Nitartha Digital Library
Tibetan
 
previousའཛེང་དྷརྨ་བོ་དྷིའི་ལོ་རྒྱུས།next

འཛེང་དྷརྨ་བོ་དྷིའི་ལོ་རྒྱུས།

འཛེང་དྷརྨ་བོ་དྷིའི་ལོ་རྒྱུས་བཞུགས་སོ། །ན་མོ་གུ་རུ། འཛེང་དྷརྨ་བོ་དྷིའི་ལོ་རྒྱུས་ནི། གདུང་རུས་གུང་པོའི་ཟིམ་ཤི་ཡིན། ནང་ཚན་གྱི་འཛེང་ཡིན་པས། ཡབ་བཀྲ་ཤིས་གཡུང་དྲུང་། ཡུམ་མཚར་མོ་མཚོ་དཀར་བྱ་བ་ཡིན། ཡབ་དེ་ཕུར་པའི་སྒོ་ནས་གྲུབ་པ་ཐོབ་ནས། རྡོ་རྗེ་གཞོན་ནུའི་ཞལ་གཟིགས། བརྒྱད་ཅུ་རྩ་བཞི་ལྔ་ཡང་སྣང་། ལ་འདས་ནས་པུར་སྦྱངས་པས། རྡོ་རྗེའི་གཞོན་ནུའི་སྐུ་དང་། རིང་བསྲེལ་མང་པོ་བྱོན། ཁོང་འཛེང་རང་འབྲུག་གི་ལོ་སྟོན་ཟླ་ར་བའི་ཚེས་བདུན་ལ་ཀླུང་གི་ཁྲོན་པ་རུ་སྐུ་འཁྲུངས་ནས། མཚར་དགུ་ཀློངས་སུ་ཞང་པོའི་གན་དུ་བཞུགས་སོ། །ལོ་དགུ་ལོན་ཙ་ན་ཡབ་ཀྱིས་འཛེང་བཙད་བཅང་སྤྱན་དྲངས་ནས། ཕྱག་ན་རྡོ་རྗེའི་རྒྱལ་པོའི་སྐོར་ཞུས། ཡབ་ལ་ཕུར་པ་ཨུར་ནན་དང་། རྣམ་གསུམ་སྐོར་ཞུས་ནས་ཐུགས་དམ་མཛད། ལོ་བཅུ་དྲུག་བཅུ་བདུན། ལ་དོལ་གྱི་གསེར་ཁ་རུ་དམ་པ་དང་མཇལ། དོན་བརྒྱུད་ཀྱི་གདམས་ངག་གནང་། བརྡའ་མཛད། གཙང་གནུབས་ཡུལ་རོང་དུ་རྟེན་འབྲེལ་འགའ་ཟུང་དང་སྔགས་ཀྱི་གནད་མང་དུ་གནང་། དེ་ནས་རྒྱང་རོང་མཚལ་མ་བྱ་བ་རུ་ཡི་གེ་དྲུག་མའི་གདམས་ངག་གནང་ནས་སྒྲུབ་པ་མཛད་པས་བྱིན་རླབས་ཐུན་མོང་མ་ཡིན་པ་བྱུང་གསུངས། དེ་ནས་དབུས་སུ་འགྲོ་སྙམ་པ་ལ། དམ་པས་མཁྱེན་ནས་ཁྱེད་འགྲོའམ་གསུངས། འགྲོ་ལགས་བྱས་པས། དམ་པའི་གསང་སྤྱོད་ཀྱིས་ཤིག་པའི་བརྡའ་རུ། ཞལ་ཕྱག་གིས་བསྡོམ། དབུ་ལ་ཐུག་ཐུག་པ་ལན་གསུམ་མཛད་ནས། ཅི་ཡང་མ་ཡིན་གནས་གྱུར་པ། །གནས་གྱུར་པ་ལ་གཉིས་འཛིན་མེད། །གསུང་ནས་བྱིན་རླབས་འཕོ་བ་ཡང་མཛད། ཆུ་བོ་ཆེན་པོ་འདིའི་ཤར་ཕྱོགས་ན་ཙན་དན་གྱི་ནགས་གཅིག་ཡོད། དེ་ན་ཁྱོད་ཀྱི་བླ་མ་ཡོད་གསུངས་ནས་ལུང་བསྟན། དབུས་སུ་བྱོན་ནས་ཨ་ཁུ་ཨ་ཇོ་དཔལ་འབར་ལ་ཞིང་ཕུལ་ནས། ཁྲག་ཐུན་དང་པེ་དཀར་གསང་སྒྲུབ་ཞུས་གསུངས། གནུབས་ཤང་པོ་ཆེ་ལ་ཀྲྀ་ཡའི་སྒྲུབ་ཐབས་དང་། ཁ་འབར་མའི་གཏོར་ཆེན་ཞུས། ཁོང་གིས་གཙང་དུ་བ་རི་ལ་འབུལ་བ་སྐྱེལ་དུ་བཏང་། ཆོས་སྔ་མ་གསུམ་ལའང་ལུང་ཞུས། འཇམ་དཔལ་དང་ཁྱུང་གི་སྒྲུབ་ཐབས་ཞུས། དགེ་བཤེས་སྦ་ལ་སྔ་འགྱུར་ལྔ་ཞུས། དེ་ནས་ངམ་ཤོད་ནས་ཡར་ལ་ལྡོམ་བུ་ལ་བྱོན་པས། ཕུག་པོ་ཆེར་རྦ་སྒོམ་དང་མཇལ། དེའི་ལོ་ལ་མུ་གེ་ཆེ་བས་སྤྲང་པོ་ལ་ཚོགས་བསོག་གིས་འདུག་པ་ལ། འཛེང་གིས་ཤིང་བསྡུས་ཆུ་བླང་བྱས་པས་མཉེས་ནས། སང་གནང་དགུན་ཤོག་གསུངས་ནས་བྱོན་པས། བསྒོམ་ཚུལ་གྱི་ཆོ་ག་ལན་གསུམ་མཛད། རྡོ་རྗེ་ཟམ་པ་ལྷག་མ་མ་ལུས་པར་གནང་ངོ་། །ཇོ་བོ་རྗེ་ལ་པ་ར་མི་ཏའི་ལམ་བརྐྱང་ཁུག་དང་། རྒྱལ་པོ་ར་མ་ཕ་ལའི་གདམས་པ་དང་། དུས་འཁོར་གྱི་སྦྱོར་དྲུག་ཞུས་གསུངས། དེ་ནས་དབུ་རུར་བྱོན་ཁམས་པ་ལུང་པ་ལ་ཐུན་བརྒྱད་མ་ཞུས། སྣེའུ་ཟུར་པའི་སློབ་མ་ཞིག་ལ་དམིགས་པ་སྐོར་གསུམ་དང་། ཚོགས་བདག་གི་སྒྲུབ་ཐབས་དང་། ནད་སེལ་གྱི་གདམས་པ་ཞུས། ཡང་ཕུག་པོ་ཆེར་བྱོན་པས་སློབ་དཔོན་རྦ་སྒོམ་གྱིས་བདུད་རྩིའི་བཅུད་ལེན་གནང་། ང་སྲིང་མོ་མང་བས་འདི་བྱ་དབང་མ་བྱུང་། འདི་ཁྱོད་ཀྱི་གྱིས་ཤིག་གསུངས། རྡོ་རྗེ་ཟམ་པའི་སྒྲུབ་སྡེ་ཚོ་གནང་། བྲི་བ་ནི་མ་གྲུབ་གསུངས། དེ་ནས་ཡང་གཙང་དུ་བྱོན། ཞང་འབྲོ་སྨྱོན་ལ་ཌཱ་ཀི་ཡི་གེ་བཞི་པ་ཞུས། ཇོ་བཙུན་སོག་པོ་བྱ་བ་ལ་རྡོ་རྗེ་ཟམ་པ་བཤད། ཉང་སྟོད་དུ་སོ་བསྙུན་གདངས་པ་ལྟ་བའི་རྒྱབ་ཤ་དང་། སྒྲོན་སྤྲུལ་ཞུས། དེ་ནས་བླ་མ་རྫ་ཕོར་བ་དང་མཇལ། བདུད་རྩི་ཚིག་གསུམ་པའི་གདམས་ངག་ཞུས་པས། བླ་མའི་ཞལ་ནས་བུདྡྷ་ལ་མཁྱེན་པའི་ཡེ་ཤེས་མངའ་བ་ཡིན་ཏེ། དེ་གསལ་ཆ་ཡིན། སེམས་ཅན་ལ་རིག་པ་བྱ་བ་ཡོད་དེ་འཛིན་ཆ་ཡིན། འཛིན་ཆ་དེ་ནང་དག་ན་ནང་མཁྱེན་པའི་ཡེ་ཤེས་སུ་གྱུར་ལ། ནུབ་དག་ན་ནུབ་མཁྱེན་པའི་ཡེ་ཤེས་སུ་གྱུར་པ་ཡིན་གསུངས། དེ་ལ་ངེས་ཤེས་ཆེ་བར་སྐྱེས་གསུངས་སོ། །རི་ཁྲོད་རླུང་ཆུང་པ་ལ། རྣ་བརྒྱུད་ཚིག་གསུམ་དང་། ཚིག་དོན་ལྔ་པ་ཞུས། ལ་སྟོད་དུ་བྱང་ཆུབ་སེམས་དཔའ་ཀུན་དགའ་དང་མཇལ། གདམས་པ་ཁ་ཡར་དང་ཨབ་ཅིའི་སྒྲུབ་ཐབས་ཞུས། དེའི་དུས་སུ་ཨ་ཙ་ར་དམ་པའི་སྤྱོད་པ། བརྩོལ་པ་ཁོའི་ལག་པ་ནས་ཁྲིད་ནས་གཙང་པོར་མཆོངས་པས་ཆུ་ཕར་ཁར་ཆོད། ཁོ་དེའུ་ཤི་གསུངས། གཙང་དུ་རྣལ་འབྱོར་པ་སྟག་ཤམ་ཅན་ནས་དབུ་སྡེབས་སམ་ཐུད་ཀ་འབར་རམ། བླ་མ་དྲོད་འབྱོར་རམ། ཞང་འབྲོ་སྨྱོན་ནམ་མང་པོ་དང་འགྲོགས་ཏེ། དེ་ཚོ་རྟོགས་ལྡན་གྲུབ་ཐོབ་ཏུ་འདུག་གསུངས། ངས་སོ་མང་ཅན་ལ་ཕྱག་རྒྱ་ཆེན་པོ་བཏབ་པས། མི་ལས་འདས་ཏེ་འཁྲུལ་སྣང་དག་ནས་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་ཏུ་འཆར་ནས་འདུག་གསུངས། རྡུལ་མི་རྒྱལ་ལེ་ལ་ཡི་གེ་བཞི་པ་དང་རྫོགས་ཆེན་གྱི་གདམས་ངག་བཏབ་པས་ཞིག་མོ་མི་ལས་འདས་པ་ཞིག་བྱུང་གསུངས། གཙང་དུ་ལོ་བདུན་བཞུགས་ནས་མར་བྱོན། ཡང་ཕུག་པོ་ཆེ་རུ་ཡོང་བས། སློབ་དཔོན་རྦ་སྒོམ་གྱི་ཞལ་ནས་གདམས་ངག་ངོ་མཚར་ཅན་གཅིག་སྦྱིན་ནོ་གསུངས་ནས། རྣ་བརྒྱུད་ཚིག་གསུམ་གནང་། ནམ་མཁའ་འདི་ཁོང་དུ་ཆུད་པར་གྱིས་ཤིག །དེ་རྟེན་མེད་དུ་རྟོགས་ན་སྒོམ་མེད་དོན་གྱི་གཟེར་ཆེན་ཐེབས་པ་ཡིན་གསུངས་པས། ངེས་ཤེས་ཐུན་མོང་མ་ཡིན་པ་སྐྱེས་གསུངས། ལར་སློབ་དཔོན་རྦ་སྒོམ་པ་དེ་སངས་རྒྱས་རང་ཡིན་འདུག་སེམས་པ་ཞིག་བྱུང་། དེ་ནས་དྭགས་པོ་རུ་བཞུགས། སྡེ་པ་དེ་ཕྱག་རིས་ཆེན་པོར་མཛད། བླ་མ་ཞལ་གདམས་བྱོན་པ་ལ་བསྙེན་བཀུར་ནས། གུ་རུ་བཞི་དང་། ལྷུན་གྲུབ་སྡེ་སྐོར་བདུན་དང་། ཐུགས་སྒྲུབ་ཀྱི་གདམས་པ་ཞུས་གསུངས། དགེ་བཤེས་ཤུད་པུ་ལོ་ཙཱ་བ་ལ་འགྲེལ་ཆུང་རྒྱ་ཆེར་འགྲེལ་པ་གསན་གསུངས། དགེ་བཤེས་གྲོལ་སྒོམ་ལ་ནཱ་རོའི་ཐབས་ལམ་ཞུས་གསུངས། རྡོ་རྗེ་ཟམ་པ་ཕར་ལ་བཤད་པས་ངེས་ཤེས་སྐྱེས་གསུངས། སྒམ་པོ་པ་ཆེན་པོ་དང་མཇལ་ནས་ཡི་གེ་དྲུག་པ་དང་། སྐྱེས་སྦྱོར་དྲིས་ལན་གསུངས་པས། སྒམ་པོ་པ་ལ་སངས་རྒྱས་སུ་མཐོང་། བླ་མ་དེ་ཚོ་བསྟེན་ནས་དཀའ་ཐུབ་མཛད་པའི་ལོ་རྒྱུས་ནི། རྡོ་རྗེ་ཟམ་པ་ཞུས་ནས་ཕུག་པོ་ཆེར་བདུད་རྩིའི་དཀའ་ཐུབ་མཛད་པས་རིམ་གྱིས་མི་འཇིགས་པ་བྱུང་། གནུབས་ཤང་པོ་ཆེའི་དྲུང་དུ་བླ་མའི་གཡོག་གིས་དཀའ་ཐུབ་བྱས་པས་གར་ཕྱིན་དུ་བླ་མའི་ཐུགས་ལ་འདོགས་པར་བྱུང་། དམ་པ་རྒྱ་གར་གྱི་དྲུང་དུ་བསམ་མནོའི་དཀའ་ཐུབ་བྱས་པས་ཆོས་གང་ལ་ཡང་བྱན་ཚུད་པས་དངོས་གྲུབ་བྱུང་། ཀྱི་ཁུང་དུ་ཕུར་པའི་བཟླས་པ་ལ་དཀའ་ཐུབ་བྱས་པས། འཇིག་རྟེན་གྱི་ལྷ་འདྲེས་ཅི་སྨྲས་ཉན་པའི་དངོས་གྲུབ་བྱུང་། བཀའ་གདམས་ཀྱི་ས་རུ་ཞི་དུལ་གྱི་དཀའ་ཐུབ་བྱས་པས། གར་ཕྱིན་དུ་མིས་བྱམས་པའི་དངོས་གྲུབ་བྱུང་། ཡི་གེ་བཞི་ལ་མི་སྡོད་པ་གསུམ་གྱི་དཀའ་ཐུབ་བྱས་པས། ལུས་ལ་དྲོད་སྐྱེས་ནས། གཅེར་བུ་ལོ་ལྔ་མཛད་གསུངས། དེ་ལ་ངེས་ཤེས་སྐྱེས་ནས་ཕག་མོ་མངོན་འབྱུང་ལ་སྒྲུབ་པ་མཛད་པས། མགུར་མོའི་ནུབ་ཕྱོགས་སུ་རྗེ་བཙུན་མ་ཞལ་གཟིགས་བརྡའ་མང་པོ་གནང་གསུངས། གནུབས་ཡུལ་རོང་དུ་རྨི་ལམ་སྦྱངས་པས་འབྱོངས་ཏེ། སྣང་བ་ཐམས་ཅད་དུ་རྨི་ལམ་དུ་ངོ་ཤེས་པ་བྱུང་། ལན་གཅིག་ཇོ་མོ་དང་གཉིས་ཤིང་འཐུ་རུ་ཕྱིན་པས་ཤིང་ཁུར་ཆེ་བ་གཅིག་རྙེད་ནས་ཁུར་ཕྱིན་པས། མཐའ་ཆེན་པོ་གཅིག་ཏུ་སླེབ་ཙ་ན། རྨི་ལམ་དུ་འདུག་སྙམ་ནས་མཆོངས་པས། མ་གི་རུ་བྱ་བབས་པ་བཞིན་བྱུང་གསུངས། ཇོ་མོ་པྲ་མོ་ན་རེ། བླ་མ་ཁྱེད་ལ་མི་ཡམ་མེ་བ་གཅིག་ལས་མི་འདུག །དམ་པ་རྒྱ་གར་རང་ཡང་དྲན་དྲན་དུ་འདུག་གསུངས་སྐད། དེ་ནས་ངམ་ཤོད་ནས་མར་བྱོན་པས་མོན་མཁར་གྱི་འོ་དཀར་བྲག་ལ་སྒྲུབ་པ་མཛད་པས། བདེ་མཆོག་ཡབ་ཡུམ་ཞལ་གཟིགས། ལན་གཅིག་འགྲོ་སྙིང་འདོད་ནས་ཕྱིན་པས། མོན་མཁར་གྲོང་མོ་ཆེའི་མདུན་དུ་ཆུ་བོ་གཅིག་ལ། ད་ཡོང་ཆུ་རང་ལ་ཡང་ཅང་འབྱིང་ངམ་སྙམ་ནས་མཆོངས་པས་འཁྱག་རུམ་ཆག་ནས་བྱིང་བ་སྙམ་ཙ་ན། ཁོང་རྣམས་དེ་རང་ལ་ཡང་ངོ་མཚར་ཆེས་ནས་ཨ་རབ་སྒང་ལ་ཆུ་ནང་དུ་དེ་ཙམ་ཚུགས་པ་ལྕགས་ཚན་མོ་ཆུ་ནང་དུ་བཅུག་པ་བཞིན་སྭ་རིང་གི་སྒྲ་བྱུང་ཟེར། ང་རང་གིས་མཐོང་སར་ཡང་ཆུ་ལ་རླངས་པ་ནམ་མཁའ་མི་མཐོང་བ་བྱུང་། གྲང་ནི་གྲང་བར་འདུག་གསུངས། དེ་ནས་གཞོའི་གཏི་སྒྲོར་ཕྱིན། ཤེལ་ཕུག་ཏུ་ཁྲོ་བོ་བདུད་རྩི་འཁྱིལ་པའི་ཞལ་མཐོང་། མི་མ་ཡིན་གཅིག་གིས་བསྙེན་བཀུར་ཆེ་བར་བྱས་གསུངས། བཙུན་གཟུགས་གཅིག་ནམ་མཁའ་ལ་འཕུར་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་མཐོང་ལ་བཙལ་བས་མ་རྙེད། མི་ཡིན་མིན་མ་ཤེས་གསུངས། དེ་ནས་དྭགས་པོ་རུ་བཞུགས་ནས་ཨབ་ཅི་བསྒྲུབས་པས་ཉི་མ་གྲོ་ཁར་ཞལ་གཟིགས། དམ་བསྲེ་སྙམ་ཙ་ན་ཇོ་མོ་ཕྱག་ལེ་བྱོན་པས་བུད་མེད་ཅན་ཟེར་ནས། ནམ་མཁའ་འོད་ཆེན་པོ་གཅིག་ཏུ་བྱས་ནས་སོང་གསུངས། དེ་ནས་ལྟ་ཟུར་དུ་སྒྲུབ་པ་ལོ་གསུམ་མཛད། བཅུད་ལེན་གྱི་སྒྲུབ་ཐབས་གཅིག་ཀྱང་བྱས་པས། ཚེ་དཔག་མེད་ཞལ་མཐོང་། ཧེ་རུ་ཀ་ཡབ་ཡུམ་ཞལ་མཐོང་། ཆོས་མང་པོའི་རྣམ་དག་རྒྱུད་ལ་ཤར་གསུངས། དེ་ནས་ཇོ་མོ་ཕྱག་ལེ་དང་བྲལ། ཆོས་སྐྱིད་དང་འགྲོགས་ནས་འཛིང་དུ་བྱོན། དེ་ཡན་ཆད་དུ་གདམས་པ་འདི་མང་དུ་མ་འཕེལ། བྱིན་པ་ཡང་འགའ་ཟུང་ལས་མེད། མཐུ་འགའ་བསླབ་གསུངས། གྲོང་ཆོག་མཛད་ཅིང་གསང་སྤྱོད་མཛད། དེ་ནས་ཐག་རིང་ནས་ཞུ་བ་ཡང་མང་དུ་བྱུང་། གདམས་པ་ཡང་འཕེལ། ངོ་བོ་འཕར་ངོས་སུ། སྦལ་བུ་གཏོང་མ་སྤྱན་དྲངས་ནས་གདམས་པ་གསུངས་པས། ཉི་མ་སྔ་དྲོ་དང་པོ་ལ་འཇའི་གདུགས་དང་། རེ་མིག་དང་། ཀ་བ་ལྟ་བུ་མང