Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གནད་བསྡུས། སྒྲོན་མེ་བི་མ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅུད་ཕུར་གསུམ་གྱི་རྒྱབ་ཡིག་གནད་བསྡུས། སྒྲོན་མེ་བི་མ།next

གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གནད་བསྡུས། སྒྲོན་མེ་བི་མ།

གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གནད་བསྡུས་སྒྲོན་མེ་བི་མས་མཛད་པ་བཞུགས་སོ། ༈ །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོད་རྒལ་གྱི་བོགས་འདོན་རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་ལ་གསུམ། སྔོན་དུ་འགྲོ་བ་དང་། དངོས་གཞི་ཉམས་སུ་བླངས་པ་དང་། རྗེས་སུ་ཉམས་དང་རྟགས་ཀྱི་རིམ་པའོ། །དང་པོ་ནི་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ༔ མཎྜལ་འབུལ། བླ་མ་ལ་གསོལ་བ་དྲག་པོ་གདབ་བོ། །དངོས་གཞི་གནས་ཁང་མུན་པ་ནག་པོར་སྟན་བདེ་བར་སྤྲུལ་སྐུའི་བཞུགས་སྟངས་བྱས་ཏེ༔ རྒྱ་མཚོ་ཨར་ལ་གཏད་པ་དང་། དངོས་སུ་གཞུག་པ་གཉིས་སོ། །དང་པོ་ནི་གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་ལ། ལག་པ་གཡས་གཡོན་གཉིས་ཀྱི་མཐེབ་མཛུབ་གསུམ་ལ། ༀ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བསྒོམ། མིག་གི་འབྲས་བུ་གཉིས་ཆིར་མནན་པས། དང་པོ་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེ་ཙེམ་ཙེམ་པ་འབྱུང་བ་དང་། ལག་པ་གཉིས་ཀྱིས་བཏང་བ་དང་། མིག་འབྲས་གཉིས་མ་འགུལ་བར་བལྟས་པས། ནང་གི་རིགས་ལྔ་ཞི་ཁྲོ་ཡེ་ཤེས་ལྔའི་རང་མདངས་རྣམས་ཡུལ་དུ་གསལ། གཟུང་ཡུལ་དུ་མ་གྲུབ་པའི་ཟག་མེད་ཐིག་ལེ། བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པ་མངོན་སུམ་དུ་གསལ་ལོ། །ཡེ་ཤེས་ཀྱི་འདུག་ཚུལ་དེ་གསལ་ནས་འདུག་ཀྱང་ཆོས་སྐུའི་ངང་། སྟོང་ནས་འདུག་ཀྱང་ཆོས་སྐུའི་ངང་། །སྟོང་གསལ་གཉིས་མེད་ཆོས་སྐུའི་ངང་། །ཆོས་སྐུའི་ངང་ནས་འདའ་མི་སྲིད། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་དོན་ལ་གཉིས་མེད་གཅིག་མ་གྲུབ། །སྐུ་དང་ཡེ་ཤེས་ཀྱི་འདུག་ཚུལ་དེ། །ངོ་བོ་ཀ་དག་བརྗོད་པའི་ཚིག་དང་བྲལ། །རང་བཞིན་ལྷུན་གྲུབ་རྒྱ་ཆད་ཕྱོགས་ལྷུང་བྲལ། །རིག་པ་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་ཕྱོགས་རིས་མེད་པའི་རིག་མདངས་ཕྱི་རུ་རང་གསལ། རྒྱང་ཞགས་ཆུ་ཡི་སྒྲོན་མ་ལ། ཐིག་ལེ་སྟོང་པའི་སྒྲོན་མ། དཔེར་ན་རྨ་བྱའི་མདོངས་བཞིན། ཡེ་ཤེས་ཟང་ཐལ་ཆེན་པོ་ཤར་རོ། །ཡུལ་གང་ལ་ཤར་བ་ལ་གསུམ། དབང་པོ་འཁྲུལ་སྣང་གི་ཡུལ་དང་། སྒྲོན་མ་ཡེ་ཤེས་རང་མདངས་ཀྱི་ཡུལ་དང་། ཡང་དག་ཆོས་ཉིད་ཀ་དག་གི་ཡུལ་ལོ། །དང་པོ་ནི། མིག་གི་ཡུལ་དུ་གཟུགས་སྣ་ཚོགས་རང་ཁ་མར་མཐོང་བ་ལ་བྱ་སྟེ། སྡུག་མི་སྡུག །ལེགས་མི་ལེགས། ཕྱི་འདོད་ཡོན་ལ་སྤྱོད་པས་ན་ཡུལ་ལོ། །གཉིས་པ་ནི་འོད་ཐིག་ལེ་དང་། སྐུ་དང་ཡེ་ཤེས་སྣ་ཚོགས་རང་ཁ་མར་མཐོང་བ་ལ་བྱ་སྟེ། སྐུ་དང་ཡེ་ཤེས་ཀྱི་ཚོགས་སུ་ཁྲ་ཅེམ་གྱིས་སྟོང་གསུམ་དུ་གསལ་ལོ། །གསང་བ་ཆོས་ཉིད་ཀ་དག་གི་ཡུལ་ནི། ཆོས་ཐམས་ཅད་འདུས་མ་བྱས་པ། བདག་མེད་པ། སྟོང་པ། རང་བཞིན་གྱིས་འོད་གསལ་བ། བརྗོད་བྱའི་ཡུལ་ལས་འདས་པ། སྒྲ་དང་ཚད་མ་གཏན་ཚིགས་གང་གིས་ཀྱང་གཏན་ལ་མ་ཕེབས་པ། མདོར་ན་རིག་པ་ཀ་དག་གི་ཡེ་ཤེས་ཉིད་ཡིན་ཏེ། སྐུ་དང་ཡེ་ཤེས་ལ་སོགས་པའི་འབྱུང་གནས་ཆེན་པོ་ཡིན་ནོ། །ཐིག་ལེ་སྟོང་པའི་སྒྲོན་མ་དེ་ལ་བརྟེན་ནས་དོན་དམ་པ་གཉིས་སུ་མེད་པའི་དོན་ངེས་པར་དེ་ལས་བྱུང་བའོ། །དེའི་སྒོ་གང་ཞེ་ན། དབང་པོའི་ཡུལ་ལ་འཆར་བར་བྱེད་པའི་ཡེ་ཤེས་ཀྱི་རྩལ་འཆར། ཐོག་མ་འོད་ཀྱི་ཐིག་ལེ་ནི། ཀུན་ནས་ཟླུམ་པ། ཁ་དོག་ལྔ་སྟེ། འོད་ལྔའི་མཚན་ཉིད་དུ་གསལ་བ། འོད་ལྔ་ཡེ་ཤེས་ལྔའི་ངོ་བོར་སྣང་བ། ཉམས་དང་། དྲོད་རྟགས་དང་། འདོད་པ་མེད་པར་ཤར་བ་ནི་ནོར་བུ་རིན་པོ་ཆེ་དང་འདྲ་བ། ཡོན་ཏན་བཙལ་མི་དགོས་པར། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་པའོ། །སྐྱོན་སྤང་མི་དགོས་པར་རང་དག་སྒྲོན་མའི་ཉམས་དེའང་ཉོན་མོངས་པ་སྤང་མི་དགོས་པར་རང་དག་སྟེ། གཉིས་མེད་གཉིས་སུ་མེད་པར་སྟོན། །ངོ་བོར་ཀ་དག་ལ་ལོངས་སྤྱོད་པའི་གནད་ཡིན་པས་ཉམས་རྟོགས་ཡོན་ཏན་འདོད་པ་མེད་པར་འབྱུང་བ་ནི། ནམ་མཁའི་ཆོ་འཕྲུལ་ལྟ་བུར་བཀག་པས་མི་ཁེགས་པར་འབྱུང་ངོ་། །དེ་ལྟར་ངོ་མུན་ནག་ཏུ་སྤྲད་པས། གསལ་སྟོང་ལོངས་སྐུའི་ཞིང་ཁམས་སུ་རྒྱས། དེ་ལྟར་ཉིན་མཚན་དུ་ཉམས་