Nitartha Digital Library
Tibetan
 
previousརྫོགས་པ་ཆེན་པོ་ཀློང་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ།next

རྫོགས་པ་ཆེན་པོ་ཀློང་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ།

རྫོགས་པ་ཆེན་པོ་ཀློང་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ་བཞུགས་སོ། །རྒྱ་གར་སྐད་དུ། མ་ཧཱ་སནྡྷི་མ་ཧཱ་ཨཱ་བརྟ་པྲ་སཱ་ར་ཎི་རཱ་ཛ་ཏནྟྲ་གརྦྷ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ཀྱི་སྙིང་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་དགོངས་པ་མ་ནོར་བར་གསུང་པ། འདི་ལ་གསུམ། གཞི་འཁོར་འདས་གྲུབ་པ་མེད་པའི་ཀློང་གི་དགོངས་པ་དང་། ལམ་ལྟ་སྒོམ་སྤྱོད་འབྲས་མ་བཙལ་ལྷུན་གྱིས་རྫོགས་པའི་ཀློང་གི་དགོངས་པ་དང་། འབྲས་བུ་མཐར་ཐུག་སྐུ་གསུམ་དབྱེར་མེད་ཀློང་གི་དགོངས་པའོ། །དང་པོ་ནི། ཐིག་ལེ་གཅིག་གི་ངོ་བོ་ལ། །སངས་རྒྱས་མ་རྒྱས་མེད་པར་གཅིག །སངས་རྒྱས་འབྲས་བུ་བཏགས་པ་ཡང་། །ཐོབ་པའི་ཡོན་ཏན་གཞན་ན་མེད། །སེམས་ཉིད་ཀློང་ཆེན་དེ་ཡི་རུ། །སེམས་ཅན་རྒྱུ་རུ་སྣང་བ་ཡང་། །འཁོར་བའི་ཉེས་དམིགས་ལོགས་ན་མེད། །བྱ་བྲལ་ཀློང་ཆེན་དེ་ཡི་རྩལ། །རྒྱུ་འབྲས་མེད་པའི་ཆོས་ཉིད་ལ། །སངས་རྒྱས་སེམས་ཅན་དབྱེར་མེད་དེ། །དེ་ལ་རང་གིས་བཅོས་སུ་མེད། །རྒྱུ་རྐྱེན་འབྲས་བུར་བཏགས་པ་ཡང་། །དཀྲི་དྲང་དོན་གྱིས་བསྟན་པར་ཟད། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ༡མ་ནོར་བ་ཡི་ཆོས་ཉིད་ལ། །༢མ་བཅོས་གནས་ཤིང་༣མ་བྱས་གསལ། །༤མ་འགགས་པ་ཉིད་ཡེ་ཤེས་ཀློང་། །དེ་བཞིན་ཉིད་ཀྱི་གནས་འདི་ལ། །ཡེངས་དང་མ་ཡེངས་མེད་པ་དང་། །གཡོ་དང་མི་གཡོ་མེད་པའི་ཕྱིར། །རྒྱལ་བའི་དགོངས་པ་འདི་ལས་མེད། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། མ་ནོར་ལྟ་བས་ཐག་བཅད་པའི་ཀློང་། མ་བཅོས་སྒོམ་པས་ཉམས་སུ་བླང་བའི་ཀློང་། མ་བྱས་སྤྱོད་པས་བོགས་དབྱུང་བའི་ཀློང་། མ་འགགས་འབྲས་བུ་ཉམས་སུ་མྱོང་བའི་ཀློང་གི་དགོངས་པའོ། །དང་པོ་ནི། རྣམ་པར་དག་པའི་ཆོས་ཉིད་ལ། །རྒྱུ་འབྲས་རྫས་སུ་རྟོག་པ་ནི། །གྲུབ་མཐའ་ངན་པས་བཅིངས་པ་སྟེ། །འཁྲུལ་པས་དོན་ལས་གོལ་བའི་ཕྱིར། །བསྟན་ཞིང་བརྗོད་པ་རབ་ཏུ་དཀའ། །ཀློང་ཆེན་འཁྱིལ་བའི་མཁའ་དབྱིངས་ནི། །ཀུན་གྱི་གནས་ཆེན་ཡིན་པའི་ཕྱིར། །ཡུལ་ལ་སྤྱོད་ཅིང་རྣམ་པར་ཡན། །འཁྲུལ་པས་དོན་ལ་གོལ་བའི་ཕྱིར། །ཚད་མས་བཤིགས་པས་མི་ཤིགས་ཏེ། །ཀློང་ཆེན་རང་གི་མཐུ་ཡིས་གྲོལ། །རྟོག་མཐའ་བཅད་པས་མི་ཆོད་དེ། །ཀློང་ཆེན་རང་གི་སྟོབས་ཀྱིས་གཅོད། །རང་སེམས་ཚད་མའི་གདིང་ལྡན་པའི། །འགྱུར་མེད་དོན་གྱི་གཡུང་དྲུང་ཡིན། །ལུང་རིག་དོན་གྱི་བྱ་ར་བས། །ལོག་རྟོག་ལྐུགས་པ་རྡུལ་དུ་བརླག །གཉིས་པ་ནི། ཕྱིར་མི་ལྡོག་པ་དོན་གྱི་ལུང་། །མཐའ་རུ་མི་སྟོང་འཛིན་པར་བྱེད། །ཤེས་རབ་མཚུངས་མེད་རིག་པའི་ཚད། །ཡུལ་དུ་མི་གཅོད་མཉམ་པའི་ཀློང་། །ཀུན་གྱིས་ཐུན་མོང་མ་ཡིན་པས། །འདི་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །འདི་ལ་ཅིའང་བྱ་མི་དགོས། །དཀའ་ཐུབ་དཀའ་སྤྱོད་མི་དགོས་ཏེ། །འདི་ལ་སྦྱང་ཞིང་བགྲོད་དུ་མེད། །མ་བཅོས་རང་ས་ཉིད་དུ་གསལ། །སྟོབས་ལྡན་ཆགས་པའི་ཡུལ་མེད་པས། །ལམ་སྟེགས་འབྲས་བུ་ཐོབ་ཏུ་མེད། །གསུམ་པ་ནི། བྱར་མེད་ཡེ་ཀློང་དོན་འདི་ལ། །ཚིག་ཏུ་མཚོན་དུ་གདགས་གཞི་མེད། །ཡུལ་དུ་བྱ་རུ་དམིགས་གཏད་མེད། །ཏིང་འཛིན་བཟླས་པ་བྱ་མི་དགོས། །ཅི་ཞིག་བསྒྲུབ་ཅིང་གང་ལ་གནས། །བྱར་མེད་དོན་ལ་སྔགས་སུ་མེད། །ཇི་ལྟར་སྣང་ཞིང་གྲགས་པའི་ཆོས། །རང་ལས་བྱུང་བས་རང་གི་རྒྱན། །གཞན་དུ་འཛིན་པ་རྟོག་པའི་བློ། །དེ་ལ་ཞེན་པ་འཁྲུལ་པའི་སེམས། །གཟུང་འཛིན་མེད་ན་གྲོལ་བའི་ལམ། །རང་སེམས་དེ་རུ་མ་ཤེས་ན། །ཐབས་ཆེན་གཞན་དུ་བཙལ་དུ་མེད། །སྟོན་པ་རང་དུ་མ་ཤེས་ན། །ཀུན་ཏུ་བཟང་པོ་ལོགས་ན་མེད། །བསྟན་པ་རང་དུ་མ་ཤེས་ན། །ཐེག་པའི་རྣམ་གྲངས་གཞན་ན་མེད། །འཁོར་རྣམས་རང་དུ་མ་ཤེས་ན། །ཡུལ་གཞན་འདུ་ཤེས་སྐྱེ་བར་འགྱུར། །དུས་རྣམས་རང་དུ་མ་ཤེས་ན། །རེ་བའི་ཐག་པ་ཆོད་མི་འགྱུར། །དེ་ལྟར་གནས་པའི་དོན་འདི་ལ། །འཆིང་དང་གྲོལ་བ་གཉིས་སུ་མེད། །གཞལ་བྱ་འཇལ་བྱེད་ཚིག་གི་མཐའ། །དམིགས་