Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ལྷ་མོའི་བསད་ལས་དགྲ་བགེགས་བསྒྲལ་ཆོག
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོའི་བསད་ལས་དགྲ་བགེགས་བསྒྲལ་ཆོགnext

དཔལ་ལྡན་ལྷ་མོའི་བསད་ལས་དགྲ་བགེགས་བསྒྲལ་ཆོག

དཔལ་ལྡན་ལྷ་མོའི་བསད་ལས་དགྲ་བགེགས་བསྒྲལ་ཆོག་བཞུགས་སོ། །ཧཱུྃ། ན་མོ། སངས་རྒྱས་དཀོན་མཆོག་གཟུ་དང་དཔང་། །དམ་ཆོས་དཀོན་མཆོག་གཟུ་དང་སྤང་། །དགེ་འདུན་དཀོན་མཆོག་གཟུ་དང་དཔང་། །བླ་མ་ཡི་དམ་གཟུ་དང་དཔང་། །དཔའ་བོ་མཁའ་འགྲོ་གཟུ་དང་དཔང་། །ཆོས་སྐྱོངས་སྲུང་མ་གཟུ་དང་དཔང་། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ན་མོ། ཕྱོགས་བཅུའི་འཇིག་རྟེན་ཁམས་ན་བཞུགས་པ་ཡི། །བླ་མ་རིག་འཛིན་རིགས་ལྔ་ཡབ་ཡུམ་དང་། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མ་ལུས་ཀུན། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་ནི་རིག་འཛིན་བསྒྲུབ་པའོ། །བདག་བསྒྲུབ་པ་པོ་ལ་དགྲ་བྱུང་ན། །ང་མ་ཉེས་མ་ལེན་བསྲུང་མ་མཁྱེན། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་ཆོད། །དགྲ་བགེགས་སྡིག་ཅན་ལས་ངན་འདིས། །དང་པོ་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །ཐ་མ་གསང་སྔགས་གཉེན་པོ་དྲལ། །ད་ལྟ་རྣལ་འབྱོར་བདག་ལ་བསྔོས། །ལས་དགེ་བ་བཅུ་ནི་ཁྱད་དུ་བསད། །མི་དགེ་བཅུ་ནི་དང་དུ་བླངས། །མཚམས་མེད་ལྔའི་འབྲས་བུ་སྨིན། །འདི་ན་བསྒྲལ་བའི་ཞིང་ཡིན་པའི། །ད་ལྟ་ཉིད་དུ་བསྒྲལ་བར་བྱ། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །རྔམས་བརྗིད་ཁྲོ་བའི་སྐུར་བཞེངས་ལ། །དགྲ་བགེགས་སྡིག་ཅན་ལས་ངན་རྣམས། །ཐུགས་རྗེས་བསྒྲལ་བའི་ཕྲིན་ལས་མཛོད། །ཛཿཧཱུྃ་བཾ་ཧོཿབཛྲ་ༀ་ཀུ་ཤ་ཡ་ཛཿ བཛྲ་པ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷནྚེ་ཧོ། བཛྲ་ཨ་ཀཪྴ་ཡ་ཛ་ཛཿ ན་མོ་གུ་རུ། བླ་ཚོལ་དུས་སུ་ལྷ་མོ་རེ་མ་ཏི། མདུན་དུ་བདུད་མོ་འབུམ་གྱི་ངོ་བོ་ལྕགས་ཀྱི་སྤྱང་མོ་མགོ་དགུ་ཞེས་བྱ་ལ། སྐུ་ལ་ལྕགས་ཀྱི་ཚ་ཚ་འཕྲོ། སྤྱང་ཀུའི་མགོ་དགུ་ཡོད་པ། ཕྱག་གཡས་ན་ལྕགས་ཀྱི་སྤྱང་མོ་མགོ་དགུ། གཡོན་ན་ཟངས་ཀྱི་འཕར་བ་ལྕེ་བརྒྱད་འགྱེད་ཐབས་སུ་བསྣམས་པ། སྐུ་ལ་ལྕགས་ཀྱི་ཚྭ་ཚྭ་འཕྲོ་བ། བསྐུལ་བ་བྱས་པ་ཙམ་གྱིས་མདུན་གྱི་མ་མོ་དང་སྤྲུལ་པའི་ཚོགས་རྣམས་མྱུར་དུ་སོང་ནས་དགྲ་བོ་རྣམས་བཀུག་ནས། མདུན་གྱི་ལིང་ག་ལ་ཐིམ་པར་བསམ། བྷྱོ། དོ་ནུབ་ནམ་གྱི་གུང་ལ་བབས། །ད་ལྟ་ཚོགས་ཀྱི་དུས་ལ་བབ། །མ་མོའི་བླ་ཚོལ་དུས་ལ་བབ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །ཡ་འགལ་གནམ་ལ་མ་འགལ་ས། །སྐུ་ལ་ཅགས་ཀྱི་ཚྭ་ཚྭ་འཕྲོ། །ཕྱག་མ་གཡས་ན་འགྱེད་པ་ནི། །ལྕགས་ཀྱི་སྤྱང་མོ་མགོ་དགུ་འགྱེད། །ཕྱག་མ་གཡོན་ན་འགྱེད་པ་ནི། །ཟངས་ཀྱི་འཕར་བ་ལྕེ་བརྒྱད་འགྱེད། །དུང་གི་བྱ་རྒོད་གླད་ན་ལྡིང་། །བདུད་སྲིན་ཀུན་གྱི་མགོན་དུ་ཆེ། །སྲིད་པ་གསུམ་གྱི་བྱ་ར་མཁན། །སྲིད་པ་གསུམ་དུ་ཉུལ་ཞིང་རྒྱུག །ལེགས་ཉེས་གཉིས་ཀྱི་ཤན་འབྱེད་མ། །ཟས་སུ་དམ་ཉམས་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དམ་ཉམས་དགྲ་བོའི་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོའི་བླ་འཁྱམས་མ་བཏང་ཁུག་ལ་ཤོག །གཟུགས་ལིང་ག་འདི་ལ་མྱུར་དུ་ཁུག །མིང་བྱང་བུ་འདི་ལ་གནས་པར་མཛོད། །ༀ་མ་ཧཱ་ཀ་ལ་རེ་མཱ་ཏི། དགྲ་བོ་ནྲྀ་མ་ར་ཡ་ཁུག་ཛ། བྷྱོཿ དམ་ཉམས་དགྲ་བོའི་བླ་ཚེ་འདི། །ནམ་མཁའི་ཁམས་སུ་ཤོར་སྲིད་ཀྱི། །ནམ་མཁའི་ཁམས་སུ་ཤོར་བ་ན། །སྲིང་གཅིག་རྡོ་རྗེ་དཔལ་ལྡན་མ། །བྱ་རྒྱལ་ཁྱུང་དུ་སྐུར་སྤྲུལ་ལ། །ཐང་དཀར་རྒོད་པོ་ཕོ་ཉར་འགྱེད། །ནམ་མཁའི་ཁམས་ནས་མ་བཏང་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །བར་སྣང་ཁམས་སུ་ཤོར་སྲིད་ཀྱི། །བར་སྣང་ཁམས་སུ་ཤོར་བ་ན། །སྲིང་གཅིག་རྡོ་རྗེ་དཔལ་ལྡན་མ། །རྒོད་གླག་དག་ཏུ་སྐུ་སྤྲུལ་པ། །བསྭེ་ཡི་གླག་མོ་ཕོ་ཉར་འགྱེད། །བར་སྣང་ཁམས་སུ་མ་བཏང་ཁྲིད་ལ་ཤོག །དམ་ཉམས་དགྲ་བོའི༴ ཕྱོགས་བཞི་མཚམས་བརྒྱད་དག་ཏུ་ཤོར་སྲིད་ཀྱི། །ཕྱོགས་བཞི་མཚམས་བརྒྱད་དག་ཏུ༴ སྲིང་གཅིག་རྡོ་རྗེ༴ ལྕགས་ཀྱི་སྤྱང་བརྒྱད་དུ༴ ལྕགས་ཀྱི་ཁྱི་སྡེར་རྐང་གསུམ་ཕོ༴ ཕྱོགས་བཞི་མཚམས་བརྒྱད་མ་བཏང་༴ དམ་ཉམས༴ ས་ཡི་འོག་ཏུ་ཤོར་སྲིད་ཀྱི། །ས་ཡི་འོག་ཏུ༴ སྲིང་གཅིག་རྡོ་རྗེ༴ ལྕགས་ཀྱི་བྱི་བར་སྐུ་སྤྲུལ་ལ། །ཟངས་ཀྱི་བྱི་བ་མགོ་ལྔ་ཕོ༴ ས་ཡི་འོག་ཏུ་མ་བཏང་༴ དམ་ཉམས་དགྲ་བོའི་རྒྱ་མཚོའི་གཏིང་དུ་ཤོར་སྲིད་ཀྱང་། །རྒྱ་མཚོའི་གཏིང་དུ་ཤོར༴ སྲིང་གཅིག་རྡོ་རྗེ༴ ཆུ་སྲིན་རྒྱལ་མོར་སྐུ༴ ཉ་ཆེན་ཡོར་པོ་ཕོ༴ རྒྱ་མཚོའི་གཏིང་དུ་མ་བཏང་༴ དམ་ཉམས༴ གངས་དཀར་རྩེ་ལ་ཤོར་སྲིད་ཀྱང་། །གངས་དཀར་རྩེ་ལ༴ སྲིང་གཅིག༴ དུང་གི་སེང་གེ་སྐུ་སྤྲུལ་ལ། །གངས་བྱི་དཀར་མོར་ཕོ་ཉར་འགྱེད། །གངས་དཀར་རྩེ་ལ་མ་བཏང་ཁྲིད་ལ་ཤོག །དམ་ཉམས་དགྲ་བོའི༴ ཉིན་རི་དཀར་ལ་ཤོར་སྲིད་ཀྱང་། །ཉིན་རི་དཀར་ལ་ཤོར་བ་ན། །སྲིང་གཅིག་རྡོ་རྗེ༴ ལྕགས་ཀྱི་སྤྱང་ཀུར་སྐུ༴ ཉིན་རི་དཀར་ལ་མ་བཏང་༴ དམ་ཉམས༴ སྲིབ་རི་ནག་ལ་ཤོར་སྲིད་ཀྱང་། །སྲིབ་རི་ནག་ལ༴ སྲིང་གཅིག༴ གསེར་གྱི་སྟག་མོ་མགོ་ལྔ་སྐུ༴ ཟངས་ཀྱི་འཕར་བ་ཕོ༴ སྲིབ་རི་ནག་ལ་མ་བཏང༴ དམ་ཉམས་བན་དྷེའི་ལག་ཏུ་ཤོར་སྲིད་ཀྱང་། །བན་དྷེའི་ལག་ཏུ་ཤོར༴ སྲིང་གཅིག༴ ཕྱག་ན་རྡོ་རྗེའི་སྐུ༴ ཡངས་དཀར་རྒྱལ་པོ་ཕོ༴ བན་དྷེའི་ལག་ནས་མ་བཏང་༴ དམ་ཉམས༴ བོན་པོའི་ལག་ཏུ་ཤོར་སྲིད༴ བོན་པོའི་ལག་ཏུ༴ སྲིང་གཅིག༴ མགོན་པོ་ནག་པོའི་སྐུ༴ ཀླུ་བདུད་ནག་པོའི་ཕོ༴ བོན་པོའི་ལག་ནས་མ་བཏང་༴ དམ་ཉམས་དགྲ་བོའི༴ སྲོག་ལྷ་གཉེན་པོའི་ལག་ཏུ་ཤོར་སྲིད་ཀྱང་། །སྲོག་ལྷ་གཉེན་པོའི་ལག་ཏུ་ཤོར༴ སྲིང་གཅིག་རྡོ་རྗེ༴ ཀླུ་བདུད་གདུག་པའི་སྐུ༴ འབྲུག་མོ་ངར་ཆེན་ཕོ༴ སྲོག་ལྷ་གཉེན་པོའི་ལག་ནས་མ་བཏང་༴ དམ་ཉམས་དགྲ་བོའི༴ འགོ་བའི་ལྷ་ལྔའི་ལག་ཏུ་ཤོར༴ འགོ་བའི་ལྔའི་ལག༴ སྲིང་གཅིག༴ ཞིང་ལྤགས་དག་ཏུ་སྐུ་སྤྲུལ༴ ཞིང་དབྱུག་དཀར་པོའི་ཕོ༴ འགོ་བའི་ལྷ་ལྔའི་ལག་ནས་མ་བཏང་༴ དམ་ཉམས༴ ལུས་ཀྱི་ལྷ་ལྔའི་ལག་ཏུ་ཤོར༴ ལུས་ཀྱི་ལྷ་ལྔའི་ལག་ན༴ སྲིང་གཅིག༴ དུང་གི་མོན་པ་ནག་པོ་དག་ཏུ་སྐུ༴ ཟངས་ལྕགས་བྱ་ཁྲ་ནག་པོ་ཕོ༴ ལུས་ཀྱི་ལྷ་ལྔའི་ལག་ནས་མ་བཏང་༴ དམ་ཉམས༴ ཕུར་བཟློག་མཁན་གྱི་ལག་ཏུ་མ་བཏང་ཁྲིད་ལ་ཤོག །སྔགས་བཟློག་མཁན་གྱི་ལག་ཏུ་མ་བཏང་༴ བསྲུང་བཟློག་མཁན་གྱི་ལག་ཏུ་མ༴ རྫས་བཟློག་མཁན་གྱི་ལག་ཏུ་མ༴ མཐོ་རི་རབ་རྩེ་ནས་མ་བཏང་ཁྲིད་ལ་ཤོག །དམའ་རྒྱ་མཚོའི་གཏིང་ནས་མ༴ བར་འཛམ་བུའི་གླིང་ནས་མ༴ སྲ་བ་བྲག་ལ་བབ་ཀྱང་༴ སྙི་བ་ཆུ་ལ་བབ་ཀྱང་མ༴ འཕྱོ་བ་ཆུ་ལ་བབ་ཀྱང་མ༴ དམ་ཉམས་དགྲ་བོའི་བླ་འཁྱམས་མ་བཏང་༴ གཟུགས་ལིང་ག་འདི་ལ་མྱུར་དུ་ཁྲིད་ལ་ཤོག །མིང་བྱང་བུ་འདི་ལ་གནས་པར་གྱུར། །དམ་ཉམས་དགྲ་བོའི་ལས་ངན་འདི། །དེས་བྱེད་མ་མོས་དེས་ལ་ཤོག །འདྲེན་བྱེད་མ་མོས་དྲངས་ལ་ཤོག །འགུག་བྱེད་མ་མོས་ཁུག་ལ་ཤོག །འདེད་བྱེད་མ་མོས་དེད་ལ་ཤོག །འཆིང་བྱེད་མ་མོས་འཆིང་ལ་ཤོག །བསྟོད་བྱེད་མ་མོས་བསྟོད་ལ་ཤོག །གསོད་བྱེད་མ་མོས་གསོད་ལ་ཤོག །རང་དབང་མེད་པར་འདིར་ཁུག་ལ། །གཟུགས་ལིང་ག་འདི་ལ་ཁུག་ལ་ཤོག །མཚན་བྱང་བུ་འདི་ལ་གནས་པར་གྱུར། །ཐོགས་པ་མེད་པར་ད་སྒྲོལ་ཅིག །ཚེ་བསོད་བཀྲགས་མདངས་དྲོད་དབུགས་རྣམས། །བདུད་མོ་རེ་མ་ཏིའི་ད་ཕྲོག་ལ། །གློ་སྙིང་ནང་རོལ་བཅས་པ་རྣམས། །དཔལ་ལྡན་མ་ཡི་རྔམ་ཟས་གྱིས། །ཤ་ཁྲག་རུས་གསུམ་ཐམས་ཅད་ཀྱང་། །མ་མོའི་མཁའ་འགྲོའི་ཚོགས་སུ་བཞེས། །ༀ་མ་ཧཱ་ཀཱ་ལི་རེ་མ་ཏི། །དགྲ་བོ་ནྲྀ་མ་ར་ཡ་ཛ་ཛཿ ཞེས་བླ་ཚུལ་འགུགས་ལེགས་སོ། །ཧཱུྃ། བསྟན་ལ་སྡང་བའི་དགྲ་བོ་འདི། །བསྒྲལ་བའི་ཞིང་དུ་གྱུར་པ་ཡིན། །འགོ་བའི་ལྷ་ལྔ་ལ་སོགས་པའི། །བསྲང་བྱེད་ལྷ་རྣམས་ཀུན་གྱིས་ཀྱང་། །སྡིག་ཅན་འདི་ལ་བསྲུང་བར་མ་བྱེད་པར། །དམ་ཉམས་དགྲ་འདི་མྱུར་དུ་སྤངས། །སྡིག་ཅན་དགྲ་ཡི་གཤེད་མཛོད་ཅིག །ༀ་མ་ཧཱ་ཀ་ལི་རེ་མ་ཏི། །དགྲ་བོ་ནྲྀ་མ་ར་ཡ་ཤག་ཕྱེ། །ཧཱུཾ། དགྲ་བོའི་ཕོ་ལྷ་འཕྲག་པ་གཡས་ནས་ཕྱེས། །མ་ལྷ་འཕྲག་པ་གཡོན་ནས་ཕྱེས། །ཞང་ལྷ་སྤྱི་བོའི་གཙུག་ནས་ཕྱེས། །ཉེ་ལྷ་རྐང་པའི་མཐིལ་ནས་ཕྱེས། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྱེས། །སྒྲ་ལྷ་རྟག་པའི་རྒྱབ་ནས་ཕྱེས། །ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས། །མཉམ་པོར་འོང་བའི་བདུད་དང་སྤྲོད། །གནམ་ལ་འཇུ་བའི་འཇུ་ཐག་ཆོད། །ས་ལ་བརྟེན་པའི་རྟེན་ཕུར་ཕུད། །གྲི་ཐབས་ཉི་ཤུ་རྩ་ལྔས་སོད། །བདུན་རྒྱུད་ཚུན་ཆད་མ་བཏང་བར། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ༀ་མ་ཧཱ་ཀ་ལི་རེ་མ་ཏི། །དགྲ་བོ་ནྲྀ་མ་ར་ཡ་ཤག་ཕྱེས། །ཞེས་ལྷ་དབྱེ་བྱའོ། ༈ །རླུང་སྤྲོས་ལྷ་མོ་ནག་མོ་སྟེ། གཡས་ཀྱི་གྲི་གུག་སྲོག་རྩ་རྒལ་ནས་གཅོད། །གཡོན་གྱི་ཐོད་ཁྲག་སེམས་ཀྱི་མར་མེ་སོད། །བདུད་རྩི་ཧཱུྃ་གི་ངོ་བོ་ཕྲོག་པར་བྱ། །འབུད་པའི་རླུང་གི་མར་མེ་གསོད་པར་བྱ། །དྲངས་བའི་རླུང་གི་ཐིག་ལེ་དྲངས་པར་བྱ། །དྲུག་ཅུ་རྩ་གཉིས་ཐུན་གྱི་དམིགས་བྱ་སོད། །ཅེས་པ་ནི། བདག་གི་སྣ་བུག་གཡས་ནས་རླུང་སྔོ་དམར་སྤྲོས་པའི་རྩེ་མོ་ལས། བྷྱོ་ནག་མོ་གཅིག་འཕྲོས་པའི་བསྒྲུབ་བྱའི་སྣ་བུག་གཡོན་དུ་ཞུགས་པའམ། ལྷ་མོ་ནག་མོ་གཡས་ཀྱི་གྲི་གུག །གཡོན་ཐོད་ཁྲག་ཐོག་པ། གྲི་གུག་གིས་སྲོག་རྩ་བཅད། ཐོད་ཁྲག་གི་རྣམ་པར་ཤེས་པ་མར་མེ་ལྟ་བུ་དེ་ལ་བརྒྱབ་པས་ནག་གམ་གྱིས་བཏང་བར་བསམ། དེ་ནས་གཟུང་ཐག་ལག་ཏུ་བཟུང་ལ། ཁོའི་སྲོག་རྩ་ནས་བཟུང་བར་བསམ་ལ་སྔགས་བཟླས་པའི་སྔགས་ཀྱིས་འོད་ཟེར་གྱིས་སྲོག་རྩ་དེ་རྦད་རྦད་བཅད་པར་བསམ་མོ། །ཕུར་བུ་ལྷ་མོ་ཞལ་གཅིག་ཕྱག་གཉིས་སྨད་ཕུར་བ་མགར་གྱི་སོལ་མེ་ནས་བྱུང་བ་ལྟར་དམར་ལམ་མེ་འབར་བསམ། སྤྱི་བོར། མགྲིན་པ། གསང་གནས། སྙིང་ཀ་ལྟེ་བ་རྣམས་སུ་བཏབས་པའི་ཐལ་གྱིས་ཕུར་བར་བསམ་ཞིང་། བྷྱོཿ ཕུར་ཟོར་བསྲུང་མ་རེ་མ་ཏི། །དམ་ལ་མ་འདའ་ད་ཚུར་བྱོན། །ལྕགས་སམ་དྲག་པོའི་ཤིང་རྣམས་ལ། །མངོན་སྤྱོད་དྲག་པོའི་ཕུར་བུ་བྱས། །སྤྱི་བོར་རྒྱ་མདུད་གཞལ་ཡས་ཁང་། །རྐེད་པ་རྒྱ་མདུད་དཔལ་ལྡན་མ། །རྩེ་མོ་ཟུར་གསུམ་རེ་མ་ཏི། །སྤྱི་བོར་རྒྱ་མདུད་འབྲུག་སྟོང་ལྡིར། །རྐེད་པ་རྒྱ་མདུད་གློག་སྟོང་འགྱུ། །རྩེ་མོ་ཟུར་གསུམ་མེ་ལྟར་འབར། །མེ་ལྟར་འབར་བའི་རྩེ་མོ་ན། །ངན་སྔགས་དམོད་པའི་མཚོན་སྤྲོས་པས། །དམ་ཉམས་དགྲ་བོའི་སྙིང་ལ་གཟིར། །བྷྱོཿ བདུད་མོ་བྱེ་བ་འབུམ་གྱིས་གཙོ་བོ་ནི། །དཔལ་ལྡན་གཉེན་གྱི་རྡོ་རྗེ་རེ་མ་ཏི། །མཿཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །སྐུ་མདོག་མཐིང་ནག་ཞལ་གཅིག་གཉིས་མ། །ཕྱག་གཡས་བདུད་ཀྱི་རལ་གྲི་འབར་བ་ཡི། །དམ་ཉམས་དགྲ་བགེགས་སྲོག་རྩ་རྒལ་ཆོད། །ཕྱག་གཡོན་གདུགས་པའི་ཐོད་ཁྲག་གིས། །དམ་ཉམས་དགྲ་བོའི་སྙིང་ཁྲག་ཞལ་དུ་གསོལ། །སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་རྣོ། །བཏབ་པའི་ཐེབ་པར་མཛོད་ཅིག་རེ་མ་ཏི། །ཐེབས་པས་རྡུལ་དུ་རློག་ཅིག་རེ་མ་ཏི། །འཕང་བ་ཕྱིར་མ་ལྡོག་ཅིག་རེ་མ་ཏི། །དགྲ་བགེགས་འབྱུང་པོ་སོད་ཅིག་རེ་མ་ཏི། །བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མཿཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱད་མའི་ལུས་ཀྱི་སྦྱོར་བ་བཤིགས་པའི་དུས་ལ་བབ། །ལུས་ཀྱི་ནུས་པ་འཕྲོག་པའི་དུས་ལ་བབ། །བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱེད་ཀྱི་ཐུགས་དམ༴ བྱད་མའི་ངག་གི་སྦྱོར་བ་བཤིགས་པའི་དུས་ལ༴ ངག་གི་ནུས་པ་འཕྲོག་པའི༴ བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱེད་ཀྱི་ཐུགས་དམ༴ བྱད་མའི་ཡིད་ཀྱི་སྦྱོར་བ་བཤིགས་པའི༴ ཡིད་ཀྱི་ནུས་པ་ཕྲོག༴ བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱེད་ཀྱི་ཐུགས༴ བྱད་མའི་ཁམས་དང་སྐྱེ་མཆེད་བཤིག་པའི༴ བཀྲག་དང་གཟི་མདངས་འཕྲོག་པའི༴ བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱེད་ཀྱི་ཐུགས༴ བྱད་མའི་ལྟེ་བའི་ཙཀྐྲ་བཤིག༴ བསྲུང་སྐྱོབས་ནུས་པ་འཕྲོག་པའི༴ བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ཀྱི་ཐུགས༴ བྱད་མའི་བླ་དང་ཡན་ལག་བཅོམ་པའི་དུས་ལ་བབ། །རྟེན་དང་རྣམ་ཤེས་འཕྲོག༴ བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྡིག་ཅན་སྡང་བའི་དགྲ་བོ་འདིས། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ༀ་མ་ཧཱ་ཀ་ལི་རེ་མ་ཏི། །དགྲ་བོ་ནྲྀ་མ་ར་ཡ་རྦད། མཚོན་ཐུན་ནི། མཚོན་ཆའི་ཚོགས་ཐམས་ཅད་ལྷ་མོའི་རལ་གྲི་བསམ་ལ། དགྲ་བོའི་སྙིང་དཀར་ནག་མཚམས་སུ་བརྒྱབ་པའི་སྤྱི་བོ་ནས་རྐང་མཐིལ་བར་ཤག་ཤག་བཏང་བར་བསམ་མོ། །བྷྱོ། ལྷ་མོ་ནག་མོ་རེ་མ་ཏི། །ཁྱོད་ཀྱི་ལས་ཀྱི་ཕོ་ཉ་ནི། །བདུད་མོ་ནག་མོ་འབུམ་ཕྲག་འགྱེད། །ནག་མོ་འབུམ་སྡེའི་འཁོར་ཚོགས་རྣམས། །གོས་སུ་མི་ལྤགས་རློན་པ་གྱོན། །ཟས་སུ་མི་ཤ་རྟ་ཤ་ཟ། །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་། །ལས་སུ་སངས་རྒྱས་བསྟན་པ་བསྲུང་། །སྲོག་གཅོད་ལས་ལ་ཤིན་ཏུ་དགྱེས། །ཕྱག་གཡས་གྲི་གུག་འབར་བ་ཡི། །བསྟན་ལ་སྡང་བྱེད་སྲོག་རྩ་ཆོད། །ཕྱག་གཡོན་གདུག་པའི་ཐོད་ཁྲག་གིས། །དགྲ་བོའི་སེམས་ཀྱི་མར་མེ་སོད། །ༀ་མ་ཧཱ་ཀ་ལི་རེ་མ་ཏི། །དགྲ་བོ་ནྲྀ་མ་ར་ཡ་སོད། དུག་མཐུན་ནི། དུག་ནད་སྣ་ཚོགས་ཀྱིས་བཏབ་པར་བསམ། ཁྲག་ཐུན་ནི། ཁྲག་ནད་ཕོ་ལོག་གླང་ཐབས། གག་ལྷོག་མཛེ་གྲུམ། ཕོལ་མིག །ཚ་ནད། ནད་རྣམ་པ་སྣ་ཚོགས་ཀྱིས་བཏབ་པར་བསམ། རུས་མྱག་ཚོས་པར་བསམ། དྷོ་ཐུན་ཟངས་ལྕགས་ཕྱེ་མ་ལ་སོགས་པ་རྣམས་ནི། བདུད་མོ་འཚོགས་ཤ་ཟའི་ཚོགས། གཅན་གཟན་གྱི་ཚོགས་ཀྱིས་གོ་རོ་བསྟོད་པ་བཞིན་དུ། ལ་ལས་ཤ་ཟོས། ལ་ལས་ཁྲག་འཐུང་། ལ་ལས་རུས་པ་འཆོས། ཡུངས་འབྲུ་ཙམ་ཡང་མ་ལུས་པར་གསོལ་བར་བསམ་ཤིང་། བྷྱོ། དུར་ཁྲོད་གནས་སུ་སྐྱེས་པ་ཡི། །དྲག་པོའི་དུག་གིས་ཐུན་རྫས་རྣམས། །ཡུངས་དཀར་ཐུན་དང་ཡུངས་ནག་དུག །སྐེ་ཚེ་དུག་དང་ཤངས་ཚེ་དུག །ཁྲག་དང་དུག་གིས་ཐུན་རྫས་རྣམས། །མ་མོ་མཁའ་འགྲོའི་ཚོགས་སུ་གྱུར། །ཤ་ཟ་གསོད་བྱེད་ཚོགས་རྣམས་ཀྱང་། །གསོད་བྱེད་བཤན་པའི་ཚོགས་སུ་གྱུར། །ཕྱག་ན་གདུག་པའི་མཚོན་ཆ་བསྣམས། །གདུག་པའི་མཚོན་ཆ་སྣ་ཚོགས་ཀྱིས། །དགྲ་བོའི་ལུས་སྲོག་རྟེན་དང་ཕྲལ་ནས་ཀྱང་། །ཏིལ་འབྲུ་ཙམ་ཡང་གཏིབ་པར་མཛོད། །ཁྲག་ནད་ས་དང་བཤལ་བའི་ནད། །ནད་ཀྱི་ན་བུན་སྤྲིན་དུ་གཏིབ། །དུག་འདུས་ནད་རིགས་སྣ་ཚོགས་ཀྱིས། །དམ་ཉམས་དགྲ་ལ་ནད་ཡམས་ཕོབ། །ༀ་མ་ཧཱ་ཀ་ལི་རེ་མ་ཏི། །དགྲ་བོ་ནྲྀ་མ་ར་ཡ་ཐུན་བྷྱོ་ཐུན་བྷྱོ། བྷྱོཿ ཡུངས་དཀར་རྒྱལ་པོ་ཕོ་ཉའི་ཚོགས། །ཡུངས་ནག་སྲིན་པོ་རོལ་པའི་ཚོགས། །སྐེ་ཚེ་ལས་ཀྱི་གཤིན་རྗེའི་ཚོགས། །ཤང་ཚེ་སྒྲོལ་བྱེད་གིང་གི་ཚོགས། །ཕྱེ་མ་གསུམ་དང་རྣོ་བའི་མཚོན། །ཁྲག་དང་དུག་ལས་ངར་བླུད་པའི། །དགྲ་བོ་གང་ལ་མངག་པའི་ཚེ། །ཕྱག་ན་རྡོ་རྗེའི་མཐུ་དང་མཉམ། །གསེར་གྱི་རི་རབ་ཆེན་པོ་བརྗིད། །གནམ་ལྕགས་ཐོག་གི་ཆར་པ་ལྟར། །དགྲ་བགེགས་སྡིག་ཅན་ལས་ངན་འདི། །སྤྱི་བོའི་གཙུག་ཏུ་བརྒྱབ་པའི་ཚེ། །རྐང་པའི་མཐིལ་དུ་ས་མ་ཡ། །སྙིང་གི་དཀྱིལ་དུ་ས་མ་ཡ། །དྲན་པ་མེད་པར་མྱོས་སུ་ཆུག །ཡན་ལག་བཞི་ལ་བརྒྱབ་ཏུ་ཆུག །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ༀ་མ་ཧཱ་ཀ་ལི་རེ་མ་ཏི། །དགྲ་བོ་ནྲྀ་མ་ར་ཡ་ཐུན་བྷྱོ། །དེ་ནས་ཟོར་ཐུན་ནི། བྷྱོ་སྣང་སྲིད་མ་མོའི་ར་མདའ་ལོག །བདུད་མོའི་འཁོར་ཚོགས་ར་མདའ་ལོག །ལྷ་སྲིན་སྡེ་བརྒྱད་ར་མདའ་ལོག །བདག་ནི་མ་ཉེས་མ་ལེན་ནོ། །བྷྱོ། སྣང་སྲིད་མ་མོ་དམ་ལ་འདུས། །བདུད་མོའི་འཁོར་ཚོགས་དམ་ལ་འདུས། །ལྷ་སྲིན་སྡེ་བརྒྱད་དམ་ལ་འདུས། །བདག་ནི་མ་ཉེས་མ་ལེན་ནོ། །བྷྱོ། སྣང་སྲིད་མ་མོ་ཆ་རེ་རན། །བདུད་མོའི་འཁོར་ཚོགས་ཆ་རེ་རན། །ལྷ་སྲིན་སྡེ་བརྒྱད་ཆ་རེ་རན། །བདག་ནི་མ་ཉེས་མ་ལེན་ནོ། །བསྟན་པ་བཤིག་པའི་དགྲ་བོ་ལ། །ནད་ཀྱི་བདག་མོའི་ནད་སྣ་དྲོངས། །རིམས་ཀྱི་བདག་མོས་རིམས་སྣ་དྲོངས། །ཡམས་ཀྱི་བདག་མོའི་ཡམས་སྣ་དྲོངས། །ཁྲག་གི་བདག་མོས་ཁྲག་སྣ་དྲོངས། །ཟོར་གྱི་བདག་མོས་ཟོར་སྣ་དྲོངས། །ཐུན་གྱི་བདག་མོས་ཐུན་དྲོངས། །དུག་གིས་བདག་མོས་དུག་སྣ་དྲངས། །ནད་ཀྱི་རྐྱལ་ཁ་དགྲ་ལ་ཕྱེས། །མཚོན་གྱི་གྲུ་གུ་དགྲ་ལ་སྐྱོངས། །ཐོག་དང་སེར་བའི་ཟོར་སྣ་དྲོངས། །དགྲ་བོའི་ཡུལ་དུ་དམག་སྣ་དྲངས། །དགྲ་བོ་མི་ནོར་དམར་མོ་གཏིང་ནས་ཤིག །ས་མཁར་སྐྱ་བོ་རྨོང་ནས་སྐྱིལ། །མ་ལ་བཅོལ་ན་མཐུ་མ་ཆུང་། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ༀ་མ་ཧཱ་ཀ་ལི་རེ་མ་ཏི། །དགྲ་ལ་ཐུན་བྷྱོ། དགྲ་ལ་ནད་བྷྱོ། དགྲ་ལ་རིམས་བྷྱོ། དགྲ་ལ་ཡམས་བྷྱོ། དགྲ་ལ་ཁྲག་བྷྱོ། དགྲ་ལ་ཟོར་བྷྱོ། ༀ་མ་ཧཱ་ཀ་ལི་རེ་མ་ཏི། དགྲ་བོ་ནྲྀ་མ་ར་ཡ་ཐུན་བྷྱོ། བྷྱོ། ཉི་མ་དེའི་སྔ་ཐུན་ལ། །མ་མོ་དཀར་མོ་སྟོང་གིས་ཉུལ། །གཡས་ན་ཐུན་སྤྱོད་ཀྱི་ལི་ལི། །གཡོན་ན་ཐུན་འཕེན་ཤ་ར་ར། །བསྟན་པ་བཤིག་པའི་དགྲ་བོ་ལ། །ནད་དང་དུག་གི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོའི་བླ་མཁར་རྨང་ནས་ཤིག །དགྲ་བོ་ཐལ་བ་རྡུལ་དུ་རློག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། ཉི་མ་དེའི་གོང་ཐུན་ལ། །མ་མོ་སེར་ནག་སྟོང་གི་ཉུལ། །གཡས་ན་ཐུན་སྤྱོད་ཀྱི་ལི་ལི། །གཡོན་ན་ཐུན་འཕེན་ཤ་ར་ར། །བསྟན་པ་གཤིག་པའི༴ ནད་དང་དུག་གི༴ དགྲ་བོའི་ཡུལ་དུ༴ དགྲ་བོའི་བླ༴ དགྲ་བོ་ཐལ་བ༴ བཅོལ་པའི་ཕྲིན་ལས༴ བྷྱོ་ཉི་མ་དེའི་ཕྱི་མཐུན་ལ། །མ་མོ་དམར་མོ་སྟོང་གི་ཉུལ། །གཡས་ན་ཐུན་སྤྱོད་ཀྱི་ལི་ལི། །གཡོན་ན་ཐུན་འཕེན་ཤ་ར་ར། །བསྟན་པ༴ ནད་དང་༴ དགྲ་བོའི༴ དགྲ་བོ༴ དགྲ་བོ༴ བཅོལ་པའི༴ བྷྱོ། ཉི་མ་དེ་ཡི་འཛིང་པ་ལ། །མ་མོ་ལྗང་ནག་སྟོང་གི་ཉུལ། །གཡས་ན་ཐུན་སྤྱོད་ཀྱི་ལི་ལི། །གཡོན་ན་ཐུན་འཕེན་ཤ་ར་ར། །བསྟན་པ་གཤིག་པའི་དགྲ་བོ་ལ། །ནད་དང་དུག་གི་སྣ་དྲོངས་ལ། །དགྲ་བའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོའི་བླ་མཁར་རྨང་ནས་ཤིག །དགྲ་བོ་ཐལ་བ་རྡུལ་དུ་རློག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །དུས་བཞིའི་ཐུན་བསྐུལ་རྫོགས་སོ། །བྷྱོ། ཐུན་གྱི་མ་མོ་ཆེན་མོ་ནི། །ནམ་གྱི་ཆ་སྟོད་བསྐུལ་བའི་ཚེ། །ཆིབས་སུ་བོང་བུ་ག་བ་བཅིབས། །དེ་ལ་གསང་བའི་མཚན་གསོལ་བ། །དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །སྐུ་མདོག་མཐིང་ནག་འབར་བ་ལ། །ཁྲག་ཞག་བསྲེས་པའི་ཐིག་ལེ་ཅན། །གཡས་ན་ནད་ཀྱི་རྐྱལ་པ་བསྣམས། །གཡོན་ན་ཐུན་གྱི་ཁྲག་སྤྱོད་མ། ༈ །གསང་སྔགས་ཀུན་གྱི་མཆོད་ལེན་མ། །རྣལ་འབྱོར་ཀུན་གྱི་སྐུ་བསྲུངས་མ། །བདག་གིས་གདུང་སྟེ་བོས་པའི་ཚེ། །དེ་ཚེ་ཁྱོད་ཀྱི་ཐུན་རྒྱོབ་ལ། །ཐུན་ཁྲག་རིམས་སུ་བསྒྱུར་དུ་གསོལ། །རིམས་ནད་དགྲ་ལ་དབབ་ཏུ་གསོལ། །སྡང་སེམས་གནོད་སེམས་ལྡན་པ་ཡི། །མིང་རུས་གཟུགས་སུ་བྲིས་པ་ལ། །ཐུན་ཐོག་མ་མོས་ཐུན་ཕོབ་ལ། །ཁྲམ་ཐོག་མ་མོའི་ཁྲམ་ལ་ཐོབ། །ཤྭ་རྡེའུ་ནག་པོའི་རྩིས་སུ་ཆུག །བྱང་དམར་བམ་པོའི་ཀྱུས་ལ་ཐོབ། །ནད་ཀྱི་རྐྱལ་པ་ཁ་ཕྱེ་ལ། །མཚོན་གྱི་གྲུ་གུ་ནག་པོས་བཅིང་། །སྨྱོ་རུ་ཆུག་ལ་འབོག་ཏུ་ཆུགས། །བརྒྱལ་དུ་ཆུག་ལ་རིང་དུ་ཆུགས། །རྟགས་དང་མཚན་མ་མྱུར་དུ་སྟོན། །བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད། །བྷྱོ། ཐུན་གྱི་མ་མོ་འབྲིང་མོ་ནི། །ནམ་གྱི་གོང་ལ་བསྐུལ་བའི་ཚེ། །ཆིབས་སུ་དྲེལ་ནག་ཁ་དཀར་བཅིབས། །དེ་ལ་གསང་བའི་མཚན་གསོལ་བ། །རྡོ་རྗེ་བ་ལམ་དྲེལ་སྣ་མ། །ཉིད་ཀྱི་སྐུ་ནི་གཅེར་བུ་ལ། །སྐུ་མདོག་མཐིང་ནག་རྔམ་པ་ལ། །ཁྲག་ཞག་བསྲེས་པའི་ཐིག་ལེའི་བརྒྱན། །གཡས་པས་མདུང་ནག་རྩེ་གསུམ་བསྣམས། །གཡོན་ན་ཐུན་གྱི་ཁྲག་སྤྱོད་མ། །གསང་སྔགས་ཀུན་གྱི་མཆོད་ལེན་མ། །སོགས༴ གྲུབ་པར་མཛོད། བྷྱོ། ཐུན་གྱི་མ་མོ་ཐ་ཆུང་ནི། །ནམ་གྱི་ཆ་སྨད་བསྐུལ་བའི་ཚེ། །ཆིབས་སུ་སོ་བྱ་རོག་མོ་བཅིབས། །དེ་ལ་གསང་བའི་མཚན་གསོལ་བ། །རྡོ་རྗེ་ཁྲི་སྨན་ལྡེམ་དྲུག་མ། །ཉིད་ཀྱི་སྐུ་ནི་གཅེར་བུ་ལ། །ཁྲག་ཞག་བསྲེས་པའི་ཐིག་ལེའི་བརྒྱན། །གཡས་ན་ནད་ཀྱི་རྐྱལ་ཁ་འབེབ། །གཡོན་ནད་ཐུན་གྱི་ཁྲག་སྤྱོད་མ། །གསང་སྔགས་བདག་གི་མཆོད་ལེན་མ། །རྣལ་འབྱོར་ཀུན་གྱི་སོགས། བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ༀ་མ་ཧཱ་ཀ་ལི་རེ་མ་ཏི། དགྲ་བོ་ནྲྀ་མ་ར་ཡ་ཐུན་བྷྱོ། དེ་ནས་མཚོན་ཆ་རྣམས་ལག་ཏུ་བཟུངས་ལ། རང་ཉིད་ཡི་དམ་ལྷའི་ང་རྒྱལ་གྱིས་འདི་སྐད་དོ། །ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ། །ཡེ་ཤེས་རྣོ་དབལ་མཚོན་ཆ་ཡི། །དགྲ་བགེགས་ལོག་རྟོག་འཁོར་བའི་རྒྱུན་ཐག་ཆོད། །ཧཱུཾ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་རྡོ་རྗེའི་སྐུ། །རྡོ་རྗེ་རྣོ་དབལ་མཚོན༴ དགྲ་བགེགས་ལོག་རྟོག༴ ཧཱུཾ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་རིན་ཆེན་སྐུ། །རིན་ཆེན་རྣོ་དབལ༴ དགྲ་བགེགས་ལོག་རྟོག༴ ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་པད་མའི་སྐུ། །པད་མ་རྣོ་དབལ༴ དགྲ་བགེགས་ལོག་རྟོག༴ ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ནི། །སངས་རྒྱས་ཡིན་ཏེ་རྒྱ་གྲམ་སྐུ། །རྒྱ་གྲམ་རྣོ་དབལ༴ དགྲ་བགེགས་ལོག་རྟོག༴ ཧཱུཾ། ཡེ་ཤེས་རབ་ཏུ་འབར་བ་དང་། །རྡོ་རྗེ་རབ་ཏུ་འབར་བ་དང་། །རིན་ཆེན་རབ་ཏུ་འབར་བ་དང་། །པད་མ་རབ་ཏུ་འབར་བ་དང་། །རྒྱ་གྲམ་རབ་ཏུ་འབར་བ་དང་། །མཚོན་ཆ་ཤིན་ཏུ་འབར་བ་ཡི། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །གཏི་མུག་མགོ་ལ་བརྒྱབ་ན་ཚལ་པ་བརྒྱ། །ཞེ་སྡང་རུས་ལ་བརྒྱབ་ནས་དུམ་བུ་སྟོབ། །རྣམ་ཤེས་ཚོགས་ལ་བརྒྱབ་པའི་ཚེ། །དགྲ་བགེགས་གདུག་པ་ཅན་འདིའི་ཕུང་པོ་ཚལ་པ་ཚལ་པ། །དུམ་བུ་དུམ་བུ། ཕྱེ་མ་ཕྱེ་མ། རྡུལ་ཕྲན་རྡུལ་ཕྲན་བཞིན་དུ་གཏུབ་ཅིག །ཧཱུཾ། ཡེ་ཤེས་མགོན་པོ་ནག་པོ་དང་། །མ་ཅིག་ལྷ་མོ་ནག་མོ་དང་། །གཤིན་རྗེ་ནག་པོ་རྔམ་པའི་སྐུ། །མ་མོ་མགོན་པོ་གཤིན་རྗེ་ཡི། །སྐུ་ལས་སྤྲུལ་པའི་བཤན་པ་འབུམ། །སྤུ་གྲི་རླུང་གི་ངར་པ་ཅན། །སྒྲོལ་བྱེད་ཚོན་ཆ་སྣ་ཚོགས་ཀྱིས། །ལས་ངན་གདུག་པའི་དགྲ་བགེགས་ཀྱི། །ཤ་རུས་གཏུབ་ཅིང་སྲོག་དང་ཕྲོལ། །ལིང་ག་རྣམས་ལ་མཚོན་གྱིས་བརྡེག་ཅིང་བཏུབས་སོ། །དེ་ནས་གཏུན་བརྡུང་བྱ་བ་ནི་འདི་སྐད་དོ། །ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལ་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེའི་མཚོན་ཆས་བསྒྲལ་ནས་ཀྱང་། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །དམ་ཉམས་ལྷ་བསྲུང་བརླག་པར་གྱུར། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ༀ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བཱིག་ནན་བམ་ཧཱུཾ་ཕཊ། ཧཱུཾ། རྡུངས་ཤིག་རིན་ཆེན་འབར་བའི་གཏུན། །བཀའ་ལ་འདའ་བྱེད་སྡིག་ཅན་རྣམས། །རིན་ཆེན་ཚོན་ཆས་བསྒྲལ་ནས་ཀྱང་། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རིན་ཆེན་ཐོ་བས་བརྡུང་བྱས་ནས། །དམ་ཉམས་ལྷ་བསྲུང་བརླག་པར་འགྱུར། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ༀ་རཏྣ་ཀི་ལི་ཀི་ལ་ཡ་སརྦ་བཱིག་ནན་བཾ་ཧཱུཾ་ཕཊ། ཧཱུཾ། རྡུངས་ཤིག་པད་མ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །པད་མ་མཚོན་ཆས་བསྒྲལ་ནས་ཀྱང་། །ཁྲོ་མོ་འབར་མའི༴ པད་མ་ཐོ་བས༴ དམ་ཉམས་ལྷ་བསྲུང་༴ དགྲ་དང་བགེགས་ལ༴ ༀ་པད་མ་ཀི་ལི་ཀི་ལ༴ ཧཱུཾ། རྡུངས་ཤིག་རྒྱ་གྲམ་འབར་བའི་གཏུན། །བཀའ་ལ་འདའ་བྱེད་སྡིག་ཅན༴ རྒྱ་གྲམ་མཚོན་ཆས༴ ཁྲོ་མོ་འབར་བའི༴ རྡོ་རྗེ་རྒྱ་གྲམ་ཐོ་བས༴ དམ་ཉམས་ལྷ་བསྲུངས༴ དགྲ་དང་བགེགས་ལ་སྨོས་ཅི་དགོས། །ༀ་ཀརྨ་ཀི་ལི་ཀི་ལ་ཡ་སརྦ་བཱིག་ནཾ་བཾ་ཧཱུཾ་ཕཊ། ཅེས་གཏུན་ཁུང་ཤེས་རབ་ཡུམ་གྱི་བྷ་གར། ཐོ་བ་ཡབ་ཀྱི་རྡོ་རྗེས་བརྡུང་བའི་དགྲ་བགེགས་ཀྱི་གཟུགས་ཕུང་དེ་རྡུལ་དུ་བརླག་པར་གྱུར་པར་བསམ། ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱི། །ཞེས་སོགས་བརྗོད། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལ་བཟའ་བ་ཤ་ཡི་རི་བོ། བཏུང་བ་ཁྲག་གི་རྒྱ་མཚོ། ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་གྱི་བདུད་རྩིར་བྱིན་གྱི་བརླབས་ལ་འབུལ་བ་ནི། དགྲ་བགེགས་གཟུགས་ཀྱི་ཕུང་པོ་འདི། །ཚོགས་ཀྱི་ཞལ་ཟས་གཏོར་མ་འདི། །དཔལ་ལྡན་ལྷ་མོ་ནག་མོ་ཡིན། །ཞལ་དུ་བཏབ་བོ་ཁ་རམ་ཁ་ཧི། །མགུལ་དུ་བསྒྲེང་ངོ་ཨ་རི་ལི། །དབྱིངས་སུ་བསྟིམ་མོ་ས་མཱ་ཡ། །ཐོབ་ཐོབ་ལྗིབ་ལྗིབ་ཧུབ་ཀྱི་ཐོབ། །བསྟབ་པ་བདག་གིས་མི་ནོར་ལ། །བཞེས་པ་ཁྱོད་ཀྱི་མ་ནོར་ཅིག །གསོལ་གསོལ་རོལ་ཅིག་ཁ་རམ་ཁ་ཧི། །བདུད་མོ་བ་ལམ་དྲེལ་སྣ་མ། །སྲིང་གཅིག་ཁྲི་སྨན་ས་ལེ་མ། །ཁོལ་མོ་ཆུ་སྲིན་མགོ་ཅན་གྱིས། །ཞལ་དུ་བསྟབས་སོ་ཁ་རཾ་ཁ་ཧི། །མགུལ་དུ་བསྒྲེང་ངོ་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མ་ཡ། །ཐོབ་ཐོབ་ལྗིབ་ལྗིབ་ཧུབ་ཀྱི་ཐོབ། །བསྟབ་པ་བདག་གིས་མི་ནོར་ལ། །བཞེས་པ་ཁྱེད་ཀྱི་མ་ནོར་ཅིག །གསོལ་གསོལ་རོལ་ཅིག་ཁ་རཾ་ཁ་ཧི། །བསྟན་པའི་གཙོ་མོ་སྐྱིལ་དིང་མ། །དུས་བཞིས་རྒྱལ་མོ་ཆེན་མོ་བཞི། །ནང་གི་བློན་མོ་འཁོར་བཅས་ཀྱི། །ཞལ་དུ་བཏབས་སོ༴ མགུལ་དུ་བསྒྲེང་ངོ་༴ དབྱིངས་སུ་བསྟིམ་མོ༴ ཐོབ་ཐོབ་ལྗིབ་ལྗིབ༴ བསྟབ་པ་བདག་གིས༴ བཞེས་པ་ཁྱེད༴ གསོལ་གསོལ་རོལ་ཅིག༴ གཞན་ཡང་བདུད་མོ་བྱེ་བ་འབུམ། །ཤ་དང་ཁྲག་ལ་རྔམ་པ་ཡི། །སྣང་སྲིད་མ་མོ་འཁོར་བཅས་ཀྱིས། །ཞལ་དུ་བསྟབས་སོ༴ མགུལ་དུ་བསྒྲེང་ངོ་༴ དབྱིངས་སུ་བསྟིམ་མོ། །ཐོབ་ཐོབ་ལྗིབ་ལྗིབ༴ བསྟབ་པ་བདག་གིས༴ བཞེས་པ་ཁྱེད་ཀྱི༴ གསོལ་གསོལ་རོལ་ཅིག༴ ཁུག་ཆོས་དབྱར་མོ་ལ་སོགས་པས། །བརྟན་མ་བཅུ་གཉིས་འཁོར་བཅས་ཀྱིས། །ཞལ་དུ་བསྟབས་སོ༴ །མགུལ་དུ་བསྒྲེང་ངོ་༴ དབྱིངས་སུ་བསྟིམ་མོ༴ ཐོབ་ཐོབ་ལྗིབ་ལྗིབ༴ བསྟབ་པ་བདག་གིས༴ བཞེས་པ་ཁྱོད་ཀྱིས༴ གསོལ་གསོལ་རོལ་ཅིག༴ གཞན་ཡང་ལས་ལ་གྲུབ་པ་ཡི། །གནོད་སྦྱིན་མོ་དང་ཤན་པ་མོ། །ཤ་ཁྲག་ཟས་སུ་ཟ་བ་ཡི། །ཕོ་ཉ་མ་མོའི་ཚོགས་རྣམས་ཀྱིས། །ཞལ་དུ་བསྟབས་ས༴ །མགུལ་དུ་བསྒྲེང་ངོ་༴ དབྱིངས་སུ་བསྟིམ་མོ༴ ཐོབ་ཐོབ་ལྗིབ་ལྗིབ༴ བསྟན་པ་བདག༴ བཞེས་པ་ཁྱོད་ཀྱིས༴ གསོལ་གསོལ་རོལ་ཅིག༴ གཞན་ཡང་བསྟན་པ་བསྲུང་མཛད་པའི། །འཇིག་རྟེན་དྲེག་པའི་ཚོགས་བཅས་ཀྱི། །ཞལ་དུ་བསྟབས་སོ་ཁ་རཾ་ཁ་ཧི། །མགུལ་དུ་བསྒྲེང་ངོ་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མཱ་ཡ། །ཐོབ་ཐོབ་ལྗིབ་ལྗིབ་ཧུབ་ཀྱི་ཐོབ། །བསྟབས་པ་བདག་གིས་མི་ནོར་ལ། །བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག །གསོལ་གསོལ་རོལ་ཅིག་ཁ་རཾ་ཁ་ཧི། དེ་ནས་རིམ་པ་བཞིན་དུ་ཚན་དྲུག་ཏུ་འབུལ། ཆོས་སྐྱོང་གཞན་རྣམས་བསྒྲུབ་ན་ཆ་བདུན་བདུན་བརྒྱད་དུ་གསོལ་ལ་རིམ་པ་བཞིན་དུ་འབུལ། དེ་ནས་གཏོར་མ་འབུལ། དེ་ནས་འགུགས་འདྲེན་བྱ། དེ་ནས་བསྐུལ་པ་བྱ། གཏོར་འཕང་། དམོད་འཕྲིན་བཅོལ་འདོན་ནོ། །བཀྲ་ཤིས། མངྒ་ལམ།། །།


previousདཔལ་ལྡན་ལྷ་མོའི་བསད་ལས་དགྲ་བགེགས་བསྒྲལ་ཆོགnext