ། ངེས་པར་རྒྱུ་བ་དང་ལྔའོ། །རྩ་བའི་རླུང་དང་ཡན་ལག་གི་རླུང་གཉིས་ཀྱང་དོན་ལ་གཞི་གཅིག་ཡིན་ཏེ་སྲོག་འཛིན་པའི་རླུང་དང་། ཁྱབ་བྱེད་ཀྱི་རླུང་ནི་བེམ་རིག་སྦྲག་མའི་རླུང་ཡིན་ཏེ། དཔེར་ན་རྟ་ལོང་བ་ལ་འཕྱེ་བོ་མིག་ཅན་ཞོན་པ་ལྟ་བུ་ཡིན་ཏེ། རིག་པའི་རླུང་གིས་བསྐྱོད་རྒྱུ་བྱེད། བེམ་པོའི་རླུང་གིས་བསྐྱོད་མཁན་བྱས་ནས་དྲན་བསྐྱོད་དུས་མཉམ་དུ་བྱེད་པའོ། །བེམ་རིག་བྲལ་ཙ་ན་བེམ་པོའི་རླུང་ཕྱི་རུ་ཡལ་ནས། རིག་པའི་རླུང་བསྐྱོད་མཁན་མེད་པར་གསལ་ལ་རྟོག་པ་མེད་པར། རང་སོ་ལ་གནས་པ་ནི་བར་དོའི་འོད་གསལ་ལམ། ཡང་ན་ད་ལྟའི་རིག་པའི་རླུང་གསལ་ལ་རྟོག་པ་མེད་པར་གནས་པ་དེ་དུས་ཀྱི་བརྡའ་ཞེས་བྱའོ། །བེམ་པོའི་རླུང་དེ་ཚོ་བཟུང་ཡང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་ལམ་བྱེད་ནུས་པ་ཡོད་ཀྱང་། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་རླུང་དེ་མིན་པས། འདི་རུ་རིག་པའི་རླུང་བརྡས་འཛིན་པར་འདོད་དེ། རིག་པའི་རླུང་ལ་ཡང་ཀུན་ནས་ཉོན་མོངས་པའི་རླུང་དང་། རྣམ་པར་བྱང་བའི་རླུང་གཉིས་འདོད་དེ། དེ་ལ་དང་པོཀུན་ནས་ཉོན་མོངས་པ་འཁོར་བའི་རླུང་ལ་ཡང་གསུམ་སྟེ། དང་པོ་ས་བོན་ཆའི་ཀུན་གཞི་མ་རིག་པའི་ས་བོན་ལ། འཁྲུལ་པ་ཀུན་གྱི་གཞི་གཏི་མུག་གི་ས་བོན་ཆའི་རླུང་དང་གཅིག །ཉོན་མོངས་པ་ཅན་གྱི་ཡིད་འགྱུ་བྱེད་ཀྱི་རླུང་དང་། དྲན་རྟོག་གི་ཡིད་ལོག་པར་རྟོག་པ་ཞེ་སྡང་གི་ས་བོན་ཆའི་རླུང་དང་གཉིས། བག་ཆགས་སོགས་བྱེད་ཀྱི་རླུང་ནི། འདོད་པའི་ཡིད་བག་ཙམ་ལ་ཆགས་པའི་རྟེན་བྱས་ནས། སྡུག་བསྔལ་ལ་སོགས་པའི་སྣོད་བྱེད་པས། འདོད་ཆགས་ཀྱི་ས་བོན་ཆའི་རླུང་དང་གསུམ་མོ། །དེ་གསུམ་ལ་ནི་ཀུན་ནས་ཉོན་མོངས་པ། སྤུན་པོ་སྤྲུལ་པའི་རླུང་ཞེས་བྱའོ། །དེ་ཡང་ཡེ་ཤེས་གསང་བ་ལས། རང་གསལ་དགོངས་པའི་ཐུགས་མ་རིག །འཛིན་པའི་ཆ་ལ་གང་གནས་ཀྱང་། །འཁོར་བའི་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་བཤད་དོ། །རྣམ་པར་བྱང་བ་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་རླུང་ལ་ཡང་གསུམ་སྟེ། དོན་དེ་ཉིད་རིག་ཅིང་གསལ་བས། མ་རིག་པའི་སྣང་བ་མེད་ཅིང་། གསལ་བ་རྣམ་པར་བྱང་བའོ། །བློའི་རྟོག་པ་མེད་ཅིང་མི་རྟོག་པ་དེས་ཉོན་མོངས་པ་ཞེ་སྡང་གི་རྣམ་པར་རྟོག་པ་དེ་མེད་ཅིང་བྱང་བས་ན། མི་རྟོག་པ་རྣམ་པར་བྱང་བའོ། །ལུས་སེམས་ཡོད་དུ་མི་ཚོར་ཞིང་སྡུག་བསྔལ་གང་ཡང་མི་གནས་པ་དེ། བདེ་བ་རྣམ་པར་བྱང་བའོ། །གསལ་བ་མི་རྟོག་པ་བདེ་བ་གསུམ། ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་དེ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ། བདེ་བར་གཤེགས་པའི་ཐུགས་ཀྱི་སྙིང་པོ། དེ་ལྟར་ཡེ་ནས་ཡིན་པའི་དོན་དེ། རང་གི་སེམས་ཉིད་དུ་ཤེས་པས་ན། སྙིང་པོ་ཡེ་ཤེས་ཀྱི་རླུང་ཞེས་བྱའོ། །དེ་ཡང་གུ་རུ་བཞི་པ་ལས། རྡོ་རྗེ་སེམས་དཔས་གསུངས་པ། དགའ་རབ་རྡོ་རྗེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ན་ཡང་། ཡེ་ཤེས་ཀྱི་རླུང་བྱ་བ་གཅིག་ཡོད་པས་དེ་ངོས་ཟུངས་ཤིག །ཅེས་བཤད་དོ། །དེ་ཡང་ཀུན་ནས་ཉོན་མོངས་པའི་རླུང་མ་རིག་པས་ཆེད་དུ་འཛིན་པ་དེ། རྣམ་པར་བྱང་བའི་རླུང་རིག་ཅིང་དམིགས་པ་མེད་པ་རུ་གནས་བསྒྱུར་བའོ། །དེ་ཡང་ཤེས་རབ་སྡུད་པ་ལས། ཇི་ལྟར་འཛིན་པ་དེ་ལ་ཀུན་ནས་ཉོན་མོངས་བསྟན། བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། ཞེས་བཤད་དོ། །དེ་ཡང་འདི་རུ་ཀུན་ནས་ཉོན་མོངས་པའི་རླུང་། གནས་འགྱུར་ནས་རྣམ་པར་བྱང་བ་རུ་འཆར་བར་བྱེད་པ་ལ། གནད་ཀྱི་བརྡའ་ལ་གཉིས་ཏེ། དེ་ཡང་གསལ་བ་གནད་ཀྱི་བརྡའ་དང་། མི་རྟོག་པ་གནད་ཀྱི་བརྡའོ། །དེ་ཡང་གསལ་བ་གནད་ཀྱི་བརྡའ་ནི། མིག་མ་བཙུམ་པར་སྣ་རྩེའི་ཐད་ཙམ་དུ། དམིགས་གཏད་མེད་པར་ཅེ་རེ་བལྟ་བའོ། །མི་རྟོག་པ་གནད་ཀྱི་བརྡའ་ནི། མིག་གི་རྫི་མ་དང་འབྲས་བུ་ཡང་མ་འགུལ་བར། མིག་རྩ་ཧྲིག་གེ་འཇོག་པ་དང་གཉིས་ཀྱིས་གནས་བསྒྱུར་བ་ནི། ཀུན་གཞི་ཉོན་མོངས་པའི་རླུང་། ས་བོན་ཆའི་ཀུན་གཞིའི་གཏི་མུག་གི་ཆ་དེ། གསལ་བ་གནད་ཀྱི་བརྡས་རྣམ་པར་བྱང་ནས། རིག་ཅིང་རང་གསལ་དུ་འཆར་བའོ། །ཀུན་ནས་ཉོན་མོངས་པའི་རླུང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རླུང་གི་ཆ་དེ་མི་རྟོག་པ་གནད་ཀྱི་བརྡས་རྣམ་པར་བྱང་ནས། མི་རྟོག་པ་ཆོས་ཉིད་དུ་འཆར་བའོ། །དེ་ཡན་ཆད་ནི་འཛིན་པ་རླུང་གི་མན་ངག་ཡིན་ནོ།། ༈ །།གཉིས་པ་སེམས་ཉིད་སྤྲོས་ཆེན་ལ། བདེ་བ་ཐིག་ལེའི་མན་ངག་སྦྱིན་པ་ནི། དེ་ཡང་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པའི་དོན་ལ་མི་བརྟན་པ་དང་། འདོད་པ་དང་འཛིན་པ་དང་དངོས་པོ་དང་མཚན་མའི་སྤྲོས་པ་ཆེ་བ་ལ། བདེ་བ་ཐིག་ལེའི་མན་ངག་སྟེར་བའོ། །དེ་ཡང་རྣ་བརྒྱུད་འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ཆེན་པོ་ལས། རྟོག་པའི་རླུང་གིས་དྲན་བསྐྱོད་ཅིང་། །མཚན་མའི་སྤྲོས་པ་ཆེ་བ་ལ། །བདེ་བ་ཐིག་ལེའི་མན་ངག་སྦྱིན། །ཞེས་བཤད་དོ། །དེ་ཡང་བདེ་བ་ཐིག་ལེའི་མན་ངག་ལ་གཉིས་ལས། ཟག་པ་དང་བཅས་པ་ལུས་ལ་གནས་པའི་བདེ་བའི་ཐིག་ལེ་དང་། ཟག་པ་མེད་པའི་ཡིད་ལ་གནས་པའི་བདེ་བའི་ཐིག་ལེའོ། །དེ་ཡང་ཟག་པ་དང་བཅས་པ་ལུས་ལ་གནས་པའི་ཐིག་ལེ་ལའང་། རང་ལུས་ཐབས་དང་ལྡན་པ། རླུང་ལས་སུ་རུང་བ་དང་། གཞན་ལུས་ཤེས་རབ་དང་ལྡན་པ། རྩ་ལས་སུ་རུང་བ་ལ་བརྟེན་ནས། དབང་གསུམ་པ་ཤེས་རབ་ཀྱི་དུས་སུ། གཉིས་སུ་མེད་པའི་བདེ་བ་ལ་ཕྱག་རྒྱ་ཆེན་པོའི་དོན་མཚོན་པར་བྱེད་པ་ཡིན་ཏེ། དེ་ཡང་གཞན་ལུས་ལ་བརྟེན་པ་ལུས་ཀྱི་རེག་བྱ། འདུས་བྱས་རྐྱེན་གྱིས་འཇིག་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་བདེ་བ་མ་ཡིན་པས་དཔེ་དོན་དུ་མི་བཏུབ་པས། དེ་ཡང་། འདྲ་བའི་ཕྱིར་ན་དཔེ་མ་ཡིན། །མི་འདྲའི་ཕྱིར་ན་དངོས་མ་ཡིན། །ཞེས་བཤད་དོ། །དེ་ཡང་འདི་རུ། ཟག་པ་མེད་པའི་བདེ་བ་དངོས་མེད་དེ། བརྡས་འཛིན་པ་རུ་འདོད་དེ། དེ་ཡང་ཟག་པ་མེད་པའི་བདེ་བ་དང་། དབྱེར་མི་ཕྱེད་པའི་བདེ་བ་ལ་བརྡའ་གཉིས་ཏེ། དེ་ཡང་བདེ་བ་གནད་ཀྱི་བརྡའ་ནི། རྐེད་པ་བསྲང་ནས་སྒལ་ཚིགས་ལ་ཉག་བྱས་པས། འོག་རླུང་ཡིད་ཙམ་ཟིན་པ་དང་། དབྱེར་མི་ཕྱེད་པ་གནད་ཀྱི་བརྡའ། སོ་བར་ནས་ཕར་མདའ་སྨྱུག་འབྲིང་པོ་ཤོང་ཙམ་བྱས་ནས་དབུགས་རང་ཆས་ལ་ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པར། དབུགས་སོ་རྩེ་ལས་མི་འདའ་བར་ཙེན་ནེར་འཇོག་པ་དང་གཉིས་ཀྱིས། ཀུན་ནས་ཉོན་མོངས་པའི་རླུང་བག་ཆགས་སོགས་བྱེད་ཀྱི་རླུང་འདོད་ཆགས་ལས་གནས་འགྱུར་ནས་བདེ་བས་སྡུག་བསྔལ་བག་ཆགས་རྣམ་པར་བྱང་བ་དང་། དབྱེར་མི་ཕྱེད་པའི་ཆོས་ཀྱི་དབྱིངས། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་རུ་འཆར་བའོ། །དེ་ཡན་ཆད་ནི་བདེ་བ་ཐིག་ལེའི་མན་ངག་གོ། །དེ་ཡན་ཆད་དུ་གཡོ་འཛིན་རླུང་གི་མན་ངག་དང་། བདེ་བ་ཐིག་ལེའི་མན་ངག་གཉིས་འཆད་པའི་དུས་ན་སྔ་ཕྱི་རུ་བྱུང་ཀྱང་། བརྡས་སུ་ངོ་སྤྲད་ནས་ཉམས་སུ་ལེན་པའི་དུས་ན་གཅིག་ཏུ་བྱེད་པའོ། །དེ་ཡང་ཇི་ལྟར་དུས་ཀྱི་བརྡའ་བྱུང་དུས། གནད་ཀྱི་བརྡས་ངོ་སྤྲད་ནས། ཀུན་ནས་ཉོན་མོངས་པའི་རླུང་ལུང་མ་བསྟན་བག་ལ་ཉལ་དུ་གནས་པ་དེ། རྣམ་པར་བྱང་བའི་རླུང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རུ་གནས་བསྒྱུར་བའོ། །དེ་ཡང་དུས་ཀྱི་བརྡའ་ལ་ཡང་བཞི་སྟེ། སྤྱི་བོར་གཙུག་ཏོར་གྱི་ཨ་ཝ་དྷུ་ཏིའི་དུས་དང་གཅིག །མགྲིན་པ་ལོངས་སྤྱོད་ཀྱི་ཨ་ཝ་དྷུ་ཏིའི་དུས་དང་གཉིས། སྙིང་ཁ་ཤེས་རབ་ཀྱི་ཨ་ཝ་དྷུ་ཏི་དང་། ལྟེ་བ་སྤྲུལ་པའི་ཨ་ཝ་དྷུ་ཏིའི་དུས་དང་གསུམ། གསང་བ་བདེ་བ་སྐྱེད་པའི་ཨ་ཝ་དྷུ་ཏིའི་དུས་དང་བཞིའོ། །དེ་ཡང་རྩ་མདུད་ཨ་ཝ་དྷུ་ཏི་རུ་རླུང་དང་བདེ་བ་གཉིས་ཚུད་ནས། གཉིས་སུ་འདྲེས་ནས་རླུང་ལ་འགྲོ་འོང་མེད་པར་གནས་པའི་དུས་སུ། རླུང་ཕུ་ན་མོ་ཁབ་ཙམ་གཡོས་པ་ལ་ཚུར་ལ་ཕྲ་མོ་གཅིག་སེ་ཙམ་འགྱུ། རླུང་མ་ཕུ་ན་འགྱུ་བ་མི་ཚོར་བར། རླུང་སྤུགས་སུ་ཚུད་པ་དེའི་དུས་དེ་དུས་ཀྱི་བརྡ་ཡིན་ནོ། །དེ་བྲམ་ཟེ་ས་ར་མ་ཐ་མའི་ན་ཡང་སྣང་། ཞལ་ནས། ཨ་ཝ་དྷུ་ཏིར་རླུང་ཞུགས་པ། །འདི་ནི་ཡང་དག་ཉིད་ཀྱི་སྒྲ། །བསླུ་བ་མེད་པའི་ཚད་མ་ཡིན། །ཞེས་གསུངས་སོ། །དེ་ཡང་དུས་ཀྱི་བརྡའི་དུས་སུ། གནད་ཀྱི་བརྡས་ལུང་མ་བསྟན་ཆོས་ཀྱི་དབྱིངས་སུ་གནས་བསྒྱུར་བས་ཞི་གནས་ལྷག་མཐོང་དུ་གནས་བསྒྱུར་བའོ། །དེ་ཡང་རྡོ་རྗེ་ཟམ་པའི་གྲོལ་བ་མཐར་ཕྱིན་རྡོ་རྗེའི་ཚིག་ལས། དུས་ཀྱི་བརྡའ་ལ་བརྟེན་ནས་ནི། །གནས་ཀྱི་བརྡ་ཡིས་གནས་བསྒྱུར་ཏེ། །གནས་འགྱུར་པ་ལ་གཉིས་འཛིན་མེད། །སངས་རྒྱས་དགོངས་པ་ཉག་གཅིག་ཡིན། །ཞེས་བཤད་དོ། །དེ་ཡང་དུས་ཀྱི་བརྡའ་གནད་ཀྱི་བརྡས་གནས་བསྒྱུར་པ་ལ། གནད་ཀྱི་བརྡའ་བཞི་སྟེ། དེ་ལ་གསལ་བ་གནད་ཀྱི་བརྡའ་དང་གཅིག །མི་རྟོག་པ་གནད་ཀྱི་བརྡའ་དང་གཉིས། བདེ་བ་གནད་ཀྱི་བརྡའ་དང་གསུམ། དབྱེར་མི་ཕྱེད་པ་གནད་ཀྱི་བརྡའ་དང་བཞིའོ། །དེ་ཡང་གསལ་བ་གནད་ཀྱི་བརྡའ་ནི། །དབང་པོའི་སྒོ་མ་བཀག་པ་ལ་ཟེར་ཏེ། སྣ་རྩེའི་ཚོད་ཙམ་དུ་གཏད། དེ་ཡང་གསལ་བས་མ་རིག་པ་དག །མི་རྟོག་པས་འཁྲུལ་པ་ཆོད། བདེ་བས་སྡུག་བསྔལ་དང་བྲལ། དབྱེར་མི་ཕྱེད་པས་ཆོས་ཀྱི་དབྱིངས་སུ་བསྒྱུར། དབྱེར་མི་ཕྱེད་པའི་དུས་ན་དབྱེར་མི་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་རྣམ་པར་དག་པའོ། །དེ་ཡང་གསལ་བས་ཆད་པར་མ་སོང་། མི་རྟོག་པས་རྟག་པར་མ་སོང་། ཡ་ཡོ་མེད་པར་ཅེ་རེ་ལྟ་བ་ལ་ཟེར་བའོ། །མི་རྟོག་པ་གནད་ཀྱི་བརྡའ་ནི། དབང་པོའི་སྒོ་མ་གཡོས་པ་ལ་ཟེར་བ་ཡིན་ཏེ། མིག་རྩ་མ་འགུལ་བ་རུ་ཧྲིག་གེ་བའོ། །བདེ་བ་གནད་ཀྱི་བརྡའ་ནི། འོག་རླུང་ཡིད་ཙམ་ཟིན་པ་ལ་ཟེར་བ་ཡིན་ཏེ། སྐེད་པ་བསྲང་ལྟོ་བ་བསྐུམ་ནས་མཉམ་བཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་འཆའ་བའོ། །དབྱེར་མི་ཕྱེད་པ་གནད་ཀྱི་བརྡའ་ནི། ལྕེའི་རྩེ་མོ་གང་ལ་ཡང་མི་བརྟེན་པ་ལ་ཟེར་བ་ཡིན་ནོ། །སོ་བར་ནས་ཕར་ལ་སྨྱུག་མ་འབྲིང་པོ་ཤོང་ཙམ་དུ་ཁ་དེང་དེ་བྱས་ནས། ལྕེའི་རྩེ་མོ་རྐན་དང་སོ་ལ་མ་རེག་པར་དབུགས་རང་ཆས་སོ་རྩེ་ལས་མི་འདའ་བར་ཙེན་ནེར་འཇོག་པའོ། །དེ་ལྟར་དུ་བརྡའ་བཞིས་དུས་གཅིག་ལ་སྦྱར་ནས་ཉམས་སུ་བླངས་པས། རྒྱུད་ལ་ཅི་ལྟ་བུ་གཅིག་འཆར་ནས། གསལ་བ། མི་རྟོག་པ། བདེ་བ། ངོ་བོ་དབྱེ་རུ་མི་ཕྱེད་པ་ལ། དབྱེ་རུ་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་གཅིག་རྒྱུད་ལ་འཆར་བའོ། །དེ་ཡང་ཤེས་པ་གསལ་ལ་ངོས་བཟུང་མེད་པའི་དོན་རང་གི་སེམས་ཉིད་དུ་རིག་ཅིང་རང་གི་སེམས་ཉིད་དུ་གསལ་བ་དེ། གསལ་བ་གནད་ཀྱི་བརྡའ་ནི་དབང་པོའི་སྒོ་མ་བཀག་པ། མིག་མ་བཙུམ་པ་ལས་བྱུང་བའོ། །ཡིད་ཀྱི་འགྱུ་བ་ཆད་ནས་བློའི་རྟོག་པ་ཅི་ཡང་མི་སྐྱེ་བ་དེ། མི་རྟོག་པ་གནད་ཀྱི་བརྡའི་དབང་པོའི་སྒོ་མ་གཡོས་པ། མིག་མ་འགུལ་བ་ལས་བྱུང་བའོ། །ལུས་སེམས་ཡོད་དུ་མི་ཚོར་བའི་བདེ་བ་ལ་བདེ་བའོ་སྙམ་པའི་འཛིན་པ་མེད་པ་དེ། བདེ་བ་གནད་ཀྱི་བརྡའ་ལྟེ་བ་སྒལ་ཚིགས་ལ་བཅར་བ། འོག་རླུང་ཡིད་ཙམ་ཟིན་པས་ལུས་སེམས་ཡང་ཙེན་གྱིས་ཐེག་པ་ལས་བྱུང་བ་ཡིན་ནོ། །དེ་ཡང་གསལ་བ་མི་རྟོག་པ་བདེ་བ་གསུམ། ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་པ་གཅིག་རྒྱུད་ལ་ཤར་བ་དེ། དབྱེར་མི་ཕྱེད་པ་གནད་ཀྱི་བརྡའ། ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པ་ལས་བྱུང་བའོ། །དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་སེམས་ཉིད་ཀྱི་གནད་དོན་དུ་མ་བསམ། ཚིགས་སུ་མ་བརྗོད་པའི་ངང་ལ་ངང་གིས་བཞག་པ་ལས་བྱུང་བའོ། །དེ་ཙ་ན་གསལ་བ་ལས་དྲན་མེད་བྱིང་རྨུགས་སུ་མ་སོང་། མི་རྟོག་པས་དྲན་པ་འཕྲོ་རྒོད་དུ་མ་སོང་། གཉིས་མེད་བདེ་བར་ཉམས་སུ་མྱོང་བས། ལུང་མ་བསྟན་ཅི་ཡིན་ཆ་མེད་པར་མ་ལུས། དབྱེར་མི་ཕྱེད་པ་བསམ་བརྗོད་དང་བྲལ་བར། ཆོས་ཀྱི་དབྱིངས་སུ་འདྲེས། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། བློའི་མཐའ་འམ་ཚིག་གི་མཐའ་གང་ལ་ཡང་མི་གནས་པས་ན་རྣམ་པར་དག་པའོ། །བློའི་མཐའ་མ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། བསམ་པའི་བློའི་བརྗོད་པའི་ཚིག་ཏུ་མ་སོང་བའོ། །དེ་ཡང་གསལ་བ་ལ་བློས་མ་རིག་པས། མི་རྟོག་པ་ལ་རང་བཞིན་གྱིས་འོད་གསལ་བ། བདེ་བ་ལ་སྙམ་བྱེད་ཀྱི་ཤེས་པ་དང་བྲལ་བ། དབྱེར་མི་ཕྱེད་པ་ལ་ཐ་སྙད་ཀྱི་ཚིག་ལས་འདས་པ། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ན། རྣམ་པར་དག་པའོ། །གསལ་བ་ལ་མིང་དུ་བཏགས་པ་རང་རིག་རང་གསལ། མི་རྟོག་པ་ལ་མིང་ཏུ་བཏགས་པ་རྣལ་མ་ཆོས་ཉིད། བདེ་བ་ལ་མིང་ཏུ་བཏགས་པ་ཟག་མེད་ཀྱི་བདེ་བ། དབྱེར་མི་ཕྱེད་པ་ལ་མིང་དུ་བཏགས་པ་ཆོས་ཀྱི་དབྱིངས། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མེད་པ་ལ་མིང་ཏུ་བཏགས་པ་རྣམ་པར་དག་པའོ། །དེ་ཡང་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་རྫོགས་པར་བསྟན་པ་ནི། གསལ་བ་དེ་སྤྲུལ་པའི་སྐུ་ཡིན། མི་རྟོག་པ་དེ་ཆོས་ཀྱི་སྐུ་ཡིན། བདེ་བ་དེ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། དབྱེར་མི་ཕྱེད་པ་དེ་ངོ་བོ་ཉིད་ཀྱི་སྐུ་ཡིན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་གསང་བའི་སྐུ་ཡིན། གསལ་བ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། མི་རྟོག་པ་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། བདེ་བ་དེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། དབྱེར་མི་ཕྱེད་པ་སོ་སོར་རྟོག་པའི་ཡེ་ཤེས་ཡིན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ། །དེ་ཡང་། གསལ་བའི་དཔེ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའོ། །གསལ་བའི་ལུང་རྡོ་རྗེ་ཟམ་པ་རྩ་བའི་རྒྱུད་ཡེ་ཤེས་གསང་བའི་ལེའུ་དགུ་པ་ལས། རང་རིག་གསལ་བའི་བྱང་ཆུབ་སེམས། །དམིགས་པ་མེད་པ་གསལ་བའི་ཕྱིར། །ཡུལ་མེད་གསལ་བ་མར་མེ་འདྲ། །ཞེས་བཤད་དོ། །རྣ་བརྒྱུད་རིན་པོ་ཆེའི་འོད་ལས། རང་གསལ་རིག་པའི་ངང་ལ་གནས། །རྣམ་རྟོག་བྲལ་བའི་རིག་པ་གསལ། །ཞེས་བཤད་དོ། །མི་རྟོག་པའི་དཔེ་རིས་མེད་པ། རྟོག་པའི་ཕྲིས་མེད་པ། བྱ་ས་ཀིང་ཏིང་ཡང་སྣང་། ཀ་ར་ནམ་མཁའ་ལ་རྟེན་མེད་དུ་གནས་པ་ལྟ་བུ། མི་རྟོག་པའི་ལུང་ཡང་རྣ་བརྒྱུད་རིན་ཆེན་གསལ་བའི་འོད་ལས། ཅི་ཡང་མ་ཡིན་དམིགས་སུ་མེད། །ཅིར་ཡང་མི་རྟོག་སེམས་སུ་ཐིམ། །རྣམ་རྟོག་སེམས་ཀྱི་འགྱུ་བ་ཆད། །རིག་པའི་ཡེ་ཤེས་འཛིན་པ་བྲལ། །ཞེས་བཤད་དོ། །བདེ་བའི་དཔེ་ཟས་ཀྱི་སྣོད་ལྟ་བུ། བདེ་བའི་ལུང་ཟམ་པ་ཆེན་པོ་དབང་གི་མན་ངག་ལས། གཅིག་ཏུ་འདུས་པའི་བདེ་ཆེན་ཡིན། །འདི་ལ་ཡང་དག་ངོས་བཟུང་མེད། །ལོངས་སྤྱོད་ལྡན་ཡང་ཆགས་པ་ཡིན། །ཆགས་བྲལ་བདེ་བའི་མཆོག་དང་ལྡན། །ཞེས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་བྱམས་ཞུས་ལས། གང་ལུས་ཡོད་དུ་མི་ཚོར་བ་དེ་ནི། ཟག་པ་མེད་པའི་བདེ་བ་ཞེས་བྱ་བའོ། །མི་གནས་པའི་བདེ་བ་ཞེས་བྱ་བའོ། །མི་མཉམ་པའི་བདེ་བ་ཞེས་བྱའོ། །ཡང་དག་པའི་མྱ་ངན་ལས་འདས་པའི་བདེ་བ་ཞེས་བྱའོ། །ཞེས་བཤད་དོ། །དབྱེར་མི་ཕྱེད་པའི་དཔེ་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ། དབྱེར་མི་ཕྱེད་པའི་ལུང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བདག་གཞན་གཉིས་མེད་རང་རིག་པས། །འཛིན་པ་ཀུན་བྲལ་འོད་གསལ་དག །དབྱེར་མེད་ནམ་མཁའ་ལྟ་བུར་ཁྱབ། །ཅེས་བཤད་དོ། །ཡང་དེ་ཉིད་ལས། དབྱེར་མེད་ཆོས་སྐུ་གཟུང་འཛིན་བྲལ། །ནམ་མཁའ་ལྟ་བུར་དབྱེར་མེད་པར། །འགྲོ་བའི་ལམ་ལས་གཞན་མེད་དོ། །ཞེས་བཤད་དོ། །དེ་ཡང་། བླ་མས་བརྡ་དང་ངག་གིས་བསྟན་དུ་བྱུང་བས་ན། ཆོས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བ། རང་གི་རྒྱུད་ལ་ཉམས་སུ་མྱོང་དུ་བྱུང་བས་ན། སེམས་ཀྱི་སེམས་ཉིད་དྲི་མ་དང་བྲལ་བ། དཔེར་ན་ནམ་མཁའི་དཀྱིལ་ལྟ་བུར་འདུག་པས་ན། ནམ་མཁའི་མཚན་ཉིད་རྣམ་པར་དག་པའོ། །དེ་ནི་གཉིས་གསུམ་གཅིག་ཏུ་འདྲེས། འདི་བཞག་ཕྱིས་མི་ལེན་གྱི་དགོངས་པ་མ་ནོར་བའོ། །དེ་ཡང་མ་ནོར་བའི་དོན་ཅིས་ཤེས་ན། བརྡའ་དོན་མན་ངག་ལུང་དང་མི་འགལ་བས་བཤེས་ཏེ། རྐང་པ་སྐྱིལ་མོ་ཀྲུང་དུ་བྱས་པས། སྡོད་ཚད་ཆེ་ཞིང་མ་ཡེངས་པས་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་ཡོང་བ་ཡིན་པས། འཇམ་དཔལ་མཚན་བརྗོད་ལས། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་བཤད་དོ། །སྐེད་པ་བསྲང་ནས་དོན་ལ་ལྟ་བ་ནི། མདོ་ལས། དྲང་པོར་འདུག་ལ་ཡང་དག་ལྟོས། །ཞེས་བཤད་དོ། །མཉམ་བཞག་གི་ཕྱག་རྒྱས་གཞན་ཟིལ་གྱིས་གནོན་ཅིང་བར་ཆད་མི་འབྱུང་བ་ཡིན་ཏེ། དེ་ཡང་། མཉམ་པར་བཞག་པ་སངས་རྒྱས་ཀུན་གྱི་རྗེ། །ཞེས་བཤད་དོ། །མིག་མི་འཛུམ་པ་ནི། འཕགས་པ་རྟོགས་པ་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་མིག་མི་འཛུམ་པ་ལ་ཕྱག་འཚལ་ལོ། །ཞེས་བཤད་དོ། རྫོགས་པ་ཆེན་པོ་ཨ་རོ་ཅོག་བཞག་གམ། དེ་ཉིད་བཅུ་པ་ལས། མིག་མ་བཙུམ་པའི་ལྟ་སྟངས་ནི། །སེང་གེའི་ལྟ་སྟངས་ཞེས་བྱའོ། །རྣལ་འབྱོར་གཞན་པས་ཁྱད་པར་འཕགས། །ཞེས་བཤད་དོ། །མིག་གི་འགུལ་བ་ནི། གསང་སྔགས་དུས་ཀྱི་འཁོར་ལོ་ལས། ཀ་ར་ཎ་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །ཞེས་བཤད་དོ། །ཨ་རོ་ཆུང་ངུ་ལས། མིག་ནི་སྣ་རྩེར་གཏད་བྱས་ནས། །མཆོག་དང་ཐུན་མོང་དང་དངོས་གྲུབ་ཀུན། །མ་ཐོགས་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཤད་དོ། །མིག་གི་འགུལ་བ་ནི། མཚན་བརྗོད་ལས། མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །ཞེས་བཤད། །དེ་ཡང་རྡོ་རྗེ་ཟམ་པ་འདི་ཉིད་ཀྱི་དབང་དུ་བྱས་ན། མིག་མི་འགུལ་བར་སྣ་རྩེའི་ཚོད་ཙམ་དུ་ལྟ་བའོ། །གསང་སྔགས་ཀྱི་ཡི་གེ་ཉུང་ངུ་ལས། ལྟ་སྟངས་རྣམ་པ་བཞིར་གསུངས་ཏེ། །མུ་སྟེགས་ཚངས་པ་གྱེན་དུ་བལྟ། །ཉན་ཐོས་ཞི་བ་ཐུར་དུ་བལྟ། །ལྷ་ཡི་ལྟ་སྟངས་ཐད་ལ་བལྟ། །ཡང་དག་ལྟ་སྟངས་སྣ་རྩེའོ། །ཞེས་བཤད་པས། འདི་ནི་ཡང་དག་པའི་ལྟ་སྟངས་སོ། །ཁ་མི་འཛུམ་པ་ནི། རྣ་བརྒྱུད་ལུང་གི་ཕྲེང་བ་ལས། ཁ་ནི་ཕྱེད་འཛུམ་རན་པར་བྱ། །དབུགས་ནི་འགྲོ་འོང་མེད་པར་བཞག །ཅེས་བཤད་དོ། །ལྕེའི་རྩེ་མོ་མར་སོ་ལས་མ་རེག་པར་ཡར་རྐན་ལ་མ་རེག་པར་ཙེན་ནེར་འཇོག་པ་ནི། གསང་སྔགས་ཀྱི་ཡི་གེ་ཉུང་ངུ་ལས། བདེ་ཆེན་ལམ་དུ་འཇུག་པ་ལ། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །ཞེས་བཤད། དེ་ཡང་སྙིང་ཙིཏྟ་རིན་པོ་ཆེ་ལོ་མ། ལྕེ་འཕྲུལ་གྱི་ལྡེ་མིག །དེ་དུས་སུ་ལུས་སེམས་ཡོད་དུ་མི་ཚོར་བའི་ཟག་པ་མེད་པའི་བདེ་བ། སེམས་ཉིད་ཀྱི་དོན་གསལ་བར་བྱེད་པའི་མེ་ལོང་བསྟན་པའོ། །དེ་ཚོ་ཡང་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དུ་འདུས་ཏེ། རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རང་ལུས་དབེན་པའི་ས་ཕྱོགས་སུ། །ཕྱི་ནང་འབྲེལ་ཐག་བཅད་ནས་སུ། །ཆོས་བདུན་འབྱུང་བ་ཆ་མཉམ་ནས། །ཚོགས་དྲུག་དབང་པོ་མ་བཀག་པར། །ཐ་མལ་ཤེས་པ་ཙམ་ལ་བཞག །ཕྱི་རུ་ལུས་ཀྱི་འབྱུང་བ་སྙོམས། །ནང་དུ་དབུགས་ཀྱི་འགྲོ་འོང་བྲལ། །མ་བཅོས་རྣལ་མའི་དོན་ལ་ཕེབས། །མི་ཞེས་བྱ་བ་སངས་རྒྱས་ཡིན། །རྡོ་རྗེ་སེམས་དཔའ་གུད་ན་མེད། །ཅེས་བཤད་དོ། །དེ་ཡང་ཧྲིལ་གྱིས་བསྡུས་པས། དུས་ཀྱི་བརྡའི་དུས་སུ། གནད་ཀྱི་བརྡའ་བཞིས་དོན་ལ་ངོ་སྤྲད་པ་ལ་འདུས་པ་ཡིན་ནོ། །དེ་ཡང་བརྗོད་དུ་མེད་པའི་དོན་དེ་ཚིག་མེད་པའི་བརྡས་སུ་སྟོན་པ་ཡིན་ནོ། །དེ་ཡང་རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བརྡའ་དོན་སྤྲོད་ཀྱི་སློབ་དཔོན་ནི། །རང་རྒྱུད་ལུང་འདི་ལ་འདྲ་མིན་སྣང་། མཆན། མ་བཅོས་རྣམ་དག་པས། །དོན་དང་འབྲེལ་བའི་སྒྲ་ཚིག་གིས། །ཡེ་ཤེས་རིག་པའི་ངོ་བོ་སྟོན། །སྐྱེ་བ་མེད་པའི་བརྡའ་དོན་སྤྲད། །མངོན་སུམ་ཡེ་ཤེས་ངང་གིས་གསལ། །ཞེས་བཤད་དོ། །དེ་ཡང་བརྡའ་བཞིའི་དོན་གསལ་བ་མི་རྟོག་པ་བདེ་བའི་ངོ་བོ་དབྱེ་རུ་མི་ཕྱེད་པ། བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ། བརྗོད་དུ་མེད་པ་རང་གི་རྒྱུད་ལ་མངོན་སུམ་དུ་ངང་གིས་གསལ་བའོ། །དེ་ཡང་རྣ་བརྒྱུད་དབང་གི་མན་ངག་ལས། བརྗོད་མེད་རིག་པའི་དོན་མཐོང་ན། །རང་བཞིན་གསལ་བའི་ངང་ལ་བཞུགས། །ཞེས་སོ། །དེ་ཡང་རང་རྒྱུད་རྣམས་ཀྱི་རྗེའམ་དཔོན། ཇོ་བོ་རྗེས་གཉན་སྟོན་ཆོས་ཀྱི་དབང་ཕྱུག་ལ། ཉང་སྟོད་རྩིས་ཀྱི་ལྷ་ཁང་ལྟོས་དང་གསུངས་པའི་བརྡའ་དོན་རྣམས། རྣམ་པར་སྣང་མཛད་ཀྱི་བཞུགས་སྟངས་མཐོང་བའི་བརྡའ་དོན་ནམ། རྣལ་འབྱོར་རྣམས་ཀྱི་རྗེའི་དཔོན་རྗེ་དམ་པ་རྒྱ་གར་གྱིས་དམ་པ་ཀུན་དགའ་ལ། རྩ་བ་འཛིན་པའི་རི་བོང་ལ་བྱ་བའམ། མཉམ་བཞག་སྒོམ་དང་མི་ཞེས་ན། །ལྷ་ཁང་ལྟ་ཡང་མི་ཤེས་སམ། །བྱ་བའི་བརྡའ་དོན་དང་མི་འགལ་བར་བསྟན་པ་དང་མཐུན་པ་ཡིན་ནོ་གསུངས། དེ་ཡང་སྲིད་པའི་འཁོར་ལོ་ལས། འགྲོ་བ་རིགས་དྲུག་གི་སྤྱོད་ལམ་གྱི་བརྡའམ། མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་དགོངས་པའི་བརྡའ་ཡང་། ལུས་ཀྱི་མཛད་སྤྱོད་དང་བཞུགས་སྟངས་ཀྱིས་གསལ་བར་བསྟན་པའོ། །དེ་བས་ན་གནད་ཀྱི་བརྡའ་བཞི་སངས་རྒྱས་ཀྱི་བཞུགས་སྟངས་ཀྱིས་དོན་མ་ནོར་བར་སངས་རྒྱས་ཀྱི་དགོངས་པ་རང་རྒྱུད་ལ་འཆར་བར་བསྟན་པ་དེ་ནི། བརྡས་དོན་འགྲོལ་བའི་ཚིག་དོན་རྒྱས་པར་བཤད་པ་ཡིན་ནོ།། ༈ །།ད་འདི་ནས་མར་ལ་བརྡས་བསྟན་པའི་དོན་དེ་ལ། གོལ་ས་མེད་པར་བསྟན་པ་ནི། རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ལ། གོ་བ་དང་། ཚིག་གཉིས་ཏེ། དེ་ཡང་རྡོ་རྗེའི་གོ་བ་ནི་དཔེས་མཚོན་པ་ཡིན་ཏེ། དེ་ཡང་ཕར་ལ་འཇོམས་ནུས་ལ་ཚུར་ལ་མི་འཇིག་པ་གཅིག་ལ་ཟེར་བ་ཡིན་ཏེ། རྡོ་རྗེའི་ཚིག་ལ་གཉིས་ཏེ། འདུས་བྱས་རྫས་ཀྱི་རྡོ་རྗེ་དང་། འདུས་མ་བྱས་པ་ཆོས་ཉིད་ཀྱི་རྡོ་རྗེ་གཉིས་སོ། །འདུས་བྱས་ལ་བཏགས་པ་མིང་གི་རྡོ་རྗེ། རྡོ་རྗེ་གྲགས་དང་རྡོ་རྗེ་སྐྱིད་ལ་སོགས་པ་རྡོ་རྗེ་ལས་དྲངས་པའི་མིའི་མིང་རྣམས་སོ། །མཚོན་པ་ཕྱག་མཚན་གྱི་རྡོ་རྗེ་ནི། སའམ་ཤིང་ངམ་རིན་པོ་ཆེ་ལས་བཅོས་པའི་རྡོ་རྗེ་རྩེ་ལྔ་པའམ། རྩེ་དགུ་པ་སོགས་ལྷའི་ཕྱག་མཚན་བྱེད་པ་རྣམས་སོ། །གྲུབ་པ་ལས་ཀྱི་རྡོ་རྗེ་ནི་དངོས་རྫས་སུ་གྲུབ་པ་བཅད་པར་བྱ་བའི་དངོས་པོ་ཐམས་ཅད་གཅོད་ནུས། དབུགས་པར་བྱ་བའི་དངོས་པོ་ཐམས་ཅད་དབུགས། བཤིག་པར་བྱ་བའི་དངོས་པོ་ཐམས་ཅད་བཤིག་ནུས་པ། ཐམས་ཅད་འཇོམས་ནུས་པ། རྡོ་རྗེ་ཕ་ལམ་ལྟ་བུ་ཡིན་ཏེ། དེ་ཡང་ཁྱི་སྤུ་དང་ར་གཞོབ་གཉིས་ཀྱི་བར་དུ་བསྲེགས་ན་ལྦུ་བར་ཆིལ་གྱི་རྐྱེན་གྱིས་འཇིག་ནུས་པས་ན། འདུས་བྱས་རྫས་ཀྱི་རྡོ་རྗེ་ཡིན་ནོ། །འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེ་ནི། གོང་དུ་བརྡས་བསྟན་པའི་དོན་སེམས་ཉིད་དངོས་པོའི་གནས་ལུགས། ཆོས་བཞི་དང་ལྡན་པའི་དོན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ། འདུས་མ་བྱས་པ། རྐྱེན་གྱིས་མི་འཇིག་པ། དུས་གསུམ་དུ་འགྱུར་བ་མེད་པ་དེ་ནི་ཆོས་ཉིད་ཀྱི་རྡོ་རྗེའོ། །ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ནི། དེ་ཡང་དོན་ཆོས་ཉིད་མི་འགྱུར་བའི་རྡོ་རྗེ་ཚིག་ལ་བརྟེན་ནས་དོན་དངོས་པོའི་གནས་ལུགས་དེ་མཚོན་པ། གནས་ལུགས་ཆོས་བཞི་དང་ལྡན་པའི་དོན་དེ་རྟོགས་པས། སེམས་ཀྱི་རྣམ་པར་རྟོག་པ་གློ་བུར་བ་རྐྱེན་ལས་སྐྱེས་པ་དེ། ཆེད་དུ་འཛིན་པའི་བློ་མེད་པར། ཁྲོལ་གྱིས་གྲོལ་བས་ན། དཔེར་ན། ལྡེ་མིག་གིས་མཛོད་ཀྱི་སྒོ་ཤག་གིས་ཕྱེད་པས། ཕུག་གི་གཅེས་ནོར་ལྷག་གིས་མཐོང་ཡོང་བ་བཞིན་དུ། སེམས་ཉིད་རྟོག་པ་ཆེད་འཛིན་པ་མེད་པར་འཁྲོལ་ལ། སེམས་ཉིད་ཀྱི་གནས་ལུགས་ལྷག་གིས་རྟོགས་ཡོང་བས་ན། ལྡེ་མིག་ཞེས་བྱའོ། །སེམས་ཀྱི་ལྡེ་མིག་ལ་ཡང་གཉིས་ཏེ། འཇུག་པ་བསྟན་པ་དང་། ངོ་བོ་བསྟན་པའོ། །འཇུག་པ་བསྟན་པ་ནི། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ། རིམ་གྱིས་འཇུག་པ་དང་། ཅིག་ཆར་དུ་འཇུག་པའོ། །དབང་བཞིའི་ཆོ་གས་ལུས་ངག་ཡིད་གསུམ་ལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རིམ་གྱིས་འཇུག་པས། རིམ་གྱིས་འཇུག་པའོ། །ཅིག་ཆར་འཇུག་པ་ནི། དུས་ཀྱི་བརྡའ་བྱུང་བའི་དུས་སུ། གནད་ཀྱི་བརྡས་ངོ་སྤྲད་ནས། བླ་མའི་དགོངས་པའི་བྱིན་རླབས་སློབ་མའི་རྒྱུད་ལ་འཇུག་པས། ལུང་མ་བསྟན་ཆོས་ཉིད་ཀྱི་དོན་མ་ནོར་བར་གནས་འགྱུར་བར་བསྟན་པ་ནི། ཅིག་ཆར་དུ་འཇུག་པར་བསྟན་པའོ། །གཉིས་པ་ངོ་བོ་བསྟན་པ་ནི། ངོ་བོ་ཉིད་ནི་གནས་ལུགས་ཏེ། གོང་དུ་བླ་མའི་བྱིན་རླབས་ཞུགས་པས། སེམས་ཉིད་ཀྱི་ངོ་བོ་གནས་ལུགས་མ་བཅོས་པ་གཅིག་རྒྱུད་ལ་ཤར་བ་དེ་ཡིན་ནོ། །སེམས་ཉིད་ཀྱི་ངོ་བོ་བསྟན་པ་ནི། དངོས་པོའི་འདུག་ཚུལ་བསྟན་པ་དང་། རྟག་ཆད་ཀྱི་མཐའ་བསལ་བ་གཉིས་ཏེ། དང་པོ་སེམས་ཉིད་དངོས་པོའི་གནས་ལུགས་ཀྱི་འདུག་ཚུལ་བསྟན་པ་ནི། ཐ་མལ་གྱི་ཤེས་པར་འདུག །གཉུག་མར་འདུག །སོ་མར་འདུག །ལྷུག་པར་འདུག་པའོ། །དང་པོ་ཐ་མལ་གྱི་ཤེས་པ་ནི་བཟང་རྟོག་དང་ངན་རྟོག་གི་བློས་མ་བསླད་པའི་ཤེས་པ་དེའོ། །གཉུག་མ་ནི་མ་བཅོས་ཤིང་མ་བསམ་པའི་གནས་ལུགས་དེའོ། །སོ་མ་ནི་མ་གཡོས་ཤིང་མི་གཡོ་བའི་རང་སོ་དེའོ། །ལྷུག་པ་ནི་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དོན་གཟའ་གཏད་དང་བྲལ་བ་དེའོ། །དེ་ནི་དངོས་པོའི་གནས་ལུགས་ཀྱི་འདུག་ཚུལ་བསྟན་པའོ། །དོན་དེའི་གོལ་ས་རྟག་ཆད་ཀྱི་མཐའ་བསལ་བ་ལ་གཉིས་ཏེ། རྟེན་མེད་པར་རིག་པ་རང་གྲོལ་བ་དང་། རྐྱེན་དང་བྲལ་བས་སྣང་བ་རང་དག་པའོ། །དང་པོ་རྟེན་མེད་པར་རིག་པ་རང་གྲོལ་བ་ནི། ཕྱི་གཟུང་བའི་ཡུལ་མིག་གི་གཟུགས། རྣ་བའི་སྒྲ། སྣའི་དྲི། ལྕེའི་རོ། ལུས་ཀྱི་རེག་བྱ་དང་། ནང་འཛིན་པའི་སེམས། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་ལ་སོགས་ལ། སེམས་ཉིད་དངོས་པོའི་གནས་ལུགས་མི་བརྟེན། མི་བརྟེན་པས་མི་གནས། མི་གནས་པས་མི་ཆགས། མི་ཆགས་པས་མི་ཞེན། མ་ཞེན་པས་རང་སར་གྲོལ་བའོ། །དེ་ཡང་རྫོགས་པ་ཆེན་པོ་གུ་རུ་བཞི་པ་ལས། དམིགས་པ་གཟུང་འཛིན་ཀུན་གྱི་རྟེན། །བརྟེན་མ་བྱས་པས་གྲོལ་བར་འགྱུར། །ཞེས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་འབུམ་ལས། དམིགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་སྐྱོན་ནོ། །དམིགས་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པའོ། །ཞེས་བཤད་དོ། །གཉིས་པ་རྐྱེན་དང་བྲལ་བས་སྣང་བ་རང་དག་པ་ནི། རྐྱེན་ལ་ཡང་རྣམ་པ་གསུམ་སྟེ། སྣང་བའི་རྐྱེན་དང་། སྟོང་པའི་རྐྱེན་དང་། སྐྱེ་བ་མེད་པའི་རྐྱེན་དང་གསུམ་མོ། །དེ་ཡང་རང་གི་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ་དེ་རང་གི་སེམས་ཉིད་དུ་གསལ་བར་འདུག་པས། སྔ་ནས་མེད་པའི་སྟོང་པའི་སྐྱོན་ལུང་མ་བསྟན་དུ་མ་གོལ། རང་དུ་འདུག་ཅིང་རང་དུ་གསལ་བ་ལ། གསལ་བ་ནམ་མཁའ་ལྟ་བུ་གཅིག་ཡིན་སྙམ་དུ་འཛིན་པའི་བློ་མེད་པས། སྣང་བའི་རྐྱེན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རུ་མ་གོལ། དེ་རུ་གོལ་ན་ལྷ་ཚེ་རིང་ཤོས་ཀྱི་ཚེ་ལོ་བསྐལ་པ་ཉི་ཁྲི་ཐུབ་ནས། གནམ་དུ་མདའ་འཕང་བ་དེ། འཕེན་པའི་སྟོབས་ཟད་ནས་ས་ལ་ལྷུང་བ་བཞིན་ནོ། །ཏིང་ངེ་འཛིན་གྱི་གཉེན་པོའི་སྟོབས་ཟད་ནས། ལྷུང་ཚར་ནས་མྱ་ངན་བྱས་ཞིང་ཆོས་ལ་མི་བདེན་པ་རུ་འདུག་བྱས་ནས་གཤེ་བས། མཐོ་རིས་མིའི་གནས་སུ་ཡང་མི་ཆགས་པར། ངན་སོང་དམྱལ་བའི་གནས་སུ་ལྷུང་བར་བཤད། ཡེ་གདོད་མ་ནས་རིག་པ་སྟོང་པར་འདུས་མ་བྱས་པ་ལ། བློའི་རྟོག་པ་ཅི་ཡང་མི་གནས་པ་ལ། ཞི་གནས་མེད་པའི་སྐྱོན་འདུས་བྱས་སུ་མ་གོལ། བློའི་རྟོག་པ་མི་གནས་པའི་རྟོག་པའམ། རྣམ་པར་ཤེས་པའི་མཐའ་ལས་འདས་པའི་མི་རྟོག་པ་གཅིག་ཡིན་ནོ་སྙམ་དུ་འཛིན་པའི་བློ་མེད་པས། སྣང་བའི་རྐྱེན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རུ་མ་གོལ། དེ་རུ་གོལ་ན་ལྷའི་ཚེ་ལོ་བསྐལ་པ་བཞི་ཁྲི་ཐུབ་ནས་ལྷུང་བའོ། །དེ་ཡང་ལུས་སེམས་མ་ཡེངས་པར་ཡོད་དུ་མ་ཚོར་བའི་བདེ་བ་གཉིས་སུ་མེད་པར་བདེ་བ་ཉམས་སུ་མྱོང་བས། གཅིག་ཡུལ་ལ་གཅིག་མི་གནས་པའི་སྟོང་པའི་སྐྱོན། སྣང་སྟོང་རེས་འཇོག་ཏུ་མ་གོལ་བའོ། །ལུས་སེམས་ཅུང་ཟད་ཀྱང་ཡོད་དུ་མི་ཚོར་བའི་བདེ་བ་ལ། བདེའོ་སྙམ་དུ་འཛིན་པའི་བློ་མེད་པས་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རུ་མ་གོལ། དེ་རུ་གོལ་ན་ལྷའི་ཚེ་ལོ་བསྐལ་པ་དྲུག་ཁྲི་ཐུབ་ནས་ལྷུང་ངོ་། །གསལ་བ་མི་རྟོག་པ་བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་། དོན་ལ་ངོ་བོ་དབྱེར་མི་ཕྱེད་པས་གཏན་མ་གྲུབ་པའི་སྟོང་པའི་རྐྱེན་བེམ་སྟོང་ཕྱལ་ཆད་དུ་མ་གོལ། དེ་ཙ་ན་གསལ་བ་མི་རྟོག་པ་བདེ་བ་གསུམ། ངོ་བོ་དབྱེ་རུ་མི་ཕྱེད་པ་ཞིག་ཉམས་སུ་མྱོང་བས་ན། དོན་ལ་ངོ་བོ་དབྱེར་མི་ཕྱེད་པས་གཏན་མ་གྲུབ་པའི་སྟོང་པའི་རྐྱེན་བཞི་རུ་མ་གོལ། གསལ་བ་མི་རྟོག་པ་བདེ་བ་གསུམ། ངོ་བོ་དབྱེར་མི་ཕྱེད་པ་གཅིག་ཉམས་སུ་མྱོང་བ་ལ། ཆེད་དུ་འཛིན་པའི་བློ་མེད་པས་ན་སྣང་བའི་རྐྱེན་བཞི་རུ་མ་གོལ། འདི་སྐབས་ལམ་རྒྱས་པ་དང་བསྡུས་པ་བསྡུར་ན་སྟོང་པའི་རྐྱེན་བཞི་དང་སྣང་བའི་རྐྱེན་བཞི་ལ་ཚིགས་ཆད་སོང་ཡང་ཐ་དཀར་བསྲང་མ་ཤེས་པས་དཔེ་ཁུང་དག་རྙེད་ཚེ་བསྡུར་དགོས། དབྱེར་མི་ཕྱེད་པའི་དུས་ན། དབྱེར་ཕྱེད་ཅེས་བྱ་བའམ། མི་ཕྱེད་ཅེས་བྱ་བའི་བློའི་མཐའམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་མི་གནས་ཏེ། སྐྱེ་མེད་ཙམ་དུ་འཛིན་པའི་བློ་མེད་པས། སྐྱེ་བ་མེད་པའི་རྐྱེན་དང་བྲལ་ལོ། །དེ་ཡང་རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རྐྱེན་གསུམ་བྲལ་ལོ་ཡེ་སངས་རྒྱས། །ཞེས་བཤད་དོ། །དེ་ཡང་གསང་སྔགས་ཀྱི་ཡི་གེ་ཉུང་ངུ་ལས། རྟག་པ་པོ་ནི་བདེ་འགྲོར་འགྲོ། །ཆད་པ་པོ་ནི་ངན་འགྲོར་འགྲོ། །གཉིས་ལ་མི་བརྟེན་ཐར་པའི་ལམ། །ཞེས་བཤད་པས། མི་དགེ་བ་སྤངས་ནས་དགེ་བ་སྒྲུབ་ཅིང་། ཉམས་སུ་མྱོང་བ་ལ་བདེན་པར་འཛིན་པ་ནི། མུ་སྟེགས་རྟགས་པ་དང་འདྲ་སྟེ། བདེ་འགྲོ་མཐོ་རིས་སུ་འགྲོ་སྟེ། བསོད་ནམས་དང་དམིགས་པའི་སྟོབས་ཟད་ནས། བསྔོ་བ་མ་དག་པས་ངན་སོང་དུ་ལྷུང་བ་མང་ངོ་། །དགེ་བ་མི་སྒྲུབ་ཅིང་ཏིང་ངེ་འཛིན་གྱི་ཉམས་མྱོང་མེད་པར་སྡིག་པ་ལ་མི་འཛེམ་པར་རྒྱུ་འབྲས་ཁྱད་དུ་གསོད་པ་ནི་མུ་སྟེགས་ཆད་པར་ལྟ་བ་དང་འདྲ་སྟེ། མཐོ་རིས་དང་ཐར་པའི་འབྲས་བུ་མེད་པར། མ་རིག་པ་དང་སྡིག་པའི་རྣམ་སྨིན་གྱིས་ངན་སོང་དམྱལ་བའི་གནས་སུ་འགྲེའོ། །ཡོད་མེད་གཉིས་སུ་འཛིན་པ་ལ་མི་བརྟེན་ཏེ། གཉིས་སུ་འཛིན་པ་མེད་པ་ལ་གཉིས་སུ་མེད་པ་ཙམ་དུ་འཛིན་པའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། རྟག་ཆད་མཐོ་རིས་ངན་སོང་གཉིས་ལ་མི་བརྟེན་པར་ཐར་པ་བྱང་ཆུབ་ཀྱི་ལམ་མོ། །དེ་ཙ་ན་རྟག་ཆད་ཡོད་མེད་ཀྱི་མཐའ་གང་ལ་ཡང་མི་གནས་པའོ། །དེ་ཡང་དབུ་མ་རྩ་བ་ཤེས་རབ་ལས། ཡོད་པར་འཛིན་པ་རྟག་པའི་མཐའ། །མེད་པར་འཛིན་པ་ཆད་པའི་མཐའ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་བཤད་དོ། །འོ་ན་དེ་ཁྱོད་ཀྱིས་ཆད་པའི་མཐའ་རུ་ལྷུང་བྱས་ན། རིག་ཅིང་གསལ་བའི་ཉམས་རྒྱུན་མ་ཆད་ཟེར་ཡིན་འདུག །རྟག་པའི་མཐར་ལྷུང་བྱས་ན། ཆེད་དུ་འཛིན་པའི་བློ་མེད་ཟེར་ཞིང་འདུག་པས། ངེད་ཀྱིས་མ་ཤེས་པས་དེ་ལ་ཁྱེད་རང་གི་མིང་གཅིག་ཐོགས་དང་བྱས་པས། ངའི་དེ་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཟེར་བས། འོ་ན། ཁྱེད་ཀྱི་དེ་ལ་རང་བཞིན་ཙམ་དུ་འཛིན་པའི་སྐྱོན་འདུག་གོ་ཟེར་ན། རང་བཞིན་ལ་སྐྱོན་ཅན་དང་སྐྱོན་མེད་གཉིས་ཏེ། རང་བཞིན་སྐྱོན་ཅན་ནི། རང་བཞིན་གྱི་སྟོང་པ་གཅིག་ཡིན་པ་ལ། སྟོང་པ་ཉིད་གཅིག་ཡིན་ནོ་སྙམ་དུ་འཛིན་པའི་བློ་ཞེན་པ་དེ་ནི་ཤེས་བྱའི་སྒྲིབ་པ་རུ་འགྲོའོ། །དེ་ཡང་ཤེས་རབ་སྡུད་པ་ལས། སྟོང་ཉིད་དམ་པ་དེ་ལ་མཆོག་འཛིན་མ་བྱེད་ཅིག །ཅེས་བཤད་པའོ། །འགྲེལ་ཆུང་ལས། ཡིད་ཆེས་པ་གནས་པར་བྱའོ། །ཞེས་བཤད་པས། དམིགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་ནོ། །ཞེས་བཤད་པའམ། སྟོང་པ་ཉིད་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་བཤད་པའམ། རང་བཞིན་ལ་ཆགས་པ་ནི་སྐྱོན་ཅན་དུ་བཤད་དོ། །རང་བཞིན་སྐྱོན་མེད་ནི། སེམས་ཉིད་དངོས་པོའི་གནས་ལུགས་འདི་ཡི། ངོ་བོ་མ་འགགས་པར་གསལ་ཞིང་རང་བཞིན་མ་གྲུབ་པར་སྟོང་པ་ལ། གསལ་སྟོང་ཙམ་དུ་འཛིན་པའི་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མེད་པས་ན། རང་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་དོ། །དེ་ཡང་འབུམ་ལས། ཤེས་པ་རྣམ་པར་དག་པས། མིག་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་དང་། ཤེས་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་གཉིས་སུ་བྱར་མེད་དོ། །སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་བྱ་བའི་འགྲེས་རྐང་གི་ཤེས་པར་བྱའོ། །གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་ཅེས་བྱ་བ་སྟེ། བསམ་གཏན་མིག་གི་སྒྲོན་མ་ལས། སྟོང་པ་ཉིད་ལ་སྟོང་མི་བལྟ། །དེ་ནི་སྟོང་ཉིད་དམ་པ་ཡིན། །ཞེས་བཤད་པ་ལས། རང་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་གཅིག་ཡིན་པར་ཤེས་པ་ལ་སྟོང་པ་ཉིད་གཅིག་ཡིན་སྙམ་པའི་བློ་མེད་པ་ནི། རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་སྐྱོན་མེད་དོ། །དོན་དེ་རྒྱུད་ལ་སྦྱོར་བ་ནི་རྣལ་འབྱོར་ལམ་གྱི་སྟོང་པ། དེ་རྟོགས་ཤིང་མངོན་དུ་གྱུར་པ་ནི། སངས་རྒྱས་པའི་སྟོང་པ་ཡིན་པས། དེ་ལ་ནི་སངས་རྒྱས་ཀྱི་དགོངས་པ་ཟེར་བ་ཡིན་པས། གོལ་ས་དང་སྒྲིབ་པ་མེད་དོ། །དེ་ཡང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རང་རིག་སྤྲོས་དང་བྲལ་བ་ལས། །དམིགས་པ་མེད་པར་གསལ་བའི་ཕྱིར། །ཆོས་ཀྱི་དབྱིངས་ལས་གཞན་མེད་དོ། །དེ་ལྟ་བུ་ཡི་དགོངས་པ་ལ། །གོལ་དང་སྒྲིབ་པ་ཡེ་ནས་མེད། །ཅེས་བཤད་དོ། །རྫོགས་པ་ཆེན་པོ་རྨད་དུ་བྱུང་བ་ལས་ཀྱང་། རྟག་པར་མ་སོང་ངོ་བོས་སྟོང་། །ཆད་པར་མ་སོང་རིག་ཅིང་གསལ། །གཉིས་སུ་མ་སོང་འདས་འོང་མེད། །བླ་མས་དོན་སྟོན་རྣལ་འབྱོར་པ། །ཐེ་ཚོམ་མེད་པར་སྒྲོ་འདོགས་ཆོད། །ཅེས་བཤད་དོ། །དེ་ཙ་ན་རྟེན་མེད་ཀྱི་རིག་པ་རང་གསལ་བ་ལ། ཐོགས་མེད་ཀྱི་རྟེན་རང་ཤར་ནས། འཛིན་མེད་ཀྱི་སྣང་བ་རང་གྲོལ་བ། རང་ཤར་རང་གྲོལ་བ་གཅིག་ཏུ་རྟོགས་པ་དེ་ལ། ཤེས་བྱ་གཅིག་ཆོད་ཅེས་བྱའོ། །དེ་ནི་བརྡས་དོན་འགྲོལ་བའི་བསྒོམ་མེད་ལ་ངོ་སྤྲད་ནས། དེ་དོན་གོལ་ས་གཅོད་པ་ལ། རྡོ་རྗེ་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ལ། འཇུག་པ་བསྟན་པ་དང་། ངོ་བོ་བསྟན་པ་གཉིས། ངོ་བོ་བསྟན་པ་ལ་སེམས་ཉིད་དངོས་པོའི་གནས་ལུགས་ཀྱི་འདུག་ཚུལ་བསྟན་པ་དང་། རྟག་ཆད་ཀྱི་མཐའ་བསལ་བ་གཉིས་ཀྱི། གོལ་ས་མེད་པར་ཐག་ཆོད་པར་བསྟན་པའོ། །དེ་ཡན་ཆད་ཀྱིས་བརྡས་དོན་འགྲོལ་བའི་མན་ངག་སྦྱིན་པ་དང་། རྡོ་རྗེ་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་གཉིས་ཀྱི། བསྒོམ་མེད་དོན་གྱི་གཟེར་ཆེན་གདབ་པའི་སྐབས་བསྟན་པ་ཐལ་བ་ལགས་སོ།། ༈ །།སྒོམ་མེད་དོན་གྱི་གཟེར་ཆེན་ཐེབས་ནས། ད་རེ་དོགས་མེད་པའི་དབྱིངས་ལ་གཏད་པའམ། བསྟན་པ་ལ་གོ་བ་དང་། ཚིག་གཉིས་ལས། གོ་བ་མདོར་བསྟན་པ། ཚིག་དོན་རྒྱས་པར་བཤད་པའོ། །དང་པོ་གོ་བ་བསྟན་པ་ལ་གཉིས་ཏེ། རེ་དོགས་ནི་ཡར་སངས་རྒྱས་བྱ་བའི་བཟང་པོ་གཅིག་ཐོབ་ཏུ་རེ། མར་འཁོར་བ་བྱ་བའི་ངན་པ་གཅིག་ཏུ་སོང་གི་དོགས་པའོ། །རེ་དོགས་མེད་པ་ནི་ཡར་སངས་རྒྱས་ལ་མི་རེ་སྟེ། སེམས་ཉིད་རྟོགས་པ་དེ་ཉིད་སངས་རྒྱས་ཡིན་པར་ཤེས་པས། ད་སངས་རྒྱས་འདོད་པའི་བློ་ཟད་པས་ཚོགས་རྫོགས་ཏེ། ཉོན་མོངས་པ་སྔོན་ན་མི་སྡོད་པའོ། །མར་འཁོར་བ་ལ་མི་དོགས་ཏེ། མ་རིག་པ་མེད་དེ་འཁོར་བ་དེ་ཉིད་དུ་ཐག་ཆོད་པས། ད་འཁོར་བ་རུ་འཁྱམས་དགོས་པའི་སྙེམས་ཟད་པས་སྒྲིབ་པ་དག་སྟེ། བག་ཆགས་ངན་པ་ཕྱི་ན་མི་འབྲེང་བའོ། །དྲན་པ་འདས་པ། མ་དྲན་པ་མ་འོངས་པ། དེ་གཉིས་ཀྱི་བར་ན་གསལ་ལ་འཛིན་པ་མེད་པའི་ངང་དེ། དུས་གསུམ་འགྱུར་བ་མེད་པར་རྟོགས་པ་དེ་ནི། རེ་བ་དང་དོགས་པ་དབྱིངས་ལ་གཏད་པའོ། །དེ་ཡང་རྣ་བརྒྱུད་རིན་པོ་ཆེའི་དབང་གི་མན་ངག་ལས། རེ་དོགས་མེད་པའི་དབྱིངས་ལ་གཏད། །བསམ་སྦྱོར་བློ་ཡི་དྲི་མ་དག །ཅེས་བཤད་དོ། །དེ་ནི་རེ་དོགས་མེད་པའི་དབྱིངས་ཀྱི་གོ་བའོ། །རེ་དོགས་མེད་པའི་ཚིག་ལ་གཉིས་ཏེ། བསམ་བརྗོད་བྲལ་བའི་ཏིང་འཛིན་མཆོག །དེ་བཞིན་ཉིད་དུ་མྱ་ངན་འདས། །ཞེས་བཤད་པའོ། །དང་པོ་ཏིང་འཛིན་ལ་ཡང་སྒྲོས་རྣམ་པ་བཞི་སྟེ། དང་པོ་ཟིན་པ་རྩེ་གཅིག་གི་ཏིང་ངེ་འཛིན་ནི། མུ་སྟེགས་རྟག་ཆད་དམ་ཉན་ཐོས་སུ་འཛིན་ནམ། ཐེག་པ་འོག་མས་ཕྱོགས་རེར་འཛིན་པ་རྣམས་སོ། །ཁྱབ་པ་མཐའ་དང་བྲལ་བའི་ཏིང་ངེ་འཛིན་ནི། གསང་སྔགས་གསར་མའི་མཐར་ཐུག །ཕྱག་རྒྱ་ཆེན་པོའི་དོན་ཀུན་ལ་ཁྱབ་པ་དེ། ཡིད་ལ་བྱར་མ་བཏུབ་པས་ན་མཐའ་བྲལ་བའོ། །གཉུག་མ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ནི། གསང་སྔགས་རྙིང་མའི་མཐར་ཐུག་རྫོགས་པ་ཆེན་པོའི་དོན། ཡེ་ནས་སུས་ཀྱང་མ་བྱས་མ་བཅོས་པར་ལྷུན་གྱིས་གྲུབ་པའོ། །རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན་ནི། མཚན་ཉིད་མཐར་ཐུག་ཕ་རོལ་ཏུ་ཕྱིན་པའི་དོན། དམིགས་པ་མེད་པ་རང་བཞིན་གྱི་བློའི་རྣམ་པ་ཐམས་ཅད་མི་གནས་པར་དག་པའོ། །གདམས་ངག་རྡོ་རྗེ་ཟམ་པ་འདི་ཡི་དབང་དུ་བྱས་ན། ཏིང་ངེ་འཛིན་བཞི་པོ་དེ་ཡང་མ་སྤངས་པར་ཡོངས་སུ་རྫོགས་ཏེ། དེ་ཡང་གསལ་བ་འཛིན་པ་རྩེ་གཅིག་གི་ཏིང་ངེ་འཛིན། མི་རྟོག་པ་ཁྱབ་པ་མཐའ་དང་བྲལ་བའི་ཏིང་ངེ་འཛིན། བདེ་བ་གཉུག་མ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན། དབྱེ་རུ་མི་ཕྱེད་པ་ལ་དབྱེ་རུ་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ན། རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན། དེ་ཙ་ན་ནང་ན་བསམ་པའི་བློ་མེད། ཕྱི་ན་བརྗོད་པའི་ཚིག་མེད། བསམ་བརྗོད་དང་བྲལ་བའི་དོན་དེ་ལ་འགྱུར་བ་མེད་པ་གཅིག་ཏུ་རྟོགས་པས་ན། ཏིང་ངེ་འཛིན་གྱི་མཆོག་ཡིན་ནོ། །དེ་ཡང་ཏིང་ངེ་འཛིན་དམ་པའི་མདོ་ལས། དོན་གཅིག་རྟོགས་པ་ཏིང་ངེ་འཛིན་དམ་པ་སྟེ། །ཏིང་ངེ་འཛིན་རྒྱལ་པོ་དེ་ཉིད་དོ། །ཞེས་བཤད་དོ། །དེ་བཞིན་ཉིད་དུ་མྱ་ངན་ལས་འདའ་བ་ལ་ཡང་ཚིག་གི་སྒྲོས་བཞི་སྟེ། ཞི་བ་མྱ་ངན་ལས་འདའ་པ། མི་གནས་པའི་མྱ་ངན་ལས་འདས་པ། མི་མཉམ་པའི་མྱ་ངན་ལས་འདས་པ། ཡང་དག་པའི་མྱ་ངན་ལས་འདས་པ་དང་བཞིའོ། །དེ་ཡང་ཉན་ཐོས་དང་རང་རྒྱལ་ནི། ཞི་བ་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ཡང་རང་དོན་དུ་ཞི་ཞིང་དུལ་ལ་བདག་མེད་དེ། གཞན་དོན་གྱི་བློ་མེད་པར་མྱ་ངན་ལས་འདའ་བ་ནི། ཞི་བ་མྱ་ངན་ལས་འདའ་བའོ། །ཤེས་རབ་ཀྱིས་འཁོར་བའི་མཐའ་ལ་མི་གནས་ཏེ། འཁོར་བ་ལ་རང་བཞིན་མེད་པར་ཤེས། སྙིང་རྗེ་དང་ཐབས་ཀྱིས་མྱ་ངན་ལས་འདའ་བའི་མཐའ་ལ་མི་གནས་ཏེ། འགྲོ་བའི་དོན་ལ་བཞུགས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་མྱ་ངན་ལས་འདའ་བའོ། །འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནི། ཐེག་པ་འོག་མ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་མི་མཉམ་སྟེ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང་མི་མཉམ་སྟེ། གསང་སྔགས་པ་བདག་གཞན་གཉིས་སུ་མེད་པར་རྣམ་པར་དག་པས། ཐེག་པ་འོག་མ་གཉིས་སུ་འཛིན་པ་དང་མི་མཉམ་པས་ན། མི་མཉམ་པའི་མྱ་ངན་ལས་འདའ་བའོ། །དེ་ཡང་ཡེ་ཤེས་གསང་བ་ལས། བདག་གཞན་གཉིས་མེད་རང་རིག་པས། །འཛིན་པ་ཀུན་བྲལ་འོད་ཟེར་དག །ཅེས་བཤད་དོ། །དེ་ཡང་ཐེག་པ་འོག་མ་དང་མི་མཉམ་པ་དོན་དེ་ལ། ཡོད་མེད་དང་འཁོར་འདས་གཉིས་སུ་མེད་པའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། ཚིག་དང་ཡི་གེ་ལས་འདས་པས་ན། ཡང་དག་པའི་མྱ་ངན་ལས་འདའ་བའོ། །དེ་ཡང་མཚན་བརྗོད་ལས། ཡང་དག་མཐའ་སྟེ་ཡི་གེ་མེ། །ཅེས་བཤད་དོ། །དེ་ཡང་མན་ངག་འདིའི་དབང་དུ་བྱས་ན། གསལ་བ་དབང་པོའི་སྒོ་མ་བཀག་པར། ཕྱི་རོལ་ཡུལ་མེད་དེ། ཐམས་ཅད་རང་གི་སེམས་ཉིད་དུ་རིག་ཅིང་གསལ་བས་ཆོས་ཀྱི་བདག་མེད་ཉན་ཐོས་རྫོགས། དབང་པོའི་སྒོ་མ་གཡོས་པས་བློའི་རྟོག་པ་ཅི་ཡང་མི་གནས་ཏེ། ནང་འཛིན་པའི་སེམས་མེད་པས། གང་ཟག་གི་བདག་མེད་པར་རང་རྒྱལ་རྫོགས། འོག་རླུང་ཡིད་ཙམ་ཟིན་པས་ལུས་སེམས་ཡོད་དུ་མི་ཚོར་བའི་བདེ་བ་བདག་གཞན་གཉིས་སུ་མེད་པར་ཉམས་སུ་མྱོང་བས་བྱང་ཆུབ་སེམས་དཔའ་རྫོགས། ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པས། གསལ་བ། མི་རྟོག་པ། བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་ཅེས་བྱ་བའམ། མི་ཕྱེད་ཅེས་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའོ། །དེ་ཁོ་ན་བཞིན་དུ་ཆོས་ཉིད་རེ་དོགས་མེད་པའི་དབྱིངས་སུ་ཐིམ་པས་ན། ཡང་དག་པའི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ནི་དེ་བཞིན་ཉིད་དུ་མྱ་ངན་ལས་འདའ་ཞེས་བཤད་དོ། །དེ་བཞིན་ཉིད་དེ་ནི་རྣམ་པར་རྟོག་པ་མེད་ཅིང་འགྱུར་བ་མེད་པ་ཡིན་ཏེ། དེ་ནི་སངས་རྒྱས་ཀྱི་དགོངས་པ་ཉག་གཅིག་ཡིན་ཏེ། སངས་རྒྱས་ལ་སྐྱབས་སུ་ཕྱིན་པའོ། །དེའི་ངང་ལ་སོ་ཐུབ་ཅིང་མི་འགྱུར་བ་དེ་ནི། ཆོས་སྐུ་ཡིན་པས་ཆོས་ལ་སྐྱབས་ཕྱིན་པའོ། །དོན་དེ་མངོན་དུ་གྱུར་ཏེ་རྒྱུ་བསོད་ནམས་ཀྱི་ཚོགས་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་ཡིན་པས་ན། དགེ་འདུན་ལ་སྐྱབས་སུ་ཕྱིན་པའོ། །དེ་ཙ་ན་དཀོན་མཆོག་གསུམ་པོ་རང་ཉིད་ཡིན་པས། གཞན་ནས་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ་བྱ་མི་དགོས་ཏེ། དཀོན་མཆོག་གསུམ་རང་གི་སེམས་ཉིད་སྐུ་གསུམ་དུ་འདུ་འབྲལ་མེད་པའི་དབྱིངས་ལ་གཏད་པའོ། །དེ་ཙ་ན་སྐྱབས་གཞན་ནས་བཙལ་མི་དགོས་ཏེ། རེ་དོགས་མེད་པའི་དབྱིངས་སུ་སོང་བའོ། །དེ་ཡང་རྫོགས་པ་ཆེན་པོ་གསང་སྔགས་དོན་གྱི་ཚད་མ་ལས། སྐྱོབ་པའི་ཕྱིར་ན་གསང་སྔགས་དོན་ཡིན་ཏེ། །གསང་སྔགས་བཟུང་བས་ཉོན་མོངས་སྒྲིབ་པ་སྐྱོབ། །གཟུང་བའི་ཡུལ་མེད་ཆོས་ཀྱི་བདག་མེད་རྟོགས། །འཛིན་པའི་སེམས་མེད་གང་ཟག་བདག་མེད་རྟོགས། །བསམ་པའི་ཡུལ་མེད་ཡིད་ཀྱི་གཡོ་བ་བྲལ། །སྐྱོབ་པ་བླ་ན་མེད་པ་རྡོ་རྗེ་སེམས་དཔས་གསུངས། །ཞེས་བཤད་པས། ད་སྐྱོབ་པ་གཞན་ནས་བཙལ་མི་དགོས་པས་རེ་དོགས་ཀྱི་བློ་མ་བྱེད་ཅིག །དེས་ནི་རེ་དོགས་མེད་པའི་དབྱིངས་སུ་གཏད་པའི་གོ་བ་དང་ཚིག་བསྟན་པའོ། །དེ་ཡན་ཆད་དུ་རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ་བ་དང་གཅིག །བསྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་དང་གཉིས། རེ་དོགས་མེད་པའི་དབྱིངས་སུ་གཏད་པ་དང་གསུམ་གྱི་དོན་བསྟན་པ་ཞེས་བྱ་སྟེ། སེམས་ཀྱི་ཚིག་ཤེས་པའི་དུས་སུ་བསྟན་པའོ། །གཉིས་པ་དོན་གཏན་ལ་འབེབས་པའི་དུས་སུ་ལྟ་བའི་གཅོད་པ་ལ་གསུམ་སྟེ། དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པ་དང་གཅིག །སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བ་དང་གཉིས། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པ་དང་གསུམ་མོ། །དོན་དང་པོ་དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་འབེབས་པ་ནི། དང་པོ་དབང་ལ་ཕྱི་བུམ་པའི་དབང་། ནང་གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་ཡེ་ཤེས་རིན་པོ་ཆེའི་དབང་དང་བཞི་ལས། ཕྱི་བུམ་པའི་དབང་བསྐུར་བའི་རྫས་རྣམ་པར་རྒྱལ་བའི་བུམ་པ། བསྐུར་བའི་གནས་ལུས་ཀྱི་སྤྱི་བོར་བསྐུར། སྒྲིབ་པ་ལུས་ཀྱི་སྒྲིབ་པ་དག །གདམས་ངག་ཏུ་སྐུ་བསྐྱེད་པའི་ས་བོན་གྱི་ཡི་གེ་སྟོན། དབང་བ་ལུས་བསྐྱེད་པའི་རིམ་པ་ལ་དབང་། རང་རིག་རང་གསལ་གྱི་ཉམས་འཆར། དེ་མ་ཤར་ན་དབང་གི་ཆོ་ག་རྫོགས་ཀྱང་དོན་མ་རྫོགས་པའོ། །གདམས་ངག་རྡོ་རྗེ་ཟམ་པ་འདིའི་དབང་དུ་བྱས་ན། རང་རིག་རང་གསལ་གྱི་ཉམས་ཤར་བས། ཕྱི་བུམ་པའི་དབང་གི་ཆོ་ག་མ་རྫོགས་ཀྱང་དོན་ངང་གིས་རྫོགས་པའོ། །ནུབ་གཉིས་པ་ལ་གསང་བའི་དབང་བསྐུར་བའི་རྫས། ཐོད་པ་མཚན་ལྡན་དུ་ཤ་ལྔ་བདུད་རྩི་ལྔ། བསྐུར་བའི་གནས་ངག་ལ་བསྐུར། སྒྲིབ་པ་ངག་གི་སྒྲིབ་པ་དག །གདམས་ངག་ཏུ་གསུང་བསྐྱེད་པའི་རིམ་པ་བསྟན་ནོ། །དབང་བ་ངག་རྡོ་རྗེའི་བཟླས་པ་ལ་དབང་། ཉམས་སུ་རྫོགས་པའི་རིམ་པ་མི་རྟོག་པ་ཆོས་ཉིད་དུ་རྒྱུད་ལ་འཆར། དེ་རྒྱུད་ལ་མ་ཤར་ན་དབང་གི་ཆོ་ག་རྫོགས་ཀྱང་དོན་མ་རྫོགས་པའོ། །དེ་རྒྱུད་ལ་ཤར་ན་དབང་གི་ཆོ་ག་ཡང་རྫོགས་ལ། དོན་ཀྱང་རྫོགས་པའོ། །གདམས་ངག་རྡོ་རྗེ་ཟམ་པའི་འདིའི་དབང་དུ་བྱས་ན། བློའི་རྟོག་པ་ཅི་ཡང་མ་སྐྱེས་པས། ནང་གསང་བའི་དབང་གི་ཆོ་ག་མ་རྫོགས་ཀྱང་དོན་ངང་གིས་རྫོགས་པའོ། །ནུབ་གསུམ་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་རྫས། བྱང་སེམས་དཀར་དམར་གྱི་ཐིག་ལེ་མེ་ལོང་གི་སྟེང་དུ་སྦྱར་ལ། བསྐུར་བའི་གནས་ཡིད་ལ་སྟེ་ཐུགས་ཀར་བཞག །སྒྲིབ་པ་ཡིད་ཀྱི་སྒྲིབ་པ་དག །གདམས་ངག་ཏུ་བསྐྱེད་རྫོགས་ཟུང་འཇུག་ཐབས་ཤེས་རབ་གཉིས་སུ་མེད་པའི་གདམས་ངག་སྟོན། དབང་བ་ལ་གང་དབང་ན། རྩ་རླུང་སྒོམ་པ་ལ་དབང་། ཉམས་སུ་ཟག་པ་མེད་པའི་བདེ་བ་འཆར། དེ་རྒྱུད་ལ་མ་སྐྱེས་ན་དབང་གི་ཆོ་ག་རྫོགས་ཀྱང་དོན་མ་རྫོགས། དེ་རྒྱུད་ལ་སྐྱེས་ན་དབང་གི་ཆོ་ག་ཡང་རྫོགས་ལ་དོན་ཀྱང་རྫོགས་པའོ། །གདམས་ངག་རྡོ་རྗེ་ཟམ་པ་འདིའི་དབང་དུ་བྱས་ནས། ལུས་སེམས་ཡོད་དུ་མི་ཚོར་བའི་བདེ་བ་རྒྱུད་ལ་འཆར་བས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་ག་ལ་རྫོགས་ཀྱང་དོན་ངང་གིས་རྫོགས་པའོ། །ནུབ་བཞི་པ་ལ་རིན་པོ་ཆེའི་ཚིག་དབང་བསྐུར་བའི་རྫས། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར། མཎྜལ་ལ་རྫས་དང་ཡོ་བྱད་ཀྱི་ལོངས་སྤྱོད་རིན་པོ་ཆེ་སྣ་ལྔ་དང་། ལུས་ཕངས་པ་མེད་པར་བླ་མ་མཉེས་པར་ཕུལ་ལ། བསྐུར་བའི་རྫས་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། བསྐུར་བའི་གནས་རང་གི་ལུས་ངག་ཡིད་གསུམ་ལ་བསྐུར། སྒྲིབ་པ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དུས་གཅིག་ལ་དག །གདམས་ངག་ཏུ་སྐུ་གསུང་ཐུགས་རང་ཆས་ཀྱི་གདམས་ངག་སྟོན། ཉམས་སུ་དབྱེར་མེད་གཅིག་ཏུ་རྟོགས་པའི་ཉམས་འཆར། དེ་ཙ་ན་བླ་མས་གདམས་པ་འདི་ལས་ཟབ་པ་ཡོད་རེ་ཞེས་མནའ་བསྐྱལ་བའི་དུས། སློབ་མས་མགོ་འཇོག་བྱེད་པའི་དུས་ཡིན་ནོ། །སློབ་མའི་རྒྱུད་ཀྱི་གསལ་བ། མི་རྟོག་པ། བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པའི་དུས་ན། དབྱེར་ཕྱེད་ཅེས་བྱ་བའམ། མི་ཕྱེད་ཅེས་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ན་སེམས་ཉིད་རྣམ་པར་དག་པའོ། །དེ་ཡང་དབང་བསྐུར་རྒྱལ་པོའི་རྒྱུད་ལས། སེམས་ཉིད་དག་པས་དབང་རྫོགས་ན། །དབང་མཆོག་རྒྱལ་པོ་དེ་ཉིད་དོ། །ཞེས་བཤད་པས་ན། ཚིག་དབང་ཡེ་ཤེས་རིན་པོ་ཆེ་ངང་གིས་རྫོགས་པའོ། །ད་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པ་ལ་གཉིས་ཏེ། བསྒྲུབ་བྱ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་ཕེབས་པ་དང་། བསྒོམ་བྱ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་ཕེབས་པའོ། །དེ་ཡང་རང་གི་སེམས་ཉིད་རྣམ་པར་དག་པས་སྦྱིན་པ་དང་། ཚུལ་ཁྲིམ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཀྱང་། ཡོ་བྱད་དང་། དེ་ཚོའི་འབྲས་བུ་མི་ལུས་དང་། གཟུགས་བཟང་བ་དང་། སྐྱེ་བ་གཞན་གྱིས་བར་དུ་མ་ཆོད་པ་དང་། མི་ལུས་གཙང་བ་དང་། མི་ལུས་རིན་པོ་ཆེ་ཡོན་ཏན་ཅན་དང་། སེམས་ཉིད་རྣམ་པར་དག་པའོ། །འཁོར་བའི་འབྲས་བུ་དེ་ཚོ་ལ་རེ་ལྟོས་ཀྱི་འདོད་པ་མེད་པར་། མཐར་ཐུག་རང་སེམས་རྣམ་པར་དག་པ་གཅིག་ཏུ་གཏན་ལ་ཕེབས་པའོ། །བསྒོམ་བྱ་དགེ་བའི་ཆོས་ལྷ་ཞི་བ་བསྒོམ་པ་ལ་མངོན་པར་ཆགས་པས། ལྷ་ཞི་བའི་ལུས་ཐོབ་པའམ། ཁྲོ་བོ་བསྒོམ་པ་ལ་མངོན་པར་ཆགས་པས། ལྷ་མ་ཡིན་གཤིན་རྗེའི་ལུས་ཐོབ་པའོ། །སྟོང་པ་ཉིད་བསྒོམ་པ་ལ་མངོན་པར་ཞེན་པས། གཟུགས་མེད་པའི་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་བའོ། །སེམས་རྣམ་པར་དག་པས་ལྷ་ཞི་ཁྲོ་དང་། བསྐྱེད་རྫོགས་སུ་བསྒོམ་པའི་འབྲས་བུ་ལྷ་དང་ལྷ་མ་ཡིན་ལ་ཡང་རེ་བའི་བློ་མེད་དེ། སེམས་ཉིད་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་རྣམ་པར་དག་པ་གཅིག་ཏུ་གཏན་ལ་ཕེབས་པའོ། །དེ་ནི་དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མ་ལྟོས་པར་གཏན་ལ་ཕེབས་པའོ།། ༈ །།དོན་གཉིས་པ་སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བ་ནི། ཕྱིའི་སྣང་བ་སྣ་ཚོགས་ཅིར་ཡང་འཁྲུལ་པ་འདི། རང་གི་སེམས་ཉིད་དུ་རིག་ཅིང་སེམས་ཉིད་དུ་གསལ་བ། སྤྲུལ་པའི་སྐུ་རང་ལ་རང་ཆས། གསལ་བ་ལ་གསལ་དུ་སྙམ་པའི་འཛིན་པའི་རྟོག་པ་ཅིར་ཡང་མི་གནས། མི་རྟོག་པས་ཆོས་ཀྱི་སྐུ་རང་ལ་རང་ཆས་སུ་འདུག །འདི་མཚམས་ནས་སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བའི་མཐའ་དང་། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པ་དང་། དོན་ཉམས་སུ་ཤར་བའི་སྐོར་བཅས་མཇུག་མ་ཚང་བས་དཔེ་ཁུང་དག་བྱུང་ཚེ་བསྡུར་དགོས། མཆན། གསལ་སྟོང་གཉིས་སུ་མེད་པའི་དོན། ལུས་སེམས་ཡོད་དུ་མ་ཚོར་བ་བྱང་ཁོག་གི་ནང་ནས་སྙིང་ལྟ་བུ། སྐད་ཅིག་མས་དོན་རྟོགས་ནས། ཚེ་གཅིག་གི་སངས་རྒྱ་བའི་གདམས་ངག་མ་ནོར་བ་རྫོགས་སོ། །གདམས་ངག་ངོ་མཚར་ཆེའོ། །རང་དང་འགྲོ་བ་མ་ལུས་པ། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །།


previousབསྙན་བརྒྱུད་རྡོ་རྗེ་ཟམ་པའི་ལོ་རྒྱུས་འབྲིང་པོ་གདམས་ངག་དང་བཅས་པ། next