་པོ་བྱུང་། སྔོན་ལ་འཛེང་ཆུང་བས་མཐོང་། དེ་ནས་རྩ་དགུར་དང་། དེ་ནས་མི་སུམ་ཅུ་ཙམ་དང་དམར་དང་ཕར་ངོས་ཀྱི་མི་ཐམས་ཅད་ཀྱིས་མཐོང་ནས། ཕྱོགས་སུ་ཕྱག་མང་པོ་བཙལ། ཆོས་ཐོན་ནས་རི་བོའི་ལོགས་ལ་སྐྱོ་སངས་ལ་བྱོན་པ་དང་། བླ་མ་གྲོངས་འགྲོ་བ་མིན་ནམ་སྙམ་ནས། འཁོར་ཀུན་གྱིས་འཇའ་དེ་མི་དགའ་བ་མིན་ནམ་ཞུས་པས། མི་དགའ་བ་མིན། སློབ་དཔོན་རྦ་སྒོམ་ལ། བར་སྟོན་ཤེས་རབ་གྲགས་སྤུན་གཉིས་ཀྱིས་གདམས་པ་འདི་ཞུས་པའི་དུས་སུ་ངམ་ཤོད་ཀླུངས་དང་ཕུག་པོ་ཆེའི་རི་ལོགས་ཙམ་འཇས་ཁེངས་པ་བྱུང་། གདམས་པ་འདི་ལ་འོངས་པ་ཡིན་གསུངས། འོ་ན་དགའ་བ་ལགས་སམ་ཞུས་པས། དགའ་བའི་རློམ་པ་ཡང་བྱར་མེད་གང་ལ་ཡང་རློམ་པ་མེད་པ་གལ་ཆེ་གསུངས། འཛིང་ན་བཞུགས་པའི་དུས་སུ་ཇོ་སྲས་འཛེང་གིས་བླ་མའི་སྤྱན་སྔར་བྱོན་པས། བླ་མ་ནུབ་ཕྱོགས་ཀྱི་མཆོད་རྟེན་རྩའི་གད་ཁ་གཅིག་ན་བཞུགས་ནས་འདུག །དེ་ནས་དཔེར་གངས་སུ་ཕྱིན་ཙ་ན་བླ་མ་ནི་མ་མཐོང་། འོད་རྩང་ཕུག་ཙམ་གཅིག་འདུག་སྟེ། དེ་ནས་རྩར་ཕྱིན་རྩ་ན་འོད་མི་འདུག་བླ་མ་བཞུགས་ནས་འདུག །དེ་ཅི་ཚུགས་ལགས་ཞུས་པས། བླ་མའི་ཞལ་ནས་མཉམ་པར་བཞག་ཙ་ན་འོང་གི་འདུག །མི་ལ་མ་སྨྲ་གསུངས། གྲོང་ཆོག་མཁན་དེ་ལ་དེ་འདྲ་ཅང་འོང་ངམ་ཟེར་ནས་སྡིག་བསོག་ཏུ་འོང་། སློབ་དཔོན་ཀུན་ལ་སངས་རྒྱས་ཀྱི་ཡོན་ཏན་ལྟ་བུ་མངའ་ཡང་། མངའ་བ་བཞིན་དུ་ཡང་མི་བྱེད། ཁྱོད་དེ་འདྲ་རྟོགས་པ་ལ་དགའ་བར་འདུག་ཁ་རོག་སྡོད་གསུངས། ལན་གཅིག་བྱིན་རླབས་མཛད་པའི་ཅོད་པན་ཀྱུ་བའི་ཁབ་སྟོར་བས། སང་ནུབ་ནམ་ཕྱེདཙ་ན་ཁ་བ་འདི་ན་སྐྱ་ན་རེ་འདུག་གསུང་སྟེ། དོན་ལ་ཉིན་མཚན་མེད་པར་ཡིན་པ་འདྲ། ཨ་ཇོ་དང་དངོས་གྲུབ་པོ་ལ་མཛེ་བྱུང་ནས་ངས་བཟླས་གྲོགས་བྱས་པས། ཁོས་མཛེ་མ་སོས་པས་ངས་ཕྱག་ན་རྡོ་རྗེ་ཞལ་མཐོང་སྟེ་རྒོད་བྲོ་གསུངས། ཞུ་རུ་བཞུགས་པའི་དུས་སུ་མི