Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་བརྒྱད་པ།


   
   
   
   
   
   
   
   
དཔལ་མགོན་ལེགས་ལྡན་འཁོར་བཅས་ཀྱི་མཆོད་ཕྲིན་བསྟོད་བསྐུལ་དང་བཅས་པ།
   


 
previousདཔལ་མགོན་ལེགས་ལྡན་འཁོར་བཅས་ཀྱི་མཆོད་ཕྲིན་བསྟོད་བསྐུལ་དང་བཅས་པ།next

དཔལ་མགོན་ལེགས་ལྡན་འཁོར་བཅས་ཀྱི་མཆོད་ཕྲིན་བསྟོད་བསྐུལ་དང་བཅས་པ།

དཔལ་མགོན་ལེགས་ལྡན་འཁོར་བཅས་ཀྱི་མཆོད་ཕྲིན་བསྟོད་བསྐུལ་དང་བཅས་པ་བཞུགས། ༈ །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་མགོན་པོའི་བསྙེན་བསྒྲུབ་ཀྱི་འཕྲིན་ལས་ཀྱི་རིམ་པ་ལ ། ཧཱུྃ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧཱུྃ་སྒྲ་ཅན། །ཡན་ལག་དྲུག་ལྡན་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཡེ་ཤེས་སྤྱན་གྱིས་མ་རིག་མུན་སེལ་བ། །གཏུམ་ཆེན་གཤིན་རྗེ་འཇོམ་ལ་ཕྱག་འཚལ་ལོ། །ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། །དྲེགས་ལྡན་སྟོབས་གཞོམ་ཟིལ་གྱིས་མནན་པ་དང་། །མ་མོ་མཁའ་འགྲོ་རྣམས་ལ་དབང་བསྒྱུར་ཞིང་། །ནད་གཏོང་སྲིན་མོའི་ཚོགས་རྣམས་ལས་ལ་བསྐུལ། །བསྟན་པ་བཤིག་པའི་དགྲ་བཤེགས་ཐལ་བར་རློགས། །ཁྱེད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་བརླབས། །ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེའི་ཆོས། །སྤྱན་རས་གཟིགས་དབང་ཧྲཱི་ཿལས་རྔམ་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །ངག་གི་དབང་ཕྱུག་རྟ་གདོང་ཞལ་གྱིས་གནོན། །རྡོ་རྗེ་རྟ་ཡི་སྟབས་བདུན་གྱིས། །འཇིག་རྟེན་ཀློང་དགུའི་འདོད་པ་སྟོན། །འཇིག་རྟེན་དྲེགས་པ་གཏུམ་པའི་ཚོགས། །རྡོ་རྗེ་རྟོག་པའི་བྱ་སྒྲོན་གྱིས། །སྣང་མཛད་ངག་གི་དབང་ཕྱུག་སྐུ། །བྱང་ཆུབ་ཆེན་པོ་ཅང་ཤེས་གཙོ། །སྟོབས་ཆེན་དགུ་ཡི་རྫུ་འཕྲུལ་གྱིས། །རྡོ་རྗེ་རྟ་གདོང་སྤྲུལ་པའི་ཚོགས། །ནམ་མཁའི་ཁམས་ཀུན་གང་བར་མཛོད། །འཁོར་བ་མ་གྲོལ་བར་དུ་ནི། སྙིང་རྗེའི་གོ་ཆ་མ་བརྗེད་པར། །འཁོར་བའི་སོ་མཐའ་མཆོད་བར་བཞེས། །ཧཱུྃ། རྒྱལ་བ་ཀུན་གྱི་གསང་འཛིན་པ། །ཐུགས་མཆོག་བདག་པོའི་རྡོ་རྗེ་འཛིན། །དྲག་པོ་རྟུལ་ཤུགས་ཆེན་པོ་ཡིས། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །སྔོན་གྱི་གོ་ཆ་ཆེན་པོ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །འདུལ་དཀའ་མ་ལུས་འདུལ་མཛད་ཅིང་། །བདུད་ཀྱི་བདུད་སྡེ་བདུད་རྣམས་འཇོམས། སེམས་དཔའ་ཆེན་པོ་འབར་བའི་སྐུ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །གཏུམ་རྔམས་འཁྲུགས་པའི་ངོ་བོ་ཡིས། །དུར་ཁྲོད་བདག་པོ་རབ་ཏུ་ཆོམས། །བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས། བྷྲུཾ་གྱི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེར་མགོན་པོ་ཡབ་ཡུམ་འཁོར་དང་བཅས་པ་རྒྱུད་ཀྱི་ལེའུ་དགུ་པའམ་བཅོ་ལྔ་པ་ནས་བྱུང་བ་བཞིན་བསྐྱེད་དོ། །དེ་ནས་གསང་བའི་རྔ་བརྡུངས་ལ་སྤྱན་དྲངས་ཏེ། བྷྲུཾ་བི་ཤྭ་བིཤུདྡྷེ་བནྡྷ་ཀ་པཱ་ལ་མཎྜ་ལ་བྷྲུཾ། ན་ར་བཾ་བྱི་ཏྲི་ཏ་ཡ་བཾ་དུན་བྷྱོཿ ཧཱུྃ། ལང་ཀ་ཡུལ་གྱི་གྲོང་རྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །བྱན་སླག་འཇོངས་རི་གནམ་ལྕགས་འབར། །དྲག་ཤུལ་ཡོད་པའི་རྩེ་མོ་ན། །རྡོ་རྗེ་ཐབས་ཀྱི་བལྟ་བའི་ཡུམ། །ཆོས་འཛིན་རིགས་ཀྱི་བསྒྲུབ་གནས་སུ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་རིགས་རྣམས་བཏུལ་ནས་ནི། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་ཏུ་ཁས་བླངས་པའི། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །དཔལ་མགོན་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལང་ཀའི་བདག་པོ་ལ་སོགས་པའི། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་བུར་ཀུར་མ་ཧཱ་ཀ་ལ་རཀྨོ་ཀྲོ་ཏི་ཤྭ་རི་ནག་མོ་ཏིང་ལཾ་མ་ཨེ་ཨ་རེ་ལི་ཧྲིཾ་ཧྲིཾ་ཛ་ཛཿ རཀྴ་ཤྲི་ཧེ་རུ་ཀ་བི་ཤྭ་ཀྲོ་ཏ་ཛྭ་ལ་མཎྜལ་ཕཊ་ཕཊཿ ཧ་ལ་ཧ་ལ་ཧཱུྃ་ཕཊཿ་ཏ་ཀེཾ་ཏ་ཀེཾ་ཕཊ༔ ཧ་ལ་ཧ་ལ་རཾ། ཀྲོ་ཏི་ཀྲོ་ཏ་ཡཾ། ཏིག་ན་ཏིག་ན་ཁཾ། ༀ་བཛྲ་ཡཀྴ་ཀྲོ་དྷ་ཧ་ཧ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ་ཧཱུྃ། ས་མ་ཡ་མཎྜལ་མ་སུ་ཁ་ཧཱུྃ། པྲ་བེ་ཤ་ཕ ཊཿ མ་ཧཱ་ཀ་མ་བྷྲུྃ། བཛྲ་ཨ་མྲི་ཏ་མ་ཧཱ་ཀྲོ་དྷ་ཨཾ་ཨཾ་ཨཾ། ཨེ་ཨ་ར་ལི་ཛ་ཛ། ཨེ་མ་དཔའ་བོ་ཐུགས་རྗེ་ཆུང་། །ཤིན་ཏུ་སྡེ་བའི་ལྟོ་ཁྱིམ་ནས། །སྣམ་དུ་བཏོན་པས་བདག་ཁང་གི། །ད་ཡང་ཅི་མཛད་མྱུར་དུ་མཛོད། །མྱུར་དུ་བསྒྲལ་ན་ཡུན་དུ་བདེ། །འབངས་སུ་འཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུང་ཅིག །སླན་ཅད་བཀའ་བཞིན་རྗེས་སུ་བགྱིད། །གལ་ཏེ་བཀའ་བཞིན་མ་བགྱིས་ཤིང་། །དམ་པའི་ལུང་ལས་འགལ་གྱུར་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱགས་ཚིག་ནས་སྐམ་གྱུར་ཅིག །ཨི་དན་ཏེ་ན་ར་ཀན། །བྷ་ར་ཧྲི་ཏ་ཡེ། ན་མ་བྷ་ཏིཥྛ་ནན། །ས་མ་ཡ་རཀྴ་སི་དྷི་བིན་བཛྲ། །ཨ་མྲྀ་བ་ཀྲོ་ཏ་ན་ར་ཀན། །མ་སྲིང་བུ་མོ་ཆུང་མའི་ཚོགས། །འབངས་སུ་འབུལ་ལོ་རྩིས་མ་ཆུང་། །ཨེ་པདྨ་པྲ་བེ་ཤ་ཕཊཿ བཛྲ་ཁ་ཐམ་ཁ་ཐམ། །པྲ་བེ་ཤ་ཕཊ་ཕཊཿ དབུས་སུ་མཆིས་སྐལ་མི་ལྡན་གྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཆིས་སྐལ་མི་ལྡན་གྱིས། ལྷག་མ་ཞལ་ཆབ་བྲན་ལ་གསོལ། །ཧཱུྃ། ཉེ་གནས་གདུང་བའི་མ་སྲིང་རྣམས། །དིང་ནས་རྒྱལ་བའི་བཀའ་ཡིན་གྱིས། །ཁྱོད་ཀྱི་བཀའ་ཡི་ལས་མཁན་ཏེ། །བཀའི་ལས་རྣམས་མྱུར་དུ་སྒྲུབས། །བདག་དང་དེ་སྔོན་ལས་ལོག་སྤྱད་པའི་མཐུས། །དཔག་ཏུ་མེད་པར་འཁོར་བའི་སྡུག་སྔལ་རྒྱུད། །ད་ཡང་ཐུགས་རྗེ་ལས་འཕྲོ་གཉིས་འཕྲད་པས། །བདེ་བ་ཅན་གྱི་ཞིང་དུ་མྱུར་འགྲོ་ཡིས། །སྲིང་ལ་སོགས་ཏེ་དྲེགས་པ་ཕོ་མོའི་ཚོགས། །རྗེས་སུ་བསྟན་པའི་བཀའ་ལས་ཉམས་པ་རེ། །ཇི་ལྟར་མ་བྱམས་བུ་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བ་བཞིན། །གང་ཞིག་སྲིང་བྱམས་མིང་ལ་བརྩེ་བ་བཞིན། །ཡལ་གམ་ཅན་ལ་ལྷང་ལྷང་བརྩེ་བར་གྱིས། །མཛའ་བོ་གྲོགས་ལ་ཇི་ལྟར་གདུང་ཚུལ་བཞིན། །རྣལ་འབྱོར་ཅན་ལ་སྐྲིག་ཀྲིག་གདུང་བར་མཛོད། །ཇི་ལྟར་གཡོག་བྱམས་དཔོན་ལ་ཁུར་བ་བཞིན། །དམ་པ་རྣམས་ལ་ཡིད་བཞིན་ནོར་བུར་ཁུར། །ཁྱེད་བརྩེ་བར་བྱེད་ན་མར་བྱའོ། །གདུང་བར་བྱེད་ན་སྲིང་མོར་བྱེད་དོ། །འདུ་བྲལ་མེད་ན་སྲིང་མོར་བྱའོ། །དམ་ལ་གནས་ན་སློབ་མར་བྱའོ། །བསྐུལ་བར་མགྱོགས་ན་ཕོ་ཉར་བྱའོ། །བཀའ་བཞིན་བྱེད་ན་བཀའ་ལས་བརྟགས། །རུ་ལུ་རུ་ལུ་བྷྱོ་ས་མ་ཡ་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ། སྔོན་ཚེ་དཔལ་ཆེན་ཁྲོ་བོའི་རྒྱལ། །བདུད་འདུལ་རྡོ་རྗེ་སྲིན་པོ་ཡིས། །དྲེགས་པ་བཅོམ་ནས་སྒྲིབ་པ་སྦྱངས། །དབང་བསྐུར་མིང་བཏགས་སྲོག་ཡིག་ཕུལ། །ཕོ་བྲང་ཀུན་ལ་དམ་ཚིག་སྦྱིན། །བསྟན་པ་ཡོངས་སུ་བསྲུང་བར་བྱས། །ཕྱི་ཡི་མཚན་ནས་བོས་པའི་ཚེ། །དཔལ་མགོན་ལེགས་ལྡན་ནག་པོ་བྱ། །ནང་གི་མཚན་ནས་བོས་པའི་ཚེ། །བདུད་འདུལ་དུར་ཁྲོད་སྒྲོལ་བའི་གྱིང་། །གསང་བའི་མཚན་ནས་བོས་པའི་ཚེ། །སྒྲོལ་བྱེད་རྡོ་རྗེ་དྲག་པོ་རྩལ། །མནའ་བོར་ཁས་བླངས་མ་བསྙེལ་བར། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད། །སྐུ་གསུང་ཐུགས་སུ་བདག་སྦྱོར་བའི། །ཕོ་བྲང་ད་ལ་ང་བདག་འདིར། །དཔལ་མགོན་དྲེགས་པའི་ཚོགས་རྣམས་ཀུན། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །ༀ་ཨཱཿ་ཧཱུྃ་བཛྲ་ཨ་མྲྀ་ཏ་ཡ་ཧི་ཧི་སརྦ་མན་ཧཱུྃ་ཧྲཱི་ཋ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཧཱུྃ། བཀའ་དང་བསྟན་པ་བསྲུང་བར་ཞལ་བཞེས་པའི། །བདུད་འདུལ་དབང་ཕྱུག་མ་ཧཱ་ཀ་ལའི་ཚོགས། །སྲིང་ཡུལ་ནག་པོ་ལངྐ་པུ་རུ་ཡིས། །གྲོང་ཁྱེར་བསྟན་ནས་རླག་མཛད་ཅིང་། །ལྷ་མ་ཡིན་གྱི་བུ་མོ་ནི། །གློག་སྤྲིན་འདུལ་བར་དམ་བཅས་པའི། །ལྷ་ཆེན་མགོན་པོ་ནག་པོ་ཁྱོད། །སྤྱན་འདྲེན་འདིར་སྤྱོན་བརྟན་པར་བཞུགས། །རྡོ་རྗེ་སྲིན་པོའི་སྤྱན་སྔ་རུ། །ཁས་བླངས་དམ་བཅའ་མ་སྙེལ་བར། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ༀ་མུང་ཧཱུྃ། ༀ་བྷུར་ཀུར་མ་ཧཱ་ཀ་ལ། །རཀྨོོ་ཀྲོ་ཏི་ཤྭ་རི་ནག་མོ་ཏིང་ལཾ་ས་མ་ཡ་སྟཾ། ཏིཥྛ་བཛྲ་རྣལ་འབྱོར་བསྟན་པ་བསྲུང་བར་ཞལ་བཞེས་པའི། དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །མཐུ་དང་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། རཀྨོ་ཀྲོ་དྷི་ཤྭ་རི་ཏིང་ལཾ་མ་མ་ཧཱ་པཉྩ་མྲྀ་ཏ་ཁཱ་ཧི། ཀྲོ་ཏ་ཀྲོ་བོ་གིང་གི་ཚོགས། །མ་ཧཱ་པཉྩ་ཨ་མྲྀ༴ ཡཀྴ་གནོད་སྦྱིན་དྲེགས་པའི་ཚོགས། །མ་ཧཱ་པཉྩ༴ རཀྴ་སྲིན་པོ་རྔམ་པའི་ཚོགས། །མ་ཧཱ༴ ཙིཏྟ་ཟ་བྱེད་མ་མོའི་ཚོགས། །མ་ཧཱ༴ ཉེ་གནས་གདུང་བའི་མ་སྲིང་བརྒྱད། །མ་ཧཱ༴ གུས་པའི་བུ་མོ་ཆེན་མོ་བརྒྱད། །མ་ཧཱ༴ དུར་ཁྲོད་གནས་པའི་སྒོ་བསྲུངས་བཞི། །མ་ཧཱ༴ དུར་ཁྲོད་བདག་པོ་གྲུ་འདེབས་བཞི། །མ་ཧཱ༴ སྲིན་མོ་ཆེན་མོ་ཉི་ཤུ་བརྒྱད། །མ་ཧཱ་པཉྩ༴ ཧཱུྃ། ལྕང་ལོར་བཅས་པའི་མ་ཧཱ་བྷནྡྷ་རུ། །བྱང་ཆུབ་སེམས་དང་མ་ཧཱ་རཏྣ་དང་། །དྲི་ཆེན་ཀུ་ཀུ་ཆུ་དེ་རྣམ་པ་ལྔ། །གཉིས་མེད་སྦྱར་བའི་པཉྩ་ཨ་མྲྀ་ཏ། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་ཨརྒཾ། པུཥྤེ། དྷཱུཔེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝི་ཏེ། གཏྟི། མུ་ཏྲ་པཱུ་ཙ་ཧཱུྃ། ཧཱུྃ། ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །བར་སྣང་ཁམས་ན་བཞུགས་པའི་ཚེ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །དབང་བསྐུར་མིང་བཏགས་མཚན་གསོལ་བ། །མ་ཧཱ་ཀཱ་ལ་མ་རུང་པ། །ཚོགས་བདག་རྡོ་རྗེ་ཕྲེང་བ་ཅན། །བདག་གི་བསྙེན་ཅིང་བོས་པའི་ཚེ། །དམ་རྫས་མཆོད་པ་འདི་བཞེས་ལ། །ཕྲིན་ལས་སྙན་སྙུང་གསོལ་བ་འདི། །ལྷ་ཡི་དགྲ་ལྷ་ཆེན་པོར་མཚན་གསོལ་ནས། །ལྷ་མིན་དམག་ཚོགས་འདུལ་བའི་མཐུ་བོ་ཆེ། །གནོད་ཅིང་གདུག་པའི་དགྲ་བགེགས་རྡུལ་དུ་རློགས། །སྐུ་ལ་ཚེམ་ཁྲབ་ནག་པོ་གསོལ། །གཡས་པས་གསལ་ཤིང་དགྲ་ལ་ཕྱར། །གཡོན་པ་གཤན་རྟི་མདུང་རིང་བསྣམས། །རྩེ་མོ་མི་རྐང་གཞོག་པ་རྩལ། །ཞལ་གདངས་མཆེ་གཙིག་ཐོག་སེར་འབེབས། །མ་མོ་ཐམས་ཅད་འདར་ཞིང་འདུ། །ཁྱོད་ཀྱི་དགེ་མཚན་ཅི་ཡང་མ་ངེས་ཏེ། །ཀུན་བཟང་ལྷ་ཡི་སྤྱན་སྔ་རུ། །ཉིད་ཀྱི་ཐུགས་དམ་ཞལ་བཞེས་པའི། །ཁས་བླངས་དམ་པ་སྙེལ་ལམ་ཅི། །དམ་བཅའ་བཞིན་ཏུ་འཕྲིན་ལས་མཛོད། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །དམ་རྫས་མཆོད་པ་འདི་བཞེས་ལ། །ད་ཡང་བཅོལ་པའི་ཕྲིན་ལས་མཛོད། །སྲིན་མོ་ཉེ་གནས་བརྒྱད་རྣམས་ཀྱང་། །དམ་རྫས་མཆོད་པ༴ ད་ཡང་བཅོལ་པའི༴ གུས་པའི་བུ་མོ་ཆེན་མོ་བརྒྱད །དམ་རྫས༴ ད་ཡང་༴ དུར་ཁྲོད་གྲུ་འདེབས་བཞི་རྣམས་ཀྱང་། །དམ་རྫས་༴ ད་ཡང་༴ མ་ཧཱ་ཀཱ་ལ་དྲག་རྩལ་ཅན། །ཚོགས་བདག་མགོན་པོ་འཁོར་དང་བཅས། །ཡང་དག་དོན་གྱི་སྲུང་མ་ཐུགས་དམ་ཅན། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་མགོན་ལེགས་ལྡན་ནག་པོ་བདུད་ཀྱི་རྗེ། །གསང་མཚན་རྡོ་རྗེ་རོ་ལངས་ཏེ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །འཁོར་གྱི་གནོད་སྦྱིན་སྡེ་བཞི་ཐུགས་དམ་ཅན། །ཀྲོ་ཏི་ཤྭ་རི་ཁྲོ་བོ་གིང་གི་ཚོགས། །ཡཀྴ་གནོད་སྦྱིན་དྲེགས་པའི་ཚོགས། །རཀྴ་སྲིན་པོ་རྔམ་པའི་ཚོགས། ཙིཏྟ་ཟ་བྱེད་མ་མོའི་ཚོགས། །དམ་རྫས༴ སངས་རྒྱས་བསྟན་པ་གཉེན་པོ་བསྲུངས། །བཀའ་བསྡོད་ལས་ཀྱི་བཤན་པ་གྱིང་། །ནག་པོ་གྲི་གུག་ཐོད་པ་འཛིན། །ཁྱོད་ནི་བཀའ་ཡི་ལས་མཁན་ཏེ། །དམ་ཉམས་དགྲ་བགེག་སྒྲོལ་བའི་གྱིང་། །དམ་རྫས༴ བསྟན་པའི་དགྲ་བགེགས་མྱུར་དུ་སྒྲོལ། །དཔལ་མགོན་ལེགས་ལྡན་ནག་པོ་འཁོར་དང་བཅས་པ་ལ། །དམ་རྫས་བདུད་རྩིའི་རྫས་མཆོད་འབུལ། །བླ་མེད་མཆོད་པ་དམ་པ་འདི་བཞེས་ལ། །བསྐང་ངོ་དགྲ་སྲོག་ཆོད་ལ་ཤོག །དམ་ཉམས་ལས་མཁན་དགྲ་བོ་འདི། །མ་ཐོགས་མྱུར་དུ་ཁུག་ལ་ཤོག །མགོ་དང་ཡན་ལག་བྲེག་ལ་ཤོག །སྙིང་དང་དབང་པོ་ཕྱུང་ལ་ཤོག །ལྔ་ཕུང་ཡན་ལག་རྡུལ་དུ་རློག །འདི་ལ་བྱང་ཆུབ་སེམས་མེད་ཀྱིས། །མ་ཐོགས་མྱུར་དུ་སྒྲོལ་ལ་ཤོག །སྔོན་ཚེ་ཁས་བླངས་དམ་ལས་ཁྱེད་མ་འདའ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ༀ་བུར་ཀུར་མ་ཧཱ་ཀ་ལ་རཀྨོ་ཀྲོདྷི་ཤྭ་རི་ནག་མོ་ཏིང་ལམ་མ་མ་ཧཱ་མཾ་ས་ཁཱ་ཧི། རཀྟ་ཙིཏྟ །བ་སུ་ཏ། གོ་རོ་ཙ་ན་ཀེམ་ནི་རི་ཏི། ཀྲོ་ཏ་ག་ན། ཛྙཱ་ན། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཀྲོ་ཏ་ཛྭ་ལ་ས་མ་ཡ། མ་ཧཱ་མཾ་ས་འདྲེ། ཡཀྵ་ཛྭ་ལ། མ་ཧཱ་མཾ་ས༴ ཙིཏྟ་ཛྭ་ལ། མ་ཧཱ་མཾ་ས་དེ་ཝ་ཨ་ར་ཛྭ་ལ་ས་མ་ཡ། མ་ཧཱ་མཾ་ས༴ ཧཱུྃ། རྣལ་འབྱོར་ཡོངས་ཀྱི་དཔལ་མགོན་མཆོག །མ་ཧཱ་ཀ་ལ་མཐུ་རྩལ་ཅན། །རིག་འཛིན་ཡོངས་ཀྱི་སྲོག་ཤིང་ཡིན། །རྣལ་འབྱོར་ཡོངས་ཀྱི་བདུད་འདུལ་ཡིན། །དྲེགས་ཅན་ཡོངས་ཀྱི་དབང་ཕྱུག་ཡིན། །སྔགས་འཆང་ཡོངས་ཀྱི་དགྲ་བླ་ཡིན། །ཆོས་སྐྱོང་ཡོངས་ཀྱི་རྗེ་བོ་ཡིན། །དགྲ་བགེགས་ཡོངས་ཀྱི་གཤེད་མ་ཡིན། །བདག་གིས་བསྲུང་མར་མངའ་གསོལ་གྱི། །དམ་རྫས་མཆོད་པ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་རྣམས་ལ། །གནོད་ཅིང་སྡང་སེམས་ལྡན་པ་འདི། །ནད་དང་མཚོན་གྱི་ཆར་ཕོབ་སོད། །བདུད་དང་སྲིན་པོའི་དམག་དྲངས་ལ། །རྩ་རྒྱུད་རྩད་ནས་རླག་པར་གྱིས། །བདག་གི་འཁོར་དང་ཆོས་ལ་སོགས། །ལོངས་སྤྱོད་ཟས་ནོར་ཁྱོད་ཀྱི་སྲུངས། །ཧོ་དཔལ་མགོན་པོ་ནག་པོ། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་བདུད་འདུལ། དྲེགས་ཅན་གྱི་དབང་ཕྱུག །སྔགས་འཆང་གི་དགྲ་ལྷ། ཆོས་སྐྱོང་གི་རྗེ་བོ། དགྲ་བགེགས་ཀྱི་གཤེད་མ། སྲིན་པོ་ནག་པོ་བྱའི་གཤོག་པ་ཅན་མཐིང་ནག་ཆེན་པོ་ཕྱག་ན་ཙན་དན་གྱི་བེང་ཆེན་ཐོགས་པ། བྱང་ཕྱོགས་གནོད་སྦྱིན་ཆེན་པོ་བརྒྱད་ཕྱི་ནས་འབྲང་ཞིང་། ལྷོ་ཕྱོགས་གཤིན་རྗེ་བརྒྱད་སྔོན་རོལ་ཞིང་སྣ་འདྲེན་པ། ཚོགས་ཆེན་པོ་བཞིའི་མངའ་བདག །མོན་པ་ཆེན་པོ་དང་མོན་མོའི་ཚོགས་ལ་དབང་བསྒྱུར་བ། ཁྱོད་ཀྱི་བཀའ་དང་བསྟན་པ་བསྲུང་བར་གྱིས་ཤིག །དེ་ནས་འཛབ་བྱས་ཏེ། ཧཱུྃ། ཐུགས་རྗེའི་མཐུ་སྟོབས་དགྲ་འཇོམས་སྐུ་ལྔ་པོ། ། སངས་རྒྱས་ཀུན་གྱི་བཀའ་ཡི་ལས་མཁན་ཏེ། །དཔལ་མགོན་ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །ཁྱོད་ཀྱི་བསྟན་པ་བཤིག་པ་བསྒྲལ་སླད་དུ། །གནས་འདིར་འདུག་ལ་བཀའ་ཡི་དམ་ཚིག་སྲུངས། །བསྒྲུབ་པའི་གྲོགས་ཀྱི་དགྲ་ལ་རྟགས་ཆེན་ཕྱུང་། །ༀ་བུར་ཀུར་མ་ཧཱ་པདྨ་ཀྲོ་ཏི་ཤྭ་རི་རྔེ་བུར་ཕྱི་གེ་བི་མ་ན་སེ་ཨེ་ཨོ་ཤྭ་མོ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ༀ་བུར་ཀུར་མ་ཨ་པྲ་ན་བུར་ཙི་ཀི་ཙི་མ་ན་སྱ་ཁ་ཤྭ་མོ་ཀྲོདྷ་ཧཱུྃ་ཧཱུྃ་ཕཊ་ཕཊཿ ༀ་བུར་ཀུར་ཨི་ཙི་ཀི་ཙི་ཨུ་ཙུཏྨ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་བུར་ཀུར་ཏི་ཕཊ་སརྦ་སིདྷི་ཕཊཿ དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །འཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །གནས་འདི་ཚུར་སྤྱོན་གནས་འདིར་ཕྲིན་ལས་མཛོད། །ས་མ་ཡ་ཛཿ ཛཿ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། དཔལ་མགོན་ཡབ་ཡུམ་འཁོར་དང་བཅས་པ་ལ། །བསྙེན་བསྒྲུབ་ཚུལ་བཞིན་དུ་ཕུལ་བས། །བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ལ། འཆི་མེད་ཚེ། བརྗོད་མེད་ཆོས། ལོངས་སྤྱོད་ནོར། རིགས་རྒྱུད་སྲས། དྲག་པོ་མཐུ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད། དུས་དང་ལས་ལ་མ་སྟོས་པར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། བྷྱོ། ཉི་མ་ལྷོ་ནུབ་ཡ་གི་ན། །སྲིན་ཡུལ་པུ་ར་ནག་པོའི་དཀྱིལ། །ལང་ཀ་ཡུལ་གྱི་གྲོང་བརྡལ་ན། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་བྱན་སླག་ཆོངས་ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ནས། །ཆོས་འཛིན་རིགས་ཀྱི་བསྒྲུབ་གནས་ཏེ། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུམ། །དུག་ཤིང་ནགས་ཚལ་གཏམས་པའི་ཚལ། །གནམ་ལྕགས་ཨུར་མོ་ཆར་བཞིན་འབབ། །གསུར་ཆེན་དུད་པ་སྤྲིན་ལྟར་ཐིབས། རྣག་ཁྲག་ཆུ་སེར་མཚོ་ལྟར་སྐྱིལ། །ཤ་རུས་ཕུང་པོ་རི་ལྟར་སྤུངས། །ལྕེ་སྤྱང་ལྡིང་འདུ་རྒྱུག་ཅིང་འདྲལ། །བྱ་གཅན་མང་པོ་ལྡིང་བཞིན་འཛུམ། །མོན་པ་ཤ་ཟ་གྲི་ཐོགས་འབུམ། །མོན་མོ་ཁྲག་འཐུང་བསམ་མི་ཁྱབ། །ལྷ་སྲིན་སྡེ་བརྒྱད་སྲོག་ལ་རྔམས། །དུར་ཁྲོད་མཁའ་འགྲོ་འདུ་བའི་ཡུལ། །རབ་ཏུ་འཇིགས་པའི་ཡུལ་ཁམས་ན། །འཇིགས་པའི་ཐོད་མཁར་ལྡེམས་སེ་ལྡེམ། །ཤར་ཕྱོགས་བམ་ཆེན་སྟག་ཐོད་མཁར། །སྟག་གི་བྲང་ཡང་ཉེ་རེ་རེ། །ལྷོ་ཕྱོགས་བམ་རིམ་མི་ཐོད་མཁར། །མི་ཐོད་སྤྱི་གླུ་རྩེ་རེ་རེ། །ནུབ་ཕྱོགས་བམ་ཆེན་རྟ་ཐོད་མཁར། །རྟ་ཐོད་མཚེར་གདངས་ལྷངས་སེ་ལྷང་། བྱང་ཕྱོགས་བམ་རིལ་བྱ་ཐོད་མཁར། །བྱ་ཐོད་ཚེར་སྒྲ་དི་རི་རི། །སྲིན་པོའི་ཐོད་པས་ཁ་བད་ཅན། །ལས་ཀྱི་འོད་ཟེར་དབལ་ཐོག་འཕྲོ། །ངོས་ལ་ང་རྒྱལ་གློག་དམར་འཁྱུག །རྩེ་ལ་བདུད་བྱ་ནག་པོ་ལྡིང་། །རུ་མཚོན་ནག་པོ་པུ་རུ་རུ། །གནམ་ལྕགས་འབར་བའི་སྒོ་མོ་གསལ། །འཇིགས་པའི་སྐུ་མཁར་ནང་ཤེད་ན། །རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་རོ་མང་པོ་གྲུམས་སུ་བརྩིགས། །མི་རོ་རྟ་རོའི་གདན་སྟེངས་ན། །མངའ་བདག་བདུད་ཀྱི་རྒྱལ་པོ་ཆེ། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །འཕྲིན་ལས་དྲག་པོར་དབང་བསྐུར་བ། །ཞལ་གསུམ་འཇིགས་པའི་ཆ་ལུགས་ཅན། །སྐུ་མདོག་དབུས་ཞལ་ལྗང་ནག་བརྗིད། །གཡས་སེར་ཐུགས་རྗེས་འགྲོ་བ་སྐྱོབ། །གཡོན་དམར་དབང་སྡུད་ཆགས་པས་འགུགས། །དམར་ནག་རལ་པ་སྲིད་རྩེར་འབར། །རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །གནམ་ལྕགས་ཐོག་སེར་སྐར་ལྟར་འཁྲུག །ཤངས་རླུང་ནད་ཀྱི་བསྐལ་པ་འཚུབ་མར་སྟོན། །ཞལ་གདངས་དབང་གི་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་ལྟར་སྒྲོག །དྲག་པོའི་རྐན་སྒྲ་བདུད་ལ་འདེབས། །གསང་བའི་གཤུགས་པས་འཁོར་ལ་འབོད། །གདུག་པའི་མཚོན་ཆ་མ་ལུས་འཕྲོ། །དྲག་པོའི་ཕྱག་དྲུག་གདེངས་པ་ལས། །གཡས་ཀྱི་དང་པོ་གསལ་ཤིང་གིས། །སྲིད་པ་གསུམ་ཆར་ཐལ་བར་རློག །བར་པ་རྡོ་རྗེ་གསོར་ཞིང་འཕྱར། །དགྲ་བགེགས་མགོ་ལུས་ཚར་པར་གཤོག །ཐ་མ་གནམ་ལྕགས་ཕུར་པ་འདེབས། །དམིགས་པའི་སྙིང་ལ་གཟེར་ཆེན་ཐོབ། །གཡོན་པའི་དང་པོ་དུང་ཆེན་དུ། །སྲིད་གསུམ་སྙིང་ཁྲག་བྱུང་ཞིང་འཐུང་། །བར་པ་རྣོ་དབལ་ཤན་གྱི་མདུང་། །ཞིང་བཅུའི་སྙིང་ལ་གཟེར་ཆེན་འདེབས། །ཐ་མ་སྦྲུལ་ཞགས་ནག་པོ་ཡིས། །བླ་སྲོག་འགུགས་ཤིང་ཡན་ལག་འཆིང་། །ཞབས་བཞི་བརྐྱང་བསྐུམ་འབྱུང་པོ་འདུལ། །འདོད་ཆགས་ཞིང་ལྤགས་སྟོད་གཡོགས་ཤིང་། །གཏི་མུག་གླང་ཆེན་ལྤགས་པ་གྱོན། །ཞེ་སྡང་སྟག་གི་ཤམ་ཐབས་ལ། །གདུག་པ་སྦྲུལ་གྱི་སྐ་རགས་བཅིངས། །ཐོད་སྦྲུལ་ཐལ་ཞག་རཀྟས་བརྒྱན། །གདུག་རྩུབ་མེ་ཡི་ནང་ན་བཞུགས། །དཔལ་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྔོོན་གྱི་དམ་བཅའ་མ་སྙེལ་བར། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ གཡོན་གྱི་ཕྱོགས་ན་སྐུ་སྤྲུལ་པ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། གཏུམ་མོ་ཆེན་མོ་འཇིགས་གཟུགས་ཅན། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །ཁྲག་རལ་ནག་མོ་མུན་ལྟར་འཐིབས། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །ཉི་ཟླ་གཟའ་སྐར་འཇའ་ཚོན་འཁྱུག །སྐུ་སྨད་སྟག་ལྤགས་རེ་ལྡེ་ལ། །སྦྲུལ་ནག་ཆུ་སྲིན་ཐོད་པས་བརྒྱན། །གཡས་པ་སྦྲུལ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གི་བཀང། །རུས་བཅུད་རྐང་མར་ཀླད་ཁྲག་རྣམས། །འབྲུ་མར་ཆང་གི་སྦྱར་བ་དག །རྟག་པར་རང་གི་ལོངས་སྤྱོད་བྱེད། །ཡབ་ལ་བསྟབ་ཅིང་དགྲ་ལ་འཕེན། །སྔོན་གྱི་དམ་བཅའ་མ་སྙེལ་བར། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ་ཆེ་མཆོག་ཐུགས་ཀྱི་སྤྲུལ་པ་ནི། །ལས་ཀྱི་མགོན་པོ་ནག་པོ་བཞེངས། །ཞལ་གཅིག་ཕྱག་གཉིས་གཅེར་བུའི་སྐུ། །གཡས་པ་གྲི་གུག་སྔོན་པོ་འདར། །གཡོན་པ་བྷནྡྷ་སྙིང་ཁྲག་འཐུང་། །ཞབས་གཉིས་དམ་ཉམས་སྟེང་ན་བགྲད། །མོན་པ་འབུམ་ཕྲག་ཕོ་ཉར་འགྱེད། །ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ། །དམ་ཉམས་དགྲ་བོ་ལས་ངན་འདི། །ཤོ་ར་རེའོ་མ་བཏང་ཅིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །རབ་ཏུ་བྱུང་བའི་ཆ་བྱད་ཅན། །གཡས་པས་སྲེག་ཤིང་གཡོན་པ་ན། །བདུད་ཀྱི་སྤར་བུ་ནག་པོ་ཐོགས། །ཆོས་གོས་ནག་པོ་ཕྱིར་ལོག་གོན། །ཆོས་ཀྱི་གླེགས་བམ་ཁུར་དུ་ཁུར། །དྲག་པོའི་སྔགས་བཟློས་དི་རི་རི། །ལོངས་སྤྱོད་མི་སྙིང་དམར་ལ་བྱེད། །དམ་ཉམས༴ ཤོ་ར་རེའོ༴ མཆེད་འགའ༴ དེ་ཡི་ཐུགས་ཀྱི་དགེས་སྡེ་མོ། །བྱང་ཤར་མཚམས་ན་གནས་བཅས་པའི། །སྣང་མཛད་མི་གཡོ་གཙུག་ཏོར་ཅན། །སྐམ་མ་ཆུ་འཇིག་ཁྲོས་པའི་ཚེ། །ཕྱག་ན་རྡོ་རྗེའི་བཀའ་སྡོད་ཕོ་ཉ་མོ། །འཁོར་གྱི་མ་མོ་འབུམ་ཕྲག་ལས་ལ་བསྐུལ། །དམ་ཉམས༴ ཤྭོ་ར་རེའོ༴ ཆེད་འགའ༴ མཐིང་ནག་དར་གྱི་འཇོལ་བེར་ཅན། །ཆུ་དར་ལྗང་ཁུ་ཐོད་དུ་བཅིངས། །ཙན་དན་སྨུག་པོའི་གྱིང་བེང་ཅན། །ཁྲོས་པའི་ཆ་བྱད་ཆེན་པོ་ཡིས། །དམ་ཉམས༴ ཤོ་ར་རེའོ༴ ཆེད་འགའ༴ གཅེར་བུ་ཁམ་ནག་རལ་པ་ཅན། །ཁ་ནས་ཁྲག་འཛག་ཐོད་ཕྲེང་ཅན། །མིག་ནས་མེ་ཡི་ཕུང་པོ་འབར། །གཡས་པ་མེ་དཔུང་འབར་བས་བསྲེག །གཡོན་པ་ལྕགས་ཀྱུའི་དོན་སྙིང་འབྱིན། །མི་རོ་རློན་པའི་གདན་ལ་བཞུགས། །དམ་ཉམས༴ ཤོ་ར་རེའོ༴ ཆེད་འགའ༴ གདོང་བཞི་གདོང་ནག་ཐོད་ཕྲེང་ཅན། །ནག་པོ་རལ་ཅན་ཚིག་ཅིང་འཕྲོ། །ཕྱག་བཞི་གདེངས་པའི་ཆོ་འཕྲུལ་ལག །ཞབས་བཞི་ཞབས་གཉིས་རྫུ་འཕྲུལ་རྐང་། །གཡས་ཀྱི་དང་པོ་གྲི་གུག་འདེབས། །འོག་མ་བསེ་མདུང་དགྲ་ལ་ཕྱར། །གཡོན་གྱི་དང་པོ་རྒྱུ་ཞགས་ཐོགས། །འོག་མ་ཟངས་གྲི་རྣོ་དབལ་ཕྱར། །མི་རོ་ཟ་ཞིང་ཐོག་སེར་འབེབས། །ཁྱོད་ཀྱི་ཞབས་ཀྱི་ལོང་བུ་ལ། སྟག་སྨད་རྒྱལ་པོ་འཁྱུགས་སེ་འཁྱུག །གནོད་སྦྱིན་འཁོར་ཚོགས་ལས་ལ་འགྱེད། །ཁྱོད་ཀྱི་སྟ་ཟུར་གཡས་གཡོན་ལ། །ཕོ་སེང་གཡས་ལ་མོ་སེང་གཡོན། །རལ་པ་སྔོན་པོ་སྙིགས་སེ་སྙིག །ཁྲོ་བོའི་ཚོགས་ཀྱི་སྤྲུལ་པ་འགྱེད། །ཁྱོད་ཀྱི་རྩིབས་ལོགས་གཡས་གཡོན་ན། །འཕར་བ་རྐང་སྡེབས་ཁྱུགས་སེ་ཁྱུག །དྲེད་མོ་ལག་སྡེར་ཆེམས་སེ་ཆེམ། །ཟ་བྱེད་ཚོགས་ཀྱི་སྤྲུལ་པ་འགྱེད། །ཁྱོད་ཀྱི་སྨིན་ཁྱུག་གཡས་གཡོན་ན། །བྱ་ཁྱུང་རྒྱལ་པོ་ག་རུ་ན། །ཁྱུང་གི་རྔམ་སྒྲས་གདུག་པ་འདུལ། །སྲིན་པོའི་ཚོགས་ཀྱི་སྤྲུལ་པ་འགྱེད། །ཕྱག་ན་རྡོ་རྗེའི་བཀའ་སྡོད་ཅིང་། །བསྟན་པ་གཤིགས་པ་མྱུར་དུ་སྒྲོལ། །བྷྱོ་ཁྱོད་ཀྱི་བཀའ་ཉན་ལས་བྱེད་པ། །ཉེ་གནས་དུང་བའི་མ་སྲིང་བརྒྱད། །ག་རི་ཙ་རི་སྤྲ་མོ་ཧ། །བིདྡྷ་ལི་དང་པུཀྐ་སི། །ཙནྜ་ལི་སྟེ་སྲིན་མོ་ཀུན། །རྔམས་ཤིང་གཏུམ་པའི་མ་ཚོགས་རྣམས། །འཇིགས་པའི་གཟུགས་ཅན་མཚོན་ཆ་ཐོགས། །སྡང་བའི་དགྲ་བོ་ཉམས་པ་འདི། །སྲོག་ལ་ཧུར་ཐུཾ་དུས་ལ་བབས། །སྲིད་པའི་བུ་མོ་དྲི་ཟ་བརྒྱད། །སེང་སྟག་ཝ་སྦྱང་བཞད་ཀྱི་གདོང་། །ཀང་ཀ་བྱ་རོག་འུག་གདོང་ཚོགས། །སྲོག་ལ་རྔམ་ཞིང་བསྟོད་པའི་ཚོགས། །ཉམས་པ་སོད་ལ་གློ་སྙིང་ཟོ། །ཆོ་འཕྲུལ་སྣ་ཚོགས་དགྲ་ལ་ཐོང་། །དུར་ཁྲོད་གནས་པའི་སྒོ་བསྲུང་བཞི། །རྩོན་མོ་གདོང་མོ་འགར་ལོག་མོ། །འཇུག་སྲོག་མོ་སྟེ་མ་མོ་བཞི། །རྣལ་འབྱོར་འཁོར་བཅས་བར་ཆད་བསྲུངས། །དམ་ཉམས་དགྲ་བོའི་ཡན་ལག་ཆིངས། །དུར་ཁྲོད་བདག་མོ་གྲུ་འདེབས་བཞི། །སྐམ་པ་ཤིན་དུ་སྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པའི་ཚུལ་གྱི་སྲོག་དབུགས་ལེན། །དམ་ཉམ་དགྲ་བོའི་དབུགས་ལོང་ཞིག །སྨྱོ་འབོག་བཏང་བའི་དུས་ལ་བབས། །ལྷ་ཡི་དེད་དཔོན་ཀ་རུ་ཎའི། །ཆུང་མ་བུ་མོ་སྲིན་མོའི་ཚོགས། །འཕྲོགས་ནས་དབང་དུ་བྱས་པ་ཡིས། །སྲིན་མོ་མི་བསྲུན་དྲག་ཤུལ་ཅན། །བཅུ་གཉིས་དང་ནི་བཅོ་བརྒྱད་སོགས། །གཙོ་བོ་ཕྲ་མེན་གནོད་སྦྱིན་མ། །སྲིན་མོ་ཤ་ཟ་ཁྲག་འཐུང་མའི། །དམ་ཉམས་དགྲ་བོའི་བཀྲག་མདངས་ཕྲོགས། །ཚེ་དང་སྲོག་དབུགས་བླ་ལ་དབྱངས། །སློབ་དཔོན་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉ་མངག་པར་བྱ། །ཅི་བགྱིད་བཀའ་ཉན་ཕོ་ཉའི་ཚོགས། །སྲིན་མོའི་དམག་དཔུང་དགྲ་ལ་དྲོངས། །སྲིན་མོའི་གཟའ་ཚོལ་དགྲ་ལ་ཡ། །རྦོད་གཏོང་རྔམ་པའི་དགྲ་སྙིང་ཁོས། །བམ་རི་ཐོད་པའི་ཕྱི་རོལ་ན། །རྣག་དང་ཆུ་སེར་འོབས་ནང་ན། །ཁྲག་དང་ཤ་ཆེན་བཤང་གཅི་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། འབུ་དང་ཤིན་ཏུ་འབུ་ཆེན་དང་། །སྦྲང་མ་སྦྲང་རྒོད་བུང་བ་དང་། །དུག་སྦྲུལ་སྡིག་པའི་དོམ་ལ་སོགས། །དགྲ་བོའི་བླ་ཁྱིམ་རྨང་ནས་གཤིག །དགྲ་བོའི་ནང་ཁྲོལ་བལ་ལྟར་གཡེངས། །ཀང་ཀ་རུ་རྩེ་རྐང་ལྡག་དང་། །ཁྲག་ཐུང་མཆུ་དམར་ཁྭ་སྐྱེས་དང་། །བྱ་རོག་འུག་པ་ཁྲ་རྒོད་དང་། །བྱ་གཅན་མང་པོ་ལྡིངས་ཞིང་ལྡིང་། །དགྲ་བོའི་བླ་སྲོག་སྟེངས་ན་འཇུམ། ཤ་ལ་ཟ་ཞིང་རྒྱུ་མ་དྲོངས། །དབང་པོའི་དྭངས་མ་མིག་འབྲས་ཕྱུངས། །སྙིང་དང་གློ་མཆེར་མཁལ་མ་སོགས། །དོན་སྙིང་རྨད་ལྔ་རྩད་ནས་ཕྱུངས། །ལྕེ་སྤྱང་སྟག་སེང་དོམ་དང་དྲེད། །འཕར་བ་རྐང་བསྡེབས་ལ་སོགས་པའི། །གཅན་གཟན་གདུག་པའི་ཚོགས་རྣམས་ཀུན། །དམ་ཉམས་ཤ་རུས་བཅུད་ལ་རོལ། །མྱུར་དུ་སོད་ལ་ཁྲག་ལ་ཐུང་། །དུར་ཁྲོད་མཁའ་འགྲོ་མ་མོ་ཀུན། །བཤུགས་གླུ་ལེན་ཅིང་དམག་ཚོགས་ཁྱོད། །དམ་ཉམས་སྲོག་དབུགས་དང་ལ་ཡ། །དགྲ་བོའི་ཤ་རུས་ཁྲག་ལ་རོལ། །མ་ཧཱ་ཀ་ལ་དྲག་པོའི་ཚོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པ་དབུས་ཀྱི་གཙོ་བོ་བསྐུལ་བའི་ལེའུ་སྟེ་བརྒྱད་པའོ། །བྷྱོ། ཤར་ཕྱོགས་ཐོད་མཁར་འཇིགས་པ་ནས། །ཁྲོ་བོའི་ཚོགས་དང་སྤྲུལ་པའི་འཁོར། །ཁྲོ་བོ་བཛྲ་ཀིང་ཀ་ར། །སྐུ་མདོག་མཐིང་ནག་འཇིགས་ཚུལ་བརྗིད། །ཕྱག་གཡས་མཚོན་ཆའི་འཁོར་ལོ་བསྐོར། །དམིགས་བྱའི་མགོ་ལུས་དུམ་བུར་གཏུབས། །གཡོན་པ་ཐོད་པ་རློན་པ་རུ། །སྙིང་ཁྲག་འཐུང་ཞིང་དམིགས་པ་སྒྲོལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་བཀའ་འཁོར་ལས་བྱེད་ནི། །གྲི་ཐོགས་གྱིང་ཆེན་སུམ་ཅུ་འགྱེད། །གསང་བའི་བདག་པོས་དབང་བསྐུར་ནས། །རྡོ་རྗེ་ཆོས་ཀྱི་མིང་བཏགས་ནས། །ཞེ་སྡང་འབར་བའི་ཀློང་དཀྱིལ་ནས། །མཐིང་ནག་འབར་བའི་ཆ་བྱད་ཅན། །ལྟས་ངན་སྣ་ཚོགས་སྤྲུལ་པ་འགྱེད། །རྡོ་རྗེ་ལུ་གུ་ཞེས་བྱ་བའི། །གྲི་ཐོགས་ཆེན་པོའི་དུས་ལ་བབས། །རྒྱལ་བའི་དགོང་པ་ཀུན་འདུས་པའི། །འོད་ཕུང་འཁྲིགས་པའི་ཁྲོ་བོ་བཞི། །མི་ཟད་ལག་རིང་ཁྲོས་པའི་ལུས། །རྡོ་རྗེ་དྲག་པོ་ཁྲོ་བོ་རྩལ། །གྲི་ཐོགས༴ སེར་ནག་འཇིགས་པ་སྦྲུལ་གྱི་བརྒྱན། །ཁ་ནས་མེ་འབར་སྟོང་གསུམ་བསྲེག །རིག་འཛིན་བདུན་དང་དཔུང་ཚོགས་བདག །རིན་ཆེན་མྱུར་གུ་ཞེས་བྱ་བས། །གྲི་ཐོགས༴ དམར་ནག་ཁྲག་གི་རལ་པ་ཅན། །པདྨའི་མེ་ཏོག་འབུམ་གྱིས་བརྒྱན། །དུར་ཁྲོད་མཁའ་འགྲོའི་ཚོགས་ཀྱི་བདག །རྡོ་རྗེ་ཆོས་ཀྱི་ལས་མཁན་པོ། །གྲི་ཐོགས༴ ཆོས་བཟང་ལྷ་ཡི་འདུན་ས་རུ། ལྷ་ཡི་དམག་དཔོན་ཆེན་པོ་སྟེ། །ལྗང་ནག་ལུས་ལ་རྫུ་འཕྲུལ་ཅན། །རྡོ་རྗེ་ལས་རབ་དྲག་པོ་རྩལ། །གྲི་ཐོགས༴ ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། སྐྱེས་པ་དར་མའི་སྲོག་གཅོད་ཅིང་། །བུད་མེད་མངལ་བུ་སྲིད་ཁ་སྡོམས། །སྤྱུག་གླུ་ལེན་ཅིང་འཁོར་ལོས་གཅོད། །རྡོ་རྗེ་ཟླ་བཟང་མཐུ་བོ་ཆེ། །གྲི་ཐོགས༴ སྐུ་མདོག་དམར་ནག་ཁྲག་གི་མདོག །ལྕེ་སྤྱང་དམར་པོ་སྤྲུལ་པར་འགྱེད། །མི་ཟད་ལག་རིང་ཆེན་མོ་སྡེ། །རྡོ་རྗེ་ཉི་མ་མདངས་ཆེན་པོ། །གྲི་ཐོགས༴ རྔམས་པའི་ང་རོས་གསང་སྔགས་ནི། །ནམ་མཁའི་ཁམས་ནས་འབྲུག་སྒྲ་གྲོགས། །མཆེ་བ་རྔམས་པས་དགྲ་སྙིང་འབྱིན། །རྡོ་རྗེ་སེང་ཆེན་མཐུ་བོ་ཆེ། །གྲི་ཐོགས༴ ནག་པོ་མི་བཟད་སྤྱན་གསུམ་པ། །ཤྭ་ན་ཁྱི་གདོང་འཇིགས་པའི་གཟུགས། །ལྕགས་ཀྱི་སྤྱང་མོ་མགོ་དགུ་པ། །རྡོ་རྗེ་འཆང་གི་མཐུ་བོ་ཆེ། གྲི་ཐོགས༴ མི་རྟོག་རྟོག་ལ་གནས་པའི་སྐུ། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །མཚོན་ཆ་སྣ་ཚོགས་ཆར་དུ་འབེབས། །རྡོ་རྗེ་ནམ་མཁའ་མཐུ་བོ་ཆེ། །གྲི་ཐོགས༴ མི་ཟད་ཁྲོ་བོ་ཆེན་པོ་ནི། །དུས་བཞི་ཀུན་ཏུ་ཉུལ་བྱེད་ཅིང་། །ཉམས་པའི་དགྲ་ལ་དུས་འབེབས་པའི། །རྡོ་རྗེ་དུས་མཚན་མཐུ་བོ་ཆེ། །གྲི་ཐོགས་༴ མཐིང་ནག་ཁྲོས་པའི་ཆ་བྱད་ཅན། །མི་མགོ་སྟོང་གི་ཕྲེང་བས་བརྒྱན། །ལྗང་ནག་དྲག་པོ་གསལ་ཤིང་ཅན། །ཕྱོགས་བཞི་དག་ཏུ་རྒྱུ་མཛད་ཅིང་། །ཕྱོགས་མཚམས་དག་ཏུ་རྒྱུག་མཛད་པ། །རྡོ་རྗེ་ཕྱོགས་འདུལ་མཐུ་བོ་ཆེ། །གྲི་ཐོགས༴ མཐིང་ནག་ཁྲོས་པའི་ཆ་བྱད་ཅན། །མི་མགོ་སྟོང་གི་ཕྲེང་བས་བརྒྱན། །མི་རོ་བམ་གྱི་གདན་ལ་བཞུགས། །རྡོ་རྗེ་དུར་ཁྲོད་བདག་པོ་བྱ། །གྲི་ཐོགས༴ གྲི་ཐོགས་གྱིང་ཆེན་བཅུ་གསུམ་པོ། །ལ་ལ་རཀྟའི་ཐིག་ལེ་ཅན། །ལ་ལ་ཞག་གི་ཟོ་རིས་ཅན། ལ་ལ་ཐལ་ཆེན་ཚོམ་བུས་བརྒྱན། །ལ་ལ་དྲིག་གི་ཨག་ཤམས་ཅན། །ལ་ལ་ལྕགས་གྲི་རྣོན་པོ་བསྣམས། །གློ་སྙིང་འབྱིན་ཅིང་ནང་ཁྲོལ་ཟ། །ཉམས་པའི་དགྲ་ལ་ཁྲ་ཚོགས་ཆོས། །གང་ལ་བྱ་བའི་ལུས་སྲོག་འཕྲོལ། །འབར་བ་ཁྲོ་བོའི་ཞལ་དུ་བཏབ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། བྷྱོ། འཛམ་གླིང་ཉི་མ་ལྷོ་ཕྱོགས་ཕ་གི་ན། །སེང་གདོང་ཁྲ་བོ་བརྗིད་པའི་ནང་ཤེད་ན། །ལྕགས་མཁར་སྔོན་པོ་གནམ་དུ་ལྡེམས་སེ་ལྡེམ། །གཡས་ན་ཕོ་སེང་བརྒྱ་ཡིས་ཁ་ཡང་འཐབ། །གཡོན་ན་མོ་སེང་བརྒྱ་ཡིས་མཆེ་བ་བདར། །འོག་ན་ཞེ་སྡང་དུག་མཚོ་མེ་རེ་རེ། །སྟེང་ན་བསེ་ཡི་བྱ་གླག་བརྒྱད་ཁྲི་བཞི་སྟོང་ལྡིང་། །སྐེད་ལ་ཉི་མ་ཟླ་བའི་འོད་ཟེར་འཆར། །ངོས་ལ་ང་རྒྱལ་གློག་དམར་བྲེངས་སེ་བྲེང་། །བསེ་འབྲུག་ལྡིར་བ་གནམ་ལ་རྒྱུག་ཅིང་སྒྲོག །བསེ་ཡི་སེར་བ་ལུག་ཙམ་རྟག་ཏུ་འབབ། །དེ་འདྲའི་སྐུ་མཁར་འཇིགས་པའི་ནང་ཤེད་ནས། །མ་རུངས་གདུག་པ་ཀུན་གྱི་གཙོ་བོ་བཞུགས། །ཡབ་གཅིག་གནོད་སྦྱིན་ཟངས་མདོག་རྒྱལ་པོ་བཞུགས། །སྐུ་མདོག་དམར་ནག་བརྗིད་པ་ལ། །དབུ་ལ་རྒྱ་མདུད་འཁོར་ལོ་རྩེགས། །རལ་པ་དམར་པོ་སྤྲིན་ལྟར་གཏིབས། །སྤྱན་དམར་དམ་ཉམས་དགྲ་ལ་བཟློག །འཇིགས་པའི་ཞལ་ནི་བགྲད་པ་ལས། །མཆེ་བ་གནམ་ལྕགས་དགུ་ཁྲི་སྟོབས། །སྐུ་ལ་ཤུན་གྱི་གཡང་གཞི་གསོལ། །གཡས་ན་གསེར་གྱི་རལ་གྲི་ཕྱར། །གཡོན་ན་བསེ་མདུང་དམར་པོ་བསྣམས། །བ་དན་དམར་པོ་གློག་ལྟར་འཁྱུག །འཇིགས་སུ་རུང་དང་འཔའ་བྱད་ཅན། །སྔོན་དུས་ཞེ་སྡང་ལས་ལ་གྲུབ། །དོ་ནུབ་དྲག་པོའི་ལས་ལ་གཤེགས། །དེ་ཡི་ཡུམ་ཆེན་སྲིན་མོ་ནི། །བསེ་གདོང་ཟངས་མགྲིན་རྫུ་འཕྲུལ་ཅན། །སྔོ་དམར་ལུས་ལ་གཞའ་རིས་བརྒྱན། །རལ་པ་སྔོ་དམར་བུ་ཡུག་འཚུབས། །གཡས་པ་བྱད་ཐག་དགྲ་ལ་འཕེན། །གཡོན་པ་སྔོ་དམར་སྐྱལ་པ་འཕེན། །ཁ་རླངས་སྔོ་དམར་ནད་དུ་འཁྱིལ། །འཇིགས་པའི་སྤྱུགས་གླུ་རྩེ་རེ་རེ། །སྲིན་མོ་འབུམ་ཚོགས་ལས་ལ་བསྐུལ། །སྔོན་དུས༴ དོ་ནུབ་དྲག༴ ཁྱོད་ཀྱི་བཀའ་ཉན་ལས་བྱེད་པ། །བསེ་ཡི་སྡེ་དཔོན་གྱད་ཆེན་བཞི། །ལྷ་སྲིན་སྡེ་བརྒྱད་ལས་ལ་བསྐུལ། །དམ་ཉམས་སྲོག་གི་གཤེད་མ་གྱིས། །ས་བདག་བསེ་ཡི་ལྷ་མོ་བཞི། །བུད་མེད་སྡེ་བཞིའི་དམག་སྣ་དྲོངས། །འདུ་བ་རྣམ་བཞིའི་ནད་ཚོགས་རྒྱོབ། །སྙིང་ཟན་སྲོག་ལེན་སྲོག་ཕྲོག་ཚོགས། །འཁོར་གྱི་གྱིང་ཆེན་བཞི་བཅུ་གཉིས། །བསེ་ཁྲབ་བསེ་རྨོག་འོད་དུ་འབར། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། ཕྱག་ན་ཟངས་གྲི་རྣོ་དབལ་བསྣམས། །སྲོག་རྩ་བཅད་ནས་སྙིང་ཁྲག་འཐུང་། །བསེ་ཕུབ་དམར་པོའི་མེ་འོད་ཀྱིས། །སྣང་སྲིད་ཐམས་ཅད་འོད་དུ་འགོངས། །སྲིད་གསུམ་ལྷ་འདྲེ་འཁྲུགས་ཅིང་བསྐུལ། །གཏུམ་ཆེན་དྲེགས་པ་གིང་གི་ཚོགས། །ཤ་ཁྲག་སྲོག་དབུགས་མཆོད་པར་བཞེས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། ཉི་མ་ནུབ་ཕྱོགས་ཡ་ཀི་ན། །དྲག་པོའི་ལྕགས་མཁར་འབར་བའི་ནང་ཤེད་ན། །སྲིན་པོ་ཡཀྴ་ཛྭ་ལ་གློག་ཕྲེང་དང་། །ཀླུ་མོ་ཧབ་ཤ་གདུག་པ་ཀླུ་ཡི་བུ། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་ཆེན་པོ་ར་ཧུ་ལ། །ལུས་པོ་གཅིག་ལ་མགོ་བོ་དགུ །མགོ་ལུས་མེད་པར་མིག་གིས་ཁེངས། །རོ་སྟོད་སྲིན་པོ་རོ་སྨད་སྦྲུལ། །སྐུ་མདོག་བརྗིད་པའི་དུད་ཁ་ལ། །གཡས་པ་རྡོ་རྗེ་གྲི་གུག་གིས། །ཉམས་པའི་ཁོག་ཤོག་ཙིཏྟ་ཕྱུང་། །གཡོན་པ་ཆུ་སྲིན་ཞགས་པ་ཡིས། །བླ་སྲོག་འཛིན་ཅིང་དམ་དུ་འཆིང་། །ཉི་མ་ཟླ་བ་ལྟོ་བར་ཟ། །ཉི་མའི་རྗེས་གཅོད་ཤར་དུ་རྒྱུག །ཟླ་བའི་རྗེས་གཅོད་ནུབ་ཏུ་རྒྱུག །ཉིན་མོ་རྒྱུ་བཞིན་བླ་སྲོག་སྡུད། །མཚན་མོ་རྒྱུ་ཞིང་སྲོག་དབུགས་གཅོད། །དམག་དཔོན་ཆེན་པོའི་དུས་ལ་བབ། །གཟའ་བདུད་ཆེན་པོའི་དུས་ལ་བབ། །དབང་ཕྱུག་ཆེན་པོའི་དུས་ལ་བབ། །ནམ་མཁའི་ཁམས་ནས་འབྲུག་སྒྲོགས་ཤིང་། །བར་སྣང་ཁམས་ནས་གློག་ཆེན་འཁྱུག །ས་ཡི་དཀྱིལ་དུ་ཐོག་ཆེན་འབེབས། །རྒྱ་མཚོའི་དཀྱིལ་ནས་སེར་ཆེན་འགྲིལ། །དམ་ཉམས་དགྲ་བོའི་གཤེད་མ་གྱིས། །ལོ་ལ་ཁྲག་གི་སེར་བ་ཕོབ། །སྲོག་ལ་གློ་བུར་ཡེ་འགྲོག་ཐོང་། །ཕྱོགས་བཞི་ནམ་མཁའི་དཀྱིལ་ཡངས་ནས། །ངན་སྔགས་བདག་མོ་གདོང་མོ་བཞི། །ཆོ་འཕྲུལ་སྤྲུལ་པ་དགྲ་ལ་ཐོང་། །ཕོ་ལྷོགས་ལ་སོགས་ནད་མཚོན་རྒྱོབ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་ནས། །སྲིན་པོའི་རྒྱལ་པོ་ཆེན་པོ་བཅུ། །མདོག་ནི་མ་ངེས་ཁྲོས་པའི་ཞལ། །མཚོན་ཆ་སྣ་ཚོགས་འཁོར་ལོ་སྒྱུར། སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་འགྱེད། །བསྟན་པ་བསྲུང་བར་དམ་བཅས་པའི། །དམ་ཚིག་ཆེན་པོའི་དུས་ལ་བབས། །དམ་ཉམས་སྲོག་རྩ་དམར་པོ་ཆོད། །རི་རབ་རྡོ་འཕེན་འུ་རུ་རུ། །རྒྱ་མཚོ་ཞོ་འཕྲོག་ཆི་ལི་ལི། །གནམ་ས་བསྒྱུར་བའི་དུས་ལ་བབ། །སྲོག་རྩ་གཏུབས་ལ་སྙིང་གོང་ཆོད། །མཛེ་འབྲས་སྨྱོ་འབོག་ལ་སོགས་པ། །དགྲ་བོའི་རྩ་བ་རླུང་ལ་བསྐུར། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཞེས་གསུངས། མ་ཧཱ་ཀཱ་ལ་སྲིན་པོའི་ཚོགས་ལས་ལ་བསྐུལ་བའི་ལེའུ་སྟེ་བཅུ་གཅིག་པའོ། །བྷྱོ། ཉི་མ་བྱང་ཤར་ཕ་གི་ན། །ཁྲག་མཚོ་ཁོལ་མ་མེ་རེ་རེ། །དུག་རླངས་ན་བུན་ཕྱུ་རུ་རུ། །མཚོན་སྤྲིན་སྔོ་དམར་རྦ་རླབས་ཆི་ལི་ལི། །བསེ་མཁར་སྨུག་པོ་གནམ་དུ་ཟེངས་སེ་ཟེང་། །དུར་བྱ་ཀཾ་ཀའི་ཚོགས་ནི་ལྡིང་ཞིང་འཛུམ། །ལྕེ་སྤྱང་ལིང་དུས་ཚོགས་ནི་དི་རི་རི། །ནད་ཀྱི་མཚོན་སྤྲིན་སྔོ་དམར་ཐིབས་སེ་ཐིབ། །མ་གཅིག་དཔལ་ལྡན་གཉེན་གྱི་རེ་མ་ཏི། །ཡ་མཚན་བུད་མེད་ནག་མོ་རྔམས་པའི་གདོང་། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཁྲག་གི་རལ་པ་མུན་ལྟར་གཏིབས། །སྤྱི་བོའི་གཙུག་ན་ཟླ་བ་འཆར། །ལྟེ་བའི་དབུས་ན་ཉི་མ་འཆར། །སྲིད་པ་གསུམ་ལ་བླ་ཚེ་བརྐུ། །སྙན་ཆ་སེང་སྦྲུལ་དྲིལ་བུས་བརྒྱན། །ཐམས་ཅད་ཟིལ་གནོན་གདུག་པ་འདུལ། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །རྒྱུ་ཕྲེང་ཁྲག་དང་ཞག་གིས་བརྒྱན། །སྐུ་སྨད་རེ་ལྡེའི་ཤམ་ཐབས་ལ། །སྦྲུལ་དང་ཐོད་རློན་དྲིལ་བུ་བརྒྱན། །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །དྲག་པོ་མཚོན་ཆའི་ལྟེ་ལན་ཅན། །གཡས་ན་གཤིན་རྗེའི་ཁྲམ་བམ་བསྣམས། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །བཙན་གྱི་ཤྭ་རྡེལ་ཕྱོགས་བཅུར་འཐོར། །ནད་ཀྱི་རྐྱལ་པ་ཕྱོགས་བཅུར་སྡེབས། །འཚུབ་ནག་སྟོང་གི་ནང་ན་བཞུགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཟ་བྱེད་ཚོགས་ཀྱི་སྤྲུལ་པ་ཁྱོད། །བར་སྣང་ཁམས་ཀྱི་ཟ་བྱེད་མ། །ནག་མོ་ར ལ་ཅན་བྱེ་བ་འབུམ། །རྡོ་རྗེ་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཤར་ཕྱོགས་ཁམས་གྱི་ཟ་བྱེད་མ། །དཀར་མོ་རལ་ཅན་བྱེ་བ་འབུམ། །སངས་རྒྱས་རིགས༴ ཁྱོད་ཀྱི་ཤར་གྱི་དགྲ་བགེགས་ཐུལ། །ལྷོ་ཕྱོགས་ཁམས༴ སེར་མོ་རལ་ཅན་ཁྲོས་པའི་ཚེ། །རིན་ཆེན༴ ཁྱོད་ཀྱི༴ ནུབ་ཕྱོགས་ཁམས། དམར་མོ་རལ་ཅན་ཕོ་ཉར་བཅས། །པདྨ་༴ ཁྱོད་ཀྱི༴ བྱང་ཕྱོགས་ཁམས་ཀྱི་ཟ་བྱེད་མ། །ལྗང་ནག་རལ་ཅན་རྔམས་པའི་ཚོགས། །ལས་ཀྱི༴ ཁྱོད་ཀྱི་བྱང་༴ ཅེས་གསུངས་སོ། །དཔལ་མ་ཧཱ་ཀཱ་ལའི་མ་མོའི་ཚོགས་བསྐུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།རྒྱུད་མཚོན་ཆ་སྔོན་རོལ་ལས། བལ་པོ་བྷ་སུ་རྡ་རས། གནུབས་སངས་རྒྱས་ཡེ་ཤེས་ལ་གདམས། །བླ་མ་ཟུར་གྱི་བཀའ་བསྲུང་། འགྲོ་དོན་རྒྱུད་པའི་ཕོ་ཉའོ། །དེ་ནས་སྨོན་ལམ་འདི་ལྟར་གདབ་སྟེ། ཧོ་མགོན་པོ་ཁྱེད་མཆོད་བྱིན་བརླབས་ཀྱི། །སེམས་ཅན་ལེགས་དོན་འབྱོར་པ་ལ། །བགེགས་ནི་རྣམ་ཀུན་མེད་པར་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པ་ལྡན་པར་ཤོག །འགྲོ་ལ་ཕན་བདེས་ཁྱབ་གྱུར་ནས། །ནད་དང་མུ་གེ་ཀུན་བྲལ་ཞིང་། །རྒྱལ་པོ་དགེ་ཞིང་དེས་པ་རྣམས། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་དུས་ཀུན་ཏུ་དར་རྒྱས་ནས། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་ལེགས་བསྔོ་ཞིང་། །མགོན་པོ་མཆོད་རྟེན་མཐུ་དཔལ་གྱིས། །བདག་དང་བདག་འཁོར་སྦྱིན་བདག་རྣམས། །ཁྱད་པར་རྡོ་རྗེ་ཐེག་མཆོག་གི །རིམ་གཉིས་ཟབ་མོ་མཐར་ཕྱིན་ནས། །འབྲས་བུ་སྐུ་གཉིས་མཆོག་ཐོབ་ནས། །དོན་གཉིས་ཕུན་སུམ་ཚོགས་པར་ཤོག །དེ་ལྟར་གནས་སྐབས་མཐར་ཐུག་གི །དུས་དང་རྣམ་པ་ཐམས་ཅད་དུ། །ཆོས་སྐྱོང་རྒྱལ་པོ་དཔལ་མགོན་ཆེ། །ཁྱེད་དང་མི་འབྲལ་འགྲོགས་པར་ཤོག །བླ་མ་མཆོག་དང་ཡི་དམ་ལྷ། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །བདེན་པའི་བྱིན་རླབས་ལ་བརྟེན་ནས། །སྨོན་ལམ་འདི་དག་འགྲུབ་གྱུར་ཅིག །ད་ལྟ་སྙིགས་མ་ལྔ་བདོའི་དུས་འདི་ན། །བཀའ་གསང་རྨད་བྱུང་དོན་ལ་བདག་སྤྱོད་ཀྱི། །དམ་ཚིག་དབང་གི་ལུས་དང་གྲིབ་མ་ལྟར། །འགྲོགས་ཏེ་བདག་འཁོར་ལོངས་སྤྱོད་བསྲུང་ཞིང་སྐྱབས། །ཞེ་སྡང་གདུག་པའི་དགྲ་བགེགས་གང་བྱུང་དུས། །དཔལ་མགོན་ཁྱེད་ཀྱི་མཐུ་རྩལ་དེར་ཕྱུང་ཞིང་། །རྟགས་དང་ཆོ་འཕྲུལ་དངོས་སུ་བསྟན་པ་དང་། །མངོན་སྤྱོད་དྲག་པོའི་ཕྲིན་ལས་གྲུབ་པར་མཛོད། །མ་ཧཱ་ཀཱ་ལའི་མཆོད་སྤྲིན་བལ་པོ་བྷ་སུ་དྷ་རས་མཛད་པ་རྫོགས་སོ།། །།རྒྱུད་མཚོན་ཆ་སྔོན་རོལ་ལ་བརྟེན་ནས། བལ་པོ་བྷ་སུ་དྷ་རས་མཛད་པ། གནུབས་ཆེན་པོ་སངས་རྒྱས་རིན་པོ་ཆེ་ལ་གདམས་ནས་རིམ་པས་བརྒྱུད་དེ། འགྲོའི་སྔགས་འཆང་ནམ་མཁའི་རྣལ་འབྱོར་གྱིས། །བདག་བླན་གྱི་བན་དྷེ་དཔལ་ལྡན་མགོན་པོ་ལ། །ཐུགས་དགོས་བཞིན་པའི་སྒོ་ནས། །རྟ་ནག་གི་དབེན་གནས་བདེ་ཆེན་སྒྲོལ་པ་སྦུབ་ཏུ། །དག་ལུང་རྫོགས་པར་གནང་བ་ལགས་སོ། །བདག་སླན་བན་གྱི་བཀའ་བསྲུང་། །བསྟན་པ་བསྲུང་བའི་བ ཙས་སུ་ཆེའོ། ༈ །འབྲུབ་ཁུང་ལས་ཀྱི་ལེགས་ལྡན་དཀྱིལ་འཁོར་བཞུགས་སོ། ༈ །དཔལ་བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་ཉིད་དང་མཚུངས་པ་ལ། །གཟུགས་སྐུ་རྣམ་གཉིས་འགྲོ་བའི་དོན་སྤྲུལ་མཛད། །ལྔ་བཅུ་རྩ་བརྒྱད་སྤྲུལ་པ་ཡང་སྤྲུལ་ལ། །བདག་ཉིད་དང་བས་ཀུན་ནས་ཕྱག་འཚལ་ལོ། །མར་ཁུ་ལྟ་བུའི་བསྟན་པ་དམ་པ་ལ། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་ལས་འདི་བརྩམ། །དཀྱིལ་འཁོར་བདུན་པའི་ལས་རིམ་ལ། །ལས་ལ་སྦྱར་བའི་རིམ་པ་ནི། །ཀོ་ཀ་ཐང་དམར་མཚོ་ཡིན་ནོ། །འབྲུབ་ཁུང་དྲག་ཤུལ་ཅན་གྱི་གནས། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ། །དུར་ཁྲོད་བདག་པོ་འཁོར་དང་བཅས། །བདག་ནི་བཀའ་ཡི་ལས་མཁན་ཏེ། །སངས་རྒྱས་ཀུན་གྱི་གདུལ་དཀའ་བ། །དེ་དག་མ་ལུས་བདག་གི་འདུལ། །གསུངས་པའི་དོན་ནི་འདི་ཡིན་ཏེ། །ལས་ལ་སྦྱར་བ་གཉིས་སུ་བསྟན། །རྫས་བཤམས་པ་དང་ཏིང་འཛིན་ནོ། །རྫས་ནི་འབྲུབ་ཁུང་ལིདྒ་དང་། །འཁོར་ལོ་སྦྱིན་བསྲེག་མནན་པའོ། །འབྲུབ་ཁུང་རིམ་པ་གཞུག་ན་གསལ། །ལིདྒ་གྲོག་ཤིང་ས་དང་ནི། །ཁུང་ཧྲུལ་ས་དང་ཕུང་པ་དང་། །ཆུ་ཆེན་ཕར་འགྲམ་ཚུར་འགྲམ་ས། །རྗེས་ས་ལ་སོགས་ས་སྣ་ལྔ། །བཤང་གཅི་དགྲ་ཡི་ཁ་ཆུ་མིག་ཆུ་དང་། །ལུས་ཀྱི་དྲི་མ་གོས་དུམ་དང་། །ས་སྤྱིན་དག་དང་སྦྱར་བྱས་ལ། །ལིདྒ་ཕྱག་རྒྱ་བཞི་ཡིས་བརྒྱ། །སྙིང་ཁར་མིང་རུས་སྣེ་ནས་དཀར་ནག་གི་བཏགས་ལ། །ལིདྒའོ། །མདའ་དང་གསལ་ཞིང་རྣམས་ལ་འདུད། །ཛ་ཧཱུྃ་བཾ་ཧོ་བཞིའོ། །ཎི་དང་ནི། སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ། ཅེས་བྱ་བ་སྙིང་ཁར་གཞུག །འབྲུབ་ཁུང་གཞུག་ཅིང་རྟེན་ལ་འདུད། །མཁར་གྱི་ཕྱོགས་བཞི་དབུས་དང་ལྔ་གྲུ་གསུམ་ལྕགས་ཁང་རྣམས་སུ། །ཤོག་བུའི་ལིདྒ་གོང་བཞིན་གཞུག །རང་རང་རྟེན་རྫས་སྟེང་ནས་མནན། །དུས་བཞིར་ཚོགས་ཀྱི་ལྷག་མ་ལ། །གོང་གི་རྫས་བཅས་ལིདྒ་ནི། །དུས་བཞིར་བསྒྲལ་ཞིང་བསྐྱེད་པ་བསྟན། །མགོ་ངོས་ལིདྒ་མནན་པ་བྱ། །རྐང་ངོས་ལིདྒ་སྦྱིན་བསྲེག་བྱ། །འབྲུབ་ཁུང་ལས་ཀྱི་རིམ་པའོ། །ཏིང་ངེ་འཛིན་གྱི་རིམ་པ་ནི། །ད་ནི་ལས་ལ་སྦྱར་བ་ཡིས། །གཏོར་མ་ལ་སོགས་མཆོད་པ་རྣམས། །བསྒྲུབ་པ་ཆེན་པོའི་དུས་བཞིན་དུ། །དུས་བཞིར་ཚོགས་ཀྱི་མཆོད་པ་བྱ། །མཉེས་ཤིང་མགུ་བ་ཚུལ་བཞིན་བྱ། །གོང་བཞིན་ལྷག་མའི་ལིདྒ་བསྒྲལ། །ཇི་སྲིད་མཚན་མ་རྙེད་ཀྱི་བར། །ཡང་ན་གཙོ་འཁོར་འབུམ་དང་ཁྲི། །བཞི་སྙིང་ཅིག་ཏུ་དྲིལ་བའི་སྔགས། །རྔམས་པའི་ང་རོས་འདོན་པ་ནི། །བདག་ཉིད་དཔལ་ཆེན་ཧེ་རུ་ཀའི། །ཐུགས་ཀྱི་གསང་མཆོད་དག་ལ་ནི། །ཕྱི་ནང་གསང་བའི་རུ་ཏྲ་ཡིས། །འོད་ཟེར་རྣམ་པ་ལྔ་འཕྲོས་ཏེ། །ཕྱི་ཡི་རུ་ཏྲའི་ཐུགས་ཀར་ཐིམ། །དེ་ཡི་རུ་ཏྲ་ལྔ་སྤྲུལ་ཏེ། དེ་ནི་ཞབས་ཀྱི་ལོང་བུ་ལས། །གནོད་སྦྱིན་འཇིགས་ཚོགས་མང་སྤྲུལ་ཏེ། །སྟག་སྨད་ལ་སོགས་གཅན་ཟན་རྣམས། །བསེ་ཁྲབ་གྱོན་པའི་གནོད་སྦྱིན་དཔག་མེད་ཚོགས། །ཕྱག་གཡས་ལྕགས་ཀྱུ་དགྲ་བོའི་སྙིང་ནས་བཟུངས། །གཡོན་རུ་མཚོན་ནག་པོ་སྤྱི་བོ་ནས། །བཟུངས་སྟེ་རང་དབང་མེད་པར་དམིགས་བྱ་ཀུན། །ཚོར་བའི་ཕུང་པོ་བཅོམ་ནས་ང་རྒྱལ་གཙད་ནས་གཅོད། །གང་ལ་དམིགས་པའི་ཤ་ཆེན་གཙོ་ལ་སྟོབ། །ཤ་རུས་ཁྲག་དང་ནང་ཁྲོལ་ལ་སོགས་པ། །གཅན་ཟན་རྣམས་ཀྱིས་རབ་ཏུ་ཟ་བར་བསམ། །ཉིད་ཀྱི་རྩིབས་ལོགས་གཡས་གཡོན་མ་མོའི་ཚོགས། །འཕར་བ་རྐང་ལྡག་དྲེད་མོ་ལག་སྡེབ་དང་། །དཔལ་ལྡན་ལྷ་མོ་ནག་མོས་དམག་སྣ་དྲོངས། །ནག་མོ་སྨུག་མོ་དཀར་སེར་དམར་མོའི་ཚོགས། །ལྗང་མོའི་ཚོགས་ནི་སྤྲིན་ཕུང་ཙམ་སྤྲུལ་ནས། །གཡས་ན་ཁྲག་དང་དུག་དང་ནད་ཀྱི་ཐུན། །ཐོགས་ནས་དམིགས་བྱ་བསྒྲལ་བར་བྱེད་པར་བསམ། །གཡོན་པ་ཉམས་པ་དམིགས་བྱ་རྒྱུ་ཞགས་ཀྱིས། །སྐེ་ནས་ཁྲིད་ནས་རང་དབང་མེད་པར་བཀུག །འདུ་བྱེད་ཕུང་ཆོམ་ཕྲག་དོག་རྩད་ནས་བཅད། །ཐུགས་རྗེས་དམིགས་བྱའི་དྲི་ཆུ་གཙོ་ལ་བཏབ། །ཤ་རུས་ཁྲག་དང་ནང་ཁྲོལ་དབང་པོ་དང། །སྙིང་ལ་དྲེད་འཕར་ཟ་བྱེད་ཚོགས་ཀྱི་རོལ། །ཉིད་ཀྱི་སྟ་ཟུར་གཡས་གཡོན་ཁྲོ་བོའི་ཚོགས། །རྣམས་ཀྱི་སྤྲུལ་པ་སེང་གེ་ཕོ་མོ་རྣམས། །གཡུ་རལ་བསིག་ཅིང་གཅན་ཟན་སྤོས་མོའི་ཚོགས། །སྤྲུལ་པ་སྤྲིན་གྱིས་ཕུང་པོ་བཞིན་བྱུང་ནས། །གཡས་ཀྱི་ལྕགས་ཀྱུས་དམ་ཉམ་དམིགས་བྱའོ། །སྙིང་ནས་བཟུང་ནས་རང་དབང་མེད་པར་དེ། །བཀུག་ནས་གཡོན་པའི་ཡུངས་ཟོར་དམིགས་བྱ་ཡིས། །སྙིང་མཁར་བརྡེག་ཅིང་དེ་ཡི་ཕུང་པོ་བཅོམ། །ཞེ་སྡང་རྩད་ནས་བཅད་ཅིང་བྱང་ཆུབ་སེམས། །བདུད་རྩི་ཁྲོ་རྒྱལ་གཙོ་ལ་འབུལ་བར་བསམ། །ཤ་རུས་ཁྲག་དང་ནང་ཁྲོལ་སེང་གེ་ལ། །སོགས་པ་མཆེ་བ་ཅན་གྱི་རོལ་བར་བསམ། །དེ་ཉིད་སྨིན་བཙུབ་གཡས་གཡོན་སྲིན་པོ་དང་། །སྲིན་མོའི་ཚོགས་ནི་སྤྲིན་ཕུང་བཞིན་སྤྲུལ་ནས། །བྱ་ཁྱུང་ལ་སོགས་འདབ་ཆགས་ཡང་སྤྲུལ་དང་། །གཟའ་མཆོག་ལ་སོགས་སྲིན་པོ་སྲིན་མོའི་ཚོགས། །ཕྱག་གཡོན་སྦྲུལ་ཞགས་དམིགས་བྱའི་སྐེ་ནས་བཟུངས། །གཡས་ཀྱི་མཚོན་ཆས་སྤྱི་བོ་གཟིར་ཅིང་མནན། །རང་དབང་མེད་པར་བཀུག་ནས་འདུ་ཤེས་བཅོམས། །གང་ལ་དམིགས་ནས་འདོད་ཆགས་རྩད་ནས་གཅོད། །རཀྟ་གཙོ་ལ་སྟོབས་ཅིང་ཤ་རུས་རྣམས། །ནང་ཁྲོལ་སྤྱང་ཚོགས་གཏུམ་ཚོགས་ཟ་བར་བསམ་ཟེར་བ་འདུག་ནང་ཁྲོལ་བཅས་སོགས་གཏུམ་སོགས་ཟ་བར་བསམ། །ཐུགས་ཀྱི་གསང་བའི་མགོན་པོ་ལྗང་སྔོན་ནི། །དྲག་པོ་གསལ་ཤིང་ཅན་ནི་མང་སྤྲུལ་ནས། དམིགས་བྱ་བཀུག་ནས་རྣམ་ཤེས་ཕུང་པོ་བཅོམ། །གཏི་མུག་རྩད་གཅོད་དྲི་ཆེན་གཙོ་ལ་སྟོབས། །ཤ་རུས་ཁྲག་དང་ནང་ཁྲོལ་འཁོར་སྤྲུལ་པ། །ཀུན་གྱི་ཟ་ཞིང་དུག་ལྔ་རྩད་ནས་གཅོད། །དུག་ལྔ་ཕུང་པོ་ལྔ་ནི་གནས་འགྱུར་བ། །བདུད་རྩི་ཡེ་ཤེས་ལྔ་ནི་རིགས་ལྔར་བསམ། །སྤྱོད་ལ་མ་ཆགས་སྟོང་ཉིད་རྡོ་རྗེར་སྦྱངས། །བྱས་ན་ཉོན་མོངས་རྡུལ་གྱིས་གོས་མི་འགྱུར། །གཙོ་འཁོར་རྣམས་ཀྱི་སྔགས་བཟློས་ཏིང་ངེ་འཛིན། །འཁོར་ལོ་གསལ་ཅེས་ཕལ་ཆེར་འདི་ཉིད་དོ། །སྐབས་སྐབས་དག་ཏུ་འཁོར་ལོ་བྱིན་རླབས་ཏིང་འཛིན་ནི། །འཁོར་ལོ་ཆེ་གེའི་མ་ནི་བླ་མ་བདག་ལས་བླངས། །དེ་ལྟར་དུས་བཞིར་ཚོགས་མཆོད་དབུལ་ཞིང་བསྒྲལ། །དུས་བཞིར་ལྷག་མའི་སྟབས་པ་བྱ་བའི་རིམ་པ་ནི། དང་པོ་ཕྱོགས་བཞི་དབུས་ལྔའི་ལིང་ཆེན་བསྒྲལ། ཏིང་འཛིན་རིམ་པ་ད་ལ་བདུན་པ་ལས། མཐུ་འཇུག་ཁྲིད་པའི་སྦྱོར་ཐབས་ཀྱིས། །བདུད་རྩི་ལྔ་ཡིས་དངས་སྦྱོར་བས། །གཤུང་པ་ལྔ་ནི་བདུད་རྩིར་བསྒྱུར། །བྱས་ལ་མི་སོགས་ཕྲིན་ལས་ཀྱིས། །སྤྱོད་པ་ཡེ་ཤེས་མ་ཆགས་པས། །ཐམས་ཅད་སྟོང་ཉིད་རྡོ་རྗེར་སྦྱངས། །ཞེས་པའི་དོན་རྣམས་འདི་ཡིན་ཏེ། །དང་པོ་སྣང་སྲིད་ལྷ་འདྲེའི་ཚོགས་རྣམས་ལ། །གསེར་སྐྱེམས་བཏང་ཞིང་མ་ཉེས་གཟུ་དཔང་གསོལ། གཉིས་པ་བཛྲ་བདག་ཉིད་ཧེ་རུ་ཀའི་ང་རྒྱལ་ཀྱིས། །ཐུགས་ལས་ཨེ་འཕྲོས་འབྲུབ་ཁུང་གཟི་བྱིན་སྐྱེད། །ཕྱག་རྒྱ་རྡོ་རྗེ་སྡམས་པས་སོར་མོ་ནང་དུ་རྐྱང་བ་ནི། །མེེ་འབར་ལྟ་བུར་བྱས་ལ་ཨེ་རམ་ཞེས། །བརྗོད་པས་འབྲུབ་ཁུང་ལྕགས་ཁང་ནང་ནས་མེ་འབར་བསམ། གསུམ་པ་གང་ལ་དམིགས་བྱ་སྟེ། དགུག་ཅིང་རྟེན་ལ་སྟིམ་པའི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་རྒྱབ་སྤྲད་མཐེའུ་ཆུང་། །ལུ་གུ་རྒྱུད་སྦྲེལ་འཛུབ་གཉིས་ལྕགས་ཀྱུའི་ཚུལ། ༀ་བུར་ཀུར་ཨི་ཙི་ཀེ་ཕྱི་ཨུ་ཙུ་སྨ་ཀྲོ་དྷ་ཆེ་གེ་མོ་བཛྲ་ཨངྐུ་ཨ་ཀཪྵ་ཡ་ཧཱུྃ་ཛ་ཛཿ ཎི་ཡང་ཛ་ཛཿ ཞེས་པའི་སྔགས་ཀྱིས་དམིགས་བྱ་དབང་མེད་བཀུག །ཏིང་འཛིན་བདག་གི་ཐུགས་ལས་གྱིང་ཆེན་འཁོར་དང་བཅས། དཔག་ཏུ་མེད་པ་སྤྲིན་ཕུང་བཞིན་སྤྲོས་ནས། ཕྱག་གཡས་ལྕགས་ཀྱུས་དམིགས་བྱའི་སྙིང་བཟུང་ནས། གཡོན་གྱི་རྒྱུ་ཞགས་སྐེ་ནས་འཁྲིད་པར་བསམ། བཞི་པ་ལིང་གའི་ཎི་ལས་དམིགས་བྱ་ཡིས། ཤེས་པ་གསལ་བསྐྱེད་དགུག་ལ་སྟིམ་པ་ནི། རྩ་བའི་སྔགས་ལ་ཆེ་གེ་མོ་ཨཀྴ་ཡ་ཅེས་པས་བསྟིམ་པར་ཐིམ་པར་བསམ། ལྔ་པ་ལྷ་དང་བྲལ་བ་ལྷ་ནི་ལྔ། ཕོ་ལྷ་དགྲ་ལྷ་ཡུལ་ལྷ་སྲོག་ལྷ་དང་། །མོ་ལྷ་ལྔ་སྟེ་རྫས་ཀྱི་དབྲལ་བ་ནི། །གཡག་དང་བོན་པོར་རྫུ་ན་ཕོ་ལྷ་ཡིན། །ལྷམ་འབོག་ཤ་ཆེན་གུ་གུལ་ནག་པོས་བདུག །སྟག་གམ་རྟ་པ་གེགས་བྱེད་དགྲ་ལྷ་ཡིན། །ཁྱི་ལུད་ཚིལ་ཆེན་གུ་གུལ་ནག་པོས་བདུག །བགེགས་བྱེད་མེད་པར་འགུགས་དཀའ་སྲོག་ལྷ་ཡིན། །ལྷམ་འབོག་ཡུངས་ནག་སྐེ་ཚེ་ཚིལ་ཆེན་དང་། །གུ་གུལ་ནག་པོ་བསྲེག་ཅིང་བདུག་པར་བྱེད། །ཤ་བའམ་བུད་མེད་བཟང་པོས་བསྲུང་ན་མོ་ལྷ་ཡིན། །ཁྱི་ལུད་ཚིལ་ཆེན་ཡུགས་སའི་དོར་རྟས་བདུག །ཞང་བློན་བོན་པོ་རྫུ་ན་ཡུལ་ལྷ་ཡིན། །ཁྱི་ལུད་དོར་རྟ་གུ་གུལ་ནག་པོས་བདུག །གཞན་ཡང་བན་དྷེ་དག་དང་འགྲེས་གྱུར་ན། །ཁོ་ཡི་ཡི་དམ་གང་བྱེད་འཁོར་ལོ་བྲི། །བདག་གི་འོག་བཅུག་གུ་གུལ་དམ་རྫས་བདུག །རྒྱལ་པོ་སྣ་ཚོགས་བསྲེག་ཅིང་དང་འདྲེས་ཁྱི་ལུད་ཚ་བ་ལྔ། །ཟ་འོག་གུ་གུལ་ནག་པོ་བསྲེག་ཅིང་བདུག །བོན་པོ་དང་འགྲས་ལྷམ་འབྲོག་ཁྱི་ལུད་དང་། །ཤ་ཆེན་གུ་གུལ་ནག་པོས་བསྲེག་ཅིང་བདུག །མི་ནག་དང་འགྲས་དོར་རྟ་ཚིལ་ཆེན་དང་། །ཁྱི་ལུད་གུ་གུལ་ནག་གསུམ་པོ་བསྲེག་ཅིང་བསྲེས་ཅིང་བདུག །སྤྱིར་ནི་གོང་གི་རྫས་ཏེ་གླང་རུའི་ཞོགས་མ་དང་། །རྟ་དུག་རྨ་ཁ་རྒྱལ་ཚིལ་རྟ་སྦངས་རྣམས་བསྲེག་ནས། །ཆ་སྙམ་ཞིབ་རྟགས་གུ་གུལ་ནག་པོའི་ཆུས་སྦྲུས་སྟེ་སྲན་མ་འབྲིང་པོའི་ཚད་ཙམ་བསྲེག །ལྷ་དང་བྲལ་ཞིང་དྲག་པོའི་སྟང་སྟབས་བྱ། །རུ་ཟོར་འཕང་ཞིང་དྲག་པོའི་ཕྲིན་ལས་བཅོལ། །སྔགས་དང་དམིགས་བྱའི་མིང་སྤེལ་དྲག་སྔགས་བཟླས། །ཕོ་ཉ་དུས་བཞིར་བསྐུལ་ཞིང་ཟོར་འཕང་སྟེ། །རྩ་བའི་སྔགས་ལ་ཆེ་གེ་དེ་བ་པྲ་བེ་ཤ་ཡ་ཕཊ། རྟགས་པ་ལ་རྫས་དུད་བདུག་ཅིང་དམིགས་བྱ་དེ། །མཐུ་རྩལ་མགོན་མེད་སྐྱབས་དང་བྲལ་བར་བསམ། །སྔགས་དུག་ཐུན་གཞི་སྙིང་དྲིལ་ལ་བཟླས། །ལིདྒ་ལ་བྲབ་ཤེས་པ་མྱོས་ཤིང་བརྒྱལ། །ལུས་རེངས་གཅེར་བུ་སྐྲ་གཟིངས་སྐྱབས་བྲལ་བསམ། །དྲུག་པ་བསྒྲལ་བའི་ཏིང་འཛིན་རིམ་པ་ནི། །བདག་ཉིད་བཛྲ་ཧེ་རུ་ཀའི་ཐུགས་ཁ་ནས། །གསལ་བའི་མགོན་པོ་ལྗང་སྔོན་གསལ་ཤིང་ཅན། །སྔོན་དུ་བསྙེན་ཕུལ་མངའ་གསོལ་ཐུགས་རྗེས་བསྐུལ། །ཡེ་ཤེས་ལྔ་ལྡན་བྱང་སེམས་གསལ་ཤིང་བསམ་སྔོན་དུ་བསྙེན་པ་ཕུལ་བའི་བུ་གའི་མཚོན་ཆ་ནག་པོ་ཐོགས་ཏེ་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་བྱང་སེམས་དཀར་ལ་འཚེར་བ་རྣམ་རྟོག་གི་སྐྱོན་གང་གིས་ཀྱང་མ་གོས་པར་བསམ། སྔོན་དུ་བསྙེན་ཕུར་མངའ་གསོལ་བའི་ཕུར་པ་ནག་པོ་བླངས། བསྐུལ་བ་ཡེ་ཤེས་ལྔ་ལྡན་བྱང་ཆུབ་སེམས་ཀྱི་གསལ་ཤིང་བསམ་ཟེར་བ་འདུག །གསལ་ཤིང་ཤ་དང་ལྤགས་པ་བྲལ། །ཁ་སྦྱོར་ཆེ་ལ་བསྒྲལ་བའི་ལས་བྱའོ། །འཚོར་བའི་ཕུང་པོ་སྙིང་གི་སྒོ་ལྔ་བཅད་ཞེ་སྡང་རྩད་ན་བཅད། མེ་ལོང་ཡེ་ཤེས་རྟོགས་ནས་རྡོར་སེམས་སྐུ་རྒྱུ་བསམ། སྙིང་ནས་འོད་ནི་ཚོན་གང་ཐལ་བྱུང་ནས། །འདུ་ཤེས་རྩད་བཅད་འབྱུང་ལྡན་སྐུ་རུ་བསམ། །ང་རྒྱལ་ཉོན་མོངས་རྩད་བཅད་མཉམ་ཉིད་ཡེ་ཤེས་རྟོགས། །ཁྲག་གི་སྦལ་པ་བྱེའུའི་ཀླད་པ་ཙམ། །དེ་ཉིད་ཐལ་བྱུང་འདུ་ཤེས་ཕུང་པོ་བཅོམ། །འདོད་ཆགས་རྩད་བཅད་མཐའ་ཡས་སྐུ་རུ་བསམ། །སོར་རྟོགས་ཡེ་ཤེས་ལྟ་བ་ངང་གི་གསལ། །ང་རྒྱལ་ལྷའི་བུའི་རྣམ་ཤེས་ཕུང་པོ་བཅོམ། །དེ་ཉིད་དོན་ཡོད་གྲུབ་པའི་སྐུ་རུ་གསལ། །ཕྲག་དོག་རྩད་བཅད་ཉོན་མོངས་བྱ་གྲུབ་ངང་དུ་གསལ། །མཚོན་ཆ་ནག་པོ་བྱང་སེམ་དཀར་ལ་འཚེར། །དམིགས་བྱའི་ཚེ་ནི་བ་མོ་བརྒྱ་བཏགས་འདྲ། །རྡོ་ཚན་མཆིལ་མ་བཞིན་དུ་གསལ་ཤིང་ལ། །འདུས་ཤིང་གཏི་མུག་ཕུང་པོ་བཅོམ་པར་བསམ། །ཆོས་དབྱིངས་ཡེ་ཤེས་གསལ་བས་གཟུགས་ཕུང་བཅོམ། །རྣམ་སྣང་སྐུར་གྱུར་སྟོང་ཉིད་རྡོ་རྗེར་སྦྱངས། །བག་ཆགས་རྡུལ་མ་གོས་པས་བྱང་སེམས་དང་། །སྡིག་པས་མ་གོས་མིག་སོགས་ཕྲིན་ལས་ཡིན། །འབྱུང་བ་ལྔ་ནི་དུག་ལྔ་ཕུང་པོ་ལྔ། །བདུད་རྩི་ལྔ་སྦྱོར་ཡེ་ཤེས་རིག་ལྔར་གསལ། །འདི་རྣམས་སྦྱོར་སྒྲོལ་ལམ་ཟབ་ཐབས་མཆོག་འདི། །ཤེས་རབ་མཆོག་གྱུར་ལྟ་བ་རྟོགས་པ་ཡི། །སྤྱོད་ཡུལ་ཙམ་ཡིན་ཀུན་གྱི་སྤྱོད་ཡུལ་མིན། །དེ་ལྟར་མ་ཡིན་ལྟ་བ་དམན་ཞིང་ཤེས་རབ་ཞན། ཞེ་སྡང་རྒྱུན་གྱི་དམིགས་བྱ་རླག་འདོད་དོན་འདི་གསུངས། དང་པོ་ཞེ་སྡང་མེ་ཡིས་དམིགས་བྱ་བཀུག །གཉིས་པ་ང་རྒྱལ་བདག་གི་ཤེས་པ་རྟེན་ལ་སྟིམ། གསུམ་པ་འདོད་ཆགས་ལྷ་ལྔས་གོང་བཞིན་ལྷ་དང་བྲལ། བཞི་པ་ཕྲག་དོག་ཉོན་མོངས་ཡིད་ཅན་བསྒྲལ་བ་ནི། བདག་ཉིད་དཔལ་ཆེན་ཧེ་རུའི་ཐུགས་ལས་འཕྲོས་པས། གསང་བའི་མགོན་པོ་བསྐུལ་ཞིང་སྲོག་བཅད་པར་གཞུག །ཕོ་ཉ་དུས་གཞིར་བསྐུལ་ཞིང་མཚོན་ཆ་ནག་པོ་བརླག །ཁྲོ་ཚོགས་མང་པོ་སྤྲུལ་ཅིང་གནས་འདུན་གདམ། །གནོད་སྦྱིན་འཇིགས་བྱེད་ཚོགས་ནི་སྤྲིན་ཕུང་རྩལ། །སྤྲོ་ཞིང་དམིགས་བྱའི་ལྷ་རྟེན་བཅོམ་པ་རུ། །བསམ་ཞིང་རྒྱུག་ཟེར་སྙིང་གི་དཀྱིལ་དུ་བརྡེག །ཟ་བྱེད་མ་མོའི་ཚོགས་ཀྱི་ཁྲག་དང་དུག་ཐུན་ཐོགས། །དམིགས་བྱ་མྱོས་ཤིང་བརྒྱལ་བར་བྱས་ལ་གནད་གཏོང་བསམ་བྲབས་པར། ཁྲོ་བོ་གྱིང་གི་ཚོགས་ཀྱི་ཁྲོ་ཚོགས་མང་། །སྤྲུལ་ནས་ཡུངས་དཀར་སྐྱེ་ཟོར་སྙིང་གི་དཀྱིལ་དུ་འཕང་ཞིང་རྡེག །གསུམ་པ་ཟོར་དཀར་ནག་མཚམས་སུ་འཕང་ཞིང་བརྡེག་ཟེར་བ་འདུག །སྲིན་པོའི་དམག་ཚོགས་སྟག་དང་དོམ་དང་མཆེ་བ་ཅན་རྣམས་དང་། བདུད་བྱ་ཁྲ་ཐབས་མང་སྤྲུལ་ཤ་ཁྲག་ཟ་བར་བསམ། ཚོགས་བདག་མར་བསྐུལ་གྲུག་གི་དམིགས་བྱ་བཀུག །གོང་དུ་གསུང་བཞིན་བསྲེག་དང་སྟབས་དང་མནན་པ་བྱ། བཞི་སྙིང་དྲིལ་བ་འབུམ་དུ་བཟླས་ལ་དབུལ་ཞིང་ལིདྒ་བསྒྲལ། འཁོར་ལ་ཁྲི་ཚོ་རེ་ཡི་ཕྱོགས་བཞིའི་ལིདྒ་བསྒྲལ། ཉི་ཤུ་རྩ་བརྒྱད་ཀྱི་ཉིན་མོ་ལྷོ་ཡི་ལིང་ཆེན་བསྒྲལ། ཁྲོ་བོ་གནོད་སྦྱིན་ཆེན་པོ་བསྟབ་པའི་བྲོ་བརྡུངས་ལ། ཉི་ཤུ་དགུ་ཡི་ནུབ་མོ་སྦྱིན་བསྲེག་ལས་སྦྱོར་རྩམ། གཏད་ཁྲམ་མནན་པའི་ལས་ཀྱང་དེ་ཡི་ནུབ་མོ་རྩམ། གནམ་སྟོང་བདག་ལ་ཚོགས་མཆོད་བཤམས་ཤིང་མཆོད་པ་དབུལ། བསྐང་གསོ་བྱས་ལ་བཀྲ་ཤིས་གསོལ་ཤིང་ལྷག་གཏོར་བཏང་། ཡེ་ཤེས་གཤེགས་གསོལ་དམ་ཚིག་བདག་ལ་བསྡུ། །འདི་དག་ནི་ལས་སྦྱོར་ཏིང་འཛིན་རིམ་པ་ཡིན། ཨཐྎ། །མི་ཕམ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཚོགས་བདག་མགོན་པོ་འཁོར་བཅས་ཀྱི། །བསྙེན་དང་ཉེ་བའི་བསྙེན་པ་དང་། །བསྒྲུབ་དང་བསྒྲུབ་པ་ཆེན་པོ་ཡིས། །ལས་སྦྱོར་རིམ་པ་མདོ་ཙམ་བྲི། །དང་པོ་བསྙེན་པའི་རིམ་པ་ནི། །དཀྱིལ་འཁོར་བདུན་པའི་རིམ་པ་ལས། །བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ནི། །དང་པོ་རྟེན་རྫས་ཚོགས་པར་བཤམ། །ལྷ་ཡི་བསྙེན་པ་རྫོགས་པ་དང་། །ཚོགས་བདག་འཁོར་བཅས་བསྐྱེད་པ་ནི། །རི་བོ་བྱན་སླག་འཆོངས་ཀྱི་རྩེར། །མ་ལ་ཡ་ཡི་རྩེ་མོ་རུ། །ཀོ་ཀ་ཐང་དམར་རྒྱ་མཚོའི་ངོ་། །བམ་རི་ཐོད་པའི་མཁར་རྩེ་ལ། །སྟེང་ན་བདུད་བྱ་ནག་པོ་གནས། །བདུད་ཀྱི་རུ་མཚོན་པུ་རུ་རུ། །དེ་ནང་གྲུ་གསུམ་ལྕགས་མཁར་འབར། །ཚོགས་བདག་ཡབ་ཡུམ་བཞུགས་པའི་གནས། །ཕྱོགས་བཞི་གྲུ་གསུམ་ལྕགས་མཁར་བཞི། །གནོད་སྦྱིན་ལ་སོགས་འཁོར་བཞི་གནས། །དེ་དག་གསལ་བར་བསྒོམ་པར་བྱ། །དེ་རུ་འཁོར་བཅས་བདག་ཧེ་རུ་ཀ་གསལ་བའི་ཐུགས་ཀ་ནས་རྒྱུ་ཞེས་བརྗོད་པས་དབུས་སུ་བསམ། གཅེར་བུ་བྱ་ཡི་གཤོག་པ་ཅན། བསྐྱེད་པ་ནི་འདི་རིམ་པ་བསྟན། དབུས་སུ་རྒྱུ་ལས་ཚོགས་བདག་བསྐྱེད། །ༀ་བུར་ཀུར་མ་ཧཱ་ཀ་ལ་ས་མ་ཡ་ཧཱུྃ་ཕཊཿ སྔགས་དེ་བརྗོད་པ་ཙམ་གྱི་ནི། ལེགས་ལྡན་ནག་པོ་བདུད་ཀྱི་རྗེ། །ཝ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད། །ཕྱག་ན་གྲི་གུག་རྡོ་རྗེས་མཚན། །གཡོན་པ་བྷནྡྷ་ལྕང་ལོ་ཅན་ཁྲག་གིས་བཀང་བ་བསྣམས། །མཆེ་གཙིགས་ཞལ་གདང་ལྗགས་འདྲིལ་ཞིང་། །དུར་ཁྲོད་ཆས་བརྒྱད་རྒྱན་གྱིས་བརྒྱན། །ཧ་ལ་ཧ་ལའི་སྒྲ་སྒྲོགས་ཤིང་། །རོ་ཡི་གདན་ལ་བརྐྱངས་བསྐུམ་དུ་བཞུགས་པ། དམིགས་བྱ་ཁྲོས་པའི་སེམས་ཀྱིས་མནན། གཡོན་དུ་ཉེ་གནས་ཀྲོ་ཏི་ཤྭ་རི་སྐུ་མདོག་སྔོ་སྐྱ་གཡས་ཡབ་ལ་ཁྱུད་པ། གཡོན་བྷནྡྷ་དམར་གྱིས་གང་བ་བསྣམས་པ། མཁར་ནག་ལྕགས་ཁང་ནང་དུ་བསྐྱེད། །ལྷོ་ཡི་ལྕགས་ཁང་ར་བ་རུ། །ཡ་སམ་འོད་དུ་ཞུ་བ་ལས། །ཡཀྴ་ཛྭ་ལ་ས་མ་ཡ། །ཅེས་པས་གནོད་སྦྱིན་ཟངས་ཐོགས་ཡབ། བསེ་གདོང་ཟངས་མགྲིན་རྫུ་འཕྲུལ་ཡུམ། །ཡབ་ཡུམ་གཉིས་ལ་འཁོར་གྱི་སྲས། །ཟོར་གྱི་རྒྱལ་པོ་མཆེད་བཞི་དང་། །བསེ་ཡི་སྐྱེས་བུ་དྲུག་ལ་སོགས། །བསེ་ཡི་མི་རེང་བཞི་བཅུ་གཉིས། །གནོད་སྦྱིན་ཚོགས་ཀྱི་ཕྱག་ན་ནི། །རྒྱུ་ཟོར་མདའ་ཟོར་སྤུངས་ཟོར་དང་། །ཐོད་ཟོར་ཐོག་པ་དཔག་མེད་བསམ། །བྱང་གི་མཁར་དུ་ཡི་གེ་རྩ། །དེ་ཉིད་འོད་དུ་ཞུ་བ་ལས། །ཙིཏྟ་ཛྭ་ལ་ས་མ་ཡ། །ཅེས་པས་ཟ་བྱེད་མ་མོའི་ཚོགས། །དཔལ་ལྡན་ལྷ་མོ་ནག་མོ་ཆེ། །ཚིབས་སུ་དྲིལ་རྟ་རྐང་གསུམ་ཆིབས། །གཡས་ན་གཤིན་རྗེའི་ཁྲམ་ཤིང་བསྣམས། །གཡོན་ན་ནད་ཀྱི་རྐྱལ་པ་ཐོགས། །དེ་ཡི་འཁོར་དུ་མ་མོའི་ཚོགས། །དཀར་སེར་དམར་སྨུག་ཕྱག་ན་ནི། །ཁྲག་དང་ནད་རྐྱལ་ཐོགས་པའི་ཚོགས། །སྤྲིན་གྱི་ཕུང་པོ་ཙམ་དུ་གྱུར། །ཤར་གྱི་མཁར་དུ་ཡི་གེ་བ། །དེ་ཉིད་འོད་དུ་ཞུ་བ་ལས། །བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ། ཅེས་པས་ཁྲོ་བོ་གྱིང་གི་ཚོགས། །ཕྱག་ན་ཡུངས་དཀར་མཚོན་བསྣམས་པ། །སྣ་ཚོགས་སྤྲིན་ཕུང་ཙམ་དུ་གྱུར། །ནུབ་ཀྱི་མཁར་དུ་ཡི་གེ་ར། །དེ་ཉིད་འོད་དུ་ཞུ་བ་ལས། །རཀྴ་ཛྭ་ལ་ས་མ་ཡ། །ཅེས་པས་སྲིན་པོ་མགོ་དགུ་པ། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །མགོ་ལུས་མེད་པར་མིག་གི་གང་། །ལག་ན་སྦྲུལ་ཞགས་གྲི་གུག་ཐོགས། །དེ་ནི་སྲིང་མོ་གདོང་མོ་བཞི། །སྲིན་པོའི་རྒྱལ་པོ་ཆེན་པོ་བཅུ། །ལ་སོགས་སྲིན་པོ་སྲིན་མོའི་ཚོགས། །སྤྲིན་གྱི་ཕུང་པོ་ཙམ་དུ་གྱུར། །དེ་ལྟར་དྲག་པོ་འཁོར་བཅས་བསྐྱེད། །རི་བོ་བྱན་བརླག་འཆོང་གྱི་རྩེ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དཀྱིལ། །འབྲུབ་ཁུང་དྲག་ཤུལ་ཅན་གྱི་གནས། །བམ་རི་ཐོད་པ་མཁར་གནས་ནས། །དྲག་པོ་འཁོར་དང་བཅས་པ་བཀུག །བདག་ཉིད་དཔལ་ཧེ་རུའི་ཐུགས་ཁ་ནས་ཁྲོ་བོ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། ལྕགས་ཀྱུའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་རྒྱབ་སྤྲད་དེ། མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ལ་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བཀུག་པ་དང་། སྔགས། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་བུར་ཀུར་མ་ཧཱ་ཀ་ལ་ས་མ་ཡ་ཧྲིཾ་ཧྲིཾ། ཨཾ་གུ་ཤ་ཛ་ཛ། ཞེས་བརྗོད་པས་དྲག་པོ་འཁོར་དང་བཅས་པ་ཁྲོ་བོ་དང་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྙིང་ནས་བཟུང་སྟེ་དགུག་པ་ནི་དྲག་པོ་འཁོར་དང་བཅས་པའོ། །དེ་ཉིད་དགུག་ནས་མདུན་ན་གནས་པ་ངག་ཏུ། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ཧ་ལ་ཧ་ལ་བྷྱོ། ཧུ་ལུ་ཧུ་ལུ་བྷྱོ། རཀྴ་ཤྲི་ཧེ་རུ་ཀ་རུ་ཏྲ་མ་ཏྲ་ཧ་ཧ་ཧཾ། ཞེས་བརྗོད་དོ། །དྲག་པོ་འཁོར་དང་བཅས་པ། བདག་ཉིད་དཔལ་ཧེ་རུ་ཀའི་ང་རྒྱལ་དུ་གསལ་བས་ཞལ་དུ་རྔུབས་ཏེ་མི་གཙང་བའི་སྣམ་ནས། མདུན་དུ་བསྐྱེད་པ་ལ་བསྟིམ། དེའི་སྡིག་པ་དག་པ་དང་། འཇིགས་སྐྲག་དངས་ནས། བདག་ལ་དེ་རིང་ཕན་ཆད་ལས་ཅི་བགྱི་བཀའ་སྩོལ་ཅིག་ཟེར་བར་བསམ་པ་ནི་ཞལ་དུ་རྔུབ་ཅིང་སྣམ་ནས་བཏོན་པས་མིང་གི་རྣམ་གྲངས་དང་བཅས་པའོ། །དཔའ་བོ་ཆེན་པོ་དགོངས་སུ་གསོལ་ཞེས་པ་ལ་སོགས་པ། བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་བ་འདེབས་པར་བསམ་མོ། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཕཊ། ཏ་ཀེཾ་ཏ་ཀེཾ་ཕཊ། ཧ་ལ་ཧ་ལ་རཾ། ཀྲོ་ཏ་ཀྲོ་ཏ་ཡཾ། ཏྲིཀྞ་ཏྲིཀྞ་ཁཾ། ༀ་མུཾ་ཧཱུྃ། སྐལ་ལྡན་འདུས་པའི་ཚོགས་ཆེན་ཁྱེད། །ཅེས་པས་སྤྲོ་བ་བསྐྱེད་པར་བསམ། དྲག་པོ་འཁོར་དང་བཅས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གསོལ་བ་འདེབས་པར་བསམ་མོ། །དེ་ནས་བདག་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས་ཆོས་སྲུང་འཁོར་དང་བཅས་པའི་ལྕེ་ལ་བདུད་རྩི་བཞག་ཏེ་ངག་ཏུ། ༀ་བཛྲ་ཨ་མྲྀ་ཏ་ཨ་ཧི་ཧི་སརྦ་མཎྜ་ལ་ཧཱུྃ། ཨ་བི་ཥིཀ་ཧྲཱིཿཋཱ། ཅེས་པས་བདུད་རྩིས་དབང་བསྐུར་དུ་བཅུག་ལ་ཆོས་སྲུང་དམ་ཅན་དུ་མངའ་གསོལ་བསམ་མོ། །ནར་བུ་ཚར་བུ་ཞེས་མནའ་སྒག་པར་བསམ་མོ། །དེ་ལ་ཉེ་བའི་འབྱོར་པའི་མཆོད་པ་ལྔ་དབུལ་བ་ནི། ༀ་བུར་ཀུར་མ་ཧཱ་ཀ་ལ་ཨེ་ཧོ་ཤྭ་མོ་ཀྲོ་དྷ། དྷུ་པྤེ། པུཥྤེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝི་དྱ། པཱུ་ཙ་ཧཱུྃ། ཅེས་མཆོད་པ་དབུལ་ཏེ། དེ་ནས་དམ་རྫས་བསྔོ་བ་ནི། བཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྔོ་ལ། ༀ་བུར་ཀུར་མ་ཧཱ་ཀཱ་ལ་ཨེ་ཧོ་ཤྭོ་མོ་ཀྲོ་དྷ། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། བ་སུ་ཏ་ཁཱ་ཧི། ཙིཏྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སརྦ་ཤ་ཏྲུཾ་མ་ར་ཡ་ཁཱ་ཧི། ཅེས་ཆོས་སྲུང་ཉིད་ལ་ཕུལ་བས་མཉེས་པར་བསམ་མོ། །དེ་ནས་འཁོར་རྣམས་བཞི་ལ་དབུལ་བའི་སྔགས་ནི། ཡཀྴ་ཛྭ་ལ་ས་མ་ཡ་ཁཱ་ཧི། ཅེས་པས་མཆོད་པ་དབུལ་བ་ནི་དྲག་པོ་མཆོད་པ་བསྟབ་ཅིང་མངའ་གསོལ་བའོ། །དྲག་པོས་དབང་ཡོན་དབུལ་ཞིང་མནའ་བསྐྱལ་བར་བསམ་མོ། །དཔའ་བོས་ཞལ་གྱིས་བཞེས་ཤིང་ཟིལ་གྱིས་མནན་པ་ནི། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ཧ་ལ་ཧ་ལ་བྷྱོ། རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །རཀྴ་ཤྲཱི་ཧེ་རུ་ཀ་རུ་ཏྲ་མ་ཏྲ་ཧ་ཧ་ཧཾ། ཞེས་ལན་གསུམ་བརྗོད། དེ་འབངས་སུ་བསྡུས་པས། དྲག་པོ་འཁོར་དང་། བཅས་པ་འཇིགས་དངས་སྐྲག་ནས། དེ་རིང་ཕན་ཆད་ཁྱེད་ཀྱི་བཀའ་ཉན་ཅིང་གསུང་སྡོད་པས་ལས་ཅི་བགྱི་ཟེར་བར་བསམ་མོ། །དེའི་སྔགས་ཀྱི་དོན་བསྟན་པ་ནི། ཀུན་བས་ང་ཆེ་བས། ཧ་ལ་ར་ལ་བྷྱོ། གཞན་རྣམས་ཟིལ་གྱིས་མནན་པས་ནི། རུ་ལུ་རུ་ལུ་བྷྱོ། དཔལ་ཆེན་པོའི་བཀས་དབང་དུ་བསྡུ་པ་ནི། རཀྴ་ཤྲཱི་ཧེ་རུ་ཀ་རུ་མ་ཏྲ་ཧ་ཧ་ཧི་ཕཊ་བྷྱོ། ཧཱུྃ་ཀུན་ལ་ཟ་བས་བདུད་ནག་པོ། དེ་འཇོམས་དེ་འདུལ་གཟའ་མཆོག་གོ། །དེ་ཡི་དེ་འདུལ་མངག་གཞུག་གོ། །ཞལ་ནས་སྲོག་ནི་ཟ་བར་བྱེད། །ང་ནི་སྟོབས་ཆེན་དཔལ་ཆེན་པོ། །གཞན་གྱི་ལོག་རྟོག་འདུལ་བའི་ཕྱིར། །ཟིལ་གྱིས་མནན་ཅིང་དབང་དུ་བསྡུད། །དབང་དུ་བསྡུ་བའི་འཛབ་བསྟོད་དང་། །སྔགས་ཀྱི་དོན་རྣམས་བསྟན་པའོ། །དེ་ལྟར་ཟིལ་གྱིས་མནན་རྗེས་ལ། །བསྙེན་པ་ལས་ལ་འཇུག་པའི་ཕྱིར། །དང་པོ་འཛབ་བསྟོད་བྱ་སྟེ། ཧཱུྃ །ཉོན་མོངས་ལྔ་འཇོམས་དྲག་པོའི་སྐུ་ལྔ་པོ། །ཁྲོ་བོའི་དགོངས་པ་ཀུན་འདུས་དབང་པོ་ཆེ། །དཔའ་བོའི་ལས་ནི་ཆགས་མེད་ཆེན་པོའི་མཆོག །དཔའ་བོས་རོལ་ཅིག་དམིགས་བྱའི་སྙིང་ལ་རོལ། །དམིགས་བྱ་བརླག་བྱེད་ཆུ་བོ་གདྒ་ལྟར། །རྒྱུན་མི་ཆད་ཅིང་དམིགས་བྱ་དགའ་བས་རོལ། །མ་རུང་ཁྲོས་པས་ཉོན་མོངས་དུག་ལྔ་འཇོམས། །དེ་ཉིད་ཀྱིས་ནི་དེ་ཉིད་གསུམ་བསྲེག་ཅིང་། །གནས་འདིར་ཤོག་ལ་དམ་ཚིག་སྲུངས། །བསྒྲུབ་པ་པོ་ལ་དངོས་གྲུབ་རྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་རྣམས་རྡུལ་དུ་རློག །འཛབ་བསྟོད་བྱས་ལ་བཟླས་པ་བྱ་བ་ནི། །ༀ་བུར་ཀུར་མ་ཧཱ་པདྨ་ཏྲེ་བུར་ཙི་བུར་བྱ་གེ་ཕྱི་མ་ན་སེ་ཨེ་ཤོ་མོ་ཀྲོ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྔགས་ཀྱི་དོན་ནི་འདིར་འདུས་ཅེས་པའོ། །བསྒོམ་པའི་རིམ་པ་ནི། བདག་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟ་བུ་འཕྲོས་ཏེ། དྲག་པོ་འཁོར་དང་བཅས་པ་བམ་རིམ་ཐོད་པ་མཁར་ན་གནས་པའི་སྙིང་ནས་བཟུངས་ཏེ་མདུན་དུ་བཀུག་ལ་བསྐྱེད་པ་དང་གཉིས་སུ་མེད་པར་སྟིམ་ལ་དེ་གནས་པ་དེ་རྣམས་བཀའ་ཉན་གསུངས་སྡོད་དོ། །དེ་རིང་ཕན་ཆད་ལ་ཅི་བགྱི་ཟེར་བར་བསམ་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་ཅིག་བྱའོ། །སྟོང་སྟོང་ཐོན་པ་དང་མཆོད་བསྟོད་རེ་བྱ་སྟེ། ཧཱུྃ། ཐུགས་རྗེའི་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བ་ཁྲག་ཐུང་ལྔ་བཅུ་རྩ་བརྒྱད་ལ། རྣམ་དག༴ ཐུགས་རྗེས༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཅེས་འབར་བ་ལྔ་བཅུ་རྩ་བརྒྱད་ལ། མཆོད་པར་འབུལ་ལོ། །ཧཱུྃ་རྣལ་འབྱོར་ཡོངས་ཀྱི་བསྟན་པ་བསྲུངས་བར་ཞལ་ཆེས་པའི། །དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོ་འཁོར་བཅས་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི་ཅེས་མཆོད་པ་དབུལ་ཞིང་རཀྟ་སྦྲེང་ངོ་། །དེ་ནས་བདག་ཉིད་ལྡང་བར་འདོད་ན། གསུར་ཆེན་བཏང་། སྨན་གྱི་འཇུག་གཏོར་བྱ། རཀྟ་དང་ཕུད་དང་གཏོར་མས་མཆོད་པ་ཕུལ་ལ། བདག་བཛྲ་ཧེ་རུ་ཀ་ཆ་གཉིས་གསལ་བར་བསྒོམ་ལ། གཅིག་ཕྱུང་ལ་སྤྱོད་ལམ་རྣམ་བཞི་བྱའོ། །དེ་ནས་བཟླས་པ་ལ་འཇུག་པ་ན་ཡང་དཀྱིལ་འཁོར་ལྷ་ཚོགས་དང་ཆོས་སྲུང་འཁོར་དང་བཅས་པ་ལ་གོང་ལྟར་མཆོད་པ་འབུལ། བདག་ཉིད་དཔལ་ཆེན་ལ་ཐིམ་པར་བསམ་ལ་བཟླས་པ་བྱའོ། །དེ་དག་ནི་ཐུན་མཚམས་ཀྱི་ཆོ་གའོ། །དེ་དག་སྔོན་དུ་བསྙེན་པའི་ཆོ་ག །དོན་ཆེན་རྩལ་བ་ཞེས་བཤད་དོ། །གྲུབ་དང་ལུང་བསྟན་མ་ཐོན་ཀྱང་། །བླ་མའི་གདམ་ངག་ལ་བརྟེན་ནས། །རྗེད་བྱང་ཙམ་གཅིག་བྲིས། མཁས་པ་རྣམས་ཀྱིས་མི་སྤྱོད་ཅིང་། །དམ་པ་རྣམས་ཀྱིས་བཟོད་པར་བཞེས། །བསྙེན་པའི་སྒོམ་པའི་རིམ་པ་རྫོགས་སོ།། ༈ །།བཅོམ་ལྡན་འདས་མི་ཕམ་ཧེ་རུ་ཀ་ཕྱག་འཚལ་ལོ། །ཡེ་ཤེས་ལྷ་ཡི་བསྙེན་པ་དང་། །སྒྲུབ་པ་དང་ནི་ལས་སྦྱོར་སྔགས། །འཇིག་རྟེན་དྲེགས་པའི་བསྙེན་པ་དང་། །ཉེ་བའི་བསྙེན་པ་བསྒྲུབ་པ་དང་། །བསྒྲུབ་པ་ཆེན་པོའི་ལས་སྦྱོར་གྱི། །སྔགས་ཀྱི་རིམ་པ་འདི་ཡིན་ནོ། །ཡེ་ཤེས་ལྷ་ཡི་བསྙེན་པ་ནི། །ཕྱི་དང་ནང་དང་གསང་བ་དང་། །རྡོ་རྗེ་ཡིས་ནི་བཟླས་པ་བཞི། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ཁྲག་འཐུང་སྐུ། །ཀུན་ཀྱང་རུ་ལུའི་སྒྲ་སྒྲོགས་ཤིང་། །རུ་ལུའི་གསུང་སྒྲ་དི་རི་རི། །ཕར་འཕྲོས་པས་ནི་ཐུགས་དམ་བསྐང་། །ཚུར་འདུས་པས་ནི་དངོས་གྲུབ་སྩོལ། །རུ་ལུའི་འདྲེན་ཐབས་རྣམས་གཅིག་ལ། །ༀ་ནི་ཡེ་ཤེས་ལྷ་ཉིད་དེ། །རུ་ལུ་གོང་མ་ཁྲོ་མོ་བརྒྱད། །རུ་ལུ་འོག་མ་ཕྲ་མེན་བརྒྱད། །ༀ་ནི་ཁྲག་འཐུང་ཡབ་ཡུམ་བཅུ། །ཕཊ་ནི་ཡེ་ཤེས་སྒོ་མ་བཞི། །བྷྱོ་ནི་དབང་ཕྱུག་ཉི་ཤུ་བརྒྱད། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །རུ་ལུ་ཧཱུྃ་གི་མཆོད་པ་བཞེས། །དཀྱིལ་འཁོར་ལ་ནི་བྱིན་གྱིས་བརླབས། །བསྒྲུབ་པ་པོ་ལ་དངོས་གྲུབ་རྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་ཆེན་རྡུལ་དུ་རློག །རུ་ལུའི་འདྲེན་ཐབས་རྣམས་གཅིག་ལ། །རུ་ལུ་ཐུགས་ཀྱི་དཀྱིལ་ནས་འདྲེན། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ། །དོན་གྱི་ལྷ་མོ་ལྔ་བཅུས་བསྐོར། །ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས། །ཉིད་དཀྱིལ་རྡོ་རྗེ་ཧཱུྃ་ལྡན་ལ། །རུ་ལུ་རུ་ལུ་འབྲུ་བརྒྱད་བསྒོམ། །ཕར་འཕྲོས་པས་ནི་ཐུག་དམ་བསྐང་། །ཚུར་འདུས་པས་ནི་དངོས་གྲུབ་སྩོལ། །རུ་ལུ་འདྲེན་ཐབས་རྣམ་གཅིག་ལ། །རུ་ལུ་སྒྲ་ཡི་བྱེ་བྲག་སྟོན། །དཀར་པོ་འཕྲོས་བས་བདེ་བ་ཆེ། །དམར་པོ་འཕྲོས་པས་ཡོངས་ལ་ཁྱབ། །དཀར་དམར་མཚམས་ནས་ཧེ་རུ་ཀ །ཁྲོ་ཆེན་འབར་བའི་ཐུགས་ཀ་ནས། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་སྤྲོ། །ཁྲོ་བོའི་སྤྲུལ་པས་ས་གཞི་ཁེངས། །ཁྲོ་བོ་སྤྲུལ་པས་ནམ་མཁའ་གང་། །མ་མོ་མཁའ་འགྲོ་དབྱིངས་ན་རོལ། །མ་མོ་ཀུན་ཀྱང་རུ་ལུས་སྒྲ་སྒྲོགས་ཤིང་། །རུ་ལུའི་གསུང་སྒྲ་དི་རི་རི། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །རུ་ལུ་ཧཱུྃ་གི་མཆོད་པ་བཞེས། ད་ལ་འདི་ལ་བྱིན་གྱིས་བརླབས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །རུ་ལུ་ཕྱི་ཡི་བཟླས་པ་སྟེ། །བསྙེན་པ་ཐབས་ཀྱི་མན་ངག་གོ། །རུ་ལུ་ནང་གི་བཟླས་ཐབས་ལ། ཧཱུྃ། གཉིས་མེད་ཡེ་ཤེས་བསྐྱེད་པའི་གཞལ་ཡས་སུ། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་སྐུ་གསལ་ནས། །ཀུན་ཀྱང་རུ་ལུའི་ཧཱུྃ་གི་སྒྲ་སྒྲོགས་ཤིང་། །རུ་ལུའི་གསུང་སྒྲ་དི་རི་རི། །རུ་ལུ་ཧཱུྃ་གི་མཆོད་པ་བཞེས། ད་ལ་འདི་ལ་བྱིན་གྱིས་བརླབས། །བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུངས། །གནོད་པའི་བགེགས་ཆེན་རྡུལ་དུ་རློག །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །རུ་ལུ་ནང་གི་བཟླས་པ་སྟེ། །ཉེ་བར་བསྙེན་པའི་བཟླས་ཐབས་སོ། །རུ་ལུ་གསང་བའི་བཟླས་པ་ནི། །ཡབ་ཀྱི་ཐུགས་ཀའི་ཧཱུྃ་ཉིད་ལ། །ཡུམ་གྱི་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཡུམ་གྱི་གསང་བའི་ལམ་ནས་ཕྱུངས། །ཡབ་ཀྱི་གསང་བའི་ལམ་དུ་བརྒྱུད། །ཐུགས་ཀར་ཐིམ་ནས་དངོས་གྲུབ་སྩོལ། །ཧཱུྃ་རུ་ལུ་ཡབ་ཡུམ་མཁའ་ནས་འདྲེན། །ཡབ་ཀྱི་གསང་བའི་རྡོ་རྗེ་དང་། །ཡུམ་གྱི་པདྨའི་གཞལ་ཡས་སུ། །རུ་ལུ་རུ་ལུ་འབྲུ་བརྒྱད་བསྒོམ། །ཕར་འཕྲོས་པས་ནི་ཐུགས་དམ་བསྐང་། །ཚུར་འདུས་པས་ནི་དངོས་གྲུབ་སྩོལ། །རུ་ལུ་གསང་བའི་བཟླས་པ་སྟེ། །བསྒྲུབ་པ་ཉིད་དང་འབྲེལ་བའོ། །རུ་ལུ་རྡོ་རྗེའི་བཟླས་པ་སྟེ། །སྒྲུབ་པ་ཉིད་དང་འབྲེལ་བའོ། །རུ་ལུ་རྡོ་རྗེའི་བཟླས་པ་ནི། །དབུགས་དང་འགྲོགས་པའི་བསྒོམ་པའོ། །ཧཱུྃ་གིས་ཕུལ་ཏེ་ཕྱིར་ཕྱུང་ནས། །ༀ་གྱིས་དྲངས་ནས་དབང་དུ་བསྡུད། །ཨཱཿལ་སེམས་གཏད་གནས་པ་གསུམ། །ཞག་གཅིག་ལ་ནི་དབུགས་རྒྱུ་བ། །ཉི་ཁྲི་ཆིག་སྟོང་བཟླས་པ་སྟེ། སྔགས་ནི་ཉི་ཁྲི་ཆིག་སྟོང་རྒྱུ། །ཧཱུྃ་བཅོམ་ལྡན་ཁྲག་འཐུང་ཐུགས་ཀྱི་དཔལ་བེའུ་ལས། །ཡེ་ཤེས་སྐུ་མཆོག་ཚོན་གང་རིན་པོ་ཆེ། །ཟུར་བརྒྱད་སྟེང་ན་རུ་ལུ་འབྲུ་བརྒྱད་འཕྲོ། །བདེ་ཆེན་བྱང་ཆུབ་སེམས་ནི་སྤྲོ་ཞིང་བསྡུ། །རུ་ལུ་རྡོ་རྗེའི་བཟླས་པ་སྟེ། །བསྒྲུབ་ཆེན་ཉིད་དང་འབྲེལ་བའོ། །གཞན་ཡང་བསྒྲུབ་ཆེན་ལས་རྣམས་ནི། །རི་རབ་རི་ཡི་རྩེ་མོ་རུ། །ལྷ་སྲིན་དབང་བསྡུད་དམ་ལ་བཏགས། །རུ་ལུ་རུ་ལུ་འབྲུ་བརྒྱད་སྔགས །རྔམས་པའི་ང་རོས་བཟླས་པའོ། །ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུད། །བསྒྲུབ་པ་ཆེན་པོ་བཞེས་སུ་གསོལ། །ལས་ལ་སྦྱོར་བའི་རིམ་པ་ནི། །བདག་ཉིད་ཆས་སུ་བཞུགས་པ་དང་། །ཁྲོ་རྒྱལ་རྔམས་པའི་ང་རྒྱལ་གྱིས། །ལས་ལ་སྦྱོར་བའི་དྲག་སྔགས་བཟླས། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ། སྔགས་ཀྱི་ལས་ལ་སྦྱར་བའོ། །གསེར་སྐྱེམས་གཏོང་ཞིང་བདེན་པ་བརྡར། །ཕུད་གཏོར་མ་ཉེས་གཟུ་དཔང་གསོལ། །ཨེ་རཾ་ཛྭ་ལས་འབྲུབ་ཁུང་བསྐྱེད། །དམིགས་བྱ་དགུག་པའི་དྲག་སྔགས་བསྐྱེད། །ཎི་དང་ཏྲི་ཡིས་བདེན་པའོ། །དུར་ཆེན་བཏང་ལ་སྔགས་བཟླས་ཆེ་གེ་མོ་དེ་ཤ་ཡ་བི་དེ་ཤ་ཡ་པྲ་བེ་ཤ་ཕཊ། ལྷ་དང་དབྲལ་པའི་སྔགས་སོ། །ཆེ་གེ་མོ་ཨ་བེ་ཤ་ཡ་དམིགས་བྱ་སྟིམ་པའི་དྲག་སྔགས་སོ། །ཕུར་བུ་གདབ་ཅིང་ཐུན་གྱིས་བྲབ། །མཚོན་གྱིས་གདབ་ཅིང་ཞལ་དུ་བསྟབ། །ཆ་གཅིག་མེ་ཡི་ལས་ལ་སྦྱར། །འཁོར་ལོ་བསྐོར་ཞིང་ག་འུར་གཞུག་ཆ་གཅིག་མནན་ཅིང་ལས་སྦྱོར་རྣམས། རིམ་པ་བཞིན་དུ་ཤེས་པར་བྱའོ། །ཡེ་ཤེས་ལྷའི་བསྙེན་བསྒྲུབ་རྣམ་པར་ཕྱེ་བའི་མན་ངག་རྫོགས་སོ། །དཔལ་མི་ཕམ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དལ་བའི་རིམ་པ་ལས། བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་གྱི། །ཉེ་བའི་བསྙེན་པ་འབུམ་དུ་བཟླས། །ཞེས་པའི་དོན་ནི་འདི་ཡིན་ཏེ། གཞུང་ལས་བྱུང་བ་བཞིན་དུ་འཕྲིན་ལས་གཞུང་བསྲང་ཆོས་བསྲུང་གོང་དུ་བསྙེན་པ་བཞིན་དུ། ཆོས་དོན་བཅུ་བཞི་པོས་དབང་དུ་བསྡུས་ནས། །བསྙེན་པའི་སྔགས་ལན་གསུམ་བརྗོད་ལ། །དེ་ནས་ཉེ་བའི་བསྙེན་པའི་བཟླས་པ་ལ་འཇུག་པར་བྱ་སྟེ། བདག་དཔལ་ཆེན་པོའི་ང་རྒྱལ་སེམས་དཔའ་སུམ་བརྩེགས་ཀྱི་ང་རྒྱལ་དང་ལྡན་པས། འཛབ་བསྟོད་བྱ་བ་ནི། བསྙེན་པ་བཞིན་དུ་བདག་ཉིད་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས་རང་གི་ལག་པ་གཡོན་པའི་ཐུམ་བུ་བར་མ་ཡུངས་དཀར་གྱི་ཐུབ་བུ་ཁ་ཕྱེ་སྟེ་མཁར་གྱི་ནང་ན་མེ་བྲབས་པས་དེ་དགུག་པའི་སེམས་སྐྱེས་ཏེ། །རྒྱས་པའི་དགྲ་བགེགས་རང་དབང་མེད་པར་བཀུག་སྟེ་ལིདྒ་བསྟིམ་པ་ནི་བསྒྲུབ་པའི་དོན་ཏོ། །བདག་ཉིད་དཔལ་ཆེན་པོའི་ཏིང་ངེ་འཛིན་དང་ལྡན་པས་འདི་སྐད་བརྗོད་པར་བྱའོ། ཧཱུྃ། བཞི་པོ་ལྔ་ནི་སྐུ་ལྔ་པོ། །བཞི་པོ་ལྔ་ནི་བཀའ་བསྡོད་ལྔའོ། །བསྐུལ་བ་ལྔ་ནི་རྒྱལ་བ་ལྔ། །འདི་ནི་སངས་རྒྱས་ཕྲིན་ལས་ཡིན། །དེ་ནི་སེང་གེ་ལྟ་བུ་སྟེ། །འབྲུག་ལྟར་སྒྲོག་པའི་ང་རོ་ཅན། །གློག་ལྟར་འཁྱུག་པའི་ཁྲོ་བོ་ཡིན། །དེ་ཡི་དེ་སྙིང་བརླག་པར་བྱེད། །གནས་འདིར་འདུག་ལ་ཕྲིན་ལས་ཀྱིས། །བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་ཆེན་རྡུལ་དུ་རློག །ཅེས་བསྟོད་ལ་བཟླས་པ་ནི། །ༀ་བུར་ཀུར་ཨི་ཙི་ཀི་ཕྱི་ཨུ་ཙུ་སྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པའི་སྔགས་འབུམ་ཚོ་གཅིག་བཟླས་པར་བྱའོ། །སྟོང་སྟོང་ཐོན་པ་དང་། ཐུན་མཚམས་སུ་འཛབ་བསྟོད་སྟོང་མཆོད་བྱའོ། །མ་གཡེལ་མ་ཕང་གི་སྣང་སྲིད་ལྷ་འདྲེ་དམག་ཏུ་སྦྲན་ཅིང་བསྒྲུབ་པ་བྱའོ། །མཐུན་མཚམས་ལ་བབ་ན། དཔལ་ཆེན་པོ་འཁོར་གཉིས་པ་གཅིག་བྱུང་ནས་སྟོང་ཚིགས་ཀྱི་མཆོད་པ་དང་འཛབ་བསྟོད་བྱས་ནས་ཅི་བདེར་གནས་པར་བྱའོ། །དེ་ནས་བཟླས་པ་ལ་འཇུག་པ་ལ། མཆོད་པ་དང་བསྟོད་པ་བྱས་ནས། །བདག་ཉིད་དཔལ་ཆེན་པོའི་ཐུགས་ཀར་ཐིམ་ནས། །གོང་དུ་བཤད་པ་ལྟར་བཟླས་པ་བྱའོ། །དེ་དག་ནི་བཀའ་སྡོད་བསྒྲུབ་པའི་མན་ངག་གི་རིམ་པའོ། །རྫོགས་སོ། །དཀྱིལ་འཁོར་བདུན་པའི་རིམ་པ་ལས་བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་གྱིས། དེང་དུ་གྱུར་ནས་གསང་སྔགས་བརྗོད། །ཅེས་པའི་དོན་ཡིན་ཏེ། བདག་ཉིད་དཔལ་ཆེན་པོའི་ཆོ་ག་བསྐྱེད་ན་མཆོག །བཀའ་སྡོད་ཀྱི་བསྐྱེད་རིམས་སྔ་མ་བཞིན་དུ་བྱས་པ་ལ་བདག་ཉིད་དཔལ་ཆེན་པོའི་ང་རྒྱལ་དུ་གསལ་བས། རཀྟའི་ཕུར་མ་ཁ་ཕྱེ་སྟེ། ཐུམ་པོ་དང་པོ་རཀྟའི་ནང་དུ་བག་ཙམ་ཅིག་བླུག་ལ། བཟླས་པ་ལ་གཞུག་པའི་དུས་སུ་མཁར་གྱི་ནང་ན་མེ་ལ་བྲབས་ལ། དེ་སྡུག་པའི་སེམས་སྐྱེས་ནས། རྒྱས་པའི་དགྲ་བོ་རྣམས་ཁྲམ་ལ་བཏབ་ནས་དེའི་ཕན་བྱེད་ཀྱི་ལྷ་དང་ཕྲལ་ནས་སྡུགས་བསྔལ་ཞིང་སྐྱབས་མེད་པ་ལ། སྐྲ་བཤིག་ནས་རེངས་པར་འདུག་པར་བསམ་པ་ནི་ཏིང་ངེ་འཛིན་ནོ། །དེ་ནས་འཛབ་བསྟོད་བྱ་སྟེ། ཧཱུྃ དེ་ཉིད་ལྷུན་གྱིས་གྲུབ་པས་ན། དཔའ་བ་དེ་ཉིད་གདེང་དུ་གྱུར། །དེ་ཉིད་བདག་གི་དབང་དུ་འདུས། །ལས་ལ་ཐེ་ཚོམ་མེད་པར་གྱིས། །གྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་ཆེན་རྡུལ་དུ་བརློག །ༀ་བུར་ཀུར་ཏི་ཧཱུྃ་ཕཊ། ཅེས་བསྒྲུབ་པ་ཆེན་པོ་འབུམ་དུ་བཟླས། །དུས་བཞིར་ཚོགས་ཀྱི་མཆོད་པ་དབུལ། །བསྐང་བ་དུས་བཞིར་བྱ། །བསྐུལ་པ་དུས་བཞིར་བྱ། །ཟོར་འཕངས། གཟུ་དཔང་གསོལ་ཞིང་ལྷ་དང་དབྲལ་ཞིང་འདི་དག་ནི་བསྒྲུབ་པ་ཆེན་པོའི་མན་ངག་གོ། །ཤིན་ཏུ་གསང་ལ་གུས་པས་ཉམས་སུ་བླང་ངོ་། །བླ་མའི་མན་ངག་ལ་བརྟེན་ནས། །བདག་པས་བློ་དམན་དོན་ཆེད་དུ། །བརྗོད་བྱང་ཙམ་ཞིང་བྱས་པ་ལ། །བདག་གི་ལྷ་ལ་བློ་ལ་མི་སྤྱོད་ཞིང་། མཁས་པ་རྣམས་ཀྱིས་བཟོད་པར་བཞེས། །འདི་ལས་བྱང་ཆུབ་རེག་གྱུར་ཅིག །དཀྱིལ་འཁོར་བདུན་པའི་རིམ་པ་ལ། །བསྙེན་བསྒྲུབ་བཞི་ཡི་མན་ངག་འཇུག་ཚུགས་སུ་མཛད་པ་རྫོགས་སོ། །དཔལ་ཆེན་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །དགོངས་པ་འདུས་པའི་རྒྱུད་དག་ལས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དཀྱིལ་འཁོར་བདུན་པའི་རིམ་པ་ཙམ། །དེ་ལ་རྣམ་པ་གཉིས་ཡིན་ཏེ། །འདས་པ་དང་ནི་འཇིག་རྟེན་པའོ། །འདས་པའི་དཀྱིལ་འཁོར་བཞི་ཡིན་ཏེ། །འཇིག་རྟེན་པ་ལ་ད་ལ་གསུམ། དེ་ཡི་གདམ་དག་དམ་པ་འདི། །བདག་འདྲས་བརྩམ་པར་མི་འོས་ཀྱང་། །བླ་མའི་གསུང་འཕྲོས་མང་ཐོས་པས། །བསྒྲུབ་པའི་ལག་ལེན་མང་ཐོས་ཕྱིར། །ཡིག་སྣ་འདིར་ནི་བྲི་བར་བྱ། །དེ་ལ་སྦྱིར་བཟླས་པ་ལ་གཉིས་ཏེ། ངག་གི་བཟླས་པ་དང་། རྡོ་རྗེའི་བཟླས་པའོ། །ངག་གི་བཟླས་པ་ལ་ཡང་གཉིས་ཏེ། འཇིག་རྟེན་ལས་འདས་པའི་བཟླས་པ་དང་། འཇིག་རྟེན་པའི་བཟླས་པའོ། །རྡོ་རྗེའི་བཟླས་པ་ལ་གཉིས་ཏེ། རྡོ་རྗེའི་བཟླས་པ་དང་། དེ་ཁོ་ན་ཉིད་ཀྱི་བཟླས་པའོ། །འཇིག་རྟེན་ལས་འདས་པའི་བཟླས་པ་ལ་གསུམ་སྟེ། །བསྙེན་པ་དང་བསྒྲུབ་པ་དང་ལས་ལ་སྦྱར་བའོ། །བསྙེན་པ་ལ་ནི་བསྐྱེད་པའི་རིམ་པ་རྫོགས་ནས། མཆོད་བསྟོད་ཚུལ་བཞིན་བྱས་པའི་རྗེས་ལ་བཟླས་པའི་དུས་སུ་ཞི་རྒྱས་དབང་གསུམ་གྱི་བཟླས་པའི་བསྙེན་པའོ། །བསྒྲུབ་པ་ནི་དཀྱིལ་འཁོར་དུ་མེ་ཏོག་དོར་ཏེ། གང་ལ་བབས་པའི་ལྷས་བདག་ལ་དབང་བསྐུར་ཏེ། གཟི་བྱིན་དང་ལྡན་པར་བྱ་བ་ནི་བསྒྲུབ་པའོ། །ལས་ལ་སྦྱར་བའི་དུས་སུ་དང་པོ་བདག་གི་གསེར་སྐྱེམས་ལ་སོགས་པས་མཆོད། གཟུ་དཔང་གསོལ། དེ་ནས་བདག་ཉིད་སྟེང་གི་ནམ་མཁའ་ལ་སངས་རྒྱས་མི་བསྐྱོད་པ་དམིགས་ཏེ། སྔགས་ཀྱི་འོད་ཟེར་གྱི་འོད་དུ་ཞུ་ནས། བདག་ལ་བསྟིམ་སྟེ་གཟི་བྱིན་དང་ལྡན་པར་བྱས་ལ། །དེ་ནས་ངག་གི་བཟླས་པ་བྱས་པས། བདག་གིས་ཞལ་ནས་ཕར་དྲག་པོ་སྔགས་ཀྱི་འོད་ཟེར་ཁ་དོག་པོ་སྣ་ལྔ་ལ་ལྕགས་ཀྱུས་མཚན་པ་སྤྲོས་ཏེ་དྲག་པོའི་ཚད་ནི་གྱད་ཀྱི་མདའ་འཕངས་པ་ལྟ་བུའོ། །ལྷ་སྦྱིན་གྱི་རྒྱུད་ལ་ཕོག་པ་ནི་ལྕགས་ཀྱི་ཐོག་རྒྱབ་པ་ལྟ་བུའོ། །སྙིང་པོ་བྱང་ཆུབ་ཀྱི་བཅུད་བསྡུས་ཏེ་ཚུར་འོངས་པ་ཐག་པ་དཀར་ནག་སྒྲིལ་བ་ལྟ་བུའོ། །དེ་ནས་བདག་ལ་ཐིམ་སྟེ་བདག་དཔལ་ཆེན་པོའི་གཟི་མདངས་དང་ལྡན་པར་བསྐྱེད་པ་ནི། དགྲ་བོའི་རྣམ་པར་ཤེས་པ་བདག་རྣལ་འབྱོར་པའི་གོ་ཆའོ། །ཉོན་མོངས་པ་དང་བཅས་པའི་ཕུང་པོ་ལྷག་མ་ལ་མཁའ་འགྲོ་ལ་ཚོགས་སུ་བསྟབ་པར་བྱ་སྟེ། དེ་ལྟར་དེའི་སྦྱོར་བས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཚོགས་ཀྱི་མཆོད་པ་དང་། བསྟབ་པ་བྱ་ཞིང་། བཟླས་པ་བྱ་བ་ནི་ལས་ལ་སྦྱར་བའོ། །འཇིག་རྟེན་པའི་བཟླས་པ་ལ་གསུམ་སྟེ། བསྙེན་པ་དང་། བསྒྲུབ་པ་དང་། ལས་ལ་སྦྱར་བའོ། །དེ་ལ་དང་པོ་རྟག་རྟེན་བཤམ་ཏེ། ས་སྣ་བདུན་གྱི་འདག་པ་ལ་མཁར་བྱ་སྟེ། ཚད་ནི་ཞིང་དུ་ཁྲུ་གང་ཆུར་རྐྱང་ཁྲུ་གང་། ལོགས་བཞི་ལ་གློ་སྐར་བཞི་ཐོད་པས་མཚན་པའོ། །རུ་མཚོན་ཆེན་པོ་བཞི་དང་། དུར་བྱ་ནག་པོ་བརྒྱད། སྟེང་དུ་བྱ་ཁྱུང་གི་ཕྱག་རྒྱ་གཉིས་དང་། །དེའི་ནང་དུ་གྲུ་གསུམ་མཐིང་ནག་གི་ནང་དུ། དམིགས་བྱའི་ལིདྒ་གཞག་ཁྲོ་བོའི་སྟེང་དུ་མདའ་སྒྲོ་ཡུད་ལྔ་པ་ཅིག་ལ་དུག་མེད་ནག་པོ་བཙུགས་པ་ལ་མགུལ་དུ་དར་མཐིང་ནག་གི་ལེའུ་གཅིག་གདགས། དེ་ལ་དང་པོ་རིལ་བུའི་ཕུར་མ་རྟེན་པའི་རྫས། བར་མ་ཁྲོལ་བུ་བྲབ་པའི་རྫས། ཐ་མ་མཆོད་པའི་རྫས། ཕུར་པ་ལིང་གའི་སྙིང་ཁར་བཙུགས་ལ། ཁྲོ་མོའི་བརྟེན་དུ་ནམ་མཁའ་སྔོན་མོ་གསེར་མིག་ལ་གཅིག །བྱ་རྒོད་ཀྱི་མཐེའུ་གཅིག་ལ་དར་ལྕེ་བཞི་དང་བཅས་ཏེ་མདའི་སྟེང་བཙུགས་ལ་བཞག་གོ། །ཁྲོ་བོའི་རྫས་ནི་ཟ་མ་ཏོག་སྨན་སྣ་ཚོགས་ཀྱིས་བཀང་བ་དང་། ཤ་སྣ་དང་། ཁྲག་སྣ་དང་། བསེ་བྱང་དམར་པོ་དང་རི་རབ་སྤྱི་སྐོར་ཐོད་བྲམ་ཀྱང་བཞག །ཁྲོ་མོའི་རྫས་སུ་ཐོད་པ་ཚལ་བུའི་ནང་དུ་རྐང་སྣ་ཚོགས། འབྲུ་སྣ་ཚོགས་དང་། མར་དང་། ཁྲག་སྣ་ཚོགས་ཀྱིས་བཀང་ལ་བཞག་ཤར་དུ་ཁྲོ་བོའི་མཁར་བྱས་ལ། དམིགས་བྱའི་ལིང་གའི་སྟེང་དུ་མཆོག་ཕུར་ཞིག་ལ་རྒྱུ་ཞགས་སམ་མཁར་ནག་གི་གདགས་སྟེང་སྙིང་མཁར་བཙུག་སྟེ་བཞག །རྒྱུ་ཞགས་ཀྱི་སྣ་རི་རབ་སྤྱི་བསྐོར་གྱི་དམིགས་སྡང་ལ་བཏགས་ལ་བཞག །ཀཱི་ལ་ཡ་ཉེར་གཅིག་སྒྲོམ་ཤིང་དུ་བྱིན་གྱིས་བརླབས་ལ་བཞག །ལྷོ་ཕྱོགས་གནོད་སྦྱིན་གྱི་མཁར་དུ་ལིངྐའི་སྟེང་དུ་བསེ་མདུང་དམར་པོ་བ་དན་དང་བཅས་ཏེ་བཞག །གཡས་སུ་རུ་ཟོར། གཡོན་དུ་མདའ་ཟོར། ནུབ་ཕྱོགས་སྲིན་པོའི་མཁར་དུ་ལིདྒའི་སྟེང་དུ་སྦྲུལ་མགོ་གདེང་ཀ་གསུམ་དུ་བཞག །གཡས་སུ་ཤ་སྣ་དེབ་རྩེ་གང་། །གཡོན་དུ་ཀླུ་སྨན་དེབ་རྩེ་གང་། །བ་དམར་མོའི་འོ་མ་བཞག །བྱང་ཕྱོག་ཟ་བྱེད་ཀྱི་མཁར་དུ་ལིང་གའི་སྟེང་དུ་དར་མཐིང་ནག་གི་གུར་དབུབ། བྱང་ཕྱོགས་ལིང་གའི་སྟེང་དུ་ཡུངས་དཀར་གྱི་ཐུན་བྲབ། དུག་ཐུན་བྷནྡྷ་བཞག །དགྲ་བོ་ལྷ་དང་བྲལ་བའི་ཕྱིར་རྒྱ་ཚིལ་ལ་སོགས་པའང་བཞག །དེ་ནས་ཁྲོ་བོའི་ཞལ་བྱས་ལ་མཁར་གྱི་ནང་དུ་མདའ་ལ་སྐྱོན་ཏེ། དེ་རྣལ་འབྱོར་པ་བདག་ཉིད་ལ་ཁ་བསྟན་ལ་བཞག །དེ་ནས་བསྙེན་བསྒྲུབ་ཚུལ་བཞིན་དུ་བྱ། དེ་ནས་ལས་ལ་སྦྱོར་བའི་དུས་སུ་འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་བྱ་སྟེ། དང་པོ་གསེར་སྐྱེམས་བཏང་ལ་བདེན་པ་བརྡར། མ་ཉེས་པའི་དཔང་གཟུགས། དེ་ནས་དྲག་པོའི་སྔགས་བཟླས་པའི་དུས་སུ་བདག་དཔལ་ཆེན་ཐུགས་ཁ་ནས་ལས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྔོ་ནག་གཅེར་བུ་རལ་པ་གྱེན་དུ་བརྫེས་པ། ཕྱག་གཡས་ན་གསལ་ཤིང་ནག་པོ། གཡོན་ན་ཟངས་གྲི་ནག་པོ་ཙར་གྱིས་བཏོན་ལ། བཞི་བོའི་མགོན་པོ་དང་གཉིས་སུ་མེད་པར་བྱས་སྟེ། བདག་དཔལ་ཆེན་པོ་ལ་ལས་ཅི་བགྱི་ཞེས་བཀའ་ན་པར་བསམ་མོ། །རྣལ་འབྱོར་པ་བདག་ཉིད་ཀྱི་བརྡ་བསྟན་པས། འཕར་སྤྱང་ནག་པོ་དང་། ལྕེ་སྤྱང་དམར་པོར་སྤྲུལ་ཏེ། ལྷ་སྦྱིན་གྱི་གཡས་ན་ཡར་ཞུགས། ནང་ཁྲོལ་ཞལ་དུ་རྔུབས། དོན་སྙིང་ལྔ་རྩར་གྱིས་བཏབ་ནས་སླར་ལ་ཕྱུང་སྟེ། བདག་དཔལ་ཆེན་པོ་ལ་བསྟབ་པར་བསམ། དེ་ལྟར་དེའི་སྦྱོར་བ་དང་ལྡན་པའི་ཉིན་མཚན་དུས་དྲུག་ཏུ་བསྟབ་པའི་ལས་བྱ་ཞིང་དྲག་པོའི་སྔགས་འདོན་པར་བྱའོ། །དེ་ནས་མཚན་མ་གནད་པ་ལ་ཕེབས་པ་དང་། རྣལ་འབྱོར་གཅིག་གིས་མཐོ་མཚམས་སུ་ཕྱིན་ལ། རྒྱ་ཚིལ་གྱི་དུད་པ་བཏང་ལ་ལྷ་དང་དབྲལ་བའི་ཆོ་ག་བྱའོ། །སླར་ལོག་སྟེ་ཕུར་པ་བཏབ་པ་དང་། ཐུན་རྡེག་པ་དང་། མཚོན་གྱིས་གཏུམ་པ་དང་། བསྒྲལ་བའི་ལས་བྱ། དེ་ནས་བསྟབ་པའི་ལས་བྱ། སྦྱིན་བསྲེག་བྱ། དེ་ནས་མནན་པའི་ལས་བྱས་ནས་སྦྱིན་སྲེག་བྱས་པའི་ཐལ་བ་ལ་བྱས་ཏེ་མིང་བྱང་ལིང་གའི་སྙིང་ཁར་བཅུག་ལ། དེ་འཁོར་ལོ་ཁ་སྦྱར་གྱི་བར་དུ་བཅུག་ཏེ་མ ཁར་ནག་གམ་རྒྱུ་ཞགས་ཀྱིས་བསྡམས་ལ་གཏད་པའི་སར་ཁྱེར་ལ་ཕུར་པ་བཞིས་ས་བདག་འབྲོས་རྒྱུན་བཅད། དེ་ནས་གསེར་སྐྱེམས་བཏང་། ཡུལ་གྱི་ལྷ་འདྲེ་ལ་མ་ཉེས་པའི་དཔང་གཟུགས། ས་བདག་དེ་ལ་ཡང་ཀླུ་སྨན་སྣ་ཚོགས་ཀྱི་མཆོད་པ་སྦྱིན། དེ་ནས་མནན་པའི་ས་གྲུ་གསུམ་ཁྲུ་གང་པ་བྲུས་ཏེ། དེ་ནས་རྒྱ་མཚོའི་གཏིང་ན་གནས་པའི་ཀླུ་བདུད་ཆེ་གེ་མོ་ཁ་ཕྱེ་ཞིག །རྒྱས་པའི་དགྲ་བོ་ཤོ་ར་རེ་བྱས་ཏེ་ཁ་སྦྱར་ལ་གཞུག །དེའི་སྟེང་དུ་མགོན་པོ་མིའུ་ཐུང་གི་གཟུགས་བསྐྱོན། དེའི་སྟེང་དུ་ཁྲོ་བོའི་མཁར་བྱ་ཁྱུང་གི་ཕྱག་རྒྱ་དང་བཅས་པ་བཞུག །དེའི་སྟེང་དུ་གཡམ་པ་ནག་པོ་ལ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་ལ་ཁ་བཅད་དོ། །དེ་ནས་དཔའ་བོའི་བྲོ་བརྡུངས་སྟེ། །གོམ་པ་ཉི་ཤུ་རྩ་གཅིག་ཕྱིར་བསྐྱོད་ལ་ཟོར་བརྡེག་གོ། །ལོགས་ན་སྤོགས་པའི་ཆོ་ག་བྱའོ། །གཡས་སུ་ལོག་ན་རྐང་པ་གཡས་ལ་ལན་གསུམ་བསྐོར་ལ་འཕངས། དེ་ནས་དེ་ལ་བརྡེག །གཡོན་དུ་ལོག་ནའང་དེ་བཞིན་བྱའོ། །ཐད་དཀར་འདུག་པར་ཐོ་གཅིག་བཙུགས་ལ་ཕར་ཚུར་རྡེག་གོ། །དེ་རུ་ཡང་ལོག་ན་གཡས་སུ་ཕྱིན་ལ་སྔགས་མཇུག་གོ་བཟློག་བྱས་ལ་སྟོང་ཚོ་གཅིག་འདོན། དེ་ནས་ཡང་ཟོར་ལས་བྱ། དེ་ནས་གཏང་རག་གི་གཏོར་མ་བཏང་། ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ། དམ་ཚིག་པ་ལུས་ལ་བསྡུ། མཚམས་མི་དམིགས་པར་གྲོལ། དེ་ལྟར་བྱས་པ་ནི་ལས་ལ་སྦྱར་བའོ། །དེ་ལྟར་བྱས་པས་ཀྱང་ལོ་རུ་ཐོགས་ནས་ཕྱི་རྟགས་མེད་ན་མནན་པ་བྱ། འཕར་ནས་འདུག་ན་མནན་པའི་ལས་བྱ། མ་ཕར་ན་ལྷ་གནད་ལ་དབབ་པའི་ལས་བྱ་སྟེ། མགོན་པོའི་གཟུགས་མཐོ་གང་པ་བྱས་ལ། རུ་ལུའི་སྔགས་སྤྱི་བོར་བྲི། བསྙེན་པ་དང་ཉེ་བའི་བསྙེན་པ་རྐང་པ་གཡས་ནས་ལག་པ་གཡས་པའི་བར་དུ་གཞོགས་གཡས་ལ་བྲི། བསྒྲུབ་པ་བསྒྲུབ་པ་ཆེན་པོ་གཉིས་རྐང་པ་གཡོན་པ་ནས་གཞོགས་གཡོན་ལ་བྲི། བཞི་སྙིང་གཅིག་ཏུ་དྲིལ་བ་ནི་འདོམས་སུ་བྲི། ཡི་གེའི་མགོ་ནི་ནང་དུ་བསྟན་ནོ། །དེ་ནས་དག་དཔའ་བོའི་འོག་ཏུ་ཞག་གསུམ་གཟིར་མནན་བྱའོ། །ཐ་མ་འབྱུང་པོའི་ཉིན་ཞག་ལ་ཟངས་གྲི་ནག་པོས་གཏུབ་ལ། དྲག་པོའི་མེ་སྦར་ཏེ་སྦྱིན་བསྲེག་བྱའོ། །དེ་ནས་ཐལ་བ་ལ་མགོན་པོའི་གཟུགས། ཁོང་པར་དམིགས་བྱའི་ལིང་ག་གཞུག །གསོ་བའི་ཆོ་ག་གཞུང་བཞིན་བྱ། །མཉེས་པའི་ཆོད་པ་ལྔ་ཡང་སྦྱིན། །ཁྱད་པར་གྱི་ནི་མཆོད་པའང་། །མཐུ་པའི་རྫས་ཀྱི་བསྔོ་བར་བྱ། །མཆོད་རྟེན་ནག་པོ་མཐོ་གང་ལ། །གུ་གུལ་དུད་པས་བདུགས་བྱས་ལ། །དུར་ཁྲོད་ཆེན་པོའི་སར་ཁྱེར་ཏེ། །དོང་བྲུས་མགོན་པོའི་གཟུགས་བཅུག་ལ། །དེ་ཡིས་སྟེང་དུ་མཆོད་རྟེན་བཞག །གཡང་གཞི་ནག་པོ་བཏབ་ཅིང་བསྐོར་བ་ཕྱིར་ལོག་བྱ། མ་ཉེས་དཔང་གཟུགས་རྒྱངས་བརྡུངས་བར་བྱ། དེ་ལྟར་བྱས་ན་ལས་ལ་གདོན་མི་ཟ། ལྷ་གནད་ལ་བོར་བའི་ཆོ་ག་བྱ། བྷྱོ་ཕཊ་རུ་ལུ་རུ་ལུ་ཕཊ་ཧཱུྃ་དྷ་ཀྲོ་ཥྨ་ཙུ་ཨུ་ཕྱི་ཀི་ཙི་ཀ་ལི་བུར་ཀུར་ༀ། རུ་ལུ་རུ་ལུ་བྷྱོ། ཞེས་པ་ནི། རང་གི་གཏུམ་སྐད་དོ། །ཧཱུྃ་རུ་ལུ་རུ་ལུ་བྷྱོ། ཅེས་པས་ཀུན་བས་ཆེ་བའི་རྒྱལ་པོའོ། །ཧ་ལ་ཧ་ལ་བྷྱོ། འཁོར་རྣམས་བསྡུད་པའི་ང་རྒྱལ་ལོ། །ར་ལ་ར་ལི་བྷྱོ། ཀུན་གྱི་མི་ཐུབ་ཅིང་གཞན་པས་པྲ་བའི་རྒྱལ་པོའོ། །རུ་ཏྲ་མ་ཏྲ་མ་ར་ཏྲ། དགྲ་འདུ་ཀུན་འདུ་རབ་ཏུ་འདུམ་དམ་ལ་འདུ་ཞེས་པའི་སྐད་དོ། །ཨཐྎ། གུ་རུ་རཏྣ་ན་མོ། དཀྱིལ་འཁོར་བདུན་པའི་བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ལ་བཅུ་བཞི། དྲག་པོ་འཁོར་བཅས་བསྐྱེད་པ་དང་གཅིག །སྤྱན་དྲངས་པ་དང་གཉིས། ཞལ་དུ་རྔུབས་ཏེ་སྣམ་ནས་བཏོན་པ་དང་གསུམ། དྲག་པོ་དཔལ་ཆེན་པོ་ལ་དཀྱིལ་འཁོར་དུ་ཆུག་ཅིག་པར་གསོལ་བ་གདབ་པ་བཞི། དཔལ་ཆེན་པོས་དཀྱིལ་འཁོར་དུ་སྣང་ནས་བཅུག་པ་དང་ལྔ། དྲག་པོ་དཔལ་ཆེན་པོ་ལ་བསྐྱེད་ཆུག་པར་གསོལ་བ་གདབ་པ་དང་དྲུག །དཔལ་ཆེན་པོས་སེམས་བསྐྱེད་པ་ནི་དམ་ཚིག་དབབ་པ་དང་བདུན། དཔལ་ཆེན་པོ་བདག་ལ་དབང་བསྐུར་བར་གསོལ་བ་བཏབ་པ་དང་བརྒྱད། དཔལ་ཆེན་པོས་བདག་ལ་དབང་བསྐུར་བ་དང་དགུ། དྲག་པོས་དབང་ནོད་ཅིང་དབང་ཡོན་དབུལ་བ་དང་བཅུ། དཔལ་ཆེན་པོས་མངའ་གསོལ་ཞིང་མཆོད་པ་དབུལ་བ་དང་བཅུ་གཅིག །དཔལ་ཆེན་པོ་ལ་ལུས་ལ་སོགས་པ་འབངས་སུ་དབུལ་བ་དང་བཅུ་གཉིས། དཔལ་ཆེན་པོས་འབངས་སུ་གནང་བ་བྱིན་པ་དང་བཅུ་གསུམ། རྡོ་རྗེ་ལྗགས་ཀྱི་བཟླས་པས་ཉེ་བར་བསྡུས་ཏེ་བཟླས་པ་བྱའོ། །དོན་མཚན་བཅུ་བཞི་པའོ། །ཨཐྎ །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཚོགས་བདག་མགོན་པོ་འཁོར་བཅས་ཀྱི། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ལས་སྦྱོང་རིམ་པ་བྲི་བར་བྱ། །དང་པོ་བསྙེན་པའི་རིམ་པ་ནི། །དཀྱིལ་འཁོར་བདུན་པའི་རིམ་པ་ལས། །བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ནི། །དང་པོ་རྟེན་རྫས་ཚོགས་པར་བྱ། །ལྷ་ཡི་བསྙེན་པ་རྫོགས་པ་དང་། །ཚོགས་བདག་བསྐྱེད་རིམ་བསྟན་པ་ནི། །རི་བོ་བྱན་རླག་ཕྱོངས་ཀྱི་རྩེ། །མ་ལ་ཡ་ཡི་རྩེ་མོ་རུ། ཀོ་ཀ་ཐང་དམར་རྒྱ་མཚོའི་དཀྱིལ། །བམ་རི་ཐོད་པའི་མཁར་ཆེན་ལ། །སྟེང་དུ་བདུད་བྱ་ནག་པོ་གནས། །བདུད་ཀྱི་རུ་མཚོན་པུ་རུ་རུ། །དེ་ན་གྲུ་གསུམ་ལྕགས་མཁར་འབར། །ཚོགས་བདག་ཡབ་ཡུམ་བཞུགས་པའི་གནས། །ཕྱོགས་བཞིར་གྲུ་གསུམ་ལྕགས་མཁང་བཞི། །གནོད་སྦྱིན་ལ་སོགས་འཁོར་བཞི་གནས། །དེ་རུ་འཁོར་བཅས་བསྐྱེད་པ་ནི། །བདག་དཔལ་ཧེ་རུ་གསལ་བའི་ཐུགས་ཀ་ནས་རུ་ཞེས་བརྗོད་པས་དབུས་སུ་རུ་བསམ། དེ་འོད་དུ་ཞུ་བ་ལས། ༀ་བུ་ཀུར་མ་ཧཱ་ཀ་ལ་ས་མ་ཡ་ཞེས་བརྗོད། ཚོགས་བདག་བདུད་ཀྱི་རྗེ་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ནག་པོ་གཅེར་བུ་བྱའི་གཤོག་པ་ཅན་དབུ་སྐྲ་ཁམ་ནག་འབར་ཞིང་རྙིགས་པ་སྤྱན་གསུམ་བགྲད་པ། ཕྱག་གཡས་ན་གྲི་གུག་ཡུ་བ་རྡོ་རྗེས་བྱས་པ། གཡོན་བྷནྡྷ་ལྕང་ལོ་ཅན་ཁྲག་གི་བཀང་བ་བསྣམས། ཞལ་གདངས་ཞིང་མཆེ་བ་གཙིགས་པ་ལྗགས་འདྲིལ་བ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཧ་ལ་ཧ་ལའི་སྒྲ་སྒྲོགས་པ། །རོའི་གདན་ལ་རྐྱང་བསྐུམ་དུ་བཞུགས་པ། དམིགས་བྱ་ཁྲོས་པའི་སེམས་ཀྱིས་གནོན་པའོ། །གཡོན་དུ་ཉེ་གནས་ཀྲོ་ཏི་ཤྭ་རི་མ་སྐུ་མདོག་ལྔོ་སྐྱ་གཡས་ཡབ་ལ་འཁྱུད་པ། གཡོན་བྷནྡྷ་དམར་གྱིས་བཀང་བ་བསྣམས་པ་གཙོ་འཁོར་བསྐྱེད་པ་ལ་བཞི་ལས་དང་པོ་ཀྲོ་ཏ་ཁྲོ་བོའི་ཚོགས་བསྐྱེད་པ། ཞེས་བརྗོད་པས་ཤར་ཕྱོགས་ལྕགས་མཁར་འབར་བ་རུ་བསམ། དེ་འོད་དུ་ཞུ་བ་ལས་བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ་ཞེས་བརྗོད་པས་གྲོལ་གྱིང་ཆེན་པོ་བཅོ་བརྒྱད་གྱིང་ཙམ་བཅུ་གཉིས་འཛིན་གྱིང་བཞི་ཅུ་རྩ་གཉིས་ལ་སོགས་པ་ཁྲོ་བོ་གྱིང་གི་ཚོགས་ཕྱག་ན་མཚོན་ཆ་བསྣམས་པ་ལྕགས་མཁར་ནང་དུ་བསྐྱེད་དོ། །ཡ་གཉིས་པ་གནོད་སྦྱིན་གྱི་ཚོགས་བསྐྱེད་པ་ནི། ཞེས་བརྗོད་པས་ལྷོ་ཕྱོགས་ལྕགས་མཁར་ནང་དུ་ཡ་བསམ། དེ་འོད་དུ་ཞུ་བ་ལས། ཡཀྵ་ཛྭ་ལ་ས་མ་ཡ་ཞེས་བརྗོད་པས། གནོད་སྦྱིན་ཟངས་ཐོག་གི་རྒྱལ་པོ་དང་། ཡུམ་བསེ་གདོང་ཟངས་མགྲིན་མ་སྲས་ཟོར་གྱི་རྒྱལ་པོ་བཞི་ཕྱག་ན་ཡུངས་ཟོར། མདའ་ཟོར། ཐོད་ཟོར་ཐོགས་པ་སྤྲིན་ཕུང་ཙམ་བསེའི་སྐྱེས་བུ་བཞི་ལག་ན་སྦྲུལ་ཞགས་བསེའི་དགུག །མིང་སྲིང་བཞི་བཅུ་པ་ཐམས་ཅད་བསྐྱེད་དོ། །ར་གསུམ་པ་ཞེས་བརྗོད་པས་ནུབ་ཕྱོགས་ལྕགས་ཁང་དུ་ར་བསམ་དེ་འོད་དུ་ཞུ་བ་ལས། རཀྵ་ཛྭ་ལ་ས་མ་ཡ་ཞེས་བརྗོད་པས་ཁྱབ་འཇུག་ཆེན་པོ་ར་ཧུ་ལ་རོ་སྟོད་མི་ལ་རོ་སྨད་སྦྲུལ་མཇུག་ལུས་ཐམས་ཅད་མིག་གི་ཁེངས་པ། སྲིང་མོ་གདོང་མོ་བཞི། ཕྱོགས་བཅུར་སྲིན་མོ་བཅུ་ལ་སོགས་པ་སྲིན་པོ་དང་སྲིང་མོའི་རྒྱལ་མོ་བཅུ་རྣམས་བསྐྱེད་དོ། །མ་ཞེས་བརྗོད་པས། བྱང་ཕྱོགས་སུ་ལྕགས་མཁར་ནང་དུ་མ་བསམ། དེ་འོད་དུ་ཞུ་བ་ལས། ཙིཏྟ་ཛྭ་ལ་ས་མ་ཡ་ཞེས་བརྗོད་པས། དཔལ་ལྡན་ནག་མོ་རེ་མ་ཏི་དྲེལ་རྟ་རྐང་གསུམ་ལ་ཆིབས་པ། ཤྭ་ན་མ། བསེ་མོ། དབུས་སུ་ནག་མོ་འབུམ་སྡེ། ཤར་དུ་དཀར་མོ་འབུམ་སྡེ། ལྷོར་སེར་མོ་འབུམ་སྡེ། ནུབ་ཏུ་དམར་མོ་འབུམ་སྡེ། བྱང་དུ་ལྗང་མོ་འབུམ་སྡེ་བསྐྱེད་དོ། །ཐམས་ཅད་སྐུ་མདོག་ཕྱག་མཚན་བསྣམས། །ཕོ་ཉ་རིང་མོ་ནས་འབྱུང་བ་བཞིན་བསྒོམ་མོ། །མགོན་པོ་དགུག་པ་ནི། དེ་ནས་བདག་དཔལ་དུ་གསལ་བ་ལས། ངག་ཏུཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་བུར་ཀུར་མ་ཧཱ་ཀ་ལ་ས་མ་ཡ་ཧྲིཾ་ཧྲིཾ། ལྕག་ཀྱུའི་ཕྱག་རྒྱ། ༀ་ཨ་གུ་ཤ་ཛ་ཛཿ ཞེས་བརྗོད་པས་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ལྕག་ཀྱུའི་དབྱིབས་ལྟ་བུ་འཕྲོས་པས་ནག་པོ་འཁོར་དང་བཅས་པའི་སྙིང་ཁ་ནས་བཟུང་ནས་མདུན་དུ་དགུག་ལ། ༀ་མདུན་དུ་གནས་པ་ལ་རུ་ལུ་རུ་ལུ་བྷྱོ། ཧ་ལ་ར་ལ་བྷྱོ། རུ་ལུ་རུ་ལུ་བྷྱོ། རཀྴ་ཤྲཱི་ཧེ་རུ་ཀ་རུ་ཏྲ་མ་ཏྲ། རི་བོ་བྱན་སླག་ཆོངས་ཀྱི་རྩེ་ནས་ཀུབ་ནས། ཧ་ཧ་ཧཾ། ཞེས་བརྗོད་པས། བདག་དཔལ་མགོན་པོ་འཁོར་བཅས་ཆེན་པོར་གསལ་བའི་ཞལ་དུ་གསོལ་ནས་གནམ་ནས་བཏོན་ནས་མདུན་དུ་བསྐྱེད་པ་དང་གཉིས་སུ་མེད་པར་སྟིམ་ལ་བཞག་གོ། །དེ་ནས་ནག་པོ་ཆེན་པོས། དཔའ་བོ་ཁོ་རང་གསལ་གདབ་པོ་ཆེན་པོ་དགོངས་སུ་གསོལ། །བདག་ཅག་སྐལ་ལྡན་འདུས་པའི་ཚོགས། །སྒོ་འདི་འཇུག་པར་འཚལ་ལགས་ན། །རྒྱལ་བའི་སྲས་སུ་བཟུང་དུ་གསོལ། །ཞེས་དཔའ་བོ་ལ་གསོལ་བ་གདབ་བོ། །ཧཱུྃ་ཧཱུྃ་ཧཱུྃ། བི་ཤྭ་གནས་སྦྱོང་ཞིག་བྱིན་གྱིས་བརླབས་པ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཕཊ་ཕཊ། ཏ་ཀེཾ་ཁོའི་སྒྲིབ་པ་དག་པར་བསམ་ཏ་ཀེཾ་ཕཊ། ཀྲོ་ཏ་ཀྲོ་ཏ་ཡཾ། ཏིཀྵ་ཏི ཀྵ་ཁཾ། ༀ་ༀ་མུཾ་ཧཱུྃ། སྐལ་སྤྲོ་བ་སྐྱེད་པ་དང་དགའ་བར་བསམ། ལྡན་འདུས་པའི་ཚོགས་ཆེན་ཁྱོད། བདེ་བར་འོངས་སོ་ལེགས་པར་འོངས། །གྲུབ་པ་ལུང་གི་གསང་སྒོ་འདིར། །སུ་དག་འོང་པར་སླར་མི་བཟློག །དཔའ་བོ་ཆེན་པོས་སྦྱོད་པ་དང་། །བྱིན་གྱིས་བརླབས་དང་སྤྲོ་བ་བསྐྱེད་པའོ། །བདག་དང་མཐའ་ཡས་སེམས་མགོན་པོས་མཛད་པ་ཅན་རྣམས། མུན་པས་སྒྲིབ་པས་དེ་མ་ཤེས། །བྱང་ཆུབ་མཆོག་གི་ལམ་འདི་ནས། སངས་རྒྱས་ས་ལ་འཇུག་པར་བྱའོ། །མགོན་པོས་སེམས་བསྐྱེད་པ་དང་། དཀྱིལ་འཁོར་དུ་འཇུག་པར་ཁས་བླངས་པའོ། །རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱོད། །རྡོ་རྗེ་ཅན་དུ་ཅི་ངེས་ན། །གསང་བ་གསུམ་དུ་ངེས་པ་ཉིད། །མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། །གསང་བ་གསུམ་གྱི་དབྱིངས་ནས་བྱུང་། །ད་ལ་གསུམ་གྱི་དམ་ཚིག་ཡིན། །གྲུབ་ན་འཇིགས་པའི་དུས་མེད་དོ། །ༀ་ཨཱཿཧཱུྃ། ཞེས་ལན་གསུམ་བརྗོད་པས་མགོན་པོའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་མི་འདའ་བར་བསམ་མོ། །ས་མ་ཡ་ཞེས་ལན་གསུམ་ཏུ་བདུད་རྩི་གཏོར། བརྗོད་པས་དམ་ཚིག་བླངས་ན་དམ་བཅས་པར་བསམ་མོ། །དེ་ནས་དམ་ཆུ་བླུད་པ་ནི་ཏིང་ངེ་འཛིན་གསལ་བར། གསང་བ་གསུམ་གྱི་དམ་པ་རྣམས། །ཁྱོད་ཀྱི་རབ་ཏུ་བསླུས་གྱུར་ན། །དེ་ཀུན་ཁྲོས་ནས་ཁྲག་ཆེན་པོ། །ཉམས་པའི་སྙིང་ནས་དྲངས་ཏེ་ཐུང་། །ཨི་དན་སྟེ་ན་ར་ཀན །བ་ར་ཧྲི་ད་ཡེ། ན་མ་བ་ཏི་ནན། ས་མ་ཡ་རཀྴ་སི་སི་ཏི། བི་ས་ན་བཛྲ་ཨ་མྲྀ་ཏ་ཧེ་ཏ་ལན་གསུམ་ཀན་ཅེས་བདུད་རྩི་གཏོར་བ་མགོན་པོས་འཐུངས་པས་སྙིང་ལ་ཐིམ་པས་ཧཱུྃ་མཐིང་ནག་དུ་གྱུར་ཏེ་ཁོས་དམ་མ་ཉམས་པར་བདག་གི་སྟོང་གྲོགས་བྱས་ནས་རྡོ་རྗེ་སེམས་དཔའ་ཚོན་གང་པར་གྱུར་པར་བསམ། །དེ་ལྟར་མ་བྱས་ན་བཛྲ་ཡཀྴ་ལྕགས་ཀྱི་སྡིག་པ་མགོ་དགུ་པ་ཞིག་དུ་གྱུར་ཏེ་ཁོའི་སྙིང་པོ་བྱེད་པར་བསམ་མོ། །དཔའ་བོ་ཆེན་པོས་དམ་ཚིག་དབོག་ཅིང་དམ་ཚིག་དྲན་པའོ། །ཡེ་ཤེས་རིན་ཁོ་བོས་ཕྱག་འཚལ་བ་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ཀུན་འདུས་པ། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་སེམས་དཔའ་མཆོག་འཛིན་པ། །ཁྱེད་ཀྱི་དམ་ཚིག་གཙོ་ལགས་ཀྱི། །དབང་མཆོག་རྒྱལ་པོས་བདག་དབང་བསྐུར། །ནག་པོ་ཆེན་པོས་ཕྱག་འཚལ་བ་དང་། །ཕྱག་འཙལ་བར་གསོལ་བར་གདབ་པའོ། །ༀ་ཨཱཿཧཱུྃ་ཨ་མྲྀ་ཏ་ཨ་ཧི་ཧི་སརྦ་མཎྜ་ལ་ཧཱུྃ། ཨ་བྷི་ཥིཉྩ་ཧྲི་ཋ། དཔའ་བོས་ཡེ་ཤེས་ཀྱི་བདུད་རྩིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་དབང་བསྐུར་བའོ། །བདག་གི་སྐྱེས་བུ་ཁྱེད་ཀྱིས་སྔོན་དུ་དབང་བསྐུར་བས། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི་བདག་ལ་དབང་བསྐུར་བས། བཅོམ་ལྡན་ཐམས་ཅད་མཆོག་གི་ནི་བདག་ལགས་ཏེ། མཆོག་ཉིད་བསྒྲུབ་ཕྱིར་དབང་རྣམས་བླངས་བར་བྱའོ། །དེའི་རྗེས་སུ་འཁོར་རྣམས་ཀྱི་མོས་པ་དང་དང་བས་གཏང་རག་གི་མཆོད་པ་དབུལ་བའོ། །དེ་ནས་དཔལ་ཆེན་པོས་རང་ལ་ཉེ་བར་མཆོད་པ་ལྔས་མཆོད་པར་བསྟན་པ་ནི་ཁོ་ལ་དབུལ། ༀ་བུར་ཀུར་མ་ཧཱ་ཀཱ་ལ་ཨེ་ཧོ་ཤྭ་མོ་ཀྲོ་ཏ་ཀྲོ་ཏ་རུ་པ་པཱུ་འདི་རྣམས་དངོས་ལས་ལྷ་མོ་བསླབ་པ་མི་བསླབ་གསུང་ཙ་ཧཱུྃ། དེ་བཞིན་དུ་པུཥྤེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་ཏེ། ཞེས་མཆོད་པ་དབུལ་ལོ། །དེ་ནས་དམ་ཚིག་གི་དམ་རྫས་བསྔོ་བ་ནི། །དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་འཇོམས་མཛད་པ། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་ཁཱ་རཾ་ཁཱ་ཧི། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །མ་དང་སྲོང་མོ་བུ་རྣམས་ལ། །དཔའ་བོ་ཁྱོད་ཀྱི་རོལ་མཛད་ཅིང་། །དམ་ཚིག་ཆེན་པོ་མ་བཏང་ཅིག །ཞེ་སྡང་གཙོ་བོ་ལ་བསྔོ་བ་ཁྲོ་བོ་རྣམས་ལ་བསྔོ་བ་ཅན་གྱི་བདག་པོའི་ཚོགས། །སེམས་ཅན་ཀུན་གྱི་སྲོག་ཕྲོག་མ། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །ཤ་དང་ཁྲག་ལ་ལོངས་སྤྱོད་ཀྱིས། །གནོད་སྦྱིན་རྣམས་ལ་བསྔོ་བ་ཆེན་པོ་མ་རུངས་པ། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །གསེར་སོགས་ཡུལ་མཁར་བླངས་ནས་ནི། །རང་གི་འདོད་པར་ལོངས་སྤྱོད་ཀྱིས། །རྟོག་པའི་རྒྱལ་པོ་རྣམས་གསོན་ཅིག །མགོ་ཐོད་བཅད་ནས་རྟགས་རྟེན་དང་། །དགེ་མཚན་རྣལ་འབྱོར་ངས་འབོད་ན། །ཡིད་བཞིན་ལྟ་བུའི་དངོས་གྲུབ་སྩོལ། །རིགས་ངན་རྨེ་ཤ་ཅན་གྱི་ཚོགས། །མི་ཤ་གླང་ཆེན་ཤ་སོགས་བཞེས། །སྲིན་མོ་ཁྲག་འཐུང་མ་ལུས་ལ། །བསད་པའི་ཁྲག་ནི་དྲོན་མོ་འཐུང་། །བཞེས་ཤིག་དགྲ་བོའི་ཁྲག་ལ་འཐུང་། །སྤྲུལ་པའི་ཕྲ་མེན་ཆེན་པོ་རྣམས། །ཐོད་རུས་རྐང་དང་འབྲུ་མར་ཁྲག །ཆང་དང་ཨ་མྲྀ་ཏ་སྦྱར་བ། །རྫུ་འཕྲུལ་གྲུབ་པའི་རྫས་མཆོག་བཞེས། །རིན་ཆེན་མི་མོ་མ་རུང་པ། །ཤ་ཆེན་བཤང་གཅི་ཁུ་བ་ཁྲག །དམ་རྫས་འབར་བ་འདི་དག་བཞེས། །བདག་གི་རིམས་ནད་བཟློག་ཏུ་གསོལ། །དམིགས་བྱ་འདི་ལ་རིམ་ནད་ཐོང ། །སྲིད་པའི་བུད་མེད་མ་རུང་ཁྱེད། །བྲོ་གར་གླུ་ཚིག་མཆོད་པ་བཞེས། །དམིགས་བྱ་འཇོ་སྒེག་སྟོབས་ཀྱིས་ཕྲོགས། །ཤོར་བ་གཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་པོའི་བཀའ་བྱུང་གི །སྔགས་སྒྲ་རང་གི་མཆོད་པ་བཞེས། །དམིགས་བྱའི་ཕུང་པོ་རྡུལ་དུ་རློག །ལོག་བསྲེད་ཅན་གྱི་ཚོགས་རྣམས་ཉོན། །ཡང་དག་ངང་དུ་ཀུན་རིག་ན། །ཆེ་ཆུང་ལས་གཉིས་གང་བྱས་ཀྱང་། །གཉིས་ཀྱི་དབང་དུ་མི་འགྱུར་གྱིས། །རྣལ་འབྱོར་ང་ཡི་ལས་འདི་སྒྲུབས། །གསང་ཚིག་རྟེན་པའི་ཚོགས་རྣམས་ཉོན། །བཤང་གཅི་ཁྲག་དང་གསོལ་ཁུའི་གསོ། །བརྒྱའམ་སྟོང་དུ་གནས་སོ་ནི། །ལིདྒ་བཅད་ན་སངས་རྒྱས་འཇིག །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའ་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གྱིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་ཞེས། །རྣལ་འབྱོར་ཆེན་པོ་ངས་བསྟོད་ཅིང་། །ཁྱེད་ལ་མཐུན་པའི་རྫས་ཕུལ་བས། །སྔོན་གྱི་བསྐལ་པ་བཟང་པོ་ལ། །མཁས་བླངས་དམ་བཅས་མནའ་བོར་བའི། །སྔོན་དུ་རིག་འཛིན་གོང་མས་སྒྲུབས། །ད་ལྟ་རྣལ་འབྱོར་བདག་སྒྲུབ་པས། །བམ་རི་ཐོད་པའི་མཁར་གྱི་རྩེར། །རུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་ནག་པོ་ཆར་དུ་འབབ། །བདུད་བྱ་ནག་པོ་ལྡིང་ཞིང་འཇུམ། །དུར་ཁྲོད་མང་པོའི་རྒྱན་རྣམས་རྫོགས། །མཆེ་བ་ཙེགས་རྔམ་པའི་ཞལ་གདེངས་ནས། ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འཁྲིགས། །སྲིན་པོ་ཕོ་མོ་རྐན་སྒྲ་སྡེབས། །གནོད་སྦྱིན་ཕོ་མོ་འབྲུག་སྒྲ་སྒྲོགས། །ཟ་བྱེད་མ་མོ་གློག་ལྟར་འཁྱུག །སོ་སོ་མོས་པ་ཐ་དད་པའི། །ཡིད་བཞིན་ནོར་བུའི་དམ་ཚིག་འདི། །ཡོངས་སུ་རྫོགས་པར་བླང་བར་བྱའོ། །ༀ་བུར་ཀུར་མ་ཧཱ་ཀཱ་ལ། །ཨེ་ཧོ་ཤྭོ་མོ་ཀྲོ་ཏ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧཱི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཁཱ་ཧི། ཞེས་ཆོས་སྲུང་ཉིད་ལ་ཕུལ་བས་མཉེས་པར་བསམ་མོ། །འཁོར་བཞི་བོ་ལ་ཡང་བསྐྱེད་སྔགས་ལ་མཆོད་སྔགས་དབུལ་ལོ། །ནག་པོས་འབངས་སུ་འཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུང་ཞིག །དེ་ནས་སླན་ཆད་བཀའ་བཞིན་དུ། །བཀའ་ལུང་བཞིན་དུ་རྗེས་སུ་བསྒྲུབ། །གལ་ཏེ་བཀའ་བཞིན་མ་བགྱིས་ན། །དམ་པའི་ལུང་དང་འགལ་འགྱུར་བས། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱགས་སྐམ་ནས་འཚིག་པར་འགྱུར། །མ་དང་སྲིང་མོ་བུད་མེད་རྣམས། །འབངས་སུ་འབུལ་ལོ་རྩིས་མ་ཆུང་། །དབུས་སུ་མཆིས་སྐལ་མི་ལྡན་གྱིས། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མའི་ཁ་ཆུས་བྲན་ལ་གསོལ། །ཉེ་གནས་གདུང་བའི་མ་སྲིང་རྣམས། །དེང་ནས་རྒྱལ་བའི་འབངས་ཡིན་གྱིས། །ཁྱེད་ཀྱི་ཅི་བགྱིས་བཀའ་ཡི་ལས་མཁན་ཏེ། །བཀའ་ཡི་ལས་བྱུང་རྟག་པར་མྱུར་དུ་སྒྲུབས། །ཞེས་པས་རང་གི་དམ་བཅས་པ་བཞིན་དུ། དམ་ཚིག་ལ་གནས་པར་ཁས་བླངས་སོ། །རུ་ལུ་རུ་ལུ་བྷྱོ་ཞེས་སྲོག་ལ་ཚད་བཟུང་ནས་མནའ་སྐྱལ་ལོ། །དེ་ནས་དམ་བསྲེ་བ་ནི། རྡོ་རྗེ་དྲི་ཡི་བདུད་རྩི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། བསྲེ་བའི་མཆོག་དེ་སྲོག་གི་སྙིང་། སྙིང་དང་སྙིང་གི་སྤུན་དུ་བྱའོ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཐཱ། ཞེས་བདུད་རྩི་གཏོར་བས་ཀྱང་བདག་གི་ལན་གསུམ་ཟོས། མགོན་པོས་ཀྱང་ལན་གསུམ་ཟོས་ནས་དམ་ལས་མི་འདའ་བར་བདག་གི་དཔེར་ན་གྲོགས་འདྲ་བས་སྡོང་གྲོགས་བྱས་སྟེ་ག ཅིག་གི་གཅིག་ངོ་བོར་གྱུར་བར་བསམ་མོ། །དམ་བརྡར་བ་ནི། མ་ཧཱ་གླིང་གི་བསྒྲུབ་གནས་སུ། །རྡོ་རྗེ་སྲིན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ཚིག་གཉེན་པོ་མ་འདའ་ཅིག །མ་ཧཱ་ཀཱ་ལ་མ་ཧཱ་པཉྩ་ས་མ་སྟྭམ། དཔའ་བོས། བརྩེ་བར་བྱེད་ན་མ་རུ་བྱའོ། །གདུང་བར་བྱེད་ན་སྲིང་མོ་སྟེ། བརྩོན་པར་བྱེད་ན་བྲན་དུ་བྱའོ། །བྱང་ཆུབ་དག་ན་བུར་བྱའོ། །འདུ་འབྲལ་མེད་ན་སློབ་མར་བྱའོ། །བསྐུལ་བར་མགྱོག་ན་ཕོ་ཉར་བྱའོ། །བཀའ་བཞིན་བྱེད་ན་བཀའ་ལ་བཏགས། །ཞེས་དཔའ་བོས་ཞལ་གྱིས་བཞེས་པའོ། །ཧཱུྃ་ཀུན་ལས་ཟ་བའི་བདུད་པོ་ཆེ། དེ་འཇོམས་དེ་འདུལ་གཟའ་མཆོག་གོ། །དེ་ཡི་དེ་འདུལ་མངག་གཞུག་གོ། །གཞན་ལ་སྲིད་ནི་ཟ་བར་བྱེད། །ང་ནི་སྟོབས་ཆེན་དཔལ་ཆེན་པོ། །གཞན་གྱི་ལོག་རྟོག་འདུལ་བའི་ཕྱིར། །ཟིལ་གྱིས་མནན་ཅིང་དབང་དུ་བསྡུ། །རུ་ལུ་རུ་ལུ་བྷྱོ། ཧ་ལ་ར་ལ་བྷྱོ། རུ་ལུ་རུ་ལུ་བྷྱོ། རཀྴ་ཤྲི་ཧེ་རུ་ཀ །རུ་ཏྲ་མ་ཏྲ་ཧ་ཧ་ཧཾ། དཔའ་བོ་ཆེན་པོས་ཟིལ་གྱིས་མནན་ནས་དབང་དུ་བསྡུས་པའོ། །དཔའ་བོའི་མདུན་ན་འདར་ཁྲི་ལི་ལི་འདུག་ནས་བཀའ་ཉན་གསུང་སྡོད་བྱེད་པར་བསམ་མོ། །བསྙེན་པ་ལ་འཇུག་པའི་ཕྱིར་འཛབ་བསྟོད་བྱ་བ་ནི། ཧཱུྃ་ཉོན་མོངས་ལྔ་འཇོམས་དྲག་པོ་སྐུ་ལྔ་པོ། རང་ལ་ཁྲོ་བོའི་དགོངས་པ་ཀུན་འདུས་དཔའ་བོ་སྟེ། དཔའ་བོ་ལས་ནི་ཆགས་མེད་ཆེན་པོ་མཆོག ། དཔའ་བོས་རོལ་ཞིག་དམིགས་བྱའི་སྙིང་ལ་རོལ། །དམིགས་བྱ་རླག་བྱེད་ཆུ་བོ་གང་ག་ལྟར། །རྒྱུན་མི་ཆད་པར་དམིགས་བྱ་དགའ་བར་རོལ། །མ་རུངས་ཁྲོས་པས་ཉོན་མོངས་དུག་གསུམ་འཇོམས། །དེ་ཉིད་ཀྱིས་ནི་དེ་ཉིད་གསུམ་བསྲེགས་ཤིང་། །གནས་འདིར་ཤོག་ལ་དམ་ཚིག་སྲུངས། །བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་ཆེན་རྡུལ་དུ་བཟློག །བསྙེན་སྔགས། ༀ་བུར་ཀུར་མ་ཧཱ་པདྨ་རྡེ་འབུར་ཙི་འབུར་བྱི་གེ་མ་ན་སེ་ཨེ་ཧོ་ཤོ་མོ་ཀྲོ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། བསྒོམ་པའི་དམིགས་པ་ནི། བདག་དཔལ་ཆེན་པོར་གསལ་བའི་ཐུགས་ཁ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟ་བུ་འཕྲོས་ཏེ། ནག་པོ་ཆེན་པོ་འཁོར་དང་བཅས་པ་བམ་རི་ཐོད་པ་མཁར་ན་གནས་པའི་སྙིང་ཀ་ནས་བཟུང་ནས་མདུན་དུ་བཀུག་ལ་བསྐྱེད་པ་དང་གཉིས་སུ་མེད་པར་བསྟིམ་ལ། དེ་ན་གནས་པའི་དེ་རྣམས་བཀའ་ཉན་གསུང་སྡོད་དེ་རིང་ཕན་ཆད་ལས་ཅི་བགྱི་ཟེར་བར་བསམ་ཞིང་མགོན་པོ་ཞི་བའི་ཞལ་དང་ལྡན་པར་བསམས་ཤིང་འབུམ་མཚོ་གཅིག་ལ་བསྙེན་པའི་ཚད་དུ་བཟླས་པར་བྱའོ། །སྟོང་སྟོང་ཐོན་པ་དང་ཐོན་མཆོད་བྱ་སྟེ། །ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ། རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཤྲཱི་བན་ཁ་ཧི། །རྣལ་འབྱོར་ཡོངས་ཀྱི་བསྟན་པ་བསྲུང་བར་ཞལ་འཆེས་པའི། །དཔལ་ལྡན་མགོན་པོ་འཁོར་བཅས་ལ། །རྣམ་དག་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས༴ གཙོ་འཁོར་ལྔའི་རང་སྔགས་ལ། མ་ཧཱ་པ་ཉྩ་ཨ་མྲྀ་ཏ་ཁཱ་ཧི་བཏགས་ལ་སྨན་མཆོད་བྱ། གཏོར་མ་དང་རཀྟའི་མཆོད་པ་ཡང་འབུལ་ཞིར་སྨན་རག་སྦྲེང་ངོ་། །སྔོན་ཚེ་དཔལ་གྱི་ཚོགས་གདུང་དབྱངས་ཀྱི་བསྐུལ། དེ་ནས་ལྡང་བར་འདོད་ན་གསུར་ཆེན་བཏང་། སྨན་གྱི་འཇུག་གཏོར་བྱ། རཀྟ་དང་ཕུད་ཀྱི་མཆོད་པ་ཕུལ་བདག་བཛྲ་ཧེ་རུ་ཀ་ཆ་གཉིས་གསལ་བར་བསྒོམ་ལ། གཅིག་ཕྱུང་ལ་སྤྱོད་ལམ་རྣམས་བཞི་ཅི་བདེར་བྱའོ། །དེ་ནས་བཟླས་པ་ལ་འཇུག་ན་ཡང་། དཀྱིལ་འཁོར་ལྷ་ཚོགས་དང་ཆོས་སྲུང་འཁོར་དང་བཅས་པ་ལ་གོང་མ་ལྟར་མཆོད་པ་ཕུལ་ལ། བདག་ཉིད་དཔལ་ཆེན་པོ་ལ་ཕར་ཐིམ་པར་བསམ་ལ་བཟླས་པ་བྱའོ། །དེ་ནི་ཐུན་མཚམས་གྱི་ཆོ་གའོ། །ད་ནི་ཉེ་བའི་སྙེན་པ་བྱ་སྟེ། ཕྲིན་ལས་གཞུང་བསྲང་བ་ལ་སོགས་པའི་བསྙེན་པ་མཐུན། བསྙེན་པའི་སྔགས་ལན་གསུམ་བརྗོད་ལ། དེ་ནས་ཉེ་བསྙེན་གྱི་སྔགས་ལ་འཇུག་པར་བྱ་སྟེ། བདག་ཉིད་དཔལ་ཆེན་པོ་སེམས་དཔའ་སུམ་བརྩེག་དང་ལྡན་པའི་ང་རྒྱལ་གྱིས་འཛབ་བསྟོད་བྱ་བ་ནི། སྙིང་རྗེ་ལྔ་ཡི་དྲག་པོ་ལྔ་འཇོམས་པ། །སངས་རྒྱས་ཀུན་གྱི་བཀའ་ཡི་ཕྲིན་ལས་ཡིན། །དྲག་པོའི་ལས་འདི་བཀའ་ཡི་མན་ངག་གཞུག་གོ། །མྱུར་བར་མྱུར་བར་རྣོ་བས་ཡིད་ཀྱི་དབང་པོ་ཕྱུང་། །ཁྱོད་ཀྱི་དྲག་པོའི་ཕྲིན་ལས་རྒྱུན་མི་ཆད། །ལུས་ཚིག་སེམས་ཁྲོས་དམིགས་བྱ་མ་བཏང་ཞིག །ཁྱོད་ཀྱི་ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །ཁྱོད་ཀྱི་དམིགས་བྱ་དམ་ཉམས་འདི། །རྟེན་དང་བརྟེན་པ་གཉིས་ཀ་ཟོ། །ཁ་འཛིན་སྐྱབས་བྱེད་གཉིས་ཀ་ཆོམ། །རྣམ་ཤེས་སྤྲོད་ལ་ཤ་ཁྲག་བསྲེགས། །གནས་འདིར་འདུག་ལ་དམ་ཚིག་བསྲུངས། །བསྒྲུབ་པ༴ སྡང་བའི༴ གནོད་པའི༴ དེ་ནས་གཟུངས་ཐག་རྟེན་ལ་བཏགས་པ་དེ་ལག་ཏུ་ཐོགས་ལ་སྔགས་བཟླས་ཏེ། བདག་དཔལ་ཆེན་པོ་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀ་ནས་ཏིང་ངེ་འཛིན་སེམས་དཔའི་རང་བཞིན་གྱི་ཡི་གེ་ཧཱུྃ་ལ་སྔགས་ཀྱི་བསྐོར་བ་ལས་འོད་ཟེར་བྱུང་སྟེ་སྲོག་རྩ་ནས་ཡར་བྱུང་། སྣའི་ཡེ་ཤེས་ཀྱི་རླུང་ལས་སྣའི་རྩེ་མོར་བྱུང་ཙ་ན། ཡེ་ཤེས་ཀྱི་རླུང་རིང་པོ་ལས་མགོན་པོ་ལྗང་སྔོན་གསལ་ཤིང་ལག་ན་ཐོགས་པ་རྒྱུད་མར་སྤྲོས་ལ་མཁར་གྱི་ནང་ན་མེའི་མགོན་པོ་ལ་བསྟིམ་ལ། ནང་ན་མོ་ནུས་པ་བསྐྱེད་པ་ནི་བསྒོམ་པའོ། །དྲག་པོའི་སྔགས་ནི། ༀ་བྷུ་རུ་ཀུ རྨ་ཨ་ཀྲ་ན་བུ་ཙི་ཀི་བྱི་མ་ན་སེ། ཁ་ཤོག་མགོ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། མཁར་ནག་གི་སྐུད་པ་ལ་དར་ནག་གི་ཁུད་དུ་དུམ་བུ་གསུམ་བྱས་ཏེ། དང་པོ་རཀྟ། བར་པ་ཡུངས་དཀར ། ཐ་མ་ཙན་དན་དང་སྨན་སྣ་ཚོགས་དང་བདུད་རྩིའོ། །གཟུངས་ཐག་ལ་བཏགས་པ་འཇོག་པའི་དུས་སུ། ཐུམ་པོ་ཐ་མ་སྨན་གྱི་ཐུམ་པོ་ཁ་ཕྱེ་སྟེ་བག་ཙམ་ཞིག་བླུགས་ཏེ་འཇུག་གཏོར་མཁར་གྱི་ནང་ན་མོ་ལ་བྱས་པས་སྐུའི་ཚ་བ་གཞིལ་བར་བསམ་མོ། །སྟོང་སྟོང་བཟླས་ཤིང་མཆོད་པ་རེ་བྱས་པའི་སྔགས་འབུམ་ཚོ་ག ཅིག་བཟླས་པ་ནི་བསྙེན་པའི་མན་ངག་གོ། །ཐུན་མཚམས་གྱི་ཆོ་ག་དང་མཐུན་ནོ། །བསྒྲུབ་པ་བྱ་བ་ནི། འཕྲིན་ལས་གཞུང་བསྲང་བ་ལ་སོགས་གོང་དང་མཐུན་བདག་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས་འཛབ་སྟོད་བྱ་སྟེ། བཞི་པ་ལྔ་ནི་བསྐུལ་བ་ལྔ། །བཞི་པོ་ལྔ་ནི་བཀའ་སྡོད་ལྔ། །བསྐུལ་བ་ལྔ་ནི་རྒྱལ་བ་ལྔ། །དེ་ནི་སངས་རྒྱས་ཕྲིན་ལས་ཡིན། །དེ་ཉིད་སེང་གེ་ལྟ་བུ་སྟེ། །འབྲུག་ལྟར་སྒྲོག་པའི་ང་རོ་ཅན། །གློག་ལྟར་འཁྱུག་པའི་ཁྲོ་བོ་ཡིན། །དེ་ཡི་དེ་སྙིང་བརླག་པར་བྱ། །གནས་འདིར་འདུག་ལ་ཕྲིན་ལས་མཛོད། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི༴ གནོད་པའི༴ ཞེས་བརྗོད་ལ་བསྒོམ་པའི་རིམ་པ་ནི་ཐུམ་པོ་བར་པ་ཡུངས་དཀར་ཐུམ་པོ་ཁ་ཕྱེ་སྟེ། མཁར་གྱི་ནང་ན་མེ་ལ་བསྐུལ་ཏེ། མཁར་གྱི་མགོན་པོ་ལ་བྲབས་པས་དེ་གདུག་པའི་སེམས་སྐྱེས་དགྲ་བགེགས་བཀུག་ནས་ལིདྒ་བསྟིམ་པ་ནི་བསྒྲུབ་པའི་བསམ་བརྒྱུད་དེ། སྟོང་སྟོང་ཐོན་པ་དང་སྟོང་མཆོད་བྱ། མ་འཕང་མ་གཡེལ་གྱིས་སྣང་སྲིད་ལྷ་འདྲེ་ལ་དཔང་གཟུགས། སྣང་སྲིད་ལྷ་འདྲེ་དམག་དུ་བྲན་ཞིང་བསྐང་བ་བྱའོ། །ཐུན་མཚམས་ཀྱི་ཆོ་ག་གོང་དང་མཐུན་ནོ། །ༀ་བུར་ཀུར་ཨི་ཙི་ཀི་བྱི་ཨུ་ཙུ ཥྨ་ཀྲོ་ཏ་ཧཱུྃ་ཕཊ། ཅེས་འབུམ་ཚོ་བསྐྱལ་ལོ། །དཔལ་དང་བཀའ་སྡོད་ཕོ་ཉ་བཏང་། བསྒྲུབ་པ་ཆེན་པོའི་ཕྲིན་ལས་གཞུང་བསྲང་བ་ལ་སོགས་པ་བསྙེན་པ་དང་མཐུན་དཔལ་གྱི་ང་རྒྱལ་དང་ལྡན་པས་འཛབ་བསྟོད་བྱ་སྟེ། དེ་ཉིད་ལྷུན་གྱིས་གྲུབ་པས་ན་དཔའ་བོས་དེ་ཉིད་གདེང་དུ་འགྱུར། དེ་ཉིད་བདག་གི་དབང་དུ་བསྡུས། །ལས་ལ་ཐེ་ཚོམ་མེད་པར་འགྱུར། །བསྒྲུབ་པ་ལ་བསྟོད་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ༴ གནོད་པའི་བགེགས་ཆེན། བདག་ཉིད་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས་ཐུམ་པོ་དང་པོ་རཀྟའི་ཐུམ་པོ་ཁ་ཕྱེ་སྟེ། རཀྟའི་ནང་དུ་བག་ཙམ་ཞིག་བླུགས་ལ་བཟླས་པ་ལ་འཇུག་པའི་དུས་སུ། མཁར་གྱི་མགོན་པོ་ལ་བྲབས་པས། དེ་གདུག་པའི་སེམས་སྐྱེས་ཏེ། རྒྱས་པའི་དགྲ་བོ་རྣམས་ཁྲམ་ལ་བཏབ་ནས། དེའི་ཕན་བྱེད་ཀྱི་ལྷ་དང་བྲལ་ནས་སྡུག་བསྔལ་ཞིང་སྐྱབས་མེད་པར་སྐྲ་ཤིག་ནས་རེངས་པར་འདུག་པ་ནི་བསྒྲུབ་པ་ཆེན་པོའི་བསམ་རྒྱུད་དོ། །ༀ་བྷུར་ཀུར་ཏི་ཧཱུྃ་ཕཊ། ཞེས་བསྒྲུབ་པ་ཆེན་པོ་ལ་འབུམ་ཚོ་ཅིག་བསྐྱལ་ལོ། །དུས་བཞིར་ཚོགས་ཀྱི་མཆོད་པ་དང་། བསྐང་བ་དུས་བཞིར་བྱའོ། །དུས་བཞིར་བསྐུལ་བ་བྱ་ཞིང་དུས་བཞིར་ཟོར་འཕང་། གཟུ་དཔང་གསོལ་ཞིང་དགྲ་བོ་ལྷ་དང་བྲལ། བསྒྲུབ་པ་ཆེན་པོའི་མན་ངག་གོ་བསྙེན་བསྒྲུབ་བཞིའི་ལས་བྱང་། ཨཐྎ། བཞི་སྙིང་གཅིག་ཏུ་དྲིལ་བ་འདི་ལ་གཙོར་བྱེད་དེ། ༀ་བྷུ་ཀུར་ཨི་ཙི་ཀི་ཕྱི། ཨུ་ཙུ་ཥྨ་ཀྲོ་ཏ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། ཡཀྴ་ཛྭ་ལ་ས་མ་ཡ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊ། ཙིཏྟ་ཛྭ་ལ༴ ཀྲོ་ཏ་ཛྭ་ལ༴ ཡཀྴ་ཛྭ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། འགྲེ་ལས་ལ་སྦྱོར་བའི་དུས་སུ་དཔལ་དང་བཀའ་སྡོད་ཀྱི་བསྐྱེད་རིམ་ལ་སོགས་པ་བསྐྱེད་རིམ་བསྒྲུབ་པ་དང་མཐུན། ཚོགས་དང་བསྐང་བ། བསྐུལ་པ། ཟོར ། གཟུ་དཔང་གསོལ་བ་ལྷ་དང་དབྲལ་བ་ལ་སོགས་པ་བསྒྲུབ་པ་ཆེན་པོ་དང་མཐུན། བདག་དཔལ་ཆེན་པོར་གསལ་བས། ཟིལ་གྱིས་མནོན་པའི་ཚིག་དང་སྔགས་ཀྱིས་གོང་དང་མཐུན་པར་ཟིལ་གྱིས་མནན། བསྙེན་བསྒྲུབ་བཞིའི་སྔགས་ཤས་ཙམ་བཟླས་ལ། དེ་ནས་ལས་སྦྱོར་གྱི་དུས་སུ་བཞི་སྙིང་ཅིག་དྲིལ་བའི་སྔགས། ༀ་བྷུར་ཀུར་ཨི་ཙི་ཀི་ཕྱི་ཨུ་ཙུ་ཥྨ་ཀྲོ་ཏ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སྔགས་རེ་བཟླས་པའི་དུས་སུ་བདག་དཔལ་དུ་གསལ་བའི་ཐུགས་ཀར་འོད་ཟེར་ཁ་དོག་ལྔའི་ཞལ་དུ་འཕྲོས་པས། མདུན་གྱི་མགོན་པོ་ལ་ཐིམ། དེའི་ཐུགས་ཀ་ནས་མགོན་པོ་སྐུ་མདོག་ལྗང་སྔོན་ཕྱག་ན་གསལ་ཤིང་ཐོགས་པ་བསམ་གྱིས་མི་ཁྱབ་པ་འཕྲོས། འཁོར་རྣམས་བཞི་སྟག་དང་། སེང་གེ་དང་། འདབ་ཆགས་གཤོག་པ་ཅན་དང་། གཅན་ཟན་མཆེ་བ་ཅན་དང་འཕར་བ་དང་། དྲེད་མོང་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས། གཙོ་དང་འཁོར་བཅས་པའི་སྤྲུལ་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་པས། དེའི་དམིགས་བྱའི་དགྲ་བགེགས་གང་ན་གནས་ཀྱང་བཀུག་ནས་ལིདྒ་ལ་སྟིམ་སྟེ། དེ་ནས་བསྒྲལ་བར་བསམ་མོ། །ཡང་ན་སོ་སོར་ཡུལ་ལུགས་དང་། བསད་ལུགས་ལས་སྦྱོར་ཆེན་མོ་ན་གསལ་ལོ། །ༀ་བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ། འཁོར་གྱི་སྔགས་གང་བཟློས་ཀྱང་རང་རང་གི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་བསྒྲུབ་བྱའི་དགྲ་བགེགས་ཐམས་ཅད་བསྒྲལ་བར་བསམ་མོ། །བཀའ་སྡོད་ཀྱི་བསྒྱུ་ཐབས་ཞལ་གདམས་སུ་བཀོད་པ། ཨཐྎ། དང་པོ་བསྙེན་པའི་དུས་སུ་ཐུགས་དམ་གྱི་རྟེན་ཕྱོགས་བཞི་དབུས་དང་ལྔར་དར་མཐིང་ནག་གི་གུར་དབུབ་པའམ། ཡང་ན་མཎྜལ་གྲུ་བཞི་པའི་སྟེང་དུ་དུར་ཁྲོད་ཀྱི་ཚོན་རྩི་དམར་པོས་བཀབ་པ་ནི་མཚོ་ཀོ་ཀ་ཐང་དམར་པོ་དེའི་སྟེང་དུ་སྡོམ་སྡིག་རྨིགས་པ་སྦྲུལ་འགྲམ་མོ། །དེ་ནས་དཔངས་སུ་སོར་བཞི་ཟུར་གསུམ་རྩེ་མོ་ནུབ་ཏུ་བསྟན་པའི་ནང་དུ་ལིངྒ་བཞག །ཚད་དང་ལྡན་པའི་མཁར་བརྩིགས་ལ། ཟུར་བཞི་ལ་བདུད་བཞི། ཕྱོགས་བཞིར་རུ་མཚོན་བཞི། བྱ་ཁྱུང་གཉིས་ཀྱིས་བརྒྱན་པའོ། །མདའ་ཡུད་ལྔ་ལ། ནམ་མཁའ་སྔོན་པོ་གཡུ་མིག་ཅན། །མཁར་གྱི་ཐོན་ཁུ་པ་སུ་བཞུག་གོ། །མཐོ་ཁུང་གི་ཐོད་ཚལ་སོར་བཞི་པའི་ནང་དུ་འབྲུ་མར་ཆང་དང་ཨ་མྲྀ་སྦྱར་བ་བཞག་གོ། །དེ་ནས་ཕྱོགས་བཞིར་ཟུར་གསུམ་ལིདྒ་དང་བཅས་པ། ལྷོར་གནོད་སྦྱིན་གྱི་མཁར་དུ་རུ་སྐྱོགས་བཞག །བྱང་དུ་ཟ་བྱེད་པའི་སྟེང་དུ་དར་མཐིང་གི་སྦྲ་དང་། ཁྲག་སྣ་ཚོགས་པའི་གཏོར་མ་བཞག །བྱང་དུ་ཁྲོ་བོ་རྣམས་ཀྱི་རྟེན་དུ་ཕུར་པ་དམར་ནག་དར་གྱི་ཅོད་པན་ཅན་བཅོ་བརྒྱད་བཞག །ནུབ་ཏུ་སྲིན་པོའི་རྟེན་རབས་ཆད་ནག་པོའི་ཐོད་པ་གླིང་བཞི་པ་བཞག །དེ་ནི་རྩ་བའི་མཎྜལ་ལྷོ་ནུབ་ཏུ་བཞག་གོ། །ལྷོ་ཕྱོགས་འབྲུབ་ཁུང་གི་དལ་བྱ། །ལིདྒ་བཞག །གཏད་ཁྲམ་ཀྱི་དཀྱིལ་འཁོར་ཚད་ལྡན་པའི་ཁར་གྲུ་གསུམ་པ་སྟེང་བྱ་ཁྱུང་གི་བརྒྱན་པ། ཁྲོ་བོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ་གསལ་ཤིང་ཐོགས་པ། ཁམ་ནག་འབར་བ། གསུས་པ་ཐུར་དུ་འཕྱང་བ། མཚན་མ་སྦྲེང་བ་ནུབ་ཏུ་བཞག་གོ། །བཀའ་སྡོད་ཀྱི་མཎྜལ་ནི་འཇིག་རྟེན་པའི་བསྙེན་པའི་དུས་སུ་རུ་ལས་ཚོགས་བདག་འཁོར་བཅས་བསྐྱེད། དབུས་ཀྱི་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག །གཡོན་ཐོད་པ། དེ་ནས་དྲག་པོའི་གནས་གདུག་པ་བཀུག་ནས་སྟིམ་ལ། ཕྱག་བཞི་པ་ན། གཡས་དང་པོ་ན་ལྕག་ཀྱུ། གཡོན་དང་པོ་ན་གསལ་ཤིང་། གཡོན་ཐ་མ་ན་ཐོད་པ། གཡས་ཐ་མ་ན་གྲི་གུག །དེ་ནས་ཚོགས་ཞེས་པ་ནས་བཟུང་དུ་གསོལ་ཞེས་པའི་བར་གྱིས་གསོལ་བ་གདབ་པ་དང་གསུམ་པའོ། །དེ་ནས་སྔགས་ཀྱི་སྒྲིབ་པ་སྦྱང་སྟེ་བཞི་པའོ། །མི་ལྡོག་པར་སྤྲོ་བ་བསྐྱེད་པ་དང་ལྔ། །འཇུག་པར་ཁས་བླངས་པ་དང་དྲུག །དུས་མེད་པར་དེའི་ཡོན་ཏན་བསྟན་པ་དང་བདུན། དེ་ནས་ཡི་གེ་གཅིག་ཕྱག་བཙལ་བའོ། །ཡི་གེ་གཅིག་གི་དབང་བསྐུར་ཅིག་པར་གསོལ་བ་གདབ་པའོ། །དེ་ནས་སྔགས་དེས་དབང་བསྐུར་བའོ། །དབང་བླངས་བ་དང་བཅུ་པའོ། །དབང་ཡོན་དབུལ་བ་དང་བཅུ་གཅིག །མངའ་གསོལ་པ་ཙ་བཏབ་པ་དང་བཅུ་གཉིས་རང་གི་མཐུན་པའི་དམ་རྫས་དབུལ་བ་དང་བཅུ་གསུམ། དམ་མནོས་པ་དང་བཅུ་བཞི། མནའ་སྐྱལ་བ་དང་བཅོ་ལྔ། སྲོག་ལ་ཚད་གཟུགས་པ་དང་བཅུ་དྲུག །དམ་ཚིག་བསྲེ་བ་དང་བཅུ་བདུན། །ཟིལ་གྱིས་མནན་པ་དང་བཅོ་བརྒྱད་དོ། །དེ་དག་གི་བསྙེན་པའི་དོན་ཆེན་ཚོལ་བ་ཞེས་བྱའོ། །དེ་ནས་ཚོན་སྐུད་ལག་ཏུ་བླངས་ལ། སྔགས་ཀྱི་ཚད་རྫོགས་པ་དང་། སྣའི་བུ་གའི་ཧཱུྃ་རིང་ལས་ལྗང་སྔོན་དྲག་པོ་གསལ་ཤིང་ཅན་སྤྲོས་ཏེ། ལྷ་ཆེན་པོ་དང་གཉིས་མེད་བསྟིམ་པ་ནི། དོན་བསྐྱེད་པ་ཞེས་བྱའོ། །དེ་ནས་ཐུམ་པོ་བར་མ་ཁ་ཕྱེ་སྟེ་མཁར་གྱི་གློ་དཀར་གྱི་ནང་དུ་ཁྲོ་བོ་ཆེན་པོ་ལ་ལས་བགྱིད་པར་བསྐུལ་བ་ནི་སྒྲུབ་པ་ནི་དོན་ལ་འཇུག་པའོ། །དེ་ནས་སྨད་དུ་བྱུང་བ་སྟེ་བསྒྲུབ་པ་ཆེན་པོ་བྱ་བ་དང་། ཟིལ་གྱིས་མནན་པའི་སྔགས་ཁྲི་འབུམ་མམ་སྟོང་རྩ་བརྒྱད་བཟླས་ཤིང་། སྡོང་རུ་དང་། གླིང་བུ་འབུད་པ་དང་། རབ་ཏུ་ཁྲོས་པའི་སེམས་ཀྱིས་བྱས་ནས། ཐལ་ཆེན་ཚོམ་བུ་ཞག་གི་ཟོ་རིས་བྱས་ནས། འཁོར་གྱི་སྲོག་སྙིང་ཕུལ་ཏེ། ཧ་ཧི་ཧི་ཞེས་རྟ་སྐད་བྱས་པས་དེ་དག་གི་འཇིག་རྟེན་པ་བསྒྲུབ་པ་རྫོགས་སོ།། །།


previousདཔལ་མགོན་ལེགས་ལྡན་འཁོར་བཅས་ཀྱི་མཆོད་ཕྲིན་བསྟོད་བསྐུལ་དང་བཅས་པ།next