པའི་ཡུལ་ལ་རྟོགས་དཔྱོད་བྱེད། །ཡིད་དཔྱོད་ཤེས་པ་དོན་དུ་འཛིན། །བསྐལ་པ་བྱེ་བ་བརྒྱར་བགྲངས་ཀྱང་། །བྱར་མེད་དོན་དང་འཕྲད་མི་འགྱུར། །བཞི་པ་ནི། རྣམ་དག་ལམ་ཆེན་ཀུན་འབྱུང་ཕྱིར། །སྐྱེ་བའི་སྒོ་ཡང་དགག་ཏུ་མེད། །མ་བཀག་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་སྐྱེ་བ་མེད། །འཆི་བའི་ལམ་ཡང་བཅད་དུ་མེད། །མ་བཅད་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་འཆི་བ་མེད། །སྐྱེ་ཤི་མེད་པའི་བདུད་རྩི་འདི། །རང་ལ་གནས་པས་བཙལ་མི་དགོས། །གསུམ་པ་འབྲས་བུ་མཐར་ཐུག་སྐུ་གསུམ་དབྱེར་མེད་ཀློང་གི་དགོངས་པ་ནི། ཡོད་དང་མེད་པའི་ཁྱད་པར་ལས། །རྟག་དང་ཆད་པའི་གོལ་སར་བྱུང་། །མཐའ་གཉིས་དབྱིངས་ལ་མི་གནས་ཕྱིར། །མི་རྟོག་ཡེ་ཤེས་ཀློང་དུ་ཐིམ། །རང་བྱུང་ཡེ་ཤེས་སྐུ་བརྙེས་པས། །མཐའ་རྣམས་ཀུན་གྱི་མི་ནུབ་ཕྱིར། །རྒྱལ་མཚན་ནོར་བུ་རིན་པོ་ཆེ། །ཁྱད་པར་འཕགས་པ་མཆོག་གི་ལམ། །བླ་མེད་བདེ་གཤེགས་རྣམས་ཀྱི་ཐུགས། །ས་བཅུ་བྱང་ཆུབ་སེམས་དཔའི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་ལུས། །གཏེར་ཆེན་འདི་ལས་གཞན་མེད་པས། །ཀུན་གྱི་རང་བཞིན་འདི་རུ་གཅིག །གཅིག་པོ་མ་ངེས་ཕྱོགས་དང་བྲལ། །ནམ་མཁའ་ལྟ་བུར་ཁྱབ་པའི་ཀློང་། །མཚན་མ་མེད་པའི་དབྱིངས་སུ་ཐིམ། །ཆོས་ཀྱི་སྙིང་པོ་དབྱིངས་ཀྱི་ཀློང་། །ཀུན་འབྱུང་ནོར་བུ་རིན་པོ་ཆེ། །བགྲོད་མེད་རྩོལ་བྲལ་རིག་པའི་ཀློང་། །གཞི་རྩ་མེད་པའི་སེམས་ཉིད་ལ། །ཁ་དོག་དབྱིབས་ཀྱང་གཟུང་དུ་མེད། །ཡུལ་དང་གནས་ཀྱང་བསྟན་དུ་མེད། །ཐམས་ཅད་དེ་ཡིས་བསྐྱེད་པའི་ཕྱིར། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཡུམ། །ཐམས་ཅད་གནས་སུ་མེད་ལ་གནས། །ཀུན་ཀྱང་བསྟེན་དུ་མེད་ལ་བརྟེན། །ཕུ་བགྲོད་མདའ་བགྲོད་གར་ཕྱིན་ཀྱང་། །སེམས་ཉིད་ཀློང་ལས་མ་གཡོས་པས། །ཀུན་གྱི་དུར་ཁྲོད་ཆེན་པོའི་དབྱིངས། །མཚན་མ་དབྱིངས་སུ་དག་པའི་ཕྱིར། །རྣམ་དག་ཆེན་པོ་ཉམས་དགའི་ཀློང་། །ཡོན་ཏན་ཐམས་ཅད་འདུས་པའི་ཕྱིར། །ནོར་བུ་རིན་ཆེན་སྤུངས་པའི་ཁྲོད། །ཡུལ་དང་ཡུལ་ཅན་མེད་པའི