Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
དཔལ་ལྡན་ལྷ་མོའི་གསོལ་མཆོད་ཕྲིན་ལས་ཀྱི་གཞུང་། པྲ་ཛྙཱ་སེང་ཧ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོའི་གསོལ་མཆོད་ཕྲིན་ལས་ཀྱི་གཞུང་། པྲ་ཛྙཱ་སེང་ཧ།next

དཔལ་ལྡན་ལྷ་མོའི་གསོལ་མཆོད་ཕྲིན་ལས་ཀྱི་གཞུང་། པྲ་ཛྙཱ་སེང་ཧ།

དཔལ་ལྡན་ལྷ་མོའི་གསོལ་མཆོད་ཕྲིན་ལས་ཀྱི་གཞུངས་བཞུགས་སོ། །ན་མོ་གུ་རུཿ དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བདུད་མོ་སྲོག་གི་གཟེར་ཆུང་གི། །བསྙེན་བསྒྲུབ་ལས་ཀྱི་རིམ་པ་བསྟན། །དེ་ལ་ལྷ་མོ་བསྒྲུབ་པའི་ཐབས་འདི་ལ། །དོན་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དེ་ལ་དང་པོ་སྔོན་འགྲོའི་རིམ་པ་ནི། གནས་ནི་དུར་ཁྲོད་ཤིང་གཅིག་གམ། ས་མདོའམ། བྱང་ཤར་དུ་ལྟ་བའི་བྲག་ཕུག་གམ་ལྷ་འདྲེ་དྲག་པོ་གནས་པའི་སར་བསྒྲུབ་པར་བྱ་སྟེ། རྣལ་འབྱོར་པ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་གཉེན་པོ་ལྷ་ཡི་བསྙེན་པ་ཐེམ་པའི་རྣལ་འབྱོར་པས་གང་དུ་བྱ་བས་གནས་དེར་དཀྱིལ་འཁོར་མདའ་གང་གྲུ་བཞི་པའི་སྟེང་དུ། ཕུང་ཤུལ་ལ་སོགས་པའི་ས་ལ་གྲུ་གསུམ་ནག་པོ་བང་རིམ་གསུམ་པ། རྒྱར་གྲུ་གང་ཟབས་སུ་ཁྲུ་ཕྱེད་པ་དུག་ཁྲག་གི་ནག་པོར་བྱུག་ལ། གྲུ་གསུམ་དུ་མཆོག་ཕུར་གསུམ་ལོག་གསུམ་ལ་གཙང་བརྒྱད་སྲིན་མོའི་འགྲོས་སུ་སྒྲེལ་ལ། དེ་རྣམས་ཀྱི་ཁ་ཤ་དུམ་རེ་འོག་ཏུ་ལིང་ག་རེ་བཞག །དེའི་ཕྱི་རིམ་ཟླུམ་སྐོར་གསུམ་བྱས་ལ། ནང་མ་ཐོད་ཕྲེང་། བར་མ་མེ་རི། རྒྱབ་མ་ལུང་རི། དེའི་ནང་དུ་ལིང་ག་གཞུག་པ་སོགས་འོག་ཏུ་འབྱུང་བ་བཞིན་བྱའོ། །དེ་ནས་བསྟན་རྫས་ཀྱི་རིམས་པ་ནི། གཏོར་མ་འབྲུ་སྣ་ཚོགས་ལས་བྱས་པའི་ཕྱེ་མ་རཀྟ་ཆང་ཕུད་བདུད་རྩི་སྦྲུས་པའི་བཤོས་བུ་ནག་པོ་ཟུར་གསུམ་པ་གཅིག་སྣོད་གང་ཡང་རུང་བའི་ནང་དུ་བཞག །དེའི་མཐར་མི་དབང་གི་ཤ །དྲི་རྒོད་སྙིང་། ཁྲིམ་འཆལ་ཤ་ལ་སོགས་པའི་ཤ་སྣ་ཚོགས་ཀྱི་བསྐོར། མདའ་བྱ་རྒོད་མ་གཅིག་ལ་སྐྱེས་དར་མ་དྲིར་ཤི་བའི་ཙིཏྟའི་རྩ་སྦུབ་དབུ་མར་འབོད་རྦད་བསད་གསུམ་གྱི་སྔགས་དྲི་ཁྲག་དང་ཚལ་གྱི་བྲིས་ལ་གཞུག །དར་ནག་གི་དྲིལ་ལ་མདའི་མགུལ་དུ་བཏག་གོ། །གཞན་ཡང་ཙཀ་ལི་དང་ནེའུ་ལེའི་རྐྱལ་བུའི་ནང་དུ་མི་དབང་གི་དབང་པོ་ལྔ་དང་། བྱེ་རུ་ལ་སོགས་རིན་པོ་ཆེ་སྣ་ཚོགས་དང་། འབྲུ་སྨན་སྣ་ཚོགས་དང་། རྨ་བྱའི་སྒྲོ་དར་སྣ་ཚོགས་བོང་བུའི་སྙིང་། ཤིང་ལོ་རླུང་ཁྱེར་བྱང་སེམས་དཀར་དམར། དྲི་རྒོད་དབང་པོ་ལྔ། མི་བསོད་པའི་མཚོན་ཆ་ལ་རལ་གྲི་སོར་བརྒྱད་པ་ཡུ་བར། བྷྱོ་བྲིས་པ་གཅིག་དང་། དེ་རྣམས་མདའ་ཡི་མགུལ་དུ་བཏག་བརྟེན་གཏོར་ཁར་གཟུགས། དེའི་སྟེང་དུ་དར་ནག་གི་གདུག་ཕུབ། གཞན་ཡང་མདའ་བྱ་རྒོད་མའི་མགུལ་དུ་བུད་མེད་ཆུར་ཤི་བའི་སྲིན་ལག་དང་། བ་དན་རྩེ་གསུམ་རྣམས་བཏག་ལ་རང་གི་གཡས་སུ་བཞག་དེ་རྣམས་བརྟེན་པའི་རྫས་ཀྱི་རིམ་པའོ། །དེ་ནས་དངོས་གཞིའི་རིམ་པ་ལ། ཐོག་མར་མཚམས་དང་བསྲུང་བས་འཁོར་ལོ་དང་སྐྱབས་སེམས་ཡན་ལག་བདུན་པ་རྣམས་བྱས་ལ། རང་ཉིད་ཕྱག་རྡོར་རམ་ཡི་དམ་གང་རུང་བ་བཟླས་པའི་བར་རྫོགས་པར་བྱའོ། །དེ་ནས་ལྷ་བསྒོམ་པའི་རིམ་པ་ནི། བདག་ཅག་གི་ཕྱི་ནང་གི་བར་ཆད་ཞི་ཞིང་བསྟན་ལ་སྡང་བའི་དགྲ་བོ་རྣམས་བསྒྲལ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱ་བས་དོན་དུ་ལྷ་མོ་བསྙེན་ཅིང་བསྒྲུབ་པར་བྱ་བསྙམས་དུ་བསམ་ལ། སེམས་བསྐྱེད་དེ་ལྷ་མོའི་མངོན་རྟོགས་བསྒོམ་པ་ནི། ༀ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། སྐད་ཅིག་གིས་མི་དམིགས་པའི་ངང་ལས་མདུན་དུ་བྷྲཱུཾ༔སྨུག་ནག་འབར་བ་གཅིག་ཡོངས་སུ་གྱུར་པ་ལས་ཐོད་པ་སྐོམ་རློན་གྱིས་གཞལ་ཡས་ཁང་གྲུ་བཞི་གོ་བཞི་པ། ཞིང་ཆེན་གྱི་ཀ་གདུང་། ཞིང་ཆུང་གི་དྲལ་དྲབ། ཤ་ཆེན་གྱི་ནག་ལེབ། ཚིལ་ཆེན་གྱི་འཕན་གདུགས། ཙིཏྟའི་ཕོ་ལོང་། རྒྱུ་མའི་ལྡ་ལྡིབ། ཉི་ཟླའི་སྐར་ཁུང་བྱས་པ། སྟེང་ན་ཞིང་ཆེན་གྱི་རྒྱལ་མཚན་གཙུག་པ། གཏོག་ལ་ཞིང་གི་གདུག་འཁོར་བ། ཡངས་ཤིང་རྒྱ་ཆེ་བ། བློས་རྫོགས་ཚད་གཅིག་བསྐྱེད་དོ། །དེའི་ཕྱི་རོལ་དུ་བསྐལ་པའི་མེ་རི་འབར་བས་གུར་ཁང་། དེའི་ཕྱི་རོལ་དུ་བསྐལ་པའི་རླུང་ནག་འཚུབ་མའི་གུར་ཁང་འཁོར་བ། འོག་གི་ས་གཞི་ལ་མི་རོ་དང་རྟ་རོ་གཅལ་དུ་བཀྲམ་པ། མི་ཁྲག་དང་རྟ་ཁྲག་གི་མཚོ་འཁྱིལ་བ། དེ་ནས་གང་དུ་གྷརྦྷ་པ་ཧཱུཾཿཞེས་བརྗོད་པའི། གཞལ་ཡས་ཁང་དེའི་དབུས་སུ་ཏིཿལས་སྤྲུལ་པས་བོང་དུ་དམར་ག་རླུང་གི་གཤོག་པ་ཅན། ཐོད་སྐོམ་འབར་བས་སྒ་བསྟད་པ། སྲིན་པོའི་ཡན་འགལ་ལ་སྔ་རུ་བྱས་པ་སྲིན་མོའི་མན་འགལ་ལ་ཕྱི་རུ་བྱས་པ། གོང་ཐག་གློ་སྨེད་སྦྲུལ་ལ་བྱས་པ། རུ་སྦལ་ནག་པོའི་ཕོག་གུ་བཏབ་པ། སྔ་ཤད་གཡས་ན་བདུད་ཀྱིས་ཁྲམ་བམ། སྔ་ཤད་གཡོན་ན་ཚོན་གྱི་གྲུ་གུ། ཕྱི་ཤད་གཡས་ན་བྱང་དམར་གྱི་བམ་རོ། ཕྱི་ཤད་གཡོན་ན་ནད་ཀྱི་རྐྱལ་པ་འགེལ་བ། མི་མགོའི་ཐོད་སྡོམ་བྱས་པ་སྙན་གཉིས་ན་མི་ལག་གཉིས་འཕྱང་བ། མཇུག་མ་ན་མིག་གཅིག་ཡོད་པ། བཱ་སུ་ཏ་ཡི་ཞག་པའི་མཐུར་ཆིང་བྱས་པ། དེའི་སྒ་གོང་དུ་ཞིང་ཆེན་བསྣོལ་བས་གདན་གྱི་སྟེང་དུ། རཾཿལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་ཐུགས་ཀ་ནས་བྷྱོཿནག་མོ་གཅིག་འཕྲོས། དེ་ལས་འོད་ཟེར་འཕྲོས། བསྟན་ལ་སྡང་བའི་དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་བྷྱོ་ལ་ཐིམཿ དེ་ཡོངས་སུ་གྱུར་པ་ལས་དཔལ་ལྡན་ལྷ་མོ་སྐུ་མདོག་མཐིང་ནག་ལ་རྔམ་པ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ལ་ཟླུམ་པ། མེ་སྟག་གི་ཚ་ཚ་འཕྲོ་བ། ཕྱག་གཡས་པས་རལ་གྲི་སྡིག་པ་ཅན་ནམ་མཁའ་ལ་ཕྱར་བ། གཡོན་པས་བྷནྡྷ་ལྕང་ལོ་ཅན་ཁྲག་གི་བཀང་བ་ཐུགས་ཀར་འཛིན་པ། མཆན་ན་ནེ་ལེའི་རྐྱལ་པ་ཐོག་པས་ཁ་ནས་རིན་པོ་ཆེ་འཕྱུར་བའི་ཚུལ་གྱི་ཆུན་བུ་འཕྱང་བ། རལ་པ་དམར་སེར་གྱེན་དུ་བརྫེས་པའི་སྐྲ་མཚམས་སུ་ཐོད་པ་སྐོམ་པོ་ལྔས་དབུ་བརྒྱན་དང་། རིན་པོ་ཆེའི་རྩེ་ཕྲན་ལྔའི་བརྒྱན་པ། སྤྱི་བོ་ནས་ཟླ་བ་ཚེས་པ། ལྟེ་བ་ནས་ཉི་མ་ཤར་བ། སྤྱི་གཙུག་ན་རྨ་བྱའི་རྒྱལ་མཚན་གཙུག་པ། སྙན་ཤལ་གཡས་གོང་ན་སེང་གེ་འགྱིང་བ། གཡོན་ན་སྦྲུལ་ནག་གི་གདེངས་ཀ་འཕྱོ་བ། སྙན་གཉིས་ན་གསེར་གྱི་དྲིལ་བུ་འཁྲོལ་བ། ཞིང་ཆེན་གྱི་གཡང་གཞི་དང་། གླང་ཆེན་གྱི་ཀོ་རློན་སྐུ་སྟོད་ལ་མནབ་པ། སྟག་ལྤགས་གིས་ཤམ་ཐབས་དང་། མི་རྩིད་ཀྱི་རེ་ལྡེའི་སྐུ་སྨད་དཀྲིས་པ། ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྐུ་དང་ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ། དེའི་ཐུགས་ཀར་རཾཿལས་ཉི་མའི་དཀྱིལ་འཁོར་གྱིས་སྟེང་དུ་བྷྱོཿནག་མོ་གཅིག་ལ་སྔགས་ཀྱིས་གཡོན་དུ་འཁོར་བར་བསམ། བྷྱོཿདེ་ལས་བྷྱོཿནག་མོ་འབུམ་འཕྲོས་པས་འཁོར་བདུད་མོ་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ་ཐམས་ཅད་སྐུ་མདོག་ནག་མོ་རལ་པ་སྔོ་དམར་ཐུད་དུ་འཕྱོང་བ། གཡས་པ་རྣམས་ཀྱི་གྲི་གུག །གཡོན་པ་རྣམས་ཀྱི་ཐོད་ཁྲག་ཐོག་པ། མཆན་ན་ནད་ཀྱི་རྐྱལ་པ་སྔོ་དམར་འཆང་བ། ཞིང་ཆེན་གྱི་གཡང་གཞི་སྐུ་ལ་མནབ་པ། འཇིག་འཇིག་རྔམས་རྔམས་བྱེད་ཅིང་། །འཁོར་བདུད་མོའི་ཚོགས་ཀྱི་གཙོ་མོའི་བཀའ་ཉན་ཅིང་ལས་བྱེད་པའི་ཚུར་གྱི་བསྐོར་བར་བསམ། དེ་ནས་ཡེ་ཤེས་པ་སྤྱན་དྲངས་པ་ནི། སྲིན་ལག་གི་གཡབ་དར་ཐོག་ལ། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རི་རབ་ཀྱི་རྩེ་མོ་བྱང་ཤར་གྱི་མཚམས་ནས་དཔལ་ལྡན་ལྷ་མོ་བཞུགས་པའི་ཐུགས་ཀའི་བྷྱོཿལ་ཕོག་པས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་ནས་འཁོར་དང་བཅས་པ་སྐད་ཅིག་གིས་བྱོན་པར་བསམ་ལ། བྷྱོཿ དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་བྱོན་དཔལ་ལྷ་མོ། །བདུད་མོ་དཔལ་ལྡན་རེ་མ་ཏི། །རྣལ་འབྱོར་བདག་གི་གདོངས་ཏེ་བོས་པའི་ཚེ། །ཉི་མ་བྱང་ཤར་ཕ་གི་ན། །ཡོངས་འདུས་ཤིང་གི་རྩ་བ་ན། །མཚོཿམུ་ལེ་མཐིང་གི་ནང་ཤེད་ན། །མཐིང་ཤུན་སྔོན་པོའི་གུར་ཁང་ན། །ཐོད་པ་དགུ་བརྩེགས་གཞལ་ཡས་ན། །བསྭེ་ཡི་སྐུ་མཁར་གྲུ་བཞིའི་ནང་། །རིན་ཆེན་སྣ་ཚོགས་ཕོ་བྲང་ནས། །མི་རོ་རྟ་རོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་འདམ་རྫབ་ལྡང་། །དེ་ན་མ་གཅིག་ལྷ་མོ་བཞུགས། །ལྷ་མོ་ནག་མོ་རེ་མ་ཏི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ཆིབས་སུ་བོང་བུ་དམར་ག་བཅིབས། །ཁལ་དུ་ལྕགས་ཀྱི་དྲ་བ་མིག་དགུ་འགེལ། །མཆན་ན་ནད་ཀྱི་རྐྱལ་པ་ཐོག །གཡས་ན་རལ་གྲི་སྡིག་པ་ཅན། །གཡོན་ན་སྡུག་པས་ཐོད་ཁྲག་ཐོག །སྟོང་གསུམ་ཀུན་གྱི་བྱོས་བླུག་མཁན། །བདུད་མོ་དཔལ་ལྡན་རེ་མ་ཏི། །དམ་ཚིག་དབང་གི་སྤྱན་འདྲེན་ནོ། །དམ་ལ་མ་འདའ་ད་ཚུར་བྱོན། །མ་གཅིག་དཔལ་ལྡན་རེ་མ་ཏི། །ཕྱག་བརྙན་བདུད་མོ་འབུམ་དང་བཅས། །རྣལ་འབྱོར་བདག་གི་གདོང་སྟེ་བོས་པའི་ཚེ། །མ་མཆིས་མ་ཐོག་མྱུར་དུ་བྱོན། །མ་ཅིག་ལྷ་མོ་ནག་མོ་ཁྱོད། །སྔོན་ཚེ་ཕྱག་ན་རྡོ་རྗེ་ལ། །རང་རྟག་སྲོག་གིས་སྙིང་པོ་ཕུལ། །བོས་ནས་འོང་བར་ཁས་བླངས་བཞིན། །ཁས་བླང་དམ་ལ་མ་འདའ་བར། །རྣལ་འབྱོར་བདག་གི་ཁྱོད་བསྐུལ་ན། །དམ་ཚིག་དབང་གི་ད་ཚུར་བྱོན། །ཐུགས་དམ་དབང་གི་གཤེགས་སུ་གསོལ། །མ་གཅིག་ལྷ་མོ་འཁོར་ཚོགས་རྣམས། །ན་ཆུང་མཚན་ལྡན་ཆུར་ཤི་ཡི། །སྲིན་ལག་གཡབ་མོས་སྤྱན་འདྲེན་ནོ། །མི་དབང་སྨིན་པས་ཤ་ཁྲག་དང་། །དམ་རྫས་འདི་ལ་མྱུར་དུ་བྱོན། །ཨེ་ཨཱཿར་ལི་མ་ཧཱ་ཀ་ལི་རེ་མ་ཏི་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་སོ། །བྷྱོཿ མ་གཅིག་དཔལ་ལྡན་རེ་མ་ཏི༔ ཕྱག་བརྙན་བདུད་མོ་འབུམ་ཕྲག་རྣམས། །མི་རོ་གཤིབས་པས་གདན་མཆོག་དང་། །སྲིད་པའི་བོང་བུའི་གདན་ལ་བཞུགས་སུ་གསོལ། །ༀ་མ་ཧཱ་ཀ་ལི་རེ་མ་ཏིཿས་མ་ཡཱ་ཏིཥྛ་ལྷན། ཅེས་གདན་འབུལ་ལོ། །བྷྱོཿ མ་ཅིག་དཔལ་ལྡན་རེ་མ་ཏི། །ནག་མོ་ཆེན་མོ་རྣལ་འབྱོར་མ། །ཕོ་ཉ་བདུད་མོའི་འཁོར་ཚོགས་ལ། །བདག་གི་དད་པའི་ཕྱག་བགྱིའོ། །ༀ་མ་ཧཱ་ཀ་ལི་རེ་མ་ཏི་ཨ་ཏི་པཱུ་ཧོ། པྲ་ཏི་ཛ་ཧོ། དེ་ནས་དམ་སྲེ་བ་འདི་སྐད་དོ། །ཧཱུཾ་བྷྱོ། རྡོ་རྗེ་དྲི་ཆུ་བདུད་རྩིའི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། །དམ་ཚིག་དབང་གི་ཁྲག་ཆེན་པོ། །བསྲེ་བས་མཆོག་སྟེ་སྲོག་གི་སྙིང་། །མ་ཅིག་བདུད་མོའི་འཁོར་ཚོགས་རྣམས། །ཁྱོད་དང་བདག་ཉིད་དམ་བསྲེའོ། །རྟག་ཏུ་དམ་ལ་མ་འདའ་ཅིག །དམ་ལས་འདས་ན་བསྲེགས་པར་བྱེད། །ༀ་མ་ཧཱ་ཀུ་ཀུ་ས་མ་ཡ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དམ་བསྲེའོ། །དེ་ནས་མཆོད་པ་འབུལ་བ་ནི། བྷྱོ༔ མ་ཅིག་དཔལ་ལྡན་རེ་མ་ཏི། །ཕྱག་བརྙན་བདུད་མོ་འབུམ་སྡེ་ལ། །བུ་ཡི་མཆོད་པ་འབུལ་བ་ནི། །རྒྱ་མཚོ་འབབ་ཆུ་ཆུ་མིག་རྫིངས། །དམར་ཆེན་ཁྲག་གི་ཨརྒྷཾ་འདི། །མ་ཡི་སྐུ་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་བདག་ལ་སྩོལ། །ༀ་མ་ཧཱ་ཀ་ལི་རེ་མ་ཏི་ཨརྒྷཾ་ཨ་ཧཱུྃ། །ཆུ་སྐྱེས་ཐངས་སྐྱེས་མེ་ཏོག་དང་། །དབང་པོ་ལྔ་ཡི་མེ་ཏོག་འདི། །མ་ཡི་དབུ་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ་མ་ཧཱ་ཀ་ལི་རེ་མ་ཏི་པུཥྤེ་ཨཱཿཧཱུྃ། ག་བུར་གླ་རྩི་ཀུ་ཀུལ་དང་། །ཤ་ཆེན་སྤོས་ཀྱི་དུད་པ་འདི། །མ་ཡི་ཤང་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ་མ་ཧཱ་ཀ་ལི་རེ་མ་ཏི་དྷུཔྤེ་ཨཱཿཧཱུྃ། ཉི་ཟླ་གློག་དང་གསལ་བས་སྒྲོན། །ཞུན་ཆེན་མདངས་ཀྱི་མར་མེ་འདི། །མ་ཡི་སྤྱན་ལ༴ ཐུགས་མཆོག་དམ་པ༴ དངོས་གྲུབ་དམ་པ༴ ༀ་མ་ཧཱ་ཀ་ལི་རེ་མ་ཏི་ཨ་ལོ་ཀེ་ཨ་ཧཱུཾ། །ཁྲག་ཆེན་དུག་དང་སྦྱར་བ་ཡི། །རཀྟའི་དྲི་ཆབ་དམར་པོ་འདི། །མ་ཡི་ཐུགས་ལ༴ ཐུགས་མཆོག༴ དངོས་གྲུབ་དམ་པ༴ ༀ་མ་ཧཱ་ཀ་ལི་རེ་མ་ཏི་གྷནྡྷེ་ཨཱཿཧཱུཾ། །ཕྱེ་མ་ལྔ་ཡི་བཤོས་བུ་དང་། །ནལ་ཤ་ཡོན་ཏན་ལྔ་ལྡན་འདི། །མ་ཡི་ལྗག་ལ༴ ཐུགས་མཆོག༴ དངོས་གྲུབ་དམ༴ ༀ་མ་ཧཱ་ཀ་ལི་རེ་མ་ཏི་ནེ་ཝི་ཏེ་ཨ་ཧཱུྃ། །པི་ཝཾ་གླིང་བུ་མཁར་བའི་རྔ། །མན་འགལ་ཆ་ལང་རྐང་གི་དུང་། །མ་ཡི་སྙན་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ་མ་ཧཱ་ཀ་ལི་རེ་མ་ཏི་ཤབྟ་ཨ་ཧཱུྃ། ཕྱི་ཡི་མཆོད་པའོ། །བྷྱོཿ རྨད་དུ་བྱུང་བའི་གཏོར་མ་དང་། །བུམ་དང་རིལ་དང་ཕྱེ་ཚལ་དང་། །ནང་རོལ་གློ་སྙིང་མཁལ་མར་བཅས། །ཤ་དང་རུས་པ་རྐང་ཚིལ་རྣམས། །མ་བདུད་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུངས་ཕྱིར་བཞེས་སུ་གསོལ། །མ་ཏ་མ་མཾ་ས་ལ་ཁཱ་ཧི། །མ་ཧཱ་ཏཀྟ༴ མ་ཧཱ་ཙིཏྟ་ལ༴ མ་ཧཱ་བ་སུ་ཏ༴ མ་ཧཱ་ཀོ་རོ་ཙ་ན༴ མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི། །ཞེས་གཏོར་མ་འབུལ་ལོ། །བྷྱོཿ མ་ཅིག་བདུད་མོ་འཁོར་ཚོགས་རྣམས། །ཐུགས་དམ་དབང་གི་སྙིང་ཁྲག་དམར་ལ་རོལ། །མ་ཅིག་ཁྲག་འཐུང་དཔག་ཚད་བརྒྱད་ཁྲིར་རྒྱུག །དམ་རྫས་རྨད་དུ་བྱུང་བས་དམར་ཆེན་བཞེས། །མ་ཧཱ་རཀྟ་ལ་ཁཱ་ཧི། །ཅེས་པའི་རཀྟ་སྦྲེང་ལ་འབུལ་ལོ། །བྷྱོཿ སངས་རྒྱས་བསྟན་པ་བསྲུངས་བའི་ཕྱིར། །མ་ཅིག་བདུད་མོའི་འཁོར་ཚོགས་རྣམས། །ཐུགས་དམ་དབྱིངས་ཉིད་བསྐང་བའི་ཕྱིར། །བདུད་རྩི་སྨན་གྱིས་མཆོད་པ་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ཞེས་ཨ་མྲྀ་ཏ་ལ་འབུལ་ལོ། །བྷྱོཿ མ་ཅིག་བདུད་མོའི་འཁོར་བཅས་ལ། །ཡང་ཅིག་མཆོད་པ་འབུལ་བ་ནི། །མི་དབང་སྨིན་པའི་ཤ་ཁྲག་དང་། །འཆི་ཀའི་མཚལ་ཏིག་དམར་པོ་དང་། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང་། །འབྲས་བུ་སྨིན་པའི་ཤིང་ཏོག་དང་། །ན་ཆུང་མོ་ཡི་བྱུང་ཟད་ཁྲག །མ་ཉམས་བྱང་སེམས་དཀར་དམར་དང་། །དྲི་རྒོད་སྙིང་དང་དབང་པོ་ལྔ། །བོང་བུའི་སྙིང་དང་ཁྲམ་འཆལ་ཤ །རྣམ་ལྔ་བདུད་རྩིའི་མཆོད་པ་འདི། །མ་ཅིག་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུངས་ཕྱིར་བཞེས་སུ་གསོལ། །ཅེས་བརྟེན་པའི་དམ་རྫས་ཀྱི་མཆོད་པ་འབུལ་ལོ། །དེ་ནས་དངོས་གྲུབ་བླང་བ་ནི། ཧཱུྃ་བྷྱོཿ མ་ཅིག་ཆེན་མོ་འཁོར་བཅས་རྣམས། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མ་ཡི་བུ་ལ་དངོས་གྲུབ་རྩལ་དུ་གསོལ། །ཡེ་ཤེས་གསང་བའི་དངོས་གྲུབ༴ འདོད་ཁམས་འདུལ་བའི༴ འཇིག་རྟེན་དབང་བསྒྱུར༴ ཡེ་ཤེས་ལྔ་ཡི༴ ཚེ་བསོད་རྒྱས་པའི༴ བདུད་རྩི་སྨན་གྱི༴ གྲུབ་ཆེན་བརྒྱད་ཀྱི༴ ཕྲིན་ལས་རྣམ་བཞིའི༴ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །ༀ་ཤྲི་དེ་ཝི་མ་ཧཱ་ཀ་ལི་རེ་མ་ཏི་ཀ་ཡ་སིདྡྷི་ༀ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃཿ སརྦ་སིདྡྷི་ཧྲཱིཿ ཞེས་དངོས་གྲུབ་བླང་ངོ་། །དེ་ནས་གདུང་ཤུགས་དྲག་པོས་བཤགས་པ་བྱ་བ་ནི། བྷྱོཿ བསྐལ་པ་མེ་རླུང་འཚུབས་མའི་ཀློང་དཀྱིལ་ནས། །མ་ཅིག་ལྷ་མོ་ནག་མོ་གློག་འགྱུ་མ། །ཕོ་ཉ་བདུད་ཀྱི་བུ་མོའི་འཁོར་ཚོགས་རྣམས། །མ་ཅིག་འཁོར་བཅས་བཙེ་བས་བདག་ལ་དགོངས། །བདག་ཉིད་མི་མཁས་རྨོངས་པའི་དབང་གྱུར་ཏེ། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིས། །དམ་ཚིག་ཉམས་ཆག་འགལ་འཁྲུལ་གྱུར་པ་དང་། །ཏིང་འཛིན་མི་གསལ་ར་རིས་ཁལ་ཁོལ་དང་། །སྔགས་དང་ཕྱག་རྒྱ་དྲ་ཆགས་ཟུར་ཉམས་དང་། །ཉམས་པ་ཅན་གྱི་གྲིབས་ཀྱི་ཕོག་པ་དང་། །ཕུད་ཉམས་ལྷག་མར་གྱུར་པ་ཐམས་ཅད་དང་། །དམ་རྫས་མཆོད་རྫས་དུས་སུ་མ་འཚོགས་དང་། །དཔོན་གཡོག་མཆེད་ལྕམ་ཐུགས་དད་འགལ་བ་དང་། །ཁྱད་པར་མ་གཅིག་དཔལ་ལྡན་ལྷ་མོ་ཡི། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིས། །དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །མ་ཅིག་བདུད་མོའི་འཁོར་ཚོགས་རྣམས་ལ་བཤགས། །རབ་ཏུ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཅེས་བཤགས་པ་བྱའོ། །དེ་ནས་བསྟོད་པ་བྱ་བ་ནི་འདི་སྐད་དོ། །བྷྱོཿ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་དགུ་ཀློང་འཁྲིག་པའི་ཕོ་བྲང་ནས། །མ་ཅིག་ལྷ་མོ་འདོད་ཁམས་གཙོ་མོ་སྟེ། །ནག་མོ་ཟ་བྱེད་འཇིག་པའི་ཆ་ལུགས་ཅན། །མཐིང་ནག་མི་བསྲུན་ཁྲག་གི་རལ་པ་ཅན། །མཿཁྱོད་ཀྱི་སྐུ་མདོག་ནག་མོར་སྟོན། །དོན་དམ་དབྱིངས་ནས་བསྐྱེད་པ་མེད་པའི་རྟགས། །རལ་པ་གཡས་ནས་གཡོན་དུ་འཁྱིལ་བ་ནི། །ཡུམ་གྱི་མཁའ་ལ་སྤྲུལ་པའི་འགྱེད་པའི་རྟགས། །རལ་པའི་གསེབ་ནས་མེ་སྟག་འཕྲོ་བ་ནི། །ཐུགས་རྗེས་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས། །རལ་པ་སྤྱི་བོའི་གཙུག་ཏུ་འཁྱིལ་བ་ནི། །ཐུགས་དམ་དགོངས་སྤྱོད་གཅིག་ཏུ་འཁྱིལ་པའི་རྟགས། །ཐོད་སྐམ་ཕྲེང་བས་དབུ་ལ་བརྒྱན་པ་ནི། །ཐུགས་རྗེས་སྤྲུལ་སྐུའི་འགྲོ་དོན་མཛད་པའི་རྟགས། །རྨ་བྱའི་རྒྱལ་མཚན་དབུ་ལ་བཅུག་པ་ནི། །ཕྲིན་ལས་རྣམ་བཞི་སོ་སོར་མཛད་པའི་རྟགས། །སྙན་ཆ་གཡས་ན་སེང་གེ་འགྱིང་བ་ནི། །དམན་མོ་ཐམས་ཅད་ཟིལ་གྱི་གནོན་པའི་རྟགས། །སྙན་གཡོན་སྦྲུལ་ནག་གདེང་ཀ་འཕྱོ་བ་ནི། །ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས། །སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི། །སངས་རྒྱས་ཀུན་ལ་བསྙེན་བསྐུར་མཛད། །སྤྱན་རྩ་དམར་པོ་ཕྱོགས་བཅུར་གཟིགས་པ་ནི། །རྣལ་འབྱོར་སྲིད་གསུམ་བྱ་ར་མཛད་པའི་རྟགས། །ཤང་ནས་ནད་ཀྱི་རླངས་པ་འཐུལ་བ་ནི། །སྡང་དགྲ་ལ་ནད་ཡམས་འབེབས་པའི་རྟགས། །ཞལ་གྱི་ཧོམ་ཁེང་དྲག་པོ་གདེངས་པ་ནི། །དམ་རྫས་གང་ཡིན་ཞལ་དུ་གསོལ་བའི༴ རྣོ་སྡུག་མཆེ་བ་ཟུར་གསུམ་གཙིགས་པ་ནི། །བསྒྲལ་བའི་ཞིང་བཅུའི་ཤ་ལ་རོལ་བའི་རྟགས། །ཞིང་ཆེན་གཡང་གཞི་སྐུ་ལ་མནབས་པ་ནི། །ཆོས་ཉིད་ཡང་དག་དོན་དང་ལྡན་པ་ཡི། །སྐུ་བསྟོད་གླང་ཆེན་ཀོ་རློན་གསོལ་བ་ནི། །ཐེག་པ་མཆོག་གི་དོན་དང་ལྡན། སྣམ་བྱེད་རེ་ལྡེ་ནག་པོས་དཀྲིས་པ་ནི། །འཇིག་རྟེན་འདི་ན་ཆེ་བཙུན་ལྡན༴ སྤྱི་བོའི་གཙུག་ན་ཟླ་རྒྱས་གསལ་བ་ནི། །མ་རིག་མུན་པ་དབྱིངས་སུ་དག་པའི༴ ལྟེ་བའི་དབུས་ན་ཉི་མ་ཤར་བ་ནི། །སྲིད་པའི་རྒྱལ་མོ་གཏིང་ནས་བསྐོམ། །སྟག་གི་ལྤགས་པས་ཤམ་ཐབས་བྱས་པ་ནི། །དྲག་པོའི་ཆ་ལུགས་མངོན་དུ་གྱུར་པའི༴ ཕྱག་གཡས་གདུག་པའི་རལ་གྲི་ཕྱར་བ་ནི། །དགྲ་བགེགས་སྐྱེ་རྒྱུད་རྩད་ནས་གཅོད་པའི་རྟགས། །ཕྱག་གཡོན་བྷནྡྷ་དམར་ཆེན་བསྣམས་པ་ནི། །འཁོར་བའི་སྡུག་བསྔལ་ཁྲག་ལྟར་འཐུང་བའི་རྟགས། །མཆན་ན་ནེའུ་ལེའུ་རྐྱལ་པ་ཐོག་པ་ནི། །བསྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི༴ ཞབས་ལ་དབང་གི་ལྕགས་སྒྲོག་སྒྲོག་པ་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི༴ ཕྱིར་ཕྱོགས་དྲིལ་གྱི་ཕ་ལ་བཅིབས་པ་ནི། །ལོག་པར་ལྟ་བའི་དགྲ་བགེགས་སྒྲོལ་བའི༴ སྲིན་པོའི་ཡ་འགལ་སྔ་རུ་བྱས་པ་ནི། །སྲིན་ཡུལ་ལང་ག་པཱུ་རི་བསྒྲོད་པའི༴ སྲིན་མོའི་མ་མགལ་ཕྱི་རུ་བྱས་པ་ནི། །སྲིན་ཁམས་མ་ལུས་དབང་དུ་བསྡུད་པའི༴ གོང་ཐག་གློ་སྨེད་སྦྲུལ་ལ་བྱས་པ་ནི། །ཞེ་སྡང་གདུག་པ་ཅན་རྣམས་འདུལ་བའི༴ རུས་སྦལ་ནག་པོའི་ཕོག་གུས་བཏབ་པ་ནི། །ཀླུ་བདུད་མ་རུང་དམ་ལ་འདོག་པའི༴ སྔ་ཤད་བདུད་ཀྱི་ཁྲམ་བམ་བཀལ་བ་ནི། །དམ་ཉམས་དགྲ་བོ་ཁྲམ་ལ་འདེབས་པ༴ ཕྱི་ཤད་ནད་ཀྱི་རྐྱལ་བ་བཀལ་བ་ནི། །དམ་ཉམས་དགྲ་ལ་ནད་ཡམས་འབེབས་པའི་རྟག །དོན་དམ་བཅུད་ཀྱི་རྟགས་སུ་ཞག་གི་ཟོ་རིས་བརྒྱན། །ཐུགས་རྗེས་ཆགས་པས་རྟགས་སུ་རཀྟའི་ཐིག་ལེའི་བརྒྱན། །འདུལ་ཕྱེད་ཕྲིན་ལས་རྟགས་སུ་ཐལ་བས་ཚོམ་བུ་བྱུག །མ་མོ་འབུམ་ཕྲག་འཁོར་གྱིས་བསྐོར་བ་ནི། །སྟོང་གསུམ་ཁྱབ་པར་ཕྲིན་ལས་མཛད་པའི་རྟགས། །བྷྱོཿ མ་ཅིག་ཁ་ནས་མེ་འབར་རྒྱ་མཚོ་སྐོམས། །ལག་ན་རྡོ་རྗེ་འཕེན་པས་རི་རབ་སིལ་བུར་བསྙིལ། །ལྷ་མོ་ཁྱེད་ལ་བདག་གི་བཙུན་པར་བསྟོད། །བྷྱོཿ དཔལ་ལྡན་ལྷ་མོ་མཐུ་ཆེན་ཁྱོད། །ཆོས་སྐྱོངས་རྒྱལ་མོ་མི་ཟད་མ། །གསང་བའི་དབྱིངས་ཕྱུག་རྡོ་རྗེ་མཁའ་འགྲོ་མ། །བསྟན་པ་བསྲུངས་མཛད་མ་ལ་ཕྱག་འཚལ་བསྟོད། །བསྟན་པ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་སྟེར་མཛད་མ་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་བསྒྲུབ་མཛད་མ་ལ་ཕྱག་འཚལ་བསྟོད། །དགྲ་བགེགས་འདུལ་མཛད་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །དེ་ནས་བཟླས་པ་བྱ་བ་ནི། རང་ཉིད་ཡི་དམ་གྱི་ཐུགས་ཀའི་ཧཱུྃ་གིས་མཐར་བསྐོར་དུ་ཡི་དམ་གྱི་སྔགས་ཀྱི་གཡས་སུ་བསྐོར་བ་དེའི་མཐར་ལྷ་མོའི་སྔགས་ཀྱི་བསྐོར་བར་བསམ། ལྷ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྱོཿལས་སྔགས་ཀྱི་གཡོན་དུ་བསྐོར་བར་དམིགས་ལ། སྔགས་བསྒྲང་ཞིང་། བདག་གིས་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་ལྷ་མོའི་ཞལ་དུ་ཞུགས་ཐུགས་ཀའི་སྔགས་ཕྲེང་ལ་ཕོག །དེ་ལས་འོད་ཟེར་སྔགས་ཀྱི་ཕྲེང་བ་སྲོག་གི་སྙིང་པོ་ཡར་ཞལ་ནས་ཕྱུང་། བདག་གི་ཞལ་དུ་ཞུགས་ཐུགས་ཀའི་སྔགས་ཕྲེང་ལས་གཡས་བསྐོར་དུ་བསྐོར་བར་བསམ། དེ་ལས་འོད་ཟེར་འཕྲོས་རྩ་དབུ་མའི་ནང་དུ་མར་ཞུགས་གསང་བའི་རྡོ་རྗེ་ནས་བྱུང་། མ་མོའི་པད་མར་ཞུགས་པའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་ནས་མཉེས་ཤིང་ཚིམས་ནས་མཐུ་དང་ནུས་པ་དང་ལྡན་པར་བསམ། ཐུགས་ཀ་ནས་ཞལ་ནས་ཚུར་བྱུང་བ་དག་གི་ཞལ་དུ་ཞུགས་ཤིང་དངོས་གྲུབ་སྣ་ཚོགས་སྟེར་བསམ་ལ། འགལ་མེའི་འཁོར་ལོ་བཞིན་དུ་འཕྲེང་མ་ཆད་པར་བསྙེན་པ་གང་རུང་བཟླས་སོ། །ཐུན་འཇོག་དུས་སུ་རང་གི་ཐུགས་ཀའི་ཧཱུྃ་གི་མཐར་འཁོར་བར་བསམ་ལ་ཉེར་བསྡུ་སོགས་བྱའོ། །མ་མོ་སྲོག་གི་ལས་བརྒྱད་དང་། འབོད་རྦད་བསད་གསུམ་གྱི་དམིགས་པ་དང་སྔ་ནི་ཟུར་དུ་བསྐོལ་བ་ལས་ཤེས་སོ། །དེ་ནས་ཅི་ཙམ་བཟླས་པའི་མཐར། ༀ་ཤྲི་དེ་ཝི་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤབྟའི་བར་གྱི་མཆོད་ཅིང་སླར་ཡང་གཏོར་མ་ལ་འགུགས་གཞུག་བྱིན་རླབས་བྱས་ཏེ། གཏོར་སྔགས་རྒྱས་པའི་འབུལ་བའམ། ཡང་ན། ༀ་མ་ཧཱ་ཀ་ལི་རེ་མ་ཏི་ས་པ་རི་ཝ་ར་ཨི་དམ་བ་ལནྟིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་མམ་བདུན་གྱི་འཕུལ་ལ། ༀ་ཨཱཿཧཱུྃ། མཆོད་དོ་དཔལ་ལྡན་ནག་མོ། །མ་རིག་པ་རང་བྱུང་གི་རྒྱལ་མོ་དུས་བཞིའི་ལྷ་མོའི་སྐུ་ལ་བརྒྱན་པ། བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཁོར་མཁའ་འགྲོ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་དང་། དམ་པ་ཡེ་ཤེས་ཀྱི་ཆོས་སྐྱོང་བསྲུང་མའི་ཚོགས་རྣམས་ལ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་འབུལ་ལོ། །མཆོད་དོ་བཞེས་སུ་གསོལ། བཞེས་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་བསྲུང་། དཀོན་མཆོག་གི་དབུལ་འཕང་བསྟོད། དགེ་འདུན་གྱི་ཆོས་འཁོར་བསྲུང་། བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པ་རྣམས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛོད་ཅིག །དཔལ་དང་གྲགས་པ་སྤེལ་ཅིག །ཚེ་དང་དབང་ཐང་བསྐྱེད་ཅིག །སྐྱེ་བོ་སྡང་བྱེད་ཀྱི་དགྲ་སོད་ཅིག །འབྱུང་པོ་གནོད་བྱེད་ཀྱི་བགེགས་ཐུལ་ཅིག །ལྷ་འདྲེ་བར་ཆད་ཀྱི་རྐྱེན་བཟློག་ཅིག །འཆི་བདག་གི་བདུད་བསྒྱུར་ཅིག །བར་དུ་གཅོད་པའི་གནོད་བྱེད་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །ཞེས་འདོད་དོན་གསོལ། དེ་ནས་བསྟོད་པ་བྱ་བ་ནི། བྷྱོ་དཔལ་གྱི་སྲུང་མ་ཁམས་གསུམ་གཙོ་མོ་ཁྱོད། །བོང་བུ་རྟ་མཆོག་དཔག་ཚད་བརྒྱད་ཁྲི་རྒྱུག །རེ་ལྡེའི་སྨད་གཡོག་སྦྲུལ་གྱི་ཤམ་ཐབས་ཅན། །འབར་བའི་དབང་རྟག་ཕྱག་ན་རལ་གྲི་བསྣམས། །དགོས་འདོད་འབྱུང་བའི་ནེའུ་ལེ་ཞགས་པ་གཡོན། །ལྟེ་བ་ཉི་ཤར་གཙུག་ཏུ་ཟླ་རྒྱས་གསལ། །ནག་མོ་ཁྲག་འཐུང་དབྱིངས་ཀྱི་དཔལ་འབར་མ། །མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །དཔལ་ལྡན་རེ་མ་ཏི་ལ་བདག་གིས་བསྟོད། །དམ་རྫས་བརྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་དང་བདག་གིས་འཁོར་རྣམས་ལ། །བདུད་དང་དགྲ་བགེགས་ཐམས་ཅད་ཞི་བ་དང་། །མི་མཐུན་གནོད་པའི་ཕྱོགས་དང་བྲལ་བ་དང་། །དཔལ་དང་འབྱོར་བ་ཚེ་དང་གཟི་མདངས་དང་། །འཁོར་དང་ལོངས་སྤྱོད་གྲགས་པ་རྒྱས་པར་མཛོད། །བཀའ་དང་བསྟན་པ་བསྟན་འཛིན་ཀུན་བསྲུངས་ཤིག །བསྡུ་ན་དེ་ཙམ་དང་རྒྱས་པར་མོས་ན། བྷྱོཿ འཕྲུལ་གྱི་ཕོ་བྲང་ཐོད་པའི་ལྡིང་ཁང་ན། །དཔལ་ལྡན་ལྷ་མོ་ཁྲག་འཐུང་རེ་མ་ཏི། །སྲིན་པོ་ནག་པོའི་ཆུང་མ་རལ་པ་ཅན། །ཡ་མཚན་རྨད་བྱུང་ལྷ་མོ་ཁྲོ་རྒྱལ་གཙོ། །ཞལ་གདེངས་མཆེ་གཙིགས་དྲག་པའི་རྐན་སྒྲ་ཅན། །རྔམས་པའི་ཚུལ་གྱིས་དམར་ཆེན་ཁྲག་ལ་རོལ། །ཁ་འབར་ཆེན་མོ་སྲོག་གི་བཤན་པ་མོ། །སྐུ་ནི་ནག་མོ་འབུམ་གྱི་དབུས་ན་བཞུགས། །སྐྱེ་བ་རྣམ་བཞི་སྒྲོལ་བས་གང་ཆེན་མོ། །ཁྱོད་ནི་སྲིད་པ་གསུམ་གྱི་བསྐུར་བར་འོས། །ཚངས་པའི་རྒྱལ་པོས་རྨ་བྱའི་རྒྱལ་མཚན་ཕུལ། །བདུད་ཀྱི་རྒྱལ་པོའི་ཁྲམ་བམ་ནག་པ་ཕུལ། །འཆི་བདག་རྒྱལ་པོའི་ཕྱག་མཚན་རལ་གྲི་ཕུལ། །དུར་ཁྲོད་མ་མོའི་བྷནྡ་ལྕང་ལོ་ཕུལ། །གནོད་སྦྱིན་རྒྱལ་པོའི་ནེའུ་ལེ་རྐྱལ་པ་ཕུལ། །ཀླུའི་རྒྱལ་པོའི་སྦྲུལ་ནག་གདེངས་ཀ་ཕུལ། །ཁྱབ་འཇུག་ཆེན་པོའི་ཉི་མ་ཟླ་བ་ཕུལ། །རྣམ་ཐོས་སྲས་ཀྱི་སེང་གེའི་སྙན་ཆ་ཕུལ། །ཐོགས་ཆེན་རྒྱལ་པོའི་གླང་ཆེན་ཀོ་རློན་ཕུལ། །མ་བདུད་རྒྱལ་མོའི་རེ་ལྡེའི་ཤམ་ཐབས་ཕུལ། །མ་མོ་རྣམས་ཀྱི་ནད་ཀྱི་རྐྱལ་པ་ཕུལ། །ཀླུ་མོ་རྣམས་ཀྱི་འཕྲུལ་གྱི་མེ་ལོང་ཕུལ། །སྨན་མོ་རྣམས་ཀྱི་མཚོན་གྱི་གྲུ་གུ་ཕུལ། །ཤ་ཟའི་རྒྱལ་པོའི་ཐོད་པའི་ཕྲེང་བ་ཕུལ། །ལྷ་ཕྲན་རྣམས་ཀྱི་གསེར་གྱི་དྲིལ་བུ་ཕུལ། །ས་བདག་རྒྱལ་པོའི་རུས་སྦལ་ཕོ་དགུ་ཕུལ། །བཙན་གྱི་རྒྱལ་པོའི་ཤྭ་དྷེའུ་དཀར་ནག་ཕུལ། །སྲིན་པོའི་རྒྱལ་པོའི་ལྕགས་སྒྲོག་འབར་བ་ཕུལ། །རྣལ་འབྱོར་བདག་གི་བདུད་རྩི་གཏོར་མ་ཕུལ། །རཀྟ་དམར་གྱི་ཨརྒྷཾ་བསྒྲེངས་ཙམ་ན། །མ་ལ་བུས་འབོད་གདུངས་སེམས་མ་ཆུང་བར། །སྨུག་ནག་འཇིག་པས་རྒྱལ་མོའི་སྐུར་བཞེངས་ལ། །ལྕགས་ཀྱུ་འདྲ་བས་སྡེར་མོའི་གཏོར་མ་ལོངས། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་གདོངས་ལ། །ཟ་བྱེད་རྣོ་གདུག་འབར་བའི་མཆེ་བས་གསོལ། །ལེ་བརྒན་ཁྲག་འཐུང་འབར་བས་ལྗགས་རྐྱང་ལ། །ཆོས་ཀྱི་དབྱིངས་དང་མཉམ་པས་མགུལ་དུ་བསྟིམ། །སློབ་དཔོན་པད་མ་འབྱུང་གནས་ཀྱི་མཛད་པའོ། །བྷྱོ་ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་སྟེ། །ལྷ་མོ་དཔལ་འབར་མ་ལ་ཕྱག་འཚལ་བསྟོད། །ཀླུ་ལ་དབང་བསྒྱུར་ཀླུ་མོ་དཔལ་འབར་མ། །གཙུག་ན་རིན་ཆེན་བུ་མོ་ཡིད་འོང་མ། །རོལ་པའི་མཚོ་བདུན་གནས་ཀྱི་གཙོ་མོ་སྟེ། །ཀླུ་མོ་དཔལ་འབར་མ་ལ༴ གནོད་སྦྱིན་དབང་བསྒྱུར་གནོད་སྦྱིན་དཔལ་འབར་མ། །གང་བ་བཟང་པོའི་བུ་མོ་ཤང་དཀར་ཏི། །ནགས་ཚལ་དྲ་བ་ཅན་གྱི་གཙོ་མོ་སྟེ། །གནོད་སྦྱིན་རེ་མ་ཏི་ལ༴ བདུད་ལ་དབང་བསྒྱུར་བདུད་མོ་དཔལ་འབར་མ། །རེ་ལྡེམ་གོ་ཉག་བུ་མོ་རེ་མ་ཏི། །བདུད་མཁར་རྩེ་དགུའི་གནས་ཀྱི་གཙོ་མོ་སྟེ། །བདུད་མོ་རེ་མ་ཏི་ལ༴ སངས་རྒྱས་བསྟན་པ་བསྲུངས་བར་ཞལ་བཞེས་པས། །ཆོས་ཉིད་དོན་རྟོགས་འཕག་མ་རེ་མ་ཏི། །ས་བརྒྱད་གནོན་པའི་སེམས་མ་རེ་མ་ཏི། །ལྷ་མོ་མཐུ་ཆེན་ཁྱོད་ལ༴ དཀོན་མཆོག་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་དགྲ་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་དངོས་གྲུབ་མ་ལུས་བདག་ལ་དགོངས། །དམ་རྫས་བརྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །དེ་ནས་ཡང་དུས་བཞིའི་བསྟོད་པ་ནི། བྷྱོཿ མ་བཅོས་ཆོས་སྐུ་བདེ་བ་ཆེན་པོ་ལ། །སྲིད་དང་ཞི་བར་མི་གནས་མཉམ་པ་ཉིད། །ཡོན་ཏན་ཕྲིན་ལས་མཚན་པས་སྐུར་སྟོན་པས། །དཔལ་དང་ལྡན་པའི་ལྷ་མོ་ཁྱོད་ལ་འདུད། །སྐུ་ཡི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ། །མྱ་ངན་མི་འདའ་མཐུན་པར་སྣང་བ་ཉིད། །མཛེས་པའི་བརྒྱད་ལྡན་མ་གཅིག་རེ་མ་ཏི། །འགྲོ་བའི་གཉེན་ཅིག་མ་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་མཁའ་ལྟར་རྟོག་པའི་ཤེས་རབ་ལ། །ཐུགས་རྗེས་རྨད་དུ་བྱུང་བའི་ཐབས་ཚུལ་གྱིས། །མ་རུང་གདུག་པ་ཅན་རྣམས་ཚར་གཅོད་དང་། །མི་བསྙིལ་ཐུགས་དམ་ཅན་ལ་བདག་བསྟོད་དོ། །དམན་པ་མི་འདོར་རྟགས་སུ་བོང་བུ་བཅིབས། །ལྷ་ཡི་ལྷ་གྱུར་ལྷ་མིན་སྐྲག་མཛད་མ། །རྫུ་འཕྲུལ་ཤུགས་འཆང་སྟོང་གསུམ་ཁྱབ་པར་ཉུལ། །བསྟན་པ་གཉེན་མཛད་མ་ལ་བདག་བསྟོད་དོ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། །བདུད་དང་དགྲ་བགེགས་ཐམས་ཅད་ཞི་བ་དང་། །མི་མཐུན་གནོད་པའི་ཕྱོགས་དང་བྲལ་བ་དང་། །དཔལ་དང་འབྱོར་པ་ཚེ་དང་གཟི་མདངས་དང་། །འཁོར་དང་ལོངས་སྤྱོད་གྲགས་པ་རྒྱས་པར་མཛོད། །བཀའ་དང་བསྟན་པ་བསྟན་འཛིན་ཀུན་སྲུངས་ཤིག །ཁྱུང་པོ་རྣལ་འབྱོར་བས་བསྟོད་པ་རྫོགས་སོ། །བྷྱོཿ གྲུ་གསུམ་མཐིང་ནག་ཞལ་གྱི་དཀྱིལ་འཁོར་ནས། །དུར་ཁྲོད་མཐའ་མཛད་དཔལ་ལྡན་རེ་མ་ཏི། །འདས་དང་མ་བྱོན་ཀུན་ལ་དབང་བསྒྱུར་ཞིང་། །སྟོང་གསུམ་འཇིག་རྟེན་ཀུན་གྱི་མདངས་འཕྲོག་མ། །ཀུན་ལ་དབང་བསྒྱུར་འཁོར་ལོ་རིན་ཆེན་འདྲ། །བསམ་པའི་དོན་འགྲུབ་ནོར་བུ་རིན་ཆེན་འདྲ། །མི་འབྲལ་གཟུགས་མཛེས་བཙུན་མོ་རིན་ཆེན་འདྲ། །བླ་མེད་གྲོགས་ཚོལ་བློན་པོ་རིན་ཆེན་འདྲ། །ཐེག་པའི་མཆོག་ལྡན་གླང་པོ་རིན་ཆེན་འདྲ། །ས་བཅུ་སྒྲོལ་མཛད་རྟ་མཆོག་རིན་ཆེན་འདྲ། །འཇིག་རྟེན་མགོན་སྐྱབས་དམག་དཔོན་རིན་ཆེན་འདྲ། །མཿའཇིག་རྟེན་མགོན་པོ་ལྟར་ནི་བསོད་ནམས་ཆེ། །ལྷ་དབང་བརྒྱ་བྱིན་ལྟར་ནི་ལོངས་སྤྱོད་ཆེ། །ཨུ་མ་དེ་བ་ལྟར་ནི་ཆོ་རིགས་བཙུན། །ཨུ་དུམ་ཝ་ར་ལྟར་ནི་སྐྱེ་བ་ཀུན། །མེ་ཏོག་པད་མ་ལྟར་ནི་ལྟ་བས་མཛེས། །ཕྱག་ན་རྡོ་རྗེ་ལྟར་ནི་མཐུ་སྟོབས་ཆེ། །གཅན་གཟན་སེང་གེ་ལྟར་ནི་དཔའ་བརྫི་ཆེ། །ནམ་མཁའི་ལྷ་ཕྲན་ལྟར་ནི་སྐུ་འཁྲུས་གསོལ། །ནོར་བུ་རིན་ཆེན་ལྟར་ནི་གཙུག་ཏུ་ཁུར། །འཛམ་གླིང་རྒྱལ་པོ་ལྟར་ནི་བདག་བསྟོད་དོ། །གཉིས་པ་བརྡུང་བྱ། ༈ དེ་ནས་བསྐང་བ་བྱ་བ་ནི། བྷྱོཿ ཡོངས་འདུས་ཤིང་སོགས་བསྐང་བ་རྒྱས་པའམ། བསྡུ་ན་འདི་བྱའོ། །བྷྱོཿ མ་ཅིག་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །སྲིང་ཅིག་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་ཅིག་མ། །ནད་དང་རིམས་ཀྱི་བདག་མོ་ཆེན་མོ་ཁྱོད། །ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཉམས་ཆག་སེལ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཕྲིན་ལས་བསྒྲུབ་ཕྱིར་གནས་འདིར་གཤེགས་སུ་གསོལ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །ཞིང་ཆེན་གཡབ་མོའི་ཐུགས་དམ་བསྐང་། །བརྟེན་པའི་དམ་རྫས་ཡིན་པའི་ཕྱིར། །མི་དབང་སྙིང་གི་ཐུགས༴ རང་བཞིན་གནས་ནས་སྤྱན་འདྲེན༴ མི་རྐང་གླིང་བུའི༴ དམ་ཚིག་གཉེན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི། འདོད་ཁམས་གཙོ་མོ་ཡིན༴ རྨ་བྱའི་རྒྱལ་མཚན༴ ལྗགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །ཤ་ཆེན་དུད་པས༴ མགྲིན་པའི་གསང་གནས་སྦྱང་བའི་ཕྱིར། །དམར་ཆེན་རཀྟས༴ ཉམས་ཆག་མ་ལུས་གསོ་བའི༴ བྱ་ནག་ལུག་ནག་གཡག་ནག་གི། །དཀར་མོ་འབུམ་སྡེའི༴ སེར་མོ་འབུམ༴ དམར་མོ་འབུམ༴ ལྗང་མོ་འབུམ༴ སྨུག་མོ་འབུམ༴ མཐིང་ནག་འབུམ༴ མ་ཡམ་རྒྱལ་མོའི༴ བོད་ཁམས་བརྟེན་མའི༴ འཛམ་གླིང་སྐྱོངས་མའི་ཐུགས་དམ་བསྐང་། །མཿཁྱོད་ཀྱང་དམ་ལ་མ་འདའ་ཅིག །ང་ཡང་དམ་ལ་མི་འདའོ། །གལ་ཏེ་དམ་ལས་འདའ་གྱུར་ན། །སྲོག་གི་སྙིང་པོ་མེ་འབར་ནས། །རང་སྲོག་རང་གིས་གཅོད་པར་བྱེད། །དེ་བས་དམ་ལ་མ་འདའ་བར། །ཐུགས་དམ་གཉེན་པོ་འདི་བསྐང་བས། །ཉམས་ཆག་གྱུར་ན་བཟོད་པར་གསོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཕྲིན་ལས་དྲག་ཤུལ་མཐུ་མ་ཆུང་། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཡི་གེ་བརྒྱ་པའི་བསྐང་བར་བྱའོ། །དེ་ནས་བསྐུལ་པ་བྱ་བ་ནི། གཏོར་མ་ལ་འགུགས་ཞུགས་བྱིན་རླབས་བྱ་བ་ལ་འདི་སྐད་དོ། །བྷྱོཿ ཀྱེ་མ་ནད་དང་རིམས་ཀྱི་བདག་མོ་ཁྱོད། །གཤིན་རྗེའི་ལྕམ་གྱི་སྲིང་གཅིག་མ། །མཛེས་པའི་ལན་བུ་ཅིག་མ་ལ། །རེ་ལྡེ་མཛེས་པའི་རྣལ་འབྱོར་བརྒྱན། །རྐང་སྒྲོག་ལྕགས་ཀྱི་རབ་ཏུ་སྒྲོགས། །ཕྱིར་ཕྱོགས་དྲིལ་གྱི་ཕ་ལ་བཅིབས། །འབྱུང་པོ་ཕལ་ཆེར་ཀུན་གྱི་མཐོང་། །འབྱུང་པོ་ཡོངས་ཀྱི་ཤ་ལ་ཆེམས་ཆེམས་ཟོ། །མི་ཁྲག་ཆང་གིས་ར་རོས་མྱོས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །མཚན་མོ་གཅིག་ལ་ཁྱབ་པར་ཉུལ། །རྣལ་འབྱོར་ཆེན་མོ་ཨཱཿལ་ལ། །དབང་ཕྱུག་ཆེན་མོ་ཨ༴ གཤིན་རྗེའི་ལྕམ་མོ་ཨ༴ བདུད་ཀྱི་ཡུམ་ཅིག༴ མདོག་བཟང་ནག་མོ༴ མཚན་བཟང་རེ་ཏི་ཨ་ལ་ལ། །ཀྱེཿ མཿནད་དང་རིམས་ཀྱི་བདག་མོ་ཁྱོད། །རེ་འགའ་དྲག་ཏུ་འཁྲོས་པའི་ཚེ། །སྐུ་ནི་མཐིང་ནག་ཆེན་མོ་ལ། །བུད་མེད་ནག་མོའི་སྟོང་ཁམས་གང་། །རལ་པ་སིལ་བུ་མུན་ལྟར་གཏིབས། །སྤྱན་ནས་ཁྲག་གི་མཆི་མ་འཛག །ཤངས་ནས་ནད་ཀྱི་དུད་པ་འཐུལ། །ཞལ་ནས་འོ་དོད་དྲག་པོ་འབད། །གཡས་ནས་ཞིང་གི་གཡང་གཞི་རྡེབས། །གཡོན་ནས་ནད་ཀྱི་རྐྱལ་པ་ཐོག །ནད་དང་རིམས་ཀྱིས་བདག་མོ་ཆེན་མོ་ཁྱོད། །འདིར་བྱོན་རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་གིས་བཅོལ་པའི་ཕྲིན་ལས་མཛོད། །ཅེས་བསྐུལ་ལོ། །བསྡུ་ན་དེ་ཙམ་གྱི་ཆོག་གོ། །ཐུགས་དམ་བསྐུལ་བ་རྒྱས་པར་བྱེད་ན་འདི་སྐད་དོ། །བྷྱོཿ མ་གཡེལ་མ་གཡེལ་མ་ཅིག་མ། །མ་གཡེལ་མ་གཡེལ་བདུད་མོའི་ཚོགས། །མ་ཅིག་ལྷ་མོ་དཔའ་འབར་མ། །རྡོ་རྗེ་ལྷ་མོ་རེ་མ་ཏི། །ནད་དང་རིམས་ཀྱི་མངའ་བདག་མ། །སད་དང་སེར་བའི་སྣ་འདྲེན་མ། །དམ་ཉམས་ཀུན་གྱི་སྲོག་གཅོད་མ། །དམ་ཚིག་ཅན་གྱི་གྲོགས་མཛད་མ། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་མོ། །སྐྱེ་འགྲོའི་སྲོག་ལ་མངའ་མཛད་མ། །འབྱུང་པོ་ཡོངས་ཀྱི་རྗེ་མ་ཁྱོད། །དགྲ་བོའི་དུས་མཐའ་སྟུང་བྱེད་མ། །ཁམས་གསུམ་ཟ་བའི་ཟ་མཁན་མ། །སྲིད་གསུམ་ཟ་བའི་མཐུ་མོ་ཆེ། །མཐིང་ནག་གཅེར་བུའི་རལ་པ་ཅན། །མིག་ནས་ཁྲག་གི་མཆི་མ་འཛག །ཤངས་ནས་ནད་ཀྱི་རླབས་པ་འཐུལ། །ཆིབས་སུ་དྲིལ་སྔོན་རླུང་ཤོགས་བཅིབས། །རེ་འགའ་ཁྲོས་ནས་ཆལ་ཆོལ་བྱེད། །སྲིད་པས་བོང་བུ་དམར་གྭ་ཞོན། །གཡས་ན་གདུག་པའི་རལ་གྲི་ཕྱར། །སྲིད་གསུམ་མ་ལུས་རྩད་ནས་གཅོད། །གཡོན་ན་གདུག་པའི་ཐོད་ཁྲག་ཐོག །སྐྱེ་འགྲོའི་སྲོག་ལ་མངའ་མཛད་མ། །བྷྱོཿ མ་གཡེལ་མ་གཡེལ་དམ་ལ་དགོངས། །མ་ཅིག་བདུད་མོ་རེ་མ་ཏི། །ཕྱག་བརྙེན་བདུད་མོ་འབུམ་སྡེ་རྣམས། །བུ་ལ་སྡང་བའི་དགྲ་བྱུང་གི། །མ་ཅིག་ལྷ་མོའི་རལ་མདའ་ལོག །སྡང་བའི་དགྲ་ལ་ཕྲིན་ལས་མཛོད། །མ་ཅིག་ཐུགས་དམ་དུས་ལ་བབ། །བཅོལ་པའི་ལས་ལ་མཐུ་མ་ཆུང་། །དམ་ཚིག་ཡལ་བར་མ་བཏང་བར། །བུ་ཡི་འཕྲིན་ལས་མྱུར་དུ་བསྒྲུབས། །མ་ཅིག་བདུད་མོ་རེ་མ་ཏི། །ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །ལས་ཀྱི་ཕོ་ཉ་བདུད་མོ་འབུམ། །ནག་མོ་རྔམ་པའི་ང་རོ་ཅན། །མ་བདུད་ནག་མོ་འཁོར་དང་བཅས། །སྔགས་པས་བོས་ཞིང་བསྐུལ་བའི་ཚེ། །མིག་ནས་ཁྲག་གི་མཆི་མ་འཛག །ཁ་ནས་གདུག་པའི་ངན་སྔགས་སྒྲོགས། །ཞལ་ནས་ཀུན་འདེབས་སྟོང་གསུམ་གང་། །ནད་ཀྱི་ཁ་འཕྲུ་དགྲ་ལ་འདེབས། །མཚན་ཅིང་དཔག་ཚད་བརྒྱད་ཁྲི་རྒྱུག །བདུད་མོ་ནག་མོ་འཁོར་བཅས་རྣམས། །བདག་གིས་ལས་སུ་ཁྱོད་མཆོད་ན། །བདག་ལ་སྡང་བའི་དགྲ་བོ་འདི། །ལོ་དང་ཟླ་བ་མ་བཏང་བར། །ཞག་དང་ཟ་མར་དུས་མཐའ་བསྟུང་། །སྲོག་རྩ་དམར་པོ་རྒལ་ནས་ཆོད། །སྙིང་ཁྲག་དྲོན་མོ་ཁ་ནས་དྲངས། །ཀུན་གཞིའི་རྣམ་ཤེས་གཞི་ནས་ཤིག །གཟུགས་ཕུང་ཐལ་བ་རྡུལ་དུ་རློག །མ་ལ་བཅོལ་ན་ཕྲིན་ལས་མཛོད། །བུ་ལ་སྡང་བའི་དགྲ་བྱུང་གི། །མ་ཅིག་བུ་ལ་མི་དགོངས་སམ། །མིང་ལ་སྡང་བའི་དགྲ་བྱུང་གིས། །སྲིང་གཅིག་ཕྲིན་ལས་མི་མཛད་དམ། །བདག་ལ་སྡང་བའི་དགྲ་བྱུང་གི། །བྲན་ཅིག་རྗེ་ལ་མི་དགོངས་སམ། །མ་མོ་ནག་མོ་རེ་མ་ཏི། །ཁྱོད་ཀྱི་ལས་ཀྱི་ཕོ་ཉ་ནི། །བདུད་མོ་ནག་མོ་འབུམ་ཕྲག་འགྱེད། །ནག་མོ་འབུམ་སྡེའི་འཁོར་ཚོགས་རྣམས། །གོས་སུ་མི་ལྤགས་རློན་པ་གྱོན། །ཟས་སུ་མི་ཤ་རྟ་ཤ་ཟ། །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་། །ལས་སུ་སངས་རྒྱས་བསྟན་པ་བསྲུངས། །སྲོག་གཅོད་ལས་ལ་ཤིན་ཏུ་འགྱེས། །ཕྱག་གཡས་རལ་གྲི་འབར་བ་ཡི། །བསྟན་པ་སྡང་བྱེད་སྲོག་རྩ་ཆོད། །ཕྱག་གཡོན་གདུག་པའི་ཐོད་ཁྲག་ཐོག །དགྲ་བོའི་སེམས་ཀྱི་མར་མེ་སོད། །མ་བདུད་ནག་མོའི་འཁོར་ཚོགས་རྣམས། །སྔོན་གྱི་དམ་ཚིག་མ་གཡེལ་བར། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །ཁྱེད་ལ་བཅོལ་པའི་ཕྲིན་ལས་ནི། །སངས་རྒྱས་བསྟན་པ་འཇིག་བྱེད་དང་། །རྡོ་རྗེ་སློབ་དཔོན་སྨོད་བྱེད་དང་། །བསྟན་ལ་སྡང་བྱེད་དགྲ་བོ་འདི། །མ་བདུད་ནག་མོའི་འཁོར་ཚོགས་ཀྱིས། །རིང་པར་ཁུག་ལ་གཟུགས་ལ་ཕོབ། །འདུ་བ་རྣམ་བཞིའི་ནད་སོགས་ཁོངས་ན་སློངས། །དྲན་པ་མེད་པ་སྨྱོ་འབོག་རྒྱལ་དུ་ཆུག །གཞོངས་པ་དཀར་པོ་སྲོག་རྩ་རྒལ་ནས་ཆོད། །མཁལ་མ་གཡུ་རྒོང་གསང་བའི་གནས་ནས་དྲོངས། །སྲོག་རྩ་དམར་པོ་ལུས་ཀྱི་རྒྱབ་ནས་ཆོད། །ཁ་ནས་ལག་ཆུག་ཁོངས་པའི་སྙིང་ནས་དྲོངས། །དྲན་པ་རྣམ་ཤེས་ཙིཏྟའི་དཀྱིལ་ནས་དྲོངས། །ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས། །མཉམ་པར་འོང་བའི་བདུད་དང་སྤྲོད། །འགོ་བའི་ལྷ་ལྔའི་ལག་ནས་ཁུག །སྔགས་དང་རྫས་ཀྱི་ནུས་པ་ཕྲོག །ས་ལ་བརྟེན་པའི་བརྟེན་ཕུར་ཕུད། །གནམ་ལ་འཇུ་བའི་འཇུ་ཐག་ཆོད། །གྲི་ཐབས་ཉི་ཤུ་རྩ་ལྔས་སོད། །བདུན་རྒྱུད་ཚུན་ཆད་རྩ་ནས་ཆོད། །གཏན་ནས་བརླག་པའི་ཕྲིན་ལས་མཛད། །མ་ཅིག་ཐུགས་དམ་དུས་ལ་བབས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛད། །མ་མ་ས་མ་ཡ་རེ་མ་ཏི་ལས་ལ་བྷྱོ་བྷྱོཿ འདི་མན་ངག་དང་རྒྱུད་ལས་བྱུང་བའི་དཔོག་གཡོག་གནད་ནས་བསྐུལ་སྔགས་ནི། ༀ་རུ་རུ་ཙ་ཧཱུྃཿ ཨ་ཤུག་མེ་བ་ཧྲི་རུ་ཏྲ་ཁ་ཤ་ལ་ནག་མོ་ཧཱུྃ་རཀྴ་ཙིཏྟ་མ་ཧཱ་ས་མ་ཏི་མ་རུ་ཁ་ཙིཏྟ་ནན། རཀྨོ་ཏི་ཀི་མ་ཛཿ མ་མ་ཏི་ཏི་ཧཱུྃ་བྷྱོཿ འདི་ཡན་གཉིས་ལོགས་སུ་སྣང་། ཅེས་བསྐུལ་པ་བྱའོ། །དེ་ནས་མཁྱེན་དབང་ནས་བཟུང་ཞལ་བསྟབ་ཀྱི་བར་བསྒྲལ་ལས་བཞིན་བྱས་ལ། གཏོར་མ་སྟོབས་པ་ནི། འབུལ་གཏོར་ལ་དཔལ་འབར་གཙུག །སྤོས་དང་རོལ་མོ་གསེར་སྐྱེམས་ཀྱི་མཚོན་པར་བསྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏང་བའི་སར་ཁྱེར་ལ། དམིགས་བྱ་འགུག་ཞུགས་བྱ། ༀ་ཨཱཿཧཱུྃ་ཧོས་སླར་ཡང་བྱིན་གྱི་རླབས། གོང་གི་གཏོར་སྔགས་ལན་གསུམ་མམ་བདུན་ནམ་གོང་རུང་གི་འབུལ་ལ། གོང་གི་བསྐུལ་པ་རྒྱས་བསྡུས་གང་རིགས་ཀྱི་འབུལ་བའམ། ཡང་ན། བྷྱོཿ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཤར་ཕ་ཀི་ནས། །ཡོངས་འདུས་ཤིང་གི་རྩ་བ་ནས། །མཚོ་མུ་ལེ་མཐིང་གི་ནང་ཤེད་ན། །བྱང་ཐང་དེ་ནི་བྱད་མ་བྱེད། །བྱང་རི་དེ་ནི་གྱ་མ་གྱུ། །བྱང་རྩེ་དེ་ནི་བྱར་མ་བྱུར། །བྱང་ལམ་དེ་ནི་བྲ་མ་བྲང་། །དེ་འདྲའི་ཐང་གིས་མར་ཟུར་ན། །བྲག་དང་ཆུ་འཐབས་འུ་རུ་རུ། །བྲག་དང་ཆུ་འཐབས་མར་ཟུར་ན། །མཚོ་ཅིག་དེ་ནས་མེ་རེ་རེ། །མུ་ལེ་མཚོ་ཡི་ནང་ཤེད་ནས། །མཐིང་གུར་སྨུག་པོ་ལྡི་རི་རི། །མཐིང་གུར་སྨུག་པོ་ལྡིར་ཙམ་ན། །གསེར་གྱི་ཚུགས་ཤིག་རིགས་སེ་རིང་། །དངུལ་གྱི་ཆོན་ཐག་བྲེངས་སེ་བྲེང། །དུང་གི་ཁྱོན་ཕུར་ཁྲ་ལ་ལ། །དེ་འདྲའི་གུར་གྱི་ནང་ཤེད་ན། །མི་རོ་འབུམ་གྱི་ཁྲི་རུ་བཙིགས། །རྟ་རོ་འབུམ་ནི་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་འདམ་རྫབ་གཡོ། །ཞིང་ཆེན་བསྣོལ་བའི་ཁྲི་སྟེང་ན། །མ་ཅིག་ལྷ་མོ་བཞུགས་པ་ནི། །མ་མོ་ཡོངས་ཀྱི་ཀློང་དཀྱིལ་ན། །གཅེར་བུར་འདུག་པས་གཟི་མདངས་ཅན། །གཅིག་པུར་འདུག་པས་འགྱིང་བག་ཅན། །མཿཨེ་ཀ་ཙ་ཏི་དེ་ན་བཞུགས། །བདུད་ཀྱི་ཡུམ་ཅིག་དེ་ན་བཞུགས། །བདུད་ཀྱི་ཡུམ་ཅིག་དེ་ན་བཞུགས། །གཤིན་རྗེའི་ལྕམ་ཅིག་དེ་ན་བཞུགས། །མཿརུ་ལུ་བྷྱོཿཡི་འཛབ་བསྒྲེང་ཞིང་། །རཀྟའི་རྒྱུན་བབས་བྲིངས་སེ་བྲིང་། །རཀྟའི་རྒྱུན་བབ་བྲིང་ཙ་ན། །མ་ཅིག་ལྷ་མོའི་སྐུ་བསྐྱོད་འཚལ། །མ་ཅིག་ལྷ་མོ་བསྐྱོད་ཙམ་ན། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབ། །གཡུ་ཐུར་སྔོན་པོ་བྲངས་སེ་བྲང་། །གསེར་སྲབ་སེར་པོ་སི་ལི་ལི། །གསེར་སྒ་སྨུག་པོ་ཝངས་སེ་ཝང་། །ཟ་འོག་དར་སྟོན་ལྷུབས་སེ་ལྷུབ། །དར་སྣའི་གློ་ལན་ཆུམས་སེ་ཆུམ། །སྦྲུལ་ནག་གོང་སྨད་ཁྱུགས་སེ་ཁྱུག །དངུལ་དཀར་ཡོབ་ཆེན་ཁྲ་ལ་ལ། །དྲེལ་རྟའི་རྣ་བ་གཡས་པ་ལ། །དར་ནག་ཅོད་པོན་པཱུ་རུ་རུ། །དྲིལ་རྟའི་རྣ་བ་གཡོན་པ་ལ། །ལེ་བརྒན་དར་ནག་པཱུ་རུ་རུ། །མ་ཅིག་ལྷ་མོ་སྐུ་བསྐྱོད་འཚལ། །དྲིལ་སྐད་ལན་གསུམ་སྟེང་དུ་འཚེར། །སྟེང་གི་ལྷ་རྣམས་དབང་དུ་བསྡུས། །དྲིལ་མཇུག་ལན་གསུམ་བར་དུ་གཡུག །བར་གྱི་བཙན་རྣམས་དབང་དུ་བསྡུས། །དྲིལ་རྨིག་ལན་གསུམ་ས་ལ་བརྡུང་། །འོག་གི་ཀླུ་རྣམས་དབང་དུ་བསྡུས། །མ་ཅིག་ལྷ་མོ་སྐུ་བསྐྱོད་འཚལ། །མ་ཅིག་ལྷ་མོ་བསྐྱོད་ཙམ་ན། །བན་ངན་འཕུར་ཁ་མ་ཡི་བཟློག །བོན་ངན་ཟོར་ཁ་མ༴ ལོ་ཀེག་ཟླ་ཀེག་མ་ཡི༴ བདུད་ཀྱི་ཞགས་པ་མ༴ གཤིན་རྗེའི་ཁྲམ་ཁ་མ༴ ཆགས་ཆེན་ཉམ་ང་མ་ཡི་བཟློག །རླུང་མཁྲིས་བད་ཀན་ལས་གྱུར་པས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀྱང་། །མ་ཅིག་ལྷ་མོས་བཟློག་ཏུ་གསོལ། །མ་འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས། །བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་དང་། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། །བདུད་དང་དགྲ་བགེགས་ཐམས་ཅད་ཞི་བ་དང་། །མི་མཐུན་གནོད་པའི་ཕྱོགས་དང་བྲལ་བ་དང་། །དཔལ་དང་འབྱོར་པ་ཚེ་དང་གཟི་མདངས་དང་། །འཁོར་དང་ལོངས་སྤྱོད་གྲགས་པ་རྒྱས་པར་མཛོད། །བཀའ་དང་བསྟན་པ་བསྟན་འཛིན་ཀུན་སྲུངས་ཤིག །ཅེས་གཏོ་མ་སྟོབས་ལ། གཞན་ཡང་། ཧོ་དགོངས་སུ་གསོལ་ལོ། །སྔོན་ཚེ་རི་མ་ལ་ཡའི་རྩེ་མོ་ནས། དཔལ་ཕྱག་ན་རྡོ་རྗེ་ལ་དཔལ་ལྡན་ལྷ་མོ་ནག་མོ་འཁོར་བདུད་མོ་འབུམ་དང་བཅས་པས་སྲོག་གི་སྙིང་པོ་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་ཕྱི་རབས་ཀྱི་རྣལ་འབྱོར་པ་ཚུལ་བཞིན་བསྒྲུབ་པ་རྣམས་ཀྱི་ཕྲིན་ལས་བསྒྲུབ་པར་ཞལ་གྱི་བཞེས་པ་བཞིན་དུ། བདག་ཅག་རྣལ་འབྱོར་བསྒྲུབ་པ་པོའི་དཔལ་ལྡན་ལྷ་མོ་ཚུལ་བཞིན་དུ་བསྒྲུབས་ཏེ་ལས་བསྐུལ་བས། རྩ་བ་དང་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར་དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། བདག་ལ་སྡང་བའི་དགྲ་བོ་འདི་ལོ་དང་ཟླ་བ་མ་བཞག་ཞགས་དང་ཟ་མར་མ་འགོར་ཚེ་ཕྱི་མ་ལ་དུས་མ་འདེབས། ནམ་མཁའ་སྟོང་པ་ལ་ཚད་མ་བཙུགས། ལས་ཀྱི་རྣམ་པར་སྨིན་པ་ལ་ཁུང་མ་བྱེད་པར་ད་ལྟ་ཉིད་དུ་དུས་ཀྱི་མཐའ་སྟུངས་ཤིག །ཚེའི་འདུ་བྱེད་སྐུམས་ཤིག །གཟུགས་ཀྱི་ཕུང་པོ་ཤིགས་ཤིག །སྲོག་གི་རྩ་བ་ཆོད་ཅིག །སེམས་ཀྱི་མར་མེ་སོད་ཅིག །ལུས་སེམས་ཁ་སྦྱོར་ཕྱེས་ཤིག །ལྔ་ཕུང་འདུས་གཟུགས་ཕྲོལ་ཅིག །ཚེ་བསོད་དབང་ཐང་སྣུབ་ཅིག །བཀྲག་མདངས་ལོངས་སྤྱོད་ཕྲོག་ཅིག །བསྲུངས་སྐྱོབས་ལྷ་སྲུང་ཕྱེས་ཤིག །དཔོན་གཡོག་གཟའ་ཚང་གཏོར་ཅིག །ཐལ་བ་རྡུལ་དུ་བཟློག་ཅིག །བདག་ཅག་བསྒྲུབ་པ་པོའི་བསྟན་པ་དར་བ་དང་རྒྱས་པ་དང་བར་ཆད་མི་འབྱུང་བར་མཛད་དུ་གསོལ། །ལྷ་མོའི་སྲོག་གི་གཟེར་ཆུང་གི་ཕྲིན་ལས་རྫོགས་སོ། །བཀྲ་ཤིས་པར་གྱུར་ཅིག །པྲཛྙཱ་སེང་ཧས་བཀོད་པའོ།། །།


previousདཔལ་ལྡན་ལྷ་མོའི་གསོལ་མཆོད་ཕྲིན་ལས་ཀྱི་གཞུང་། པྲ་ཛྙཱ་སེང་ཧ།next