Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་གསུམ་པ།


   
   
   
   
   
   
   
ཀློང་སྡེ་རྡོ་རྗེ་ཟམ་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པའི་ཆོག་ཁྲིགས་སུ་བཀོད་པ་ཡེ་ཤེས་ཆུ་རྒྱུན། བློ་གྲོས་མཐའ་ཡས།
   
   
   


 
previousཀློང་སྡེ་རྡོ་རྗེ་ཟམ་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པའི་ཆོག་ཁྲིགས་སུ་བཀོད་པ་ཡེ་ཤེས་ཆུ་རྒྱུན། བློ་གྲོས་མཐའ་ཡས།next

ཀློང་སྡེ་རྡོ་རྗེ་ཟམ་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པའི་ཆོག་ཁྲིགས་སུ་བཀོད་པ་ཡེ་ཤེས་ཆུ་རྒྱུན། བློ་གྲོས་མཐའ་ཡས།

ཀློང་སྡེ་རྡོ་རྗེ་ཟམ་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པའི་ཆོག་ཁྲིགས་སུ་བཀོད་པ་ཡེ་ཤེས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཡ། བརྡའ་དང་ཚུལ་བཞིའི་གནད་ཀྱིས་དུས་ཐུང་ངུར། །འོད་སྐུར་གྲོལ་བྱེད་མཆོག་གསང་ཨ་ཏིའི་ལམ། །སྟོན་མཛད་རིག་འཛིན་རྩ་བརྒྱུད་བླ་མ་དང་། །དཔལ་ཆེན་མཁའ་འགྲོའི་ཚོགས་ལ་གུས་ཕྱག་འཚལ། །སྨིན་བྱེད་ཐབས་ཚུལ་རྒྱས་བསྡུས་ཇི་སྙེད་པས། །ནམ་ཡང་མི་བསྐྲུན་བརྡ་ཐབས་བྱིན་རླབས་ཀྱིས། །དབང་རྣོན་སྐད་ཅིག་གྲོལ་བྱེད་རྫོགས་པ་ཆེའི། །བཀའ་སྲོལ་བདུད་རྩིའི་ཡང་ཞུན་བཏུང་བར་བྱོས། །ཀློང་སྡེ་སྣ་བརྒྱུད་རྡོ་རྗེ་ཟམ་པའི་རྣལ་འབྱོར་དུ་བྱ་བའི་རིམ་པ་གསུམ་པ་སྨིན་པ་གྲོལ་བར་བྱེད་པ་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་ཆོ་ག་རྒྱས་པར་བྱ་བ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་དཀྱིལ་འཁོར་དང་རྫས་བཤམས་པ་ནི། སྟེགས་གཙང་མའི་སྟེང་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། ལྟེ་བ་ཟླུམ་སྐོར་རིམ་པ་ལྔ་བསྐོར་བའི་དབུས་མཐིང་ག །དེ་རྒྱབ་ལྗང་གུ། དེ་རྒྱབ་སེར་པོ། དེ་རྒྱབ་དམར་པོ། དེ་རྒྱབ་དཀར་པོ། དེའི་ཕྱི་ལ་ཆོས་འབྱུང་བསྣོལ་མའི་སྟེང་དམར་པོ། འོག་མཐིང་ག །གཞི་སེར་པོ་བྱ། ཆོས་འབྱུང་ཟུར་དྲུག་གི་རྩེ་མོར་རྡོ་རྗེ་སེར་པོ་བྲི་བའང་ཡོད་པས་དེ་ལྟར་ན་ཆོས་འབྱུང་གི་ཕྱི་ལ་ཟླུམ་སྐོར་ཡངས་པ་བྱ། དེ་རྒྱབ་ཟླུམ་སྐོར་རིམ་པར་གསུམ་གྱི་དང་པོ་ཉི་དཀྱིལ་དམར། གཉིས་པ་ཟླ་བ་དཀར། གསུམ་པ་སྣ་ཚོགས་པདྨ་བྲི། དེ་རྒྱབ་གྲུ་བཞི་རིམ་པ་གཉིས་བཅད་པའི་ནང་མ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་། དེ་རྒྱབ་མུ་རན་ཤར་དམར། ལྷོ་ལྗང་། ནུབ་དཀར། བྱང་མཐིང་ག་ཅན་གྱི་དཀྱིལ་འཁོར་བཞེངས་། དེའི་དབུས་སུ་ཁྲིའུ་ལ་འབྲུ་ཡིས་བཀང་བའི་སྣོད་དུ་རིན་པོ་ཆེའི་བུམ་པ་དྲི་བཟང་ཆུ་དང་ཉེར་ལྔའི་རྫས་ཀྱིས་བཀང་བ་ལ་མགུལ་ཆིངས་ཁ་དོག་ལྔ་ལྡན་གུ་གུལ་གྱིས་བདུག །སུམྦྷ་ནིའི་སྔགས་ཀྱིས་བགེགས་བསྐྲད་ལ་བཞག །དེའི་སྟེང་ཀ་པཱ་ལ་དུམ་བུ་གཅིག་པའི་ནང་སིནྡྷུ་རས་བྱུགས་པ་ལ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཨཱོཾ། རྩིབས་དྲུག་ལ། ཨཱཿཨྃ་ཧཱུྃ་ཧྲཱིཿབྷྲཱུྃ་ཧཾ་ཞེས་པའི་འབྲུ་དྲུག་མགོ་ནང་བསྟན་དུ་བྲིས་པའི་ནང་ཆང་དང་ཆོས་སྨན་སྦྱར་བས་བཀང་་བའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བ་ལ། ཆོས་འབྱུང་སྔགས་བཅད་སྔ་མ་ལྟར་བྲིས་པས་བཀབ་པའི་སྟེང་བྱང་སེམས་དཀར་དམར་གྱི་རིལ་བུ་བཞག་ལ་དར་དཀར་དམར་གྱིས་དགབ། དེ་ལ་རིལ་བུ་ནི། བྱང་སེམས་དཀར་པོ། ཅོང་ཞི། གངས་ཏིག །ཅུ་གང་། དཀར་པོ་ད་བྱིད་མཆན། གཅིག་ཐུབ། ཀ་ར་རྣམས་ཆ་མཉམ་སྦྱར་བ་དཀར་པོ་དང་། བྱང་སེམས་དམར་པོ། སིནྡྷུ་ར། མེ་ཏོག་དམར་པོ། པད་རག་སོགས་རིན་པོ་ཆེ་དམར་པོ། འབྲུ་དམར་པོ། བུ་རམ་རྣམས་སྦྱར་བ་དམར་པོ་སྟེ་གཉིས་ཀ་མར་གྱིས་རིལ་བུར་བསྒྲིལ་བ་སློབ་མའི་གྲངས་མཉམ་བྱས་ལ། དཀར་པོ་དར་དཀར་དང་དེ་རྒྱབ་དར་དམར་གྱིས་དྲིལ། དམར་པོ་དར་དམར་དང་དེ་རྒྱབ་དཀར་པོས་དྲིལ་ལ་བཞག །རྒྱབ་མདུན་གང་བདེར། བླ་མ་དང་ཡི་དམ་གྱི་གཏོར་མ། མཁའ་འགྲོ་ལ་གཏོར་མ་གསུམ་ཤ་ཁྲག །རྩི་སྨན། དཀར་མངར་གྱིས་བརྒྱན་པའམ་ལས་བྱང་དུ་བཤད་པ་ལྟར་དང་། འབྲུ་མར། རྩི་མར། ཞུན་ཆེན་གྱི་མར་མེ་མཚན་ཐུབ་གསུམ། ཉེ་སྤྱོད་ལྔ་རྣམས་ཀྱིས་མཐའ་བསྐོར། གཞན་ཡང་དམ་རྫས། ཚེ་བུམ། རྡོ་རྗེའི་ཚིག་རྐང་བྲིས་པའི་ཚུལ་ཤིང་། སྒོམ་ཐག །སྒོམ་རྟེན། ལས་བུམ། ཅོད་པན་རྣམས་དང་། ཚོགས་ཀྱི་ཡོ་བྱད། མཆོད་གཏོར་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །བྱིན་འབེབས་ཀྱི་དུས་སུ་མཁའ་འགྲོ་མ་གསང་བའི་སྤོས་སྦྱོར་གལ་ཆེ་བས་གཞུང་དུ་འབྱུང་བ་ལྟར་འགྲུབ་ན་ལེགས་སོ། །གཉིས་པ་དངོས་གཞི་ལ་གཉིས། བྱིན་གྱིས་བརླབ་པ་དང་། ཆོ་གའི་རིམ་པའོ། །དང་པོ་ནི། ལས་བྱང་གི་དབུར་བཀོད་པ་ལྟར་ཕྱི་ནང་གི་རྒྱ་མཚོ་ཁྲུས་ལུང་དང་། སྒོ་གསུམ་ལས་ཀྱི་སྤྱོད་པ་སྔོན་དུ་བཏང་ལ། མཎྜལ་གྱི་དབུས་སུ་གུ་སེར་པོ། གུ་ལང་མཎྜ་ལ་ཧཱུྃ། གསེར་གྱི་ས་གཞིར་གྱུར། དེའི་སྟེང་དུ་པྃ་ཡིག་ཁ་དོག་ལྔ་པ། པྃ་པདྨ་མཎྜ་ལ། སྣ་ཚོགས་པདྨ། ཨ་དཀར་པོ། ཨ་ཙནྡྲ་མཎྜ་ལ། ཟླ་བའི་དཀྱིལ་འཁོར། མ་དམར་པོ། མ་སཱུཪྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར། དེ་དག་གི་དབུས་སུ་ཆོས་འབྱུང་བསྣོལ་མ་དམར་པོ། དེའི་ནང་དུ་བ་མཐིང་ག །བ་ཏི་ཏིཥྛ། བ་ཏི་སྔོན་པོའི་གདན། དེའི་སྟེང་བ་ཏི་དམར་པོ། བ་ཏི་ཏིཥྛ། བ་ཏི་དམར་པོའི་གདན། དེའི་སྟེང་དུ་བྷྲཱུཾ་ཡིག །བྷྲཱུྃ་ཏིཥྛ། སྣ་ཚོགས་པདྨའི་གདན་གེ་སར་དང་བཅས་པ་དེ་དག་གི་ཤར་ཕྱོགས་སུ་ཀེ་དཀར་པོ། ཀེ་ཀེ་རུ་མཎྜ་ལ། ཀེ་རུ་དཀར་པོའི་ཞིང་ཁམས། ལྷོ་ཕྱོགས་སུ་བཻ་མཐིང་ག །བཻ་ཌཱུཪྻ་མཎྜལ་སྔོན་པོའི་ཞིང་ཁམས་ནུབ་ཕྱོགས་སུ་པྃ་དམར་པོ། པདྨ་རཱ་ག་མཎྜ་ལ། པད་རག་དམར་པོའི་ཞིང་ཁམས། བྱང་ཕྱོགས་སུ་ཨིནྡྲ་ནཱི་ལྗང་གུ། ཨིནྡྲ་ནཱི་ལ་མཎྜ་ལ། ཨིནྡྲ་ནཱི་ལ་ལྗང་གུའི་ཞིང་ཁམས་སུ་གྱུར། གཉིས་པ་རྫས་བྱིན་གྱིས་བརླབ་པ་ལ་གསུམ་ལས་བུམ་པ་བྱིན་རླབས་ནི། དཀྱིལ་འཁོར་དབུས་ཀྱི་པདྨ་གེ་སར་གྱི་སྟེང་དུ་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཨཱོྂ་ཡིག་ཁ་དོག་ལྔ་ལྡན། ཐིག་ལེ་མཐིང་ག །ཟླ་ཚེས་དཀར་པོ། ན་རོ་སེར་པོ། ཨ་དམར་པོ། འ་ལྗང་གུར་ཡོད་པ་དེ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་དབུའི་གཙུག་ཏོར་ལས་ཐོན་ནས་བུམ་པའི་ནང་དུ་ཐིམ་པར་བསམ། ཨཱོྂ་ཤྲཱི་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཞེས་སྟོང་ཕྲག་བཟླ། ཐོད་པ་བྱིན་རླབས་ནི། ཀ་པཱ་ལ་ཡི་ནང་དུ་ཨཱཿདམར་སེར་གཅིག་གསལ། དེ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། གསུང་གི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ལྗགས་ཀྱི་དབང་པོ་ལས་ཐོན་ནས་ཀ་པཱ་ལའི་ནང་དུ་ཐིམ་པ་བསམ། ཨཱོྂ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་སྟོང་ཕྲག་བཟླ། མེ་ལོང་བྱིན་རླབས་ནི། མེ་ལོང་གི་ནང་དུ་ཧཾ་དཀར་པོ་ཞིག་གསལ། དེ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པ་ཐུགས་ཀ་ནས་ཐོན་ཏེ་མེ་ལོང་གི་སྟེང་དུ་ཐིམ་པར་བསམ། ཨཱོྂ་ཨཱཿཨཾ་ཧཾ་ཧཱུྃ་ཧྲཱིཿབྷྲཱུྃ། ཞེས་སྟོང་ཕྲག་བཟླའོ། །གཉིས་པ་ལའང་གཉིས། ཕྲིན་ལས་དང་། བྱིན་རླབས་ཀྱི་ཆོ་གའོ། །དང་པོ་ནི་ལས་བྱང་གི་བགེགས་བསལ་བ་དང་། བརྒྱུད་འདེབས་ནས་བརྩམ་མཐར་ཆགས་སུ་བཏང་། དཀྱིལ་འཁོར་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་སུ་བསྐྱེད། གཞུང་གི་བཟླས་པ་གྲུབ་ནས། སྐུ་གསུང་ཐུགས་ཀྱི་ཧེ་རུ་ཀ་གསུམ་གྱི་སྙིང་པོ་གོང་གསལ་སོ་སོར། ཨཱོྂ་ཨཱོྂ་ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཡ་ཧཱུྃ། ཨཱོྂ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་བཏགས་པ་ཅི་ནུས་བཟླ་ཞིང་བྱིན་རླབས་བསྡུ་བའི་དམིགས་པ་བྱ། ཚེ་བུམ་ཚེ་དཔག་མེད་དུ་གསལ་བ་ལས་སྤྲོ་བསྡུ་སྤྱི་ལྟར་བྱས་ལ། ཨཱོྂ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ། ཨ་ཡུརྫྙཱ་ན། སརྦ་རོ་པ་སིདྡྷི་སྭཱཧཱ། ཞེས་བརྒྱ་སྟོང་ཅི་འགྲུབ་བཟླ། དེ་ནས་གཏོར་ཆོག་དང་། ཚོགས་མཆོད་ལྷག་མ་ཡན་ཆད་གྲུབ་པར་བྱ། གདོད་ནས་འཁོར་འདས་ཐམས་ཅད་ཀུན་ཏུ་བཟང་མོའི་ཀློང་ཆེན་གཅིག་ཏུ་རྫོགས་པའི་ལྟ་བའི་གདེང་བསྐྱེད་པ་ལས་སྤྲོས་བཅས་ཀྱི་བདག་འཇུག་མི་དགོས་སོ། །གཉིས་པ་བྱིན་རླབས་ཀྱི་ཆོ་ག་ལ་སྤྱི་དོན་བཅོ་ལྔར་བཤད་པའི་དང་པོ་རྒྱུད་སྦྱོང་བ་ནི། ཁྲུས་ཀྱི་བུམ་པས་སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱ། བགེགས་བསྐྲད་ཅིང་ནང་དུ་ཞུགས་ནས་སྲུང་འཁོར་བསྒོམ། སྐྱབས་འགྲོ་དང་ཁྱད་པར་སེམས་བསྐྱེད་ཀྱི་སྡོམ་པ་སྔོན་དུ་མ་ཐོབ་པ་ཡིན་ན་སྐྱབས་སེམས་སྡོམ་ཆོག་ལུགས་འདིར་ཟུར་དུ་འབྱུང་བ་ཉིད་གལ་ཆེ་བས་ངེས་པར་ཕོག །དེ་དག་ཐོབ་ཟིན་པ་ལ་སྐབས་འདིར་མདོར་བསྡུས་ཙམ་བྱ་སྟེ། དེ་ལ་ཁྱེད་རང་རྣམས་ཐེག་པ་ཆེན་པོའི་ཡང་རྩེ་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པ་ལ་དང་པོ་ཐུན་མོང་གི་ལམ་དུ་རྒྱུད་སྦྱོང་བ་གལ་ཆེ་བས། མདུན་གྱི་ནམ་མཁར་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པ་དང་། རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་རྣམས་རེ་རེ་བཞིན་གསལ་འདེབས་ཤིང་། སྨོན་པ་དང་འཇུག་པའི་བསམ་སྦྱོར་ཕུན་སུམ་ཚོགས་པ་དང་ལྡན་པས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ལས་བྱང་ལྟར། རྡོ་རྗེ་སློབ་དཔོན་སོགས་ནས། འགྲོ་བ་སྒྲོལ་བར་ཤོག །བར་ལན་གསུམ་བརྗོད་དུ་གཞུག །གཉིས་པ་གདན་ལ་བཞུགས་པ་ནི། རས་སམ་སྣམ་དཀར་གྱི་གདན་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད། ལག་ཏུ་རྡོ་རྗེ་འཇུར་བཅུག་ལ། དེ་ལྟར་རྒྱུད་རྣམ་པར་དག་པར་བྱས་པའི་སློབ་མ་ཉིད་གཉིས་པ་དབང་སྟེགས་ཀྱི་གདན་ལ་བཞག་པར་མོས་ཤིག །འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། སྐལ་ལྡན་འབད་པ་མེད་པར་གྲོལ། །བདེ་བའི་སྟན་ལ་འདུག་ནས་ནི། །ཆོས་དང་ཆོས་ཉིད་བསྒོམ་པར་གྱིས། །ཞེས་པས་གདན་ལ་བཞག་གོ། །གསུམ་པ་རྡོ་རྗེ་རྩེ་མོའི་དཀྱིལ་འཁོར་གཉན་པོར་ཞུགས་ཕྱིན་ཆད་དམ་ཚིག་གི་གནས་ལས་འདས་ན་ཕུང་བར་འགྱུར་ཅིང་སྲུང་ན་དངོས་གྲུབ་མཐའ་དག་འཐོབ་པར་འགྱུར་བས་དཔང་པོའི་ཚུལ་དུ་མནའ་ཆུ་སྦྱིན་པའི་དོན་ངེས་པར་གྱིས་ཤིག །ནང་མཆོད་སྦྱིན་ལ། ཧཱུྃ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེགས་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །ཁྱོད་ཀྱིས་དམ་ཚིག་ཆུ་འདི་འཐུང་། །ཨཱོྂ་བཛྲ་ཨ་མྲྀ་ཏ་ཧ་ན་ཧ་ན་ཧཱུྃ། ཞེས་དམ་ཆུ་བླུད། བཞི་པ་རྒྱུད་ལ་ཡེ་ཤེས་བསྐྱེད་པར་བྱ་བ་ལགས་ཏེ། ཡེ་ཤེས་འདི་ནི་ཡེ་ཤེས་ཆེ། །ཡེ་ཤེས་དམ་པ་ཡོད་མེད་ཤེས། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཤེས། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་ཅོད་པན་མགོར་བཞག །དེ་ནས་སེམས་བསྐྱེད་གསལ་གདབ་ཅིང་ལོ་རྒྱུས་མདོར་བསྡུས་སྤྲོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རིགས་ཀུན་ཁྱབ་བདག་ཀུན་བཟང་གདོད་མའི་མགོན་པོའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དཔལ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་ཞུགས་ཤིང་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་གསན་པར་ཞུ། དེ་ལ་གསན་བྱ་དམ་པའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་མཆིས་པ་ལས་སྐབས་སུ་བབས་པ་འདི་ནི་སྔ་འགྱུར་རྙིང་མའི་བཀའ་སྲོལ་ལ་ཐེག་པ་རིམ་པ་དགུར་གྲགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནང་དབང་བསྒྱུར་ཐབས་ཀྱི་ཐེག་པ། དེ་ལའང་ཐབས་དང་ཤེས་རབ་དང་ཟུང་འཇུག་གི་རྣལ་འབྱོར་གཙོར་བཏོན་པའི་དབང་ལས་མ་ཧཱ་ཨ་ནུ་ཨ་ཏི་སྟེ་ཡོ་ག་རྣམ་པ་གསུམ་ལས་འདིར་ཐམས་ཅད་ཀྱི་ཡང་རྩེ་ཨ་ཏི་ཡོ་ག །དེ་ལའང་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་དང་གསུམ་དུ་བཞུགས་པ་ལས་འདིར་ཆོས་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་ནམ་ཡང་འདར་མེད་པ་སྟོན་པས་ཀློང་གི་སྡེ་ཡིན། འདི་ལ་རྒྱུད་ལུང་མན་ངག་གི་རིམ་པ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་། དེ་དག་ལས་ཕལ་མོ་ཆེ་ཞིག་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་རིག་འཛིན་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་སློབ་དཔོན་ཆེན་པོ་ཤྲཱི་སེདྷ་ལས། རྣམ་སྣང་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་དཀའ་བ་མང་དུ་སྤྱད་ནས་གསན་ཏེ་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལ་སོགས་པ་བོད་དུའང་བསྒྱུར། ལོ་ཙཱ་བ་ཉིད་ཀྱང་འཇའ་ལུས་ཀྱི་གྲུབ་མཐར་གཤེགས་ཤིང་གདམས་ངག་སྤང་མི་ཕམ་མགོན་པོ་ལ་ཆིག་བརྒྱུད་དུ་གནང་བས་དེས་མཚོན་རྒྱུད་པ་ལྔའི་བར་དུ་འཇའ་ལུས་སུ་གཤེགས་པ་ཤ་སྟག་བྱུང་། དེ་ལས་ཀྱང་གདོད་མའི་བཙན་ས་ཟིན་པའི་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་རྣ་བརྒྱུད་རྡོ་རྗེ་ཟམ་པ་ལས་དབང་གི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་སུ་གྲགས་པའི་ཆོ་ག་རྒྱས་པ་བགྱི་བ་ལ་བདག་ཉིད་ཀྱི་བགྱི་བར་འོས་པ་རྣམས་མ་ཚང་བ་མེད་པ་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ལྔ་པ་གསོལ་བ་གདབ་པ་ནི། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མ་མཆིས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་འདིའི་རྗེས་ཟློས། སློབ་དཔོན་དག་ནི་དཔལ་ཆེན་པོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདག་ནི་ཚུལ་ཆེན་སྣོད་ཡིན་ཏེ། །ཞེས་གསོལ་བ་ལན་གསུམ་དུ་གདབ་བོ། །དྲུག་པ་གནང་བ་སྩལ་ཞིང་སྐལ་པ་འདྲི་བ་ལགས་ཏེ། རིགས་ཀྱི་བུ་ཁྱོད་གང་ལ་དགའ། །ཞེས་པའི་ལན་གདབ་པ་འདིའི་རྗེས་ཟློས། བདག་ནི་བདེ་བ་ཆེན་པོའི་སྐལ་བཟང་ལ་དགའ། ཞེས་ལན་གདབ་བོ། །བདུན་པ་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་བཟུང་སྟེ་དཀྱིལ་འཁོར་གྱི་ནང་དུ་གཞུག་པར་མོས་ཤིག །རྡོ་རྗེེ་ལག་ཏུ་འཇུར་བཅུག་ལ། བུ་འདིར་ཤོག་ཅིག་ཐེག་ཆེན་དོན། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དཀྱིལ་འཁོར་ཆེན་པོ་ལ་གནས་པའི། །ཕོ་བྲང་གཞལ་ཡས་དམ་པ་འདིར། །ཕྱི་ནང་གསང་བའི་དབང་བསྐུར་གྱིས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །ཅེས་དལ་དུ་གཞུག་གོ། །བརྒྱད་པ་རྡོ་རྗེའི་དམ་ཚིག་འབོག་པ་ལགས་པས་འདི་ལགས་གསན་འཚལ། རྣམ་པ་གཉིས་སུ་ཤེས་པར་བྱ། །བསྒོམ་བྱ་ལྷ་དང་སྒོམ་བྱེད་མི། །རྣམ་པ་གཉིས་སུ་ཤེས་པར་བྱ། །དང་པོ་རྣམ་པ་གསུམ་ཡིན་ཏེ། །ལུས་ཀྱི་ལྷ་དང་ངག་གི་སྔགས། །ཡིད་ཀྱི་བརྡ་ལ་བལྟ་བའོ། །གཉིས་པ་ལ་ནི་རྣམ་པ་གསུམ། །སེང་གེ་དཀར་མོའི་ཤ་མི་ཟ། །ཟ་མ་ཏོག་ཏུ་དུག་མི་བཙོ། །གནམ་ལྕགས་དུར་མོའི་ཁ་མི་བརྡབ། །ཅེས་གསུངས་ཏེ། དེའང་སྤྱིར་ཐེག་པའི་རྩེ་རྒྱལ་འདིར་འཇུག་ལ་བསླབ་པའི་མཐའ་དྲུག་དང་ལྡན་པར་དགོས་ཏེ། གཞི་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། རིམ་པ་དབང་གིས་བགྲོད། དོན་མན་ངག་གིས་བསྒྲུབ་པ་རྣམས་ཚང་དགོས་པ་ལགས། །དེ་ལ་ཐོག་མར་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པ་དམ་ཚིག་ལའང་སྤྲོས་ན་རྒྱ་ཆེའང་། འདིར་མན་ངག་གི་རིམ་པས་མདོར་བསྡུས་ཏེ། བསྒོམ་བྱ་ལྷའི་ངོས་ནས་བཞག་པ་དང་། སྒོམ་བྱེད་མིའི་ངོས་ནས་བཞག་པ་གཉིས་སུ་བསྟན། དང་པོ་ལ་ལུས་ཀྱིས་ལྷ་བར་མ་ཆད་པར་བསྒོམ་པ་མཚན་མ་དབྱིབས་ཀྱི་རྣལ་འབྱོར། ངག་གིས་སྔགས་རྒྱུན་ཆད་མེད་པར་བཟླ་བ་འཕྲོ་བ་སྔགས་ཀྱི་རྣལ་འབྱོར། ཡིད་ཀྱིས་བརྡ་བཞིའི་གནད་ཡེངས་མེད་དུ་སྒོམ་པ་ཟབ་པ་ཆོས་ཉིད་ཀྱི་རྣལ་འབྱོར་ཏེ་སྐུ་གསུམ་གྱི་རྣལ་འབྱོར་ལ་ཡོད་པ་སྙིང་རྗེའི་དམ་ཚིག་དང་མེད་པ་ཆོས་ཉིད་ཀྱི་དམ་ཚིག་གཉིས་ཀྱང་འདུ་བ་ཡིན། གཉིས་པ་ལ་རྩ་བའི་རྒྱུད་ལས་མདོར་བསྡུས་པའི་དམ་ཚིག་ཉི་ཤུ་ཐམ་པ་ཉིད་གཙོ་བོ་གསུམ་དུ་བསྡུ་བ་སྟེ། རྡོ་རྗེ་སློབ་དཔོན་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མ་གུས་པ་སྐད་ཅིག་མི་བྱ་ཞིང་སྒོ་གསུམ་གྱི་མཉེས་པས་སྒྲུབ་པ་དང་། སློབ་དཔོན་གྱི་ཡུམ་ལ་མི་སྤྱད་པ་དང་། རྣལ་འབྱོར་པ་མཆེད་ལྕམ་ནང་འཐབ་མི་བྱེད་པ་སྟེ་རྩ་བ་གསུམ་ལ་ཡན་ལག་བཅུ་བདུན་པ་རྣམས་ཀྱང་བླང་དོར་ཕྱེད་པར་བྱས་ནས་བསྲུང་མཚམས་ཚུལ་བཞིན་དུ་བྱ་དགོས་སོ། །དགུ་པ་སྔགས་ཀྱི་བྱིན་གྱིས་བརླབ་པ་ཡིན་པས་ལུས་བདེ་ལུགས་སུ་བག་ཕེབས་པ་དང་། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྣམས་རྩེ་གཅིག་བསྒོམ་པར་ཞུ། སྤྱི་བོའི་སྟེང་དུ་འཁོར་ལོ་ནི། །གསེར་ལས་གྲུབ་པའི་རྩིབས་བརྒྱད་པ། །ཡི་གེ་ཨཱོྂ་གྱིས་མཚན་པར་བསྒོམ། །ལྕེ་ཡི་སྟེང་དུ་པདྨ་ནི། །པདྨ་འདབ་མ་བརྒྱད་པ་ལ། །ཟེའུ་འབྲུ་ཨཱཿཡིས་མཚན་པར་བསྒོམ། །སྙིང་གར་རྡོ་རྗེ་རྒྱ་གྲམ་ནི། །མཐིང་གའི་ལྟེ་བ་ཧཱུྃ་གིས་བརྒྱན། །ཅེས་པ་རྣམས་ཤིན་ཏུ་གསལ་བ་ལ་སེམས་གཏོད་ལ་འབྲུ་གསུམ་བརྗོད་པར་བྱ། ཨཱོྂ་ཨཱ༔ཧཱུཾ། ཞེས་བརྗོད་དུ་གཞུག །དེ་ལ་སེམས་ཟིན་པ་དང་། དེ་ནི་རྒྱུ་མ་མ་ནོར་བ་རྩ་བའི་སྔགས་སོ། །བསྐྱེད་པ་རྐྱེན་གྱི་སྔགས་བསྟན་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། སྤྱི་གཙུག་དྷཱུ་ཏིའི་ནང་ན་མར། །ཡི་གེ་ཧཾ་ནི་མགོ་མཐུར་འཕྱང་། །དཀར་ལ་འཚེར་བ་བསྒོམ་པར་བྱ། །ལྟེ་བའི་ནང་དུ་ཨ་དམར་པོ། །དུས་མཐའི་མེ་བཞིན་དམར་བ་ལ། །མེ་མར་བཞིན་དུ་འབར་བ་ལས། །སྤྱི་བོའི་ཧཾ་ལས་བདུད་རྩི་བབ། །རང་ལུས་བདུད་རྩིས་ཁེངས་པར་བསམ་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད་ཅིག །ཌཱ་དྲིལ་སོགས་རོལ་མོ་བསྒྲག །ཨ་ཧཾ་ཞེས་མང་དུ་བརྗོད། བཟླས་བརྗོད་ལས་ཀྱི་སྔགས་བསྟན་པ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །གནས་གསུམ་ཨཱོྂ་ཨཱཿཧཱུྃ་གསུམ་ལས། །འོད་ཟེར་མདུན་དུ་འཕྲོས་པ་ལས། །ཌཱ་ཀི་མ་ནི་གསུམ་དུ་གྱུར། །བུད་མེད་དམར་མོ་གཞོན་ཤ་ཅན། །གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན། །སྐྲ་གྲོལ་བ་ཏིའི་ཤམ་ཐབས་ཅན། །ཌཱ་མ་རུ་དང་ཁ་ཊྭཱྃ་ག །རལ་གྲིའི་ཚུལ་དུ་འཛིན་པའོ། །ལོ་བརྒྱད་པ་ཡིན་ཚོད་ལ། །གར་ནི་ཁྱུག་ཁྱུག་མཛད་པར་སྒོམས་ལ་མ་ཡེངས་ཤིག །ཅེས་བྱས་ལ། བྱིན་རླབས་འབེབས་པའི་རྫས་བདུག །རོལ་མོའི་སྒྲ་དྲག་ཏུ་བྱས་ལ། ༀ་བཛྲ་སུ་ལཾ་མ་ལཾ་མ་མ་རུ་རུ་ཙིཏྟ་ཨ་བི་པྲ་ས་ལ། ཞེས་སྔགས་མང་དུ་བརྗོད་པས། ལུས་ལ་འཕར་གཡོ། ངག་ལ་སྨྲ་བརྗོད། སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བ་སྟེ་བྱིན་གྱིས་བརླབས་པའི་རྟགས་གསུམ་འབྱུང་བར་གསུངས་སོ། །བཅུ་པ་ཡེ་ཤེས་དབབ་པའི་རྒྱུན་སྒོ་གསུམ་ལ་བརྟན་པར་བྱ་བའི་ཕྱིར་བྱིན་རླབས་རྣམ་གསུམ་བྱ་བ་ལ་དམིགས་པ་འདི་ལྟར་མཛོད་ཅིག །ཁྱོད་ཀྱི་སྤྱི་བོའི་གཙུག་ཏུ་ནི། །ཨཱོྂ་ནི་བཙོ་མ་གསེར་ལྟ་བུ། །དེ་ལས་འོད་འཕྲོས་གྱུར་པ་ལས། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །ལྟེ་བ་ཨཱོྂ་གྱིས་མཚན་པར་བསྒོམ། །རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་ལ། ཨཱོྂ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཾ། ཁྱོད་ཀྱི་ལྕེ་ཡི་སྟེང་དུ་ནི། །ཨཱཿནི་དུས་མཐའི་མེ་ལྟ་བུ། །དེ་ལས་འོད་འཕྲོས་གྱུར་པ་ལས། །པདྨ་འདབ་བརྒྱད་ཨཱཿས་མཚན་བསྒོམ། །རྒྱ་གྲམ་མགྲིན་པར་བཞག་ལ། ཨཱོྂ་བཛྲ་ཨ་བྷི་ཥིཉྩ་མཾ་སྟྭཾ། ཁྱོད་ཀྱི་སྙིང་གའི་གནས་སུ་ནི། །ཧཱུྃ་སྔོན་རྒྱ་གྲམ་གཅིག་བསམ་སྟེ། །དེ་ལས་འོད་འཕྲོས་གྱུར་པ་ལས། །ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་ལ། །ལྟེ་བ་ཧཱུྃ་གིས་མཚན་པར་བསྒོམ། །རྒྱ་གྲམ་སྙིང་གར་བཞག་ལ་སྔགས་གོང་བཞིན་བརྗོད། མེ་ཏོག་ལག་ཏུ་གཏད་ལ། མེ་ཏོག་འདི་ཉིད་ཁྱོད་རང་གི་ཚེ་རབས་སྔོན་ནས་འབྲེལ་པའི་རིགས་གང་ཡིན་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པའི་མོས་འདུན་རྩེ་གཅིག་པས་འདོར་བར་ཞུ། ཞེས་དཀྱིལ་འཁོར་རམ་ཚོམ་བུ་ལ་འདོར་དུ་གཞུག །དེ་ལྟར་དོར་བའི་མེ་ཏོག་དབུས་སུ་ཕོག་ན་སངས་རྒྱས་རིགས། ཤར་དུ་རྡོ་རྗེ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་རིགས་སུ་ངེས་པ་ཡིན་པས་སོ་སོའི་རིགས་ཀྱི་ཧེ་རུ་ཀ་ཉིད་གཙོ་བོར་ལྷག་པའི་ལྷར་ཟུང་ཞིག །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་རྩ་བ་དབང་བཞི། སོ་སོའི་རྗེས་འབྲེལ་བཅས་འབྱུང་བ་ལས། དང་པོ་བུམ་པའི་དབང་གི་སླད་དུ་ཁྱེད་རང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཕྱག་རྒྱ་ལྔ་ཡི་མཎྜལ་གྱི་སྟེང་དུ་འཁོད་པ་ལ། འདི་རྣམས་འགྲུབ་ན་དངོས་སུ་དེ་ལྟར་བཤམས། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་བཀང་བས་དབང་བསྐུར་བས་རིགས་ལྔ་ཡེ་ཤེས་ལྔའི་དབང་ཆེན་ཡོངས་སུ་རྫོགས་པ་ཐོབ་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ། དབང་བསྐུར་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བུམ་པའི་དབང་། །སངས་རྒྱས་ཀུན་གྱི་ཕྱག་རྒྱའི་དབང་། །སངས་རྒྱས་ཀུན་ཏུ་དབང་བསྒྲུབ་ཕྱིར། །བུ་ཁྱོད་ལ་ནི་དབང་བསྐུར་གྱིས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །བུམ་པ་མགོ་བོའི་གནས་ལྔར་བཞག་ལ། ཨཱོྂ་བུདྡྷ་ཨ་བྷི་ཥིཉྩ་ཨཱོྂ། ཨཱོྂ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་བྷི་ཥིཉྩ་ཨཱཿ རིགས་རྣམ་པ་ལྔའི་དབང་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །རིན་པོ་ཆེའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །པདྨའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །ལས་ཀྱི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །སླར་ཡང་གནས་ལྔར་བཞག་ལ། ཨཱོྂ་བུདྡྷ་ཀཱ་ལ་ཤ་ཨཱོྂ། བཛྲ་ཀཱ་ལ་ཤ་ཧཱུཾ། རཏྣ་ཀཱ་ལ་ཤ་ཏྲཱྃ། པདྨ་ཀཱ་ལ་ཤ་ཧྲཱིཿ ཀརྨ་ཀ་ལ་ཤ་ཨཱཿ སྐུ་རྣམ་པ་ལྔའི་དབང་དང་ལྡན་པར་གྱུར་ཅིག །སྤྲུལ་པ་སྐུའི་དབང་དང་ལྡན་པར་གྱུར་ཅིག །ལོངས་སྤྱོད་རྫོགས་པ་སྐུའི་དབང་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་སྐུའི་དབང་དང་ལྡན་པར་གྱུར་ཅིག །ངོ་བོ་ཉིད་ཀྱི་སྐུའི་དབང་དང་ལྡན་པར་གྱུར་ཅིག །གསང་བའི་སྐུའི་དབང་དང་ལྡན་པར་གྱུར་ཅིག །ཡང་གནས་ལྔར་བཞག་ལ། ཨཱོྂ་བུདྡྷ་ལོ་ཙ་ནི་ཨཱོྂ། བཛྲ་ལོ་ཙ་ནི་ཧཱུྃ། རཏྣ་ལོ་ཙ་ནི་ཏྲཱྃ། པདྨ་ལོ་ཙ་ནི་ཧྲཱིཿ ཀརྨ་ལོ་ཙ་ནི་ཨཱཿ ཡེ་ཤེས་རྣམ་པ་ལྔའི་དབང་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །སོ་སོར་རྟོག་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །བྱ་བ་གྲུབ་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །གཟུང་བ་རང་བཞིན་མེད་པ་སྐུའི་དབང་ཐོབ་པར་གྱུར་ཅིག །འཛིན་པ་རང་བཞིན་མེད་པ་གསུང་གི་དབང་ཐོབ་པར་གྱུར་ཅིག །དེ་ཉིད་གང་དུ་ཡང་མ་གྲུབ་པ་ཐུགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །ཅེས་བུམ་དབང་བསྐུར་ལ་བུམ་པས་ཁྲུས་གསོལ་བ་ནི། ཧཱུྃ། སངས་རྒྱས་ཀུན་གྱིས་ཁྲུས་གསོལ་བ། །ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་། །བཀྲ་ཤིས་བུམ་པ་སྤྱི་བླུགས་བཟང་། །དབང་བསྐུར་ཐམས་ཅད་འདིར་གསོལ་ཅིག །དབང་བསྐུར་འདི་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་བྱིན་པར་བྱ། །ཕུང་པོ་ལྔ་ནི་རྣམ་དག་ཅིང་། །ཉོན་མོངས་ལྔ་ནི་སྦྱོང་བར་བྱེད། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨཱོྂ་བཛྲ་ཨ་དྷི་སྟྭཾ་སཏྭ་ཨ་བྷི་ཥིཉྩ་མཾ། ཨཱོྂ་བཛྲ་ཨ་དྷི་ཨ་བྷི་ཥིཉྩ་མཾ་སྟྭཾ། ཨཱོྂ་བཛྲ་ཨ་བྷི་ཥིཉྩ་མཾ་སྟྭཾ། ཞེས་ཁྲུས་བྱས་ཞིང་བུམ་ཆུ་བླུད། གཉིས་པ་གསང་དབང་གི་དོན་དུ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཤ་ལྔ་བདུད་རྩི་ལྔའི་ཐིག་ལེ་བཀོད་པའི་སྟེང་དུ་འཁོད་པ་ལ། ཀ་པཱ་ལ་བདུད་རྩིས་བཀང་བས་དབང་བསྐུར་བས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་དབང་ཆེན་ཡོངས་སུ་རྫོགས་པ་ཐོབ་པར་མོས་ཤིག །ཀ་པཱ་ལའི་བདུད་རྩི་སྤྱི་བོ་སོགས་གནས་གསུམ་དུ་རིམ་པར་བཞག་ལ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་འདིར་གསོལ་ཅིག །ཧཱུྃ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་བསྒྲལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་སྟེ། །བདུད་རྩི་དམ་པའི་དབང་བསྐུར་གྱིས། །ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ཨཱོྂ་བསྒོམ་སྟེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཀཱ་ཡ་སིདྡྷི་ཨཱོྂ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ཨཱཿབསྒོམ་སྟེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཝཱ་ཀ་སིདྡྷི་ཨཱཿ ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམ་སྟེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཙིཏྟ་སིདྡྷི་ཧཱུྃ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །དེ་ནས་ཡེ་ཤེས་ཀྱིབདུད་རྩི་བླུད་པ་ནི། རྡོ་རྗེ་ཀ་པཱ་ལའི་ཁར་བཞག་སྟེ། ཧཱུྃ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །རྡོ་རྗེ་རྒྱལ་པོ་རབ་ཏུ་བཟང་། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །དག་པའི་བདུད་རྩིར་བྱིན་བརླབས་ནས། །བུ་ཁྱོད་ལ་ནི་དབང་བསྐུར་བས། །བུ་ཡི་བློ་གྲོས་འདི་འཐུང་ལ། །གཞན་ལ་སྨྲ་བར་མ་བྱེད་ཅིག །ཨ་ལ་ལ་ཧོཿ ཞེས་བདུད་རྩི་ལན་གསུམ་དུ་སྦྱིན། གསུམ་པ་ཤེར་དབང་བསྐུར་བའི་སླད་དུ་ཁྱེད་རང་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བྱང་སེམས་དཀར་དམར་གྱི་ཐིག་ལེའི་མཎྜལ་སྟེང་དུ་འཁོད་པ་ལ་ཐབས་དང་ཤེས་རབ་ཐིག་ལེ་དཀར་དམར་གྱིས་དབང་བསྐུར་བས་སྐུ་གསུང་ཐུགས་བདེ་བ་མཆོག་ཏུ་མི་འགྱུར་བའི་དབང་ཆེན་ཐོབ་པར་མོས་ཤིག །མེ་ལོང་རིལ་བུ་བཅས་སྤྱི་བོར་བཞག་ལ། ཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་པ། །བྱང་སེམས་ཐིག་ལེར་རབ་སྦྱར་ནས། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །འདི་ལ་ཡང་དག་ངོས་བཟུང་མེད། །བུ་ཁྱོད་ལ་ནི་དབང་བསྐུར་བས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་ག་ཡ་མི། རཱ་ག་ཡ་ཧཾ། སརྦ་ཨཱཏྨ་ཀོ྅་ཧཾ། ཛཿདྷུ་པེ་པྲ་བེ་ཤ །ཧཱུྃ་པུཥྤེ་ཨཱ་བེ་ཤ །བཾ་དཱི་པ་སུ་ཁི་ནི། ཧོཿ གནྡྷེ་ཙིཏྟ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱཏྨ་ཀོ྅་ཧཾ། བྱང་སེམས་ཐིག་ལེ་དཀར་པོ་རྣམ་པར་དག་པ་ནི་ཟླ་བ་ཤར་བ་ལྟ་བུའི་དབང་ཐོབ་པར་གྱུར་ཅིག །བྱང་སེམས་ཐིག་ལེ་དམར་པོ་རྣམ་པར་དག་པ་ནི་ཉི་མ་ཤར་བ་ལྟ་བུའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་རིལ་བུ་དཀར་དམར་ལྕེ་ཐོག་ཏུ་བཞག །སྐུ་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ གསུང་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ ཐུགས་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ ཞེས་བྱང་སེམས་ཐིག་ལེའི་དབང་བསྐུར་རོ། །དེ་དག་གི་མཐའ་བརྟེན་དུ་བཅུ་གཅིག་པ་བཀྲ་ཤིས་ཚེའི་དབང་བསྐུར་བ་ནི། འཁོར་འདས་བརྟན་གཡོའི་ཚེ་བཅུད་འདུས་པའི་བུམ་པ་ཁྱེད་རང་གི་སྤྱི་བོར་བཞག་ཅིང་དབང་བསྐུར་བས། བུམ་པ་ལས་བདུད་རྩིའི་རྒྱུན་བབས། ལུས་ཐམས་ཅད་གང་། །འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་སྒོམས་ཤིག །ཚེ་བུམ་མགོར་བཞག་ལ། ཧཱུྃ། སྐལ་ལྡན་དབང་མཆོག་ལྷ་ཡི་ལུང་། །བདུད་རྩི་གང་རྒྱ་སྨན་གྱི་ལུང་། །རིན་ཆེན་ཟླ་གམ་དབང་གི་ལུང་། །རཏྣ་ཀརྨ་ཚེ་ཡི་ལུང་། །རིན་ཆེན་སྣ་ལྔའི་བུམ་པ་རུ། །རྡོ་རྗེ་ཚེ་ཡིས་བཀང་ནས་ཀྱང་། །རིན་ཆེན་རྒྱན་གྱིས་བཀླུབས་ནས་ཀྱང་། །བུ་ཡི་སྤྱི་བོར་དབང་བསྐུར་བས། །བུ་ཁྱོད་ཚེ་དབང་གནས་པར་ཤོག །ཨཱོྂ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱྃ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཨཱཿབྷྲཱུྃ། ན་མོ་དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་འདི་ལ་རྡོ་རྗེ་ཚེའི་དབང་བསྐུར་བས། ཚེ་དབང་དུ་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སྐྱེ་མེད་ཀྱི་ཡེ་ཤེས་སུ་གྱུར་ཅིག །འཆི་མེད་ཀྱི་བདུད་རྩིར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །ཅེས་སོགས་ཤིས་པ་བརྗོད། བཅུ་གཉིས་པ་ཞིང་ཁམས་བསྟན་པ་འདི་བཞིན་དུ་ངེས་འཚལ། ཧཱུྃ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །བཛྲ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །རྡོ་རྗེ་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ལྷོ་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །རཏྣ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །རིན་ཆེན་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ནུབ་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །པདྨ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །པདྨ་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །བྱང་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །ཀརྨ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །ལས་ཀྱི་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །དབུས་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །བུདྡྷ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །སངས་རྒྱས་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ཞེས་ཞིང་ཁམས་བསྟན་པའོ། །བཅུ་གསུམ་པ་ལམ་འདིའི་ཉམས་ལེན་གྱི་རྩ་བ་རྡོ་རྗེའི་ཚིག་རྐང་ཚུལ་བཞིའི་སྒོམ་ཤིང་གཏད་པ་ཡིན་པས་འདིའི་དོན་ངེས་པར་མཛོད་ཅིག །ཚུལ་ཤིང་ལག་ཏུ་གཏད་ལ། ཧཱུྃ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟེན། །དེ་བཞིན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །སྒྲ་དང་ཚིག་ཀུན་རྫོབ་ཡིན། ནི་བདེན་པའོ། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཚུལ་ཆེན་འདི་ལ་གནས་པར་གྱིས། །དྷརྨ་དྷཱ་ཏུ་ཨ། ཡེ་ཤེས་འཁྱིལ་བ་རྡོ་རྗེའི་བུམ། །སོགས་ཚུལ་ཤིང་གི་ཡི་གེ་ཉིད་ཚར་གཅིག་བཀླག །དེ་ལྟར་ཡེ་ཤེས་ཀྱི་ཚུལ། ཆོས་ཉིད་ཀྱི་ཚུལ། བདེ་བའི་ཚུལ། དབྱིངས་ཀྱི་ཚུལ་ཏེ་རྣམ་པ་བཞིའི་ཏིང་ངེ་འཛིན་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །དེ་ནས་དབང་བཞི་པ་ཚིག་དབང་བསྐུར་བའི་སླད་དུ་ཁྱེད་རང་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་གུར་གུམ་གྱི་ཆུས་རྡོ་རྗེ་རྒྱ་གྲམ་བྲིས་པའི་སྟེང་དུ་འཁོད་པར་མོས་ལ་སྙན་གཏོད་པར་ཞུ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགགས་པ་མེད་ལས་ཐམས་ཅད་འགགས། །སྐྱེ་འགགས་མེད་པ་ཆོས་ཀྱི་དབྱིངས། །སྐྱེ་མེད་ཀྱི་ངང་དུ་སྤྱོད་པའོ། །ཚུལ་ཆེན་འདི་ལ་གནས་པར་གྱིས། །ཨ་ཧ་ཧོཿ འདི་ལྟར་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་གང་ནས་ཀྱང་མ་སྐྱེས། གང་དུའང་མི་འགག །གང་ལའང་གནས་པ་མེད་པ་སྟེ་གདོད་མ་ཉིད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཤེས་པར་མཛོད་ལ་མཉམ་པར་ཞོག་ཅིག །ཅེས་དར་ཅིག་བཞག །དེའི་མཐའ་བརྟེན་དུ་བཅུ་བཞི་པ་སྒོམ་ཐག་གཏད་པ་ཡིན་པས་འདི་དང་མི་འབྲལ་བར་མཛོད་ཅིག །སྒོམ་ཐག་སྦྱིན་ལ། ཧཱུྃ། བྱམས་དང་སྙིང་རྗེའི་ཐུགས་མངའ་ཞིང་། །སངས་རྒྱས་ཕྲིན་ལས་བསྒྲུབ་བྱའི་ཕྱིར། །བདེ་བའི་བཀའ་ནན་འདི་བཅིངས་ནས། །ཆོས་དང་ཆོས་ཉིད་བསྒོམ་པར་གྱིས། །བུ་ཡི་བློ་གྲོས་འདི་གྱིས་ཤིག །དྷརྨ་དྷཱ་ཏུ་ཨ། བཅོ་ལྔ་པ་སྒོམ་རྟེན་འདི་ལ་བརྟེན་ནས་ལུས་ཀྱི་གནད་དང་ལྡན་པས་ཆོས་ཉིད་ཀྱི་དོན་བསྒོམ་པར་གྱིས་ཤིག །སྒོམ་རྟེན་ལག་གཡོན་དུ་གཏད་ལ། ཧཱུྃ། རྒྱལ་བའི་གདུང་འཚོབ་རིག་འཛིན་ཆོས་སྐུའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་བསྒྲུབ་བྱའི་ཕྱིར། །བདེ་བའི་ལུས་ལ་རབ་བརྟེན་ནས། །ཆོས་ཀྱི་དབྱིངས་ནས་མ་གཡོས་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །དྷརྨ་དྷཱ་ཏུ་ཨ། དེ་ནས་དབང་བསྐུར་ཐམས་ཅད་ཀྱི་སྙིང་པོ་བརྒྱུད་པའི་བླ་མ་རྣམས་ཀྱི་བྱིན་རླབས་རིམ་པར་འཇུག་པའི་ཡེ་ཤེས་འཕོ་བའི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བ་བརྒྱུད་པར་བཅས་པའི་ཐུགས་རྒྱུད་དགོངས་པའི་བྱིན་རླབས་ཡེ་ཤེས་ཀྱི་རང་བཞིན་འོད་ཀྱི་གོང་བུ་ཞིག་འཕྲོས་ནས་ཁྱེད་རང་གི་སྙིང་གར་ཐིམ་པར་བསམ་ལ་ཐུགས་ཡིད་དབྱེར་མེད་དུ་བསྲེས་ལ་རང་བཞིན་གྱི་འོད་གསལ་བའི་ངང་དུ་ཞོག་ཅིག །སློབ་དཔོན་བཞེངས་ཏེ་ཕྱག་སྤྱི་བོར་བཞག་ལ། ཨ་ཧ་ཧོ་འི། ཞེས་བརྗོད། བརྡ་དེའི་དོན་ནི། ཨ་ནི་སྐྱེ་མེད་མི་རྟོག་བརྡ། །ཧ་ནི་འགག་མེད་གསལ་བའི་བརྡ། །ཧོ་ནི་གཉིས་སུ་མེད་པའི་བརྡ། །འི་ནི་དབྱེར་མི་ཕྱེད་པའི་བརྡ། །སྤྲོས་བྲལ་དོན་གྱི་རྣལ་འབྱོར་ཏེ། །དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བའོ། །ཞེས་བརྡ་སྤྲད། འདི་དག་གི་དོན་གསལ་བ་བྱིན་རླབས་འབྲིང་བསྡུས་ལས་འབྱུང་བའོ། །བཅུ་དྲུག་པ་བཀའ་སྲུང་མཁའ་འགྲོ་མ་ལ་ལས་ཀྱི་གཉེར་གཏད་པ་སྟེ། འབར་བ་མེའི་གདོང་ཅན་འཁོར་དང་བཅས་པ་རྣམས་ཀྱིས་ཇི་ལྟར་བསྒོས་པའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །གཏོར་མ་ལག་ཏུ་གཏད་ལ། འབར་བའི་གདོང་ཅན་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཞིང་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ནི། །མཁའ་འགྲོ་མ་ཡིས་བཀའ་ཆད་དབབ་པར་འགྱུར་རོ། །མཁའ་ལ་གཤེགས་མ་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ལས་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ན། །མཁའ་འགྲོ་མ་ཡིས་བཀའ་ཆད་དབབ་པར་འགྱུར་རོ། །མཁའ་ལ་སྤྱོད་མའི་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །མངལ་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ན། །མཁའ་འགྲོ་མ་ཡིས་བཀའ་ཆད་དབབ་པར་འགྱུར་རོ། །ཞེས་བརྗོོད། སློབ་དཔོན་དང་དཀྱིལ་འཁོར་བའི་ལྷ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་དབྱངས་སུ་ལེན། མེ་ཏོག་མནྡཱ་ར་བའི་ཆར་སིལ་མར་བསྙིལ་བས་དབང་གི་ཡེ་ཤེས་མ་སྐྱེས་པ་སྐྱེས། སྐྱེས་པ་གོང་ནས་གོང་དུ་འཕེལ་བ་སོགས་དགེ་ལེགས་རྟག་པ་དམ་པའི་སྣང་བ་རབ་ཏུ་སྤེལ་བར་མོས་ཤིག །ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ཤིས་བརྗོད་རྒྱས་པར་སྤེལ་ཞིང་མེ་ཏོག་འཐོར། གསུམ་པ་རྗེས་ཀྱི་བྱ་བ་ལ། དབང་གི་རྗེས་ནི། དེ་དག་རྣམས་ཀྱིས་ཐེག་པ་རིམ་པ་དགུའི་མཐར་ཐུག་བླ་ན་མེད་པ་ཨ་ཏི་རྫོགས་པ་ཆེན་པོ་སྡེ་གསུམ་ལས་ནང་སྐོར་ཀློང་སྡེའི་སྨིན་བྱེད་རྣ་བརྒྱུད་རྡོ་རྗེ་ཟམ་པའི་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་ཆོ་ག་རྒྱས་པའི་རིམ་པ་ཚུལ་བཞིན་གྲུབ་པ་ལགས་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། གཏང་རག་མཎྜ་ལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱི་དཀྱིལ་འཁོར་གྱི་རྗེས་ཆོག་གཏོར་མ་བཏང་བ་ནས། བསྡུ་ལྡང་བསྔོ་སྨོན་གྱི་བར་ཕྲིན་ལས་སུ་ཇི་སྐད་བཤད་པ་ལྟར་བྱའོ། །གདོས་བཅས་འོད་ཀྱི་སྐུ་རུ་གྲོལ་བྱེད་པ། །དཔལ་སེང་ཐུགས་བཅུད་རྣམ་སྣང་ལོ་ཙཱ་བས། །དཀའ་དགུས་བཙལ་བའི་ཟབ་ཆོས་འཇིག་རྟེན་ན། །ཨུ་དུམ་རའི་དཔེར་མཚུངས་དཀོན་པའི་ཕུལ། །གང་འདིའི་ཉམས་ལེན་ཚུལ་བཞིན་བགྱིད་ནུས་པའི། །སྐལ་བཟང་སྐྱེ་བོ་རྒྱུན་མི་ཆད་འབྱོན་ནས། །ལུས་ཅན་བྱེ་བ་རྡུལ་སྙེད་གཞི་དབྱིངས་སུ། །རྣམ་གྲོལ་ཕྲིན་ལས་དབྱར་མཚོ་ལྟར་རྒྱས་ཤོག །འདི་ལ་འཛིང་བཛྲ་པྲ་བྷས་ཚིགས་བཅད་དུ་བསྡེབས་པ་ཉིད་ལས་གསལ་བྱེད་ཀྱི་ཡིག་ཆ་གཞན་མ་བཞུགས། ཡིག་རྙིང་དེའང་རྩ་ཐོ་ལྟ་བུར་བསྡུས་ཤིང་མཆན་བུའི་དཔེ་རྒྱུན་མ་དག་པ་མང་བ་དང་དེང་དུས་ཚུལ་འདི་འདྲ་གོ་དོན་ཕྱག་ལེན་ཞུན་ཐར་གཅོད་མཁན་མེད་པའི་དཔེ་མཐོང་བོན་གྱེར་མང་བས། ཟབ་ཆོས་ཀྱི་རྒྱུད་ལ་ཕན་པར་རེ་བའི་ལྷག་པའི་བསམ་པས་ཨ་ཏིའི་རྣལ་འབྱོར་ཙམ་པོ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་གསལ་བར་བཀོད་པ་དགེ་ལེགས་འཕེལ།། །།


previousཀློང་སྡེ་རྡོ་རྗེ་ཟམ་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པའི་ཆོག་ཁྲིགས་སུ་བཀོད་པ་ཡེ་ཤེས་ཆུ་རྒྱུན། བློ་གྲོས་མཐའ་ཡས།next