་ཕྱིར། །བསམ་གྱིས་མི་ཁྱབ་སྐུ་གསུང་ཐུགས། །རྒྱལ་བ་ཀུན་གྱིས་རྟོགས་པའི་ཕྱིར། །དགོངས་པ་མ་ལུས་ཕུལ་དུ་ཕྱིན། །འགྲོ་དྲུག་འཁྲུལ་པས་མ་རྟོགས་པས། །ལྷན་ཅིག་སྐྱེས་ཀྱང་ངོ་མ་ཤེས། །བློ་ཆུང་རྣམས་ཀྱིས་མ་གོ་བས། །བརྟགས་དང་དཔྱད་པའི་མཐའ་ལས་གྲོལ། །དེ་ནི་བློ་ལྡན་གང་ཞིག་གིས། གཞན་དུ་མི་བལྟ་རང་དུ་བལྟ། །བལྟས་པས་མཐོང་བ་མེད་པ་དེ། །མཉམ་པ་ཉིད་ཀྱི་དོན་མཐོང་ཡིན། །སྐུ་གསུང་མཆོག་ཏུ་གྱུར་པས་ན། །ཆོས་ཀྱི་སྐུ་ཡི་ངང་ལ་གནས། །བླང་དོར་མེད་དང་སྐྱེ་འགག་མེད། །རྣལ་འབྱོར་ཆེན་པོ་ཞི་བའི་ས། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །མེད་པའི་སྙིང་པོ་ནམ་མཁའི་རྫོང་། །ཡོད་པའི་སྙིང་པོ་རྡོ་རྗེའི་སྐུ། །གཉིས་མེད་སྙིང་པོ་ཕྱོགས་དང་བྲལ། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཅིར་ཡང་མཚོན་དུ་མེད་པའི་ཕྱིར། །བསམ་ཞིང་བརྟགས་ཏེ་གང་ལ་དམིགས། །དམིགས་མེད་ཆོས་སྐུ་མཐའ་དང་བྲལ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དོན་གྱི་སྙིང་པོ་བསྟན་པའི་ལེའུའོ། །དེ་ལྟར་རྫོགས་པ་ཆེན་པོ་ནང་ཀློང་སྡེ་ལ། ཀློང་དགུ་བམ་པོ་ཉི་ཁྲི་ཆིག་སྟོང་དུ་གྲགས་པའི་རྒྱུད་སྡེ་རྒྱ་མཚོའི་མཐར་ཐུག་པ་ནི་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ཡིན་ལ། དེའི་སྙིང་པོར་གྱུར་པ་ནི་དོན་གྱི་སྙིང་པོ་བསྟན་པའི་ལེའུ་བཞི་པ་འདི་ཡིན་པར་གསུངས་པས་ཁོལ་དུ་ཕྱུངས་ན ས་ཡིག་རྙིང་ལྟར་ས་བཅད་མདོ་ཙམ་མཆན་དུ་བགྱིས་པ་སྟེ། རྒྱས་པར་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་འགྲེལ་པ་རིན་པོ་ཆེའི་ཕྲ་བཀོད་ལྟར་ཤེས་པར་བྱའོ།། །།

༈ རྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་མན་ངག་གི་གཞུང་ཞལ་གདམས་དང་བཅས་པ་བཞུགས་སོ། །

