Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་གསུམ་པ།


   
   
   
   
རྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས། འགྱུར་མེད་རྡོ་རྗེ།
   
   
   
   
   
   


 
previousརྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས། འགྱུར་མེད་རྡོ་རྗེ།next

རྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས། འགྱུར་མེད་རྡོ་རྗེ།

རྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས་ནི། ཐོག་མའི་སངས་རྒྱས་ཀུན་བཟང་རྡོ་རྗེ་སེམས། །སེམས་དག་ནོར་བུ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་ཤྲཱི་སིདྷ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བཻ་རོ་ཙ་ན་སྤང་སྟོན་མི་ཕམ་མགོན། །ངན་ལམ་བྱང་རྒྱལ་ཟ་ངམ་རིན་ཆེན་དབྱིག །ཁུ་འགྱུར་གསལ་མཆོག་ཉང་སྟོན་བྱང་ཆུབ་གྲགས། །གསོལ་བ༴ ཤེས་རབ་འབྱུང་གནས་རྦ་སྒོམ་ཡེ་ཤེས་མཚན། །དྷརྨ་བོ་དྷི་འཛེང་དཀར་ཇོ་སྲས་དང་། །ཀུན་བཟང་རྡོ་རྗེ་སངས་རྒྱས་སྡོང་པོ་ལ། །གསོལ་བ༴ ཡེ་ཤེས་བྱང་ཆུབ་ཡེ་ཤེས་དབང་པོ་དང་། །ངུར་སྟོན་བསོད་འོད་རྡོ་རྗེ་དབང་ཕྱུག་ཞབས། །བསོད་ནམས་རྒྱལ་མཚན་ཤེས་རབ་རྒྱལ་མཚན་ལ། །གསོལ་བ༴ གཞོན་ནུ་ཤེས་རབ་གཞོན་ནུ་གྲགས་པ་དང་། །སངས་རྒྱས་བཟང་པོ་བརྩོན་འགྲུས་དབང་ཕྱུག་ཞབས། །མཐའ་བཞི་གྲགས་རིན་ཤཱཀྱ་རྒྱལ་པོ་ལ། །གསོལ་བ༴ འགོས་ལོ་གཞོན་དཔལ་སྤྱན་སྔ་ཆོས་ཀྱི་གྲགས། །ཆོས་ཀྱི་བློ་གྲོས་ཁྱུང་ཚང་བློ་གྲོས་དཔལ། །ཀརྨ་གུ་རུ་ཆོས་དབང་ལྷུན་གྲུབ་ལ། །གསོལ་བ༴ ཆོས་དབང་ཀུན་བཟང་ཀུན་བཟང་ཆོས་ཀྱི་རྒྱལ། །འགྱུར་མེད་རྡོ་རྗེ་རིན་ཆེན་རྣམ་རྒྱལ་དང་། །པདྨ་བསྟན་འཛིན་ཨོ་ཌཱི་ཡ་ན་ལ། །གསོལ་བ༴ རིག་འཛིན་བཟང་པོ་པདྨ་མངྒ་ལ། །རིག་པའི་རྡོ་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་། །ངེས་དོན་དབང་པོ་རྩ་བརྒྱད་བླ་མ་ལ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རང་སེམས་གསལ་སྟོང་འཛིན་མེད་རྟོགས་པ་དང་། །ཡུལ་ཀུན་སྣང་སྟོང་བདེན་མེད་འཆར་བ་དང་། །སྤངས་བླངས་ཡོངས་བྲལ་འཁོར་འདས་འཁྲུལ་པ་ཞིག །གཉུག་མའི་གཏན་ས་ཟིན་པར་བྱིན་གྱིས་རློབས། །ཞེས་སྙན་བརྒྱུད་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་ལ་གཏེར་ཆེན་མན་གྱི་ཁ་སྐོང་ཛྙཱ་ནས་སོ།། །།


previousརྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས། འགྱུར་མེད་རྡོ་རྗེ།next