Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ལྷ་མོའི་ཐུན་དགྲ་བོའི་བསད་ལས།
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོའི་ཐུན་དགྲ་བོའི་བསད་ལས།next

དཔལ་ལྡན་ལྷ་མོའི་ཐུན་དགྲ་བོའི་བསད་ལས།

དཔལ་ལྡན་ལྷ་མོའི་ཐུན་དགྲ་བོའི་བསད་ལས་ཚང་བར་ཡོད་པ་སརྦ་མང་ག་ལམ། ཀ༽ ཧཱུྃ། དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །བླ་མ་ཡི་དམ་གཟུ་དང་དཔང་། །དཔའ་བོ་མཁའ་འགྲོ་གཟུ་དང་དཔང་། །ཆོས་སྐྱོང་སྲུང་མ་གཟུང་དང་དཔང་། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་། །བདག་ནི་མ་ཉེས་མ་ལེན་པར། །སྡིག་ཅན་དགྲ་བོ་ལས་ངན་འདི། །སངས་རྒྱས་བསྟན་པ་འདི་ཡིས་བཤིགས། །དཀོན་མཆོག་དབུ་འཕང་འདི་ཡིས་སྨད། །བླ་མའི་སྐུ་ལ་འདི་ཡིས་སྡོས། །སྲུང་མ་ཁྱོད་ལ་མཐུ་མེད་ཟེར། །རྣལ་འབྱོར་བདག་ལ་ཕོད་ཀྱང་བསྡོས། །དགྲ་བགེགས་སྡིག་ཅན་ལས་ངན་འདི། །ད་ལྟ་སྒྲོལ་བའི་དུས་ལ་བབ། །གཟུ་དང་དཔང་དུ་སྙན་གསོན་ཅིག །ཅེས་ཕྲིན་ལས་བཅོལ། ཁ༽ ཧཱུྃ། དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས། །དགྲ་བགེགས་སྡིག་ཅན་ལས་ངན་འདི། །གར་འགྲོ་གར་འདུག་གར་གནས་ཀྱང་། །རང་དབང་མེད་པར་འདིར་ཁུག་ལ། །གཟུགས་ལིངྒ་འདི་ལ་མྱུར་དུ་ཁུག །མིང་བྱང་བུ་འདི་ལ་བསྟིམ་པར་མཛོད། །གཟུགས་ལ་ཕོབ། བཛྲ་ཨཾ་གུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ག༽ དེ་ནས་བླ་འཚོལ་བྱ་བ་ནི། བྷྱོ། མ་ད་ལྟ་ནམ་གྱི་གུང་ལ་བབ། །ད་ལྟར་ཚོགས་ཀྱི་དུས་ལ་བབ། །མ་མོའི་བླ་འཚོལ་དུས་ལ་བབ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །ཡན་གལ་གནམ་ལ་མན་གལ་ས། །སྐུ་ལ་ལྕགས་ཀྱི་ཚྭ་ཚྭ་འཕྲོ། །གཡས་ཀྱི་ཕྱག་ན་འགྱེད་པ་ནི། །ལྕགས་ཀྱི་སྤྱང་མོ་མགོ་དགུ་འགྱེད། །གཡོན་གྱི་ཕྱག་ན་འགྱེད་པ་ནི། །ཟངས་ཀྱི་འཕར་བ་ལྕེ་བརྒྱད་འགྱེད། །དུང་གི་བྱ་རྒོད་ཀླད་ན་ལྡེང་། །བདུད་སྲིན་ཀུན་གྱི་གཉེན་དུ་ཆེ། །སྲིད་པ་གསུམ་པོ་ཉུལ་ཞིང་རྒྱུག །སྲིད་པ་གསུམ་གྱི་བྱ་ར་མཁན། །ལེགས་ཉེས་གཉིས་ཀྱི་ཤན་འབྱེད་མ། །ཡོ་དྲང་གཉིས་ཀྱི་ཐིག་འབེབས་མ། །ཟས་སུ་དམ་ཉམས་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དམ་ཉམས་དགྲ་བོའི་ཁྲག་ལ་འཐུང་། །དགྲ་བོའི་བླ་འཁྱམས་ཁྲིད་ལ་ཤོག །བྷྱོ། དམ་ཉམས་དགྲ་བོའི་བླ་ཚེ་འདི། །ནམ་མཁའི་མཐའ་ལ་ཤོར་སྲིད་ཀྱི། །ནམ་མཁའི་མཐའ་ལ་ཤོར་བ་ན། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །བྱ་རྒྱལ་ཁྱུང་དུ་སྐུ་སྤྲུལ་ལ། །ཐང་དཀར་རྒོད་པོ་ཕོ་ཉར་འགྱེད། །ནམ་མཁའི་མཐའ་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །བར་སྣང་ཁམས་སུ་འཆོར་སྲིད་གྱིས། །བར་སྣང་ཁམས་སུ་འཆོར་བ་ན། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །རྒོད་གླག་དག་ཏུ་སྐུ་སྤྲུལ་ལ། །བདུད་ཁྲ་མཆུ་རྣོན་ཕོ་ཉར་འགྱེད། །བར་སྣང་ཁམས་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །ས་ཡི་འོག་ཏུ་ཤོར་སྲིད་ཀྱི། །ས་ཡི་འོག་ཏུ་ཤོར་བ་ན། །སྲིན་གཅིག་དཔལ་ལྡན་རེ་མ་ཏི། །ལྕགས་ཀྱི་བྱི་བ་མགོ་དགུར་སྐུར་སྤྲུལ་ལ། །ཟངས་ཀྱི་བྱི་བ་མགོ་ལྔར་ཕོ་ཉར་འགྱེད། །ས་ཡི་འོག་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །རྒྱ་མཚོའི་གཏིང་དུ་ཤོར་སྲིད་ཀྱི། །རྒྱ་མཚོའི་གཏིང་དུ་འཆོར་བ་ན། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །ཆུ་སྲིན་རྔམ་པ་སྐུ་སྤྲུལ་ལ། །ཉ་ཆེན་ཡོར་པོ་ཕོ་ཉར་འགྱེད། །རྒྱ་མཚོའི་གཏིང་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །གངས་དཀར་རྩེ་ལ་ཤོར་སྲིད་ཀྱི། །གངས་དཀར་རྩེ་ལ་འཆོར་སྲིད་ན། །སྲིན་གཅིག་དཔལ་ལྡན་རེ་མ་ཏི། །ཤེལ་གྱི་སེང་གེར་སྐུར་སྤྲུལ་ལ། །གངས་གཡི་དཀར་མོ་ཕོ་ཉར་འགྱེད། །གངས་དཀར་རྩེ་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །ཉིན་རི་དཀར་ལ་ཤོར་སྲིད་ཀྱི། །ཉིན་རི་དཀར་ལ་འཆོར་བ་ན། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །དུང་སྤྱང་དཀར་མོར་སྐུར་སྤྲུལ་ལ། །འཕར་བ་ལྕེ་བརྒྱད་ཕོ་ཉར་འགྱེད། །ཉིན་རི་དཀར་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །སྲིབ་རི་ནག་ལ་ཤོར་སྲིད་ཀྱི། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །གསེར་གྱི་སྟག་མོ་མགོ་ལྔར་སྐུ་སྤྲུལ་ལ། །ཟངས་ཀྱི་འཕར་བ་ལྕེ་བརྒྱད་ཕོ་ཉར་འགྱེད། །སྲིབ་ཏི་ནག་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །ཕྱོགས་བཞི་མཚམས་བརྒྱད་དག་ཏུ་ཤོར་སྲིད་ཀྱི། །ཕྱོགས་བཞི་མཚམས་བརྒྱད་དག་ཏུ་ཤོར་བ་ན། །སྲིན་གཅིག་དཔལ་ལྡན་རེ་མ་ཏི། །ལྕགས་ཀྱི་སྤྱང་མོ་མགོ་བརྒྱད་སྐུ་སྤྲུལ་ལ། །ལྕགས་ཀྱི་ཁྱི་སྡེར་རྐང་གསུམ་ཕོ་ཉར་འགྱེད། །ཕྱོགས་མཚམས་བརྒྱད་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །བན་དེ་ཉམས་པའི་ལག་ཏུ་འཆོར། །བན་དེ་ཉམས་པའི་ལག་ཏུ་འཆོར་སྲིད་ཀྱི། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །ཕྱག་ན་རྡོ་རྗེའི་སྐུ་སྤྲུལ་ལ། །ཡུངས་དཀར་སེར་ཆུང་ཕོ་ཉར་འགྱེད། །བན་དེ་ཉམས་པའི་ལག་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །བོན་པོ་ཉམས་པའི་ལག་ཏུ་འཆོར། །བོན་པོ་ཉམས་པའི་ལག་ཏུ་འཆོར་སྲིད་ན། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །མགོན་པོ་ནག་པོའི་སྐུ་སྤྲུལ་ལ། །གུ་གུལ་ནག་པོ་ཕོ་ཉར་འགྱེད། །བོན་པོ་ཉམས་པའི་ལག་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །སྲོག་ལྷ་གཉེན་པོའི་ལག་ཏུ་འཆོར། །སྲོག་ལྷ་གཉེན་པོའི་ལག་ཏུ་འཆོར་སྲིད་ན། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །ཀླུ་གླང་ས་འགུལ་སྐུ་སྤྲུལ་ལ། །འབྲུག་མོ་ངར་ཆེན་ཕོ་ཉར་འགྱེད། །སྲོག་ལྷ་གཉེན་པོའི་ལག་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །འགོ་བའི་ལྷ་ལྔའི་ལག་ཏུ་འཆོར། །འགོ་བའི་ལྷ་ལྔའི་ལག་ཏུ་འཆོར་སྲིད་ན། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །དུག་གི་མོན་པ་ནག་པོའི་སྐུ་སྤྲུལ་ལ། །ཡོར་ཆེན་བྱ་ཁྲ་ཕོ་ཉར་འགྱེད། །འགོ་བའི་ལྷ་སྔའི་ལག་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །བསྲུང་བཟློག་ནག་པོའི་ལག་ཏུ་འཆོར། །སྲུང་བཟློག་ནག་པོའི་ལག་ཏུ་འཆོར་སྲིད་ན། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །ཞིང་ལྤགས་དག་ཏུ་སྐུ་སྤྲུལ་ལ། །ཀླུ་གཉན་ས་བདག་ཕོ་ཉར་འགྱེད། །སྲུང་བཟློག་ནག་པོའི་ལག་ནས་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་ཚེ་འདི། །བསྲུང་བཟློག་མཁན་གྱི་ལག་ཏུ་མ་བཏང་། །སྔགས་ཟོར་མཁན་གྱི་ལག་ཏུ་མ༴ ཕུར་ཟོར་མཁན་གྱི་ལག་ཏུ་མ༴ སྲ་བ་བྲག་ལ་བབ་ཀྱང་མ་བཏང་ཅིག །སྙི་བ་ཆུ་ལ་བབ་ཀྱང་མ་བཏང་ཅིག །དགྲ་བོའི་གསོན་བླ་གསོན་ཚེ་འདི། །དོས་བདག་མ་མོས་དོས་ལ་ཤོག །འགུགས་བྱེད་མ་མོས་ཁུག་ལ་ཤོག །འདེད་བྱེད་མ་མོས་དེད་ལ་ཤོག །རང་དབང་མེད་པར་འདིར་ཁུག་ལ། །གཟུགས་ལིངྒ་འདི་ལ་མྱུར་དུ་ཁུག །ཐོག་པ་མེད་པ་ད་སྒྲོལ་ལ། །ཚེ་སྲོག་མདངས་དྲོད་དབུགས་བཅས་རྣམས། །བདུད་མོ་རེ་ཏིའི་ད་འཕྲོག་ཅིག །གློ་སྙིང་ནང་ཕྲོལ་བཅས་པ་རྣམས། །དཔལ་ལྡན་མའི་ཞལ་དུ་སྟོབས། །ཤ་ཁྲག་རུས་པར་བཅས་པ་རྣམས། །མ་མོ་བྱེ་བའི་ཚོགས་སུ་རོལ། །ནྲི་ཨརྐྴ་ཡ་མ་ར་ཡ་ཛཿཛ། དེ་ནས་སྲུང་མ་དང་དབྱེ་བ་ནི། ང༽ ཧཱུྃ། བསྟན་ལ་སྡང་བའི་དགྲ་བོ་འདི། །བསྒྲལ་བའི་ཞིང་དུ་གྱུར་པས་ན། །འགོ་བའི་ལྷ་ལྔ་ལ་སོགས་པའི། །བསྲུང་བྱེད་ལྷ་རྣམས་ཀུན་གྱིས་ཀྱང་། །འདི་ལ་བསྲུང་བར་མ་བྱེད་པར། །དམ་ཉམས་དགྲ་འདི་མྱུར་སྤོངས་ལ། །སྡིག་ཆེན་དགྲ་བོའི་གཤེད་མཛོད་ཅིག །མཱ་ར་ཡ་ཤག་ཕྱེ། དམ་ཉམས་དགྲ་བོ་འདིའི་ཕ་ལྷ་དང་ཕྱེ། མ་ལྷ་དང་ཕྱེ། ཡུལ་ལྷ་དང་ཕྱེ། ཞིང་ལྷ་དང་ཕྱེ། ཁ་འཛིན་བྱེད་པའི་ལྷ་དང་ཕྱེ། འགོ་བའི་ལྷ་ལྔ་དང་ཕྱེ། ལུས་ཀྱི་ལྷ་ལྔ་དང་ཕྱེ། མགོན་སྐྱབས་བྱེད་པའི་ལྷ་དང་ཕྱེ་ཞིག །དེ་ནས་རླུང་དྲངས་ནུས་པ་འཕྲོག་པ་ནི། ཅ༽ ཤང་ནས་རླུང་འཕྲོས་ལྷ་མོ་ནག་མོར་གྱུར། གཡས་ཀྱི་གྲི་གུག་དགྲ་བོའི་སྲོག་རྩ་རྒལ་ནས་གཅོད། །གཡོན་པས་ཐོད་ཁྲག་བསྣམས་པ་ཡི། །དགྲ་བོའི་སེམས་ཀྱི་མར་མེ་ཁ་ནས་གསོད། །བདུད་རྩི་ཧཱུྃ་གི་ངོ་བོ་འཕྲོག་པར་བྱེད། །འབུད་པའི་རླུང་གི་མར་མེ་ཁོང་ནས་གསོད། །དྲངས་བའི་སྟོབས་ཀྱི་ཐིག་ལེ་རྩད་ནས་འདྲེན། །དྲུག་ཅུ་རྩ་གཅིག་ཐུན་གྱི་དམིགས་བྱ་གསད། །ༀ་མ་ཧཱ་ཀཱ་ལི༴ ཅེས་པ་བར་འོག་ནས་འབྱུང་བའི་སྔགས་དྲུག་ཅུ་རྩ་གཅིག་གི་བརྡེག་གོ། །དེ་ནས་ཕུར་བུ་བསྐུལ་བ་ནི། ཆ༽ བྷྱོ། ཕུར་ཟོར་སྲུང་མར་རེ་མ་ཏི། །དམ་ལ་མ་འདའ་ད་ཚུར་བྱོན། །ལྕགས་སམ་དྲག་པོའི་ཤིང་ལས་བྱས། །མགོ་བོ་རྒྱ་མདུད་གཞལ་ཡས་ཁང་། །སྐེད་པ་རྒྱ་མདུད་དཔལ་ལྡན་མ། །རྩེ་མོ་ཟུར་གསུམ་རེ་མ་ཏི། །མགོ་བོ་རྒྱ་མདུད་གྲུ་བཞི་ལ། །དྲག་པོའི་འབྲུག་སྒྲ་ཆེམ་ཆེམ་སྒྲོགས། །སྐེད་པ་རྒྱ་མདུད་གློག་སྟོང་འགྱུ། །རྩེ་མོ་ཟུར་གསུམ་མེ་ལྟར་འབར། །མེ་ལྟར་འབར་བའི་རྩེ་མོ་ནས། །ངན་སྔགས་གདུག་པའི་ཚྭ་ཚྭ་འཕྲོ། །ཉམས་པ་ཅན་གྱིས་སྙིང་ལ་གཟེར། །ༀ་རུ་རུ་རཀྨོ་དགྲ་བོའི་སྙིང་རྩ་ལ་ཡཾ་ཡཾ། མ་ཧུར་ཐུམ་དགྲ་བོའི་སྲོག་རྩ་ལ་མ་ར་ཡ་རྦད། ཅེས་མང་དུ་བརྡེག་གོ། །དེ་ནས་ཕུར་ཐུན་བརྡེག་པ་ནི། བྷྱོ། བདུད་མོ་བྱེ་བ་འབུམ་གྱི་གཙོ་མོ་ནི། །དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྔམས། །ཕྱག་གཡས་བདུད་ཀྱི་རལ་གྲི་ཕྱར་བ་ཡིས། །དམ་ཉམས་དགྲ་བོའི་སྲོག་རྩ་རྒལ་ནས་གཅོད། །ཕྱག་གཡོན་ཐོད་པ་ཁྲག་བཀང་བསྣམས་པ་ཡིས། །དམ་ཉམས་དགྲ་བོའི་སེམས་ཀྱི་མར་མེ་སོད། །སྐུ་སྨད་དྲག་པོ་ཕུར་བ་ཟུར་གསུམ་རྣོ། །བཏབ་པས་ཐེབས་པར་མཛོད་ཅིག་རེ་མ་ཏི། །ཐེབས་པར་རྡུལ་དུ་རློག་ཤིག་རེ་མ་ཏི། །འཕང་བ་ཕྱིར་ལ་མ་ལྡོག་རེ་མ་ཏི། །མ་ཧཱ༴ བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱད་མའི་ལུས་ཀྱི་སྦྱོར་བ་བཤིགས་པའི་དུས་ལ་བབ། །ལུས་ཀྱི་ནུས་པ་འཕྲོག་པའི་དུས་ལ་བབ། །བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱད་མའི་ངག་གི་སྦྱོར་བ་བཤིགས་པའི་དུས་ལ་བབ། །ངག་གི་ནུས་པ་འཕྲོག་པའི་དུས་ལ་བབ། །བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱད་མའི་ཡིད་ཀྱི་སྦྱོར་བ་བཤིགས་པའི་དུས་ལ་བབ། །ཡིད་ཀྱི་ནུས་པ་འཕྲོག་པའི་དུས་ལ་བབ། །བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱད་མའི་ལྟེ་བའི་ཙཀྲ་བཤིགས་པའི་དུས་ལ་བབ། །བསྲུང་སྐྱོབས་འཕྲོག་པའི་དུས་ལ་བབ། །བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱད་མའི་སྙིང་དབུས་རྣམ་ཤེས་འཕྲོག་པའི་དུས་ལ་བབ། །རཀྟ་བྱིས་ཀླད་འཕྲོག་པའི་དུས་ལ་བབ། །བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱད་མའི་ཁམས་དང་སྐྱེ་མཆེད་བཤིགས་པའི་དུས་ལ་བབ། །བཀྲག་དང་གཟི་མདངས་འཕྲོག་པའི་དུས་ལ་བབ། །བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱད་མའི་མཐུ་དང་ནུས་པ་འཕྲོག་པའི་དུས་ལ་བབ། །རྟེན་དང་རྣམ་ཤེས་འཕྲོག་པའི་དུས་ལ་བབ། །དགྲ་བོ་བྱད་མའི་མཐུ་དང་ནུས་པ་བརྟེན་དང་བཀྲག་གཟི་མདངས་རྟེན་དང་རྣམ་པར་ཤེས་པ་བཅུད་ཐམས་ཅད་བདག་ཉིད་ལ་ཐིམ་པར་གྱུར། བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྡིག་ཅན་དགྲ་བོ་ལས་ངན་འདི། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཅེས་བརྡེག་གོ། །དེ་ནས་མཚོན་ཐུན་བརྡེག་པ་ནི། ཇ༽ བྷྱོ། ལྷ་མོ་ནག་མོ་རེ་མ་ཏི། །ཁྱོད་ཀྱི་ལས་ཀྱི་ཕོ་ཉ་ནི། །བདུད་མོ་ནག་མོ་འབུམ་ཕྲག་འགྱེད། །ནག་མོ་འབུམ་སྡེ་འཁོར་ཚོགས་རྣམས། །གོས་སུ་མི་ལྤགས་རློན་པ་གྱོན། །ཟས་སུ་མི་ཤ་རྟ་ཤ་ཟ། །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་། །ལས་སུ་སངས་རྒྱས་བསྟན་པ་བསྲུངས། །སྲོག་གཅོད་ལས་ལ་ཤིན་ཏུ་དགྱེས། །ཕྱག་གཡས་གྲི་ཁུག་འབར་བ་བསྣམས། །བསྟན་ལ་སྡང་བྱེད་སྲོག་རྩ་གཅོད། །ཕྱག་གཡོན་གདུགས་པའི་ཐོད་ཁྲག་གིས། །དགྲ་བོའི་སེམས་ཀྱི་མར་མེ་སོད། །ཅེས་བརྗོད་ལ་སྔགས་ཐུན་པས་བརྡེག་གོ། །དེ་ནས་སྣ་ཚོགས་ཐུན་བརྡེག་པས། ཉ༽ དུག་ཐུན་ལ། བྷྱོ། དང་པོ་དུག་ཐུན་མྱོས་པ་དང་། །ཁྲག་ཐུན་རིམས་ནད་སྣ་ཚོགས་དང་། །ཡུངས་ཐུན་མཛེ་ནད་སྣ་ཚོགས་དང་། །རྡོ་ཐུན་ཁྲག་ཟོར་སྣ་ཚོགས་དང་། །མ་མོ་མཁའ་འགྲོའི་ཁ་རླངས་ཡིན། །མ་མོའི་ཁ་རླངས་བཏང་བའི་ཚེ། །ཁ་རླངས་ནམ་མཁའི་ཁམས་སུ་འཐིབས། །ནམ་མཁའ་སྤྲིན་གྱི་དབྱིངས་རུམས་ནས། །བུད་མེད་ནག་མོ་ཆར་བཞིན་འབབས། །སྤྲུལ་པའི་མ་མོ་ཐམས་ཅད་ཀྱི། །དགྲ་བོའི་ཡུལ་དུ་ནད་ཡམས་ཕོབ། །ཁྲག་གི་ཆར་པ་དགྲ་ལ་ཕོབ། །རིམས་ཀྱི་ཆར་པ་དགྲ་ལ་ཕོབ། །ཐུན་གྱི་ཆར་པ་དགྲ་ལ་ཕོབ། །ཐུན་ཁྲག་རིམས་དུ་བསྒྱུར་དུ་གསོལ། །རིམས་ནད་དགྲ་ལ་དབབ་ཏུ་གསོལ། །སྡང་སེམས་གནོད་སེམས་ལྡན་པ་ཡིས། །མིང་དང་རུས་སུ་བྲིས་པ་ལ། །ཐུན་ཐོགས་མ་མོའི་ཐུན་ཕོབ་ལ། །ཁྲམ་ཐོགས་མ་མོའི་ཁྲམ་ལ་ཐོབ། །དགྲ་བོ་ཐལ་བ་རྡུལ་དུ་རློག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་སྔགས་ཐུན་བརྡེག་ལ། བྷྱོ། དཔལ་ལྡན་ལྷ་མོ་རེ་མ་ཏི། །ནད་ཀྱི་བདག་མོ་མཐུ་མོ་ཆེ། །ཆིབས་སུ་དྲེལ་སྔོན་རླུང་གཤོགས་བཅིབས། །མི་ནད་ལོང་དགུའི་མངའ་བདག་མོ། །རྟ་ནད་མཚེར་རྩུབ་ཕྱོགས་བཅུར་འགྱེད། །གཡས་ན་བདུད་ཀྱི་ཁྲམ་བམ་བསྣམས། །ཁྲག་ནད་རིམས་ནད་དགྲ་ལ་དྲོངས། །འཁོར་དུ་བདུད་མོའི་ཚོགས་སུ་བཅས། །ཕྱག་ན་གདུག་པའི་ཐོད་ཁྲག་ཐོགས། །དམ་ཉམས་དགྲ་ལ་ཐུན་ཁྲག་ཕོབ། །འཁོར་གྱི་མ་མོའི་ཐུན་སྤྱོད་རྣམས། །གཡས་ན་ཐུན་སྤྱོད་ཀྱི་ལི་ལི། །གཡོན་ན་སེར་བ་ཤ་ར་ར། །ཁྲག་གི་བུ་ཡུག་ཐུ་ལུ་ལུ། །ནད་ཀྱི་ན་བུན་ཐིབས་སེ་ཐིབ། །མ་མོའི་ཐུན་མདའ་དགྲ་ལ་རྒྱོབ། །བསྟན་པ་བཤིགས་པའི་དགྲ་བོ་ལ། །ནད་དང་རིམས་ཀྱི་སྣ་དྲོངས་ལ། །དུག་དང་མཚོན་གྱི་ཆར་པ་ཕོབ། །དགྲ་བོའི་ཡུལ་དུ་དམག་དྲོངས་ལ། །དགྲ་བོ་མི་མཁར་དམར་པོ་རྩེ་ནས་ཤིག །ས་མཁར་སྐྱ་བོ་རྨིང་ནས་སྒྱེལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་ལ་ཐུན་སྣ་ཚོགས་ཀྱི་བྲབ་བོ། །དེ་ནས་དུས་བཞིའི་ཐུན་བསྐུལ་བ་ནི། བྷྱོ། ཉི་མ་དེའི་སྔ་ཐུན་ལ། །མ་མོ་དཀར་མོ་སྟོང་གིས་ཉུལ། །གཡས་ན་ཐུན་སྤྱོད་ཀྱི་ལི་ལི། །གཡོན་ན་ཐུན་འཕེན་ཤ་ར་ར། །བསྟན་པ་བཤིགས་པའི་དགྲ་བོ་ལ། །ནད་དང་དུག་གི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོའི་བླ་མཁར་རྨིང་ནས་བསྒྱེལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཉི་མ་དེའི་གུང་ཐུན་ལ། །མ་མོ་མཐིང་ནག་སྟོང་གིས་ཉུལ། །གཡས་ན་ཐུན་སྤྱོད་ཀྱི་ལི་ལི། །གཡོན་ན་ཐུན་འཕེན་ཤ་ར་ར། །བསྟན་པ་བཤིག་པའི་དགྲ་བོ་ལ། །ནད་དང་དུག་གི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོའི་བླ་མཁར་རྨིང་ནས་བསྒྱེལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཉི་མ་དེའི་དགུང་ཐུན་ལ། །མ་མོ་དམར་ནག་སྟོང་གིས་ཉུལ། །གཡས་ན་ཐུན་སྤྱོད་ཀྱི་ལི་ལི། །གཡོན་ན་ཐུན་འཕེན་ཤ་ར་ར། །བསྟན་པ་བཤིག་པའི་དགྲ་བོ་ལ། །ནད་དང་དུག་གི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོའི་བླ་མཁར་རྨིང་ནས་བསྒྱེལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཉི་མ་དེའི་དགུང་ཐུན་ལ། །མ་མོ་དམར་ནག་སྟོང་གིས་ཉུལ། །གཡས་ན་ཐུན་སྤྱོད་ཀྱི་ལི་ལི། །གཡོན་ན་ཐུན་འཕེན་ཤ་ར་ར། །བསྟན་པ་བཤིག་པའི་དགྲ་བོ་ལ། །ནད་དང་དུག་གི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོའི་བླ་མཁར་རྨིང་ནས་བསྒྱེལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཉི་མ་དེའི་འཛིང་ལ་བབ། །མ་མོ་སྨུག་ནག་སྟོང་གིས་ཉུལ། །གཡས་ན་ཐུན་སྤྱོད་ཀྱི་ལི་ལི། །གཡོན་ན་ཐུན་འཕེན་ཤ་ར་ར། །བསྟན་པ་བཤིག་པའི་དགྲ་བོ་ལ། །ནད་དང་དུག་གི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོའི་བླ་མཁར་རྨིང་ནས་བསྒྱེལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །སྔགས་བཟླའོ། །དེ་ནས་ཐུན་གྱི་མ་མོ་ཆེ་འབྲིང་ཆུང་གསུམ་བསྐུལ་བ་ནི། བྷྱོ། ཐུན་གྱི་མ་མོ་ཆེན་མོ་ནི། །ནམ་གྱི་ཆ་སྟོད་བསྐུལ་བའི་ཚེ། །ཆིབས་སུ་བོང་བུ་ཀ་བ་བཅིབས། །དེ་ལ་གསང་བའི་མཚན་གསོལ་བ། །དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །སྐུ་མདོག་མཐིང་ནག་འབར་བ་ལ། །ཁྲག་ཞག་བསྲེས་པའི་ཐིག་ལེ་ཅན། །གཡས་ན་ནད་ཀྱི་རྐྱལ་པ་ཐོགས། །གཡོན་ན་ཐུན་གྱི་ཁྲག་སྤྱོད་མ། །སྔགས་འཆང་ཀུན་གྱི་དགྲ་འདུལ་མ། །རྣལ་འབྱོར་ཀུན་གྱི་སྐུ་བསྲུང་མ། །བདག་གིས་གདུང་ནས་བོས་པའི་ཚེ། །དེ་ཚེ་ཁྱོད་ཀྱིས་ཐུན་ཕོབ་ལ། །ཐུན་ཁྲག་རིམས་སུ་བསྒྱུར་དུ་གསོལ། །རིམས་ནད་དགྲ་ལ་དབབ་ཏུ་གསོལ། །སྡང་སེམས་གནོད་སེམས་ལྡན་པ་ཡི། །མིང་དང་གཟུགས་སུ་བྲིས་པ་ལ། །ཐུན་ཐོགས་མ་མོའི་ཐུན་ཕོབ་ལ། །ཁྲམ་ཐོགས་མ་མོའི་ཁྲམ་ལ་ཐོབ། །ཤོ་རྡེའུ་ནག་པོའི་རྩིས་སུ་ཆུག །བྱང་དམར་བེམ་པོའི་དཀྱུས་ལ་ཐོབས། །ནད་ཀྱི་རྐྱལ་པ་ཁ་ཕྱེས་ལ། །དགྲ་བོའི་ཡུལ་ཁམས་ནད་ཀྱི་ཁོངས། །ཚོན་གྱི་གྲུ་གུའི་དམ་དུ་ཆིངས། །སྨྱོ་རུ་ཆུགས་ལ་འབོགས་སུ་ཆུགས། །མྱོས་སུ་ཆུགས་ལ་རིང་དུ་ཆུགས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཐུན་གྱི་མ་མོ་འབྲིང་མོ་ནི། །ནམས་ཀྱི་གུང་ལ་བསྐུལ་བའི་ཚེ། །ཆིབས་སུ་དྲེའུ་རྟ་ཁ་དཀར་བཅིབས། །དེ་ལ་གསང་བའི་མཚན་བཏགས་པ། །རྡོ་རྗེ་བ་ལམ་དྲེའུ་སྣ་མ། །ཉིད་ཀྱི་སྐུ་ནི་གཅེར་བུ་ལ། །གཡས་ན་མདུང་ནག་རྩེ་གསུམ་བསྣམས། །གཡོན་ན་ཐུན་གྱི་ཁྲག་གཡོ་མ། །སྔགས་འཆང་ཀུན་གྱི་དགྲ་འདུལ་མ། །རྣལ་འབྱོར་ཀུན་གྱི་སྐུ་བསྲུང་མ། །བདག་གིས་གདུང་ནས་བོས་པའི་ཚེ། །དེ་ཚེ་ཁྱོད་ཀྱིས་ཐུན་ཕོབ་ལ། །ཐུན་ཁྲག་རིམས་སུ་བསྒྱུར་དུ་གསོལ། །རིམས་ནད་དགྲ༴ སྡང་སེམས༴ མིང་དང་གཟུགས༴ ཐུན་ཐོགས་མ་མོའི༴ ཁྲམ་ཐོགས༴ ཤོ་རྡེའུ༴ བྱང་དམར༴ ནད་ཀྱི༴ དགྲ་བོའི་ཡུལ༴ ཚོན་གྱི༴ སྨྱོ་རུ༴ མྱོས་སུ༴ བཅོལ་པའི༴ ཅེས་གོང་ལྟར་འགྲེའོ། །བྷྱོ། ཐུན་གྱི་མ་མོ་ཐ་ཆུང་ནི། །ནམ་གྱི་ཆ་སྨད་བསྐུལ་བའི་ཚེ། །ཆིབས་སུ་བདུད་བྱ་ནག་པོ་བཅིབས། །དེ་ལ་གསང་བའི་མཚན་བཏགས་པ། །རྡོ་རྗེ་ཁྲི་སྨན་ལྡེམ་དྲུག་མ། །སྐུ་མདོག་མཐིང་ནག་འབར་བ་ལ། །གཡས་ན་ནད་ཀྱི་རྐྱལ་བ་བསྣམས། །གཡོན་ན་ཐུན་གྱི་ཁྲག་གཡོ་མ། །སྔགས་འཆང་༴ རྣལ་འབྱོར༴ བདག་གི༴ དེ་ཚེ༴ ཁྲག་ཐུན༴ རིམས་ནད༴ སྡང་སེམས༴ མིང་དང་༴ ཐུན་ཐོགས༴ ཁྲམ་ཐོགས༴ ཤྭ་རྡེའུ༴ བྱང་དམར༴ ནད་ཀྱི༴ དགྲ་བོའི༴ ཚོན་གྱི༴ སྨྱོ་རུ༴ མྱོས་སུ༴ བཅོལ་པའི༴ དེ་ནས་གཟུགས་ལ་སྔགས་ཐུན་བརྡེག །རལ་གྲིས་གཏུབ་ཅིང་། དགྲ་བོ་ཚལ་པ་ཚལ་པ། དུམ་བུ་དུམ་བུ། ན་ཤ་ཡ། སྟྭཾ་བྷ་ཡ། མོ་ཧ་ཡ། བྷནྡྷ་ཡ། མ་ར་ཡ་རྦད་རྦད། བྱེད་པའི་དུས་སུ་གཏོར་མ་དེ་ཉིད་ལྷ་མོ་དངོས་སུ་བསྐྱེད་ལ་གཟུགས་ལ་བསྟབས། མི་དབང་དྲི་ཁྲག་དང་བྱང་སེམས་དཀར་དམར་གྱི་དར་ནག་ལ་འབོད་རྦད་བསད་གསུམ་བྲིས་ལ་བརྟེན་གཏོར་གྱི་ནང་དུ་གཞུགས། དེ་ལ་ཆགས་ཤིང་ཞེན་ནས། ལས་བསྒྲུབ་པའི་ཆེད་དོ། །རྒྱུན་གཏོར་རམ། འགྱེད་གཏོར་ནི། གཏོར་མ་ཤ་ཁྲག་གིས་བརྒྱན་པ་གཅིག་ལ། རུས་པ་དང་བཅས་པ་གསོད་ལས་བྱས་ལ། ཐ་མ་གཟུགས་ཀྱི་དུམ་བུ་དེ་ལ་བསྣན་ཏེ་བཞག་པ་ལ། བྱིན་རླབས་འོག་ཏུ་བཤད་པ་ལྟར་བྱས་ལ་ཕུལ་ཏེ་དགྲ་ཕྱོགས་སུ་འཕོང་ངོ་། །དེ་གཏོང་བའི་དུས་ནི། སྟག་སྐྱ་བོ་ཁ་བརླངས་ཤར་བ་དང་། རུས་སྦལ་ལྟོ་བ་ལ་གབ་པ་དང་། བྱ་ནག་གཟན་ལ་འཛུམ་པ་དང་། ཕུང་སྲི་རྔ་མང་འབུད་པ་དང་། དུས་དེ་བཞིར་གཏོང་ངོ་། ༈ །སྤྱན་འདྲེན་པའི་མན་ངག་ནི། །དར་ནག་ལ། བྷྲཱུྃ་བྷྱོ་ཛཿ མི་དབང་གིས་དྲི་ཁྲག་གིས་བྲིས་པ་མདའ་ལ་བཏགས་པའི་གཡབ་བོ། །གསུར་ཆེན་གྱི་དུད་པ་བཏང་། སྲིན་ལག་གཡབ། ལས་མི་བྱེད་ན་སྤྱི་བོར་ཕྱག་རྡོར་བསྒོམ་ནས་ཤི་ས་བསྟན་པ་ལས་བྱ་བ་ནི་ལོགས་སུ་ཤེས་སོ། །འབྲུབ་ཁུང་རྒྱུ་ནི། དགྲ་བོའི་ཟག་རྫས་ཚེ་ཟད་འབབ་ཆུའི་ས། རྦལ་རྒལ་ལ། རོ་སོལ། ཁྲག་སྣ། དུག་སྣ། རྡུང་དགུའི་རྭ། འཕྲ་དགུའི་རྐེད་པ། ཟ་དགུའི་མཆེ་བའོ། ༈ །ལིང་གའི་རྒྱུ་ནི། དགྲ་བོའི་རྗེས་ས། དྲི་ཆེན། དྲི་ཆུ། བག་ཕྱེ་དང་བསྲེས་པའོ། ༈ །བྱང་བུ་ནི། གྲོ་ག་ལ་གྲི་ཁྲག་གིས་བྲིས་སོ། །དེ་ནས་ལས་མཐར་གཏང་རག་ཚུལ་དུ་རྒྱུན་གཏོར་ཕུལ་ལ་དགྲ་ཕྱོགས་སུ་འཕངས་ལ། མྱུར་མགྱོགས་ལྟར་བྱིན་གྱིས་བརླབས་ཏེ། ཐོད་པའི་སྣོད་དུ་རྒྱུན་གཏོར་དེ་ཡོངས་སུ་གྱུར་པ་ལས་དགྲ་བོ་དངོས་སུ་གྱུར། དེའི་སྙིང་དཀར་ནག་གི་མཚམས་སུ་མ་མ་བྷྱོ་བྷྱོ་རལ་གྲིས་ཡུ་བ་བྷྱོས་མཚན་པ་གཅིག་གཡོན་དུ་སྒ་ར་ར་འཁོར་བས་ལུས་ཤག་གིས་གཤགས་ནས་དུམ་བུར་གཏུབ་ཤ་ཁྲག་སོ་མའི་ཕུང་པོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ཞེས་བརྗོད། དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་གྱི་གཏོར་མ་རྒྱ་ཆེན་པོ་འདི་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པས་བཞེས་ཤིག །རོལ་ཅིག །བཞེས་ལ་རྣལ་འབྱོར་པ་བདག་གི་ལས་འདི་ད་ལྟ་ཉིད་དུ་སྒྲུབས་ཤིག །ཅེས་བརྗོད་ལ། དེ་ཡི་རྗེས་སུ་གཏོར་མ་དེ་ཉིད་དམིགས་པ་འདི་ལྟར་བསྒྱུར་ཏེ། གཏོར་མ་དུག་དང་མཚོན་དང་ནད་ཀྱི་རང་བཞིན་དང་། མ་མོ་དང་མཁའ་འགྲོ་དང་། ཤ་ཟ་དང་བདུད་མོའི་དམག་ཚོགས་སུ་གྱུར་ནས་དགྲ་བོའི་ཡུལ་དུ་སོང་ནས་དགྲ་བོའི་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ཐལ་བ་རྡུལ་དུ་བརླག་པར་གྱུར་པར་བསམ་ལ། བསྐུལ་པ་བྱས་བྱས་ཏེ་གཏོར་མ་དགྲ་ཕྱོགས་སུ་འཕོངས། དེའི་རྗེས་ལ་དམོད་ཕྲིན་བྱ། ཐལ་མོ་བརྡབས། གོས་ནག་བརྡབ། བཟློག་སྔགས་བཟླ། བྲོ་བརྡུང་། རྒྱས་གདབ། ཡུལ་དུ་ལོག་ལ་བསྲུང་འཁོར་བསྒོམ། རྣམ་ཤེས་སྤར། དགེ་བ་བསྔོ། ལྷག་ཆད་བསྐངས། ཉེར་བསྡུ་བྱ། གཤེགས་གསོལ་བྱ། ལས་མཐའི་སྦྱིན་བསྲེག་དང་མནན་པ་སོགས་ལོགས་སུ་ཤེས་པར་བྱའོ། །དེ་ལྟར་ཐུན་གྱི་རིམ་པ་དེ་རྣམས་ནི་དུས་བཞི་ཐུན་དྲུག་ཏུ་བཅད་ལ་ལྷའི་མཚན་མ་དང་དགྲ་གསོད་པའི་མཚན་མ་གཞན་དུ་བཤད་པ་རྣམས་མ་བྱུང་གི་བར་དུ་བརྩོན་འགྲུས་དྲག་པོས་བསྐྱེད་ལ་བྱའོ། །དེ་ལྟར་མངོན་སྤྱོད་ཀྱི་ལས་དེ་རྣམས་བྱེད་པ་ནི། སྙིང་རྗེའི་སེམས་དང་མ་བྲལ་བའི་ངང་ནས་གཅིག་དྲིལ་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་གཏགས་པའི་སེམས་དང་། གདུག་པ་དེ་ཉིད་ལའང་ཕན་གཏགས་པའི་སེམས་ཀྱིས་རྩིས་དང་མ་བྲལ་བར་བྱས་ལ་བསྒྲུབ་ཀྱིས། དེ་མ་ཡིན་པར་ཞེ་སྡང་དྲག་པོས་ཀུན་ནས་བསླང་བའི་ངང་ནས། རང་དོན་དང་དེ་ཉིད་ལ་གནོད་པའི་བསམ་པ་ཁོ་ནས་བྱེད་པ་ནི། དམྱལ་བའི་རྒྱུ་ཤ་སྟག་བསྒྲུབ་པར་རྒྱུད་སྡེ་རྣམས་ནས་གསུངས་སོ། །དཔལ་ལྡན་ལྷ་མོ་ནག་མོའི་ཐུན་གྱི་ལས་རིམས་གོ་བདེ་ཞིང་ཞལ་ཤེས་ཀྱིས་ལེགས་པར་བརྒྱན་པའི་འདི་ནི་སྔོན་གྱི་དཔེ་རྙིང་ལ་གོང་འོག་དཀྲུགས་ནས་ཡོད་པ་རྣམས་འདིལྟར་ཡིག་ཆུང་གི་མཚན་ཉིད་བྱས་ནས་གོ་བདེ་བར་ཡོད་དེ། འདི་ནི་ཤིན་ཏུ་གསལ་བར་ཡོད་པས་གཅིག་མ་གཏོགས་སྤེལ་བར་མི་བྱ་ཞིང་ཤིན་ཏུ་དམ་པར་བྱའོ། །ཨཐྎ། མཁྱེན་གསོལ། གཟུ་དཔང་། ལིང་བསྐྱེད། བླ་འགུགས། བླ་འཚོལ། ལྷ་དབྱེ། རླུང་སྤྲོས། ཕུར་འདེབས། མཚོན་ཐུན། སྣ་ཚོགས་ཐུན། ཐུན་རིམ་ལ་དུས་བཞིའི་ཐུན། ཐུན་གྱི་མ་མོ་ཆེ་འབྲིང་ཆུང་གསུམ། བསྟབས་པ། གཏོར་བསྐུལ། ཁལ་ལས་ཁྱི་དང་སྣ་ཁྱོན། ཁའ་བརྒྱི་དང་སྣ་ཟོ་ཞ་ཏི་ཧ་ཁོ། ཞལ་ཤེས་ཀྱི་ཡི་གེའོ། །ཀུན་ལ་མ་སྤེལ་སེམས་ལ་འཆང་། བསྟན་པ་བསྲུང་བའི་མཚོན་ཆར་ཤོག །བླ་མ་ཀཿཐོག་པའི་མན་ངག་གོ།། །།


previousདཔལ་ལྡན་ལྷ་མོའི་ཐུན་དགྲ་བོའི་བསད་ལས།next