སུ་བླངས་པས། སྐུ་རྣམ་པ་ལྔ་རང་རྫོགས་སུ་སྣང་། ཡེ་ཤེས་ལྔ་རང་དག་ཏུ་གསལ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དབྱེར་མེད་ཕྱེད་པས་ཚེ་འདི་ཉིད་ལ་སངས་རྒྱས། དེ་ཡང་ཐད་ལ་དྲང་པོར་ལྟ་ཞིང་མཐེབ་མཛུབ་གཉིས་པོས་སྒྲོན་མའི་སྟེང་འོག་གཉིས་གཡས་གཡོན་གཉིས། ཡང་ན་སྟེང་ནས་གཏིམས་པས། རྗེས་ལ་མ་ཡེངས་པར་བལྟས་པས། རྣལ་འབྱོར་བདག་གཞན་རིག་པའི་ཡེ་ཤེས་དེ་ཉིད་ཉམས་སུ་མྱོང་བ་དཔག་པར་དཀའ་བ་དོན་སྐུ་དང་ཡེ་ཤེས་ཀྱི་དགོངས་པ། རབ་ཏུ་འདི་ཉིད་ལ་འགྲུབ་པར་ཐེ་ཚོམ་མེད་དོ། །ཐུན་བཞིའམ་དྲུག་ཏུ་ཉམས་སུ་བླང་ངོ་། །འདི་ནི་རྒྱ་མཚོ་ཨར་ལ་གཏད་པའི་མན་ངག་གོ། །རྒྱ་མཚོ་ལ་གསུམ། བརྡ་རྟགས་སྒོའི་རྒྱ་མཚོ། མཚོན་པ་དཔེའི་རྒྱ་མཚོ། ཆོས་ཉིད་དོན་གྱི་རྒྱ་མཚོ་བར་བཤད་དོ། །གཉིས་པ་རྒྱ་མཚོ་དྭངས་སུ་གཞུག་པ་ནི། སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་བྱ། །བསམ་གཏན་གྱི་ཆོས་བྱ། སྐེད་པ་དྲང་པས་རྩ་དྲང་། རྩ་དྲང་བས་རླུང་དྲང་། རླུང་དྲང་བས་ཐིག་ལེ་དྲང་། ཐིག་ལེ་དྲང་བས་ཡེ་ཤེས་ཟང་ཐལ་དུ་འཆར་རོ། །མིག་གིས་ལྟ་སྟངས་གསུམ་གང་མོས་གཅིག་ལ་བལྟས་པས། སྣང་བ་ཆོས་སྐུའི་ཞིང་ཁམས་སུ་རྒྱས་པར་འཆར་རོ། །ཡེ་ཤེས་ཀྱི་ཆོས་ལྔ་ནི། སྐུ་ལས་འདས་པའི་ཡེ་ཤེས། །སེམས་ལ་འདས་པའི་སངས་རྒྱས། །ཀུན་གཞི་ལས་འདས་པའི་ཆོས་སྐུ། ཡིད་ལས་འདས་པའི་ཤེས་རབ། འབྱུང་བ་ལས་འདས་པའི་རང་མདངས། ཚིག་ལས་འདས་པའི་རང་སྣང་ངོ་། །ཞི་གནས་མི་རྟོག་དངོས་པོ་མཁའ་ཁྱབ་འདྲ། །ལྷག་མཐོང་མ་རྨོངས་མཁའ་ལ་གཟའ་སྐར་བཀྲམ། །བདེ་གསལ་མི་རྟོག་མཁའ་ལ་ཉི་ལྟར་གསལ། །ཟུང་འཇུག་གཉིས་མེད་ཉི་མ་འོད་ཀྱི་ཚུལ། །རང་རིག་ཡེ་ཤེས་ཟང་ཐལ་ཤར་བ་དེ། །ནམ་མཁའི་ཁམས་སུ་ཕྱིན་ཡང་གཡང་ཟ་བ་དང་ལྟུང་བའི་སྡུག་བསྔལ་རིག་པ་ང་ལ་མེད། རི་རབ་ཀྱི་རྩེ་ལ་ཕྱིན་ཡང་ཉམ་ང་བ་དང་བྱིང་བ་མེད། རྒྱ་མཚོའི་གཏིང་དུ་ཕྱིན་ཡང་གཤེར་བ་དང་སུབ་པ་མེད། མེ་དཔུང་གི་ནང་དུ་ཕྱིན་ཡང་ཚ་བ་དང་ཚིག་པ་མེད། རིག་པ་ལྷུན་གྲུབ་དངོས་སམ་སྐྱེ་ཤིའི་སྐྱོན་གྱིས་མ་གོས། འཁོར་བའི་དགེ་སྡིག་གིས་མ་གོས། སྐྱོན་མེད་རང་གྲོལ་ཆེན་པོར་ཤར་ནས། ཕྱོགས་རིས་གཟའ་གཏད་མེད་པའི་ལྟ་བ་ཞེས་བྱའོ། །ངོ་བོ་ཆོས་སྐུ་རྣམ་དག་སྤྲོས་བྲལ་ངང་གིས་སྟོང༔ རང་བཞིན་ལོངས་སྐུ་མཚན་དང་དཔེ་བྱད་འཇའ་ཚོན་སྐུ་རུ་གསལ། །སྤྲུལ་སྐུ་སྣ་ཚོགས་འགྲོ་བ་ཐུགས་རྗེས་འདུལ། །ཆོས་ཉིད་མདངས་ཅན་ཡེ་ཤེས་ཁ་དོག་ནི༔ མཐིང་ག་དཀར་སེར་དམར་ལྗང་ལྔ་རུ་གསལ། །ཆོས་དབྱིངས་ཡེ་ཤེས་ནམ་མཁའི་ངོ་བོ་ཉིད། །མེ་ལོང་ཡེ་ཤེས་མི་སྐྱེ་མ ི་འགག་གསལ། །མཉམ་ཉིད་ཡེ་ཤེས་དབྱེར་མེད་ཐམས་ཅད་མཁྱེན། །སོ་སོར་ཀུན་རྟོག་མི་ཕྱེད་སོ་སོར་གསལ། །བྱ་བ་གྲུབ་པས་འབྲས་བུ་མངོན་དུ་གྱུར། །སྐུ་ལྔ་བསྟན་པས་དགོངས་སྤྱོད་མཁའ་ལ་འགྲོ། །མཚན་མ་སྤྲོས་བྲལ་ཐ་སྙད་ཚིག་ལས་འདས། །ཉིན་ནུབ་མི་འོང་ཉིན་མཚན་གཉིས་སུ་མེད། །འཁོར་འདས་གཉིས་འཛིན་བསམ་པ་སྐྱེ་མི་སྲིད། །ཁྲེགས་ཆོད་ལྟ་བའི་རྩི་ཡིས་ཟིན་པ་གཅེས། །སངས་རྒྱས་བསྟན་འཛིན་འཇིག་རྟེན་སྒྲོན་མའི་མཆོག །མི་གཡོ་རྒྱ་མཚོ་དྭངས་སུ་འཇུག་པའི་ཁྲིད། །ཉིན་མཚན་གསུམ་ན་རྟགས་འབྱུང་ཐེ་ཚོམ་མེད། །རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད། ཆོས་ཉིད་ཟད་པའི་ས་ལ་ཕྱིན་པའི་རྣལ་འབྱོར་དབང་ཕྱུག་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པ་རྫོགས་སོ། །རིག་པ་མངོན་སུམ་མ་སྦྱངས་ན། །བར་དོའི་ཡེ་ཤེས་བདུད་དུ་ལྡང་། །རིག་པ་སྒྱུ་ལུས་སེམས་འཛིན་གྱིས། །རང་ལ་རང་འཇིགས་ལུས་ངན་ལེན། །དགོངས་སྤྱོད་མངོན་དུ་གྱུར་པ་ན། །སྒྱུ་མའི་ལུས་འདི་འོད་གསལ་ལྷ། །རིག་པའི་དོན་ནི་དེ་བཞིན་ཉིད། །རྟག་པར་ནམ་མཁའི་མཐའ་ལ་ལྟ། །ཆོས་ཉིད་མཁའ་ལ་ཉི་ཤར་འདྲ། །དགོངས་པ་ཆུ་བོ་གང་གཱའི་རྒྱུན། །ལུས་མེད་ལུས་དེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་ཆོས་སྐུར་རྟོགས། །བསམ་མེད་སེམས་སྤང་སེམས་ཀྱི་མཆོག །ངག་མེད་སྨྲ་བརྗོད་ཡུལ་ལས་གྲོལ། །བརྗོད་མེད་སྟོང་པ་ཆོས་ཀྱི་སྒྲ། །གདུལ་བྱ་རྣམ་དག་ཆོས་ཉིད་ཞིང་ཁམས་ན། །ཐམས་ཅད་མཁྱེན་པའི་ཚུལ་གནས་པ། །མ་རིག་སེམས་ཅན་གདུལ་དཀའ་འདུལ། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་བ་འདུལ། །འཁོར་བའི་སེམས་ཅན་ཆོས་སྐུར་གྲོལ། །ཡིད་བཞིན་རིན་ཆེན་རང་སར་གྲོལ། །ཞེས་གསུངས་སོ། །དགེའོ།། །།


previousགཅུད་ཕུར་གསུམ་གྱི་རྒྱབ་ཡིག་གནད་བསྡུས། སྒྲོན་མེ་བི་མ།next