ན་མོ་གུ་རུ། རྫོགས་པ་ཆེན་པོ་ཀློང་སྡེའི་སྙན་བརྒྱུད་རྡོ་རྗེ་ཟམ་པའི་གཞུང་འདི་ལ་དོན་གསུམ་ལས། ༈ དང་པོ་དབང་པོ་རབ་འཇུག་པ་ཀླད་ཀྱི་དོན་ལ་མཆོད་པར་བརྗོད་པ། ལྟ་བ་མ་ནོར་སྒོམ་པ་མ་བཅོས་སྤྱོད་པ་བསམ་འདས་འབྲས་བུ་བརྗོད་མེད་དེ་བཞི་དབྱེར་མེད། ངང་ལ་ཕྱག་འཚལ་ལོ། །བརྩམ་པར་དམ་བཅའ་ལ། གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱིས། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ། ། ༈ གཉིས་པ་དབང་འབྲིང་འཇུག་པ་གཞུང་གི་དོན་ལ་གསུམ་ལས། དང་པོ་དོན་གཏན་ལ་འབེབས་པའི་དུས་ལའང་གསུམ། དང་པོ་རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ་བ་ལོ་རྒྱུས་ཀྱིས་ངེས་ཤེས་སྐྱེད་པ། ༡རྣ་བ་རྒྱུད་ལུང་གི་གཏེར་ཆེན་འགྲོལ། །གཉིས་པ་སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་ལ། ༢སྒོམ་མེད་དོན་གྱི་གཟེར་ཆེན་གདབ། །བརྡ་དོན་དུས་ཀྱི་བརྡ་སྒོམ་ཚུལ་བླ་མའི་བྱིན་རླབས། གནད་ཀྱི་བརྡ་འོག་ནས་འབྱུང་པ་བཞི། གསལ་བ་གནད་ཀྱི་བརྡ་དབང་པོའི་སྒོ་མ་༡བཀག །མི་རྟོག་པ་གནད་ཀྱི་བརྡ་༢ དབང་པོའི་སྒོ་མ་གཡོས་པ་སྟེ་ཕ་རྒྱུད་གཡོ་བ་རླུང་འཛིན་པའི་གདམས་ངག་གཉིས། འགྲོལ་བའི་མན་ངག་སྦྱིན། །འཛིན་མེད་ངང་ལ་མི་གནས་པར། །གཡོ་འཛིན་རླུང་གི་མན་ངག་སྦྱིན། །སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། །བདེ་ཆེན་ཐིག་ལེའི་མན་ངག་སྦྱིན། །བདེ་བ་གནད་ཀྱི་བརྡ་འོག་རླུང་ཡིད་ཙམ་འཐེན་༣པ། དབྱེར་མེད་པ་གནད་ཀྱི་བརྡ་ལྕེ་རྩེ་མོ་གང་ལའང་མ་བརྟེན་པ་སྟེ་མ་རྒྱུད་བདེ་བ་ཉམས་ཀྱི་མན་ངག་གཉིས་སོ། །མདོར་ན་བརྡ་བཞི་ཉམས་སུ་བླང་པའི་དོན་ཧྲིལ་གྱིས་དྲིལ་བ་ནི། རྡོ་རྗེ་ཟམ་པའི་རྩ་རྒྱུད་ཡེ་ཤེས་གསང་བ་ལས། རང་ལུས་དབེན་པའི་ས་ཕྱོགས་སུ། །ཕྱི་ནང་རྟེན་འབྲེལ་ཐག་བཅད་ནས། །ཆོས་བདུན་འབྱུང་བ་ཆ་སྙོམས་ནས། །ཚོགས་དྲུག་དབང་པོ་མ་བཀག་པར། །ཐ་མལ་ཤེས་པ་ཙམ་ལ་བཞག །ཕྱི་རུ་ལུས་ཀྱི་འབྱུང་བ་སྙོམས། །ནང་དུ་དབུགས་ཀྱི་འགྲོ་འོང་བྲལ། །མ་བཅོས་རྣལ་མའི་དོན་ལ་ཕེབས། །མི་ཞེས་བྱ་བ་སངས་རྒྱས་ཡིན། །རྡོ་རྗེ་སེམས་དཔའ་གུད་ན་མེད། །ཅེས་གསུངས་སོ། །རྡོ་རྗེའི་བརྡ་བཞིའི་དོན་ངོ་སྤྲད། ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན། །ཐ་༡མལ་ཐ་མལ་དངོས་པོའི་འདུག་ཚུལ་ནི། གཉུགས་༢མ་སོ་མ་༣ལྷུག་༤ པའི་ངང་། །རྟེན་རྟག་ཆད་ཀྱི་མཐའ་བསལ་བ། མེད་པས་ན་རིག་པ་རང་སར་གྲོལ། །རྐྱེན་དང་བྲལ་བས་རིག་པ་རང་སར་དག །གསུམ་པ་རེ་དོགས་མེད་པར་དབྱིངས་སུ་གཏད་པ། རེ་དོགས་མེད་པར་དབྱིངས་ལ་གཏད། །བསམ་བརྗོད་བྲལ་བས་ཏིང་འཛིན་མཆོག །དེ་བཞིན་ཉིད་དུ་མྱ་ངན་འདས། །གཉིས་པ་བར་དུ་དོན་ཉམས་སུ་མྱོང་བའི་དུས་ལ་གསུམ། དབང་བཞིའི་དོན་བརྡ་བཞི་ལ་ཚང་བས་དབང་ངང་གིས་རྫོགས་པ། ༡དབང་ངང་གིས་རྫོགས་པས་བསྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས། བརྡ་བཞིའི་དོན་རྒྱུད་ལ་ཤར་བས་སྐུ་བཞི་རང་ཆས་སུ་གྱུར་པ། སྐུ་༢རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ། ཐེག་པ་ཐམས་ཅད་ཀྱི་དོན་གཅིག་ཏུ་རྟོགས་པའོ། །དོན་༣གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས། གསུམ་པ་ཐ་མ་དོན་ཉམས་སུ་ཤར་བའི་དུས་ལ་གསུམ། ལམ་མཐར་ཐུག་ཏུ་བསྟན་པ། ༡འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །ལུས་ངག་གི་འབད་རྩོལ་མེད་པར་གྲོལ་བ། སྐལ་༢ ལྡན་འབད་པར་གྲོལ། །དེའང་རང་གི་སེམས་ཉིད་རྟོགས་པ་ལས་གཞན་མིན་པར་བསྟན་པའོ། །གྲོལ་༣ བ་རང་བྱུང་གཞན་ལས་མིན། ། ༈ གསུམ་པ་དབང་པོ་ཐ་མ་ལ་ཞིབ་ཚེགས་འབྲུ་གནོན་དཔེ་དོན་དང་ལུང་མི་འགལ་བར་བཤད། ཇི་ལྟར་བཤད་པ་དེ་རྣམས་གཞུང་བཤད་ལྟར་རྒྱས་པར་འཆདཔའོ། ། ༈ བཀའ་ས་མནྟ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྡོ་རྗེ་སྙིང་པོའི་དོན་གཏན་ལ་འབེབས་པར་བྱེད་པའི་རྒྱུད་སྡེ་བཅུ་གསུམ་དང་། པདྨའི་སྙིང་པོའི་དོན་ཉམས་སུ་ལེན་པའི་སྒྲུབ་སྡེ་བཅུ་གསུམ་ལས། གདམས་ངག་འདི་ནི་རྒྱུད་སྡེ་བཅུ་གསུམ་གྱི་དོན། སྒྲུབ་སྡེ་བཅུ་གསུམ་གྱི་སྙིང་པོ་རྣ་བརྒྱུད་རིན་པོ་ཆེ་ཟམ་པའི་གདམས་ངག་གོ། །སློབ་དཔོན་བཻ་རོ་ཙ་ནས་བསྟན་པ་རྫོགས་སོ། །འདི་རྣམས་ཀྱི་དོན་རྒྱས་པར་སློབ་དཔོན་ཀུན་བཟང་རྡོ་རྗེས་མཛད་པའི་གཞུང་བཤད་ཆེ་འབྲིང་ཆུང་གསུམ་ལས་ཤིན་ཏུ་གསལ་བར་གཏན་ལ་ཕབ་པ་ལྟར་ཤེས་པར་བྱའོ།། །།


previousརྫོགས་པ་ཆེན་པོ་ཀློང་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ།next