་གཡོ་བ་དང་ཛམ་བྷ་ལ་དང་མགོན་པོ་ལྕམ་དྲལ་ཞལ་མཐོང་གསུངས། དེ་ནས་དགུང་ལོ་བརྒྱ་དང་གཉིས་ལོན་པའི་དུས་སུ་བླ་མ་བསྙུང་བས་འཁོར་ཀུན་གྲོངས་ཀྱི་དོགས་ཙ་ན་བླ་མའི་ཞལ་ནས། མདངས་རྨི་ལམ་བཟང་བས་ང་མི་འཆི་གསུངས། ཅི་ཚུགས་གདའ་ཞུས་པས། ང་རུའི་སོག་རའི་སྟེང་ན་འདུག་པ་ལ། ཉི་ཟླ་གཉིས་ཤར་ནས་བྱུང་། རུ་བའི་སྤྱིལ་པོ་མང་པོའི་ནང་ན། བུད་མེད་མང་པོ་འདུག །ཁོང་ན་རེ། བླ་མ་འཛེང་ཁྱོད་ལོ་བཞི་ན་ཤོག་ཟེར་བ་རྨིས་བྱུང་། དེ་ནས་འཁོར་ཀུན་གྱིས་བུ་སློབ་རྣམས་བསྡུས་ནས། དགེ་བ་གཅིག་མཛད་པར་ཞུས་པས། དེ་འདྲ་མི་བྱེད་དགེ་བ་དང་སྡིག་པ་གང་ཆེ་ཆ་མེད། མི་རྒན་མི་འཆི་གསུངས། སྒོམ་ཡུན་ཡང་རིང་། ཡི་དམ་ལྷ་དང་མཁའ་འགྲོ་ལ་བསྙེན་སྒྲུབ་མང་པོ་ཡང་བྱས། ཅི་བྱས་དགེ་བར་སོང་བས་ཡིད་སྨོན་ལ་མི་རེ། གང་ཟག་དབང་པོ་རབ་མ་ཤི་བར་སངས་རྒྱ། འབྲིང་འཆི་ཁར། ཐ་མ་བར་དོར་སངས་རྒྱ་བའི་གདམས་ངག་ཡོད་དེ། འདུས་བྱས་ཀྱི་དགེ་རྩ་ལ་མི་རེ། ཆོས་ཉིད་ལ་བླང་དོར་དང་རྒྱུན་ཆད་མེད། ཁོ་ད་ལྟ་རང་ཡོད་པ་ཡིན་པ་ལ་ན་ཚ་མེད་པར་ཤི་ནས་འདུག་ཟེར་བ་གཅིག་ལས་མི་འོང་གསུངས། དེ་ནས་ལོ་གསུམ་ལོན་ནས་བཅུད་ལེན་གཅིག་མཛད་པར་ཞུས་པ་ལས། བླ་མའི་ཞལ་ནས། བཅུད་ལེན་བྱས་ན་ལོ་བཅུ་ཙམ་ཚེ་བསྲིང་བར་འདུག་སྟེ། དུས་ངན་པ་ལ་ཚེ་བསྲིང་བ་ལ་དགོས་པ་མི་འདུག་གསུངས་ནས་མ་གནང་། དགུང་ལོ་བརྒྱ་དང་ལྔ་བཅུ་བདུན་ཡིན་པ་འདྲ་སྟེ་གཞུང་རྒྱས་པའི་སྐབས་སུ་རྒྱུ་མཚན་བཅས་གསུང་སྣང་། མཆན། ལོན་པའི་དུས་སུ། དེ་ནས་སོས་དང་པོ་ལ་སྐུ་གཤེགས་ནས། པུར་སྦྱངས་པས་ནམ་མཁའ་འཇས་ཁེངས། གདུང་གི་མཆོད་རྟེན་ནམ། རིང་བསྲེལ་དཔག་ཏུ་མེད་པ་བྱོན། ཁོང་གི་དྭགས་པོའི་གཟིགས་ཡེ་ཤེས་དབང་པོ་ལ་གནང་། དེས་མཁན་པོ་ལ་ཁ་བ་ཆེན་པོ་ལ་གནང་ངོ་། །


previousའཛེང་དྷརྨ་བོ་དྷིའི་ལོ་རྒྱུས།next