Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
དཔལ་ལྡན་ལྷ་མོའི་མཆོད་ཕྲིན་ཆེན་པོ་དོན་ཀུན་གྲུབ་པའི་དབྱངས་སྙན། ཆོས་ཀྱི་རྒྱ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོའི་མཆོད་ཕྲིན་ཆེན་པོ་དོན་ཀུན་གྲུབ་པའི་དབྱངས་སྙན། ཆོས་ཀྱི་རྒྱ་མཚོ།next

དཔལ་ལྡན་ལྷ་མོའི་མཆོད་ཕྲིན་ཆེན་པོ་དོན་ཀུན་གྲུབ་པའི་དབྱངས་སྙན། ཆོས་ཀྱི་རྒྱ་མཚོ།

དཔལ་ལྡན་ལྷ་མོའི་མཆོད་ཕྲིན་ཆེན་མོ་དོན་ཀུན་གྲུབ་པའི་དབྱངས་སྙན་བཞུགས་སོ། །ༀ་སྭ་སྟི། བླ་མ་མཆོག་དང་ཡུམ་ཆེན་ཕ་རོལ་ཕྱིན། །བསྟན་དགྲ་བསྒྲལ་སླད་ཁྲོས་པའི་སྐུར་བསྟན་པ། །མ་ཅིག་འདོད་ཁམས་དབང་མོ་ལ་བཏུད་ནས། །གང་དེ་མཆོད་ཅིང་བསྒྲུབ་པའི་ཆོ་ག་དབྱེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་སྤྱི་རྗེ་བདུད་མོ་སྲོག་གི་གཟེར་ཆུང་མའམ་དཔལ་ལྡན་ལྷ་མོ་ནག་མོ་རང་བྱུང་རྒྱལ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་ཞེས་གསང་སྔགས་རྡོ་རྗེ་ཐེག་པའི་སྲུང་མ་ཆེན་མོ་གང་དེའི་མཆོད་ཅིང་བསྒྲུབ་པའི་ཚུལ་ལ་དོན་གསུམ། སྔོན་དུ་འགྲོ་བའི་རིམ་པ་དང་། དངོས་གཞི་དང་། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་སྔོན་དུ་བྱ་བའི་རིམ་པ་ལ། གནས་ནི་དུར་ཁྲོད་དམ། ཤིང་གཅིག་གམ། ས་མདོའམ། ཁ་བྱང་ཤར་དུ་བལྟ་བའི་བྲག་ཕུག་གམ། ལྷ་འདྲེ་དྲག་པོ་གནས་པའི་སར། བྱེ་བྲག་ལ་སྤྱི་མཐུན་དམ་ལྡན་འདུ་བའི་དབེན་གནས་སུ་བསྒྲུབ་པར་བྱ་སྟེ་རྣལ་འབྱོར་པ་མདོ་སྒྱུ་ཡང་ཕུར་གང་རུང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། བྱེ་བྲག་མ་མོའི་སྲོག་གཏད་དམ། རྗེས་གནང་ཐོབ་པ། དམ་ཚིག་དང་ལྡན་ཅིང་། རྒྱུད་སྡེ་ནས་འབྱུང་བའི་བསྙེན་ཆེན་དང་། ཕུར་པའམ། ཕྱག་རྡོར་ལྟ་བུའི། གཉེན་པོ་ལྷ་ཡི་བསྙེན་པ་ཐོན་པའི་རྣལ་འབྱོར་པས་རས་བྲིས་ཀྱི་ཆོ་ག་ལྟར་བྲིས་པའི་སྐུ་ཐང་དགྲམ་པའི་མདུན་དཀྱིལ་འཁོར་མདའ་གང་གྲུ་བཞི་པའི་སྟེང་དུ། རྟེན་རྫས་ཀྱི་རིམ་པ་ནི། རྟེན་གྱི་གཏོར་མ་འབྲུ་སྣ་ཚོགས་ལས་བྱས་པའི་ཕྱེ་ལ་རཀྟ་ཆང་ཕུད་བདུད་རྩིའི་སྦྲུས་པའི་དཔལ་བཤོས་སྙིང་གཟུགས་མ་ཐོད་མཁར་བཅས་པ་ཕྱག་ལེན་ལྟར་བཅས་པའི་མཐར། མི་དབང་གི་ཤ །གྲི་རྒོད་སྙིང་། ཁྲིམས་འཆལ་ཤ་ལ་སོགས་པའི་ཤ་སྣ་ཚོགས་ཀྱི་བསྐོར། མདའ་བྱ་རྒོད་མ་བཟང་པོ་གཅིག་ལ་སྐྱེས་དར་མ་གྲིར་ཤི་བའི་ཙིཏྟའི་རྩ་སྦུབས་དབུས་མར་འབོད་རྦད་བསད་གསུམ་གྱི་སྔགས་གྲི་ཁྲག་དང་མཚལ་གྱིས་བྲིས་ལ་གཞུག །དར་ནག་གིས་བྲིལ་ལ་མདའི་མགུལ་དུ་བཏག་གོ། །གཞན་ཡང་ཙཀླི་དང་ནེའུ་ལེའི་རྐྱལ་བུའི་ནང་དུ་མི་དབང་གི་དབང་པོ་ལྔ་དང་། བྱེ་རུ་ལ་སོགས་རིན་པོ་ཆེ་སྣ་ཚོགས་དང་། འབྲུ་སྨན་སྣ་ཚོགས་དང་། རྨ་བྱའི་སྒྲོ། དར་སྣ་ཚོགས། བོང་བུའི་སྙིང་། ཤིང་ལོ་རླུང་ཁྱེར། བྱང་སེམས་དཀར་དམར། གྲི་རྒོད་དབང་པོ་ལྔ། མི་བསད་པའི་ལྕགས་ལས་བརྡུང་བའི་རལ་གྲི་སོར་བརྒྱད་པ་ཡུ་བར་བྷྱོཿབྲིས་པ་གཅིག་དང་། དེ་རྣམས་མདའ་ཡི་མགུལ་དུ་བཏགས་ལ་བརྟེན་གཏོར་སྟེང་གཟུགས། བླ་རྡོ་དང་སྲོག་འཁོར་ཡོད་ན་བཤམས། དེའི་སྟེང་དར་ནག་གི་གདུག་ཕུབ། རྒྱུན་དུ་རྟེན་གཏོར་རྩམ་གྱིས་མཐུས། མཐའ་བསྐོར་དུ་གཡས་གཡོན་སྨན་རཀ །དབུས་སུ་མཆོད་པའི། གཏོར་མ་ལ་མཐུན་རྫས་སྦྱར་བ། དྲག་མཆོད་གཡས་བསྐོར། ཕྱི་མཆོད་གཡོན་བསྐོར། འདོད་ཡོན་སོགས་མཆོད་པས་བག་དྲོ་ཞིང་བརྗིད་ཆགས་པར་བསྐོར་ལ། མདུན་དུ་འབུལ་བའི་གཏོར་མ། ཁྲག་ཆང་གི་སྐྱེམས། ལ་དུ། འབྲུ་སྣ་ཚོགས། ཤ་དུམ་བ་ལིཾ་རྣམས་ཚོགས་པར་བྱས་ལ། རང་གི་མདུན་དུ། རྡོར་དྲིལ། གསང་བའི་རྔེའུ་ཆུང་། མཐུན་སྤོས། སྨན་ཁྱད་པར་གྱི་གཡབ་དར་ནག་པོ་བྷྱོཿཡིག་གི་མཚན་པ། མདའ་བྱ་རྒོད་མའི་མགུལ་དུ་བུད་མེད་ཆུར་ཤི་བའི་སྲིན་ལག་དང་། བ་དན་རྩེ་གསུམ་རྣམས་བཏགས་པ་བཀོད། སྒྲུབ་གྲོགས་རྣམས་ཀྱི་མདུན་མི་རྐང་གི་དུང་དང་རྔ་རོལ་སོགས་འདུ་བྱས་ཏེ། ལྟེ་ཕུར་མནན་པ་སོགས་བསྙེན་སྒྲུབ་དང་འབྲེལ་ན་བྱ། སྒྲུབ་རྐྱང་ངམ་དུས་གཏོར་ཙམ་ལ་མི་དགོས། བདག་གི་རྣལ་འབྱོར་བཟླས་པ་དང་བཅས་པ་རྫོགས་ནས། འོད་གསལ་དུ་བསྡུ་ལྡང་བྱ་བ་རྣམས་ནི་ཐོག་མར་བྱ་བའི་རིམ་པའོ། །གཉིས་པ་དངོས་གཞི་ལ་གནས་ཡོ་བྱིན་བརླབས་པ་དང་། མཆོད་ཅིང་བསྒྲུབ་པའི་ཡུལ་གསལ་གདབ་པ་དང་། དེ་ལ་གསོལ་མཆོད་ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་ནི། ཧཱུྃ་བིགྣན་ཏ་ཀྲིཏྟ་ཧཱུྃ་ཕཊ། རཾ་ཡཾ་ཁཾ་གིས་བསངས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ས་ཕྱོགས་དུར་ཁྲོད་རོལ་པའི་གཞལ་མེད་ཆེན་པོ་འཇིགས་སུ་རུང་བའི་ཨཱ་ཡིག་ལས་བྱུང་བའི་སྣོད་ནོར་བུ་ཆུ་ཤེལ་དང་། པད་མའི་གཞོང་པ། བདེ་སྐྱོང་གི་དུང་ཆེན་ལ་སོགས་པར་ༀ་ཡིག་ལས་བྱུང་བའི་མཆོད་རྫས་ངོ་བོ་སྟོང་ཉིད་ལ། རྣམ་པ་ཅིར་ཡང་འཆར་བ། བྱེད་ལས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པར་བྱེད་པ། མཆོད་ཡོན། ཞབས་བསིལ། མེ་ཏོག་བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་ཞི་བ་ཡིད་དུ་འོང་བ་དང་། ཁྲོ་བོ་དྲག་པོ་ཁྲག །མཁྲིས་པ། དུག་ཆུ་ལ་སོགས་པའི་འཐོར་འཐུང་། དབང་ལྔའི་མེ་ཏོག །ཚིལ་ཆེན་བདུག་སྤོས། ཞུན་ཆེན་མར་མེ། ཤ་རུས་ཞལ་ཟས། རྐང་གི་གླིང་བུ། ཐོད་པའི་རོལ་མོ། བཀྲ་ཤིས་རྫས་རྟགས་སྣ་བདུན། མ་དཱ་ན་དང་རུ་དྷིར་ཡི་ཚོགས་གཏོར། ཤ་ལྔ་བདུད་རྩི་ལྔ་ཡི་སྨན་ཆེན་རིགས་ལྔ་མཉམ་པར་སྦྱོར་བའི་རྩི་དང་འདྲེས་པ། ཁམས་གསུམ་ཞེན་ཆགས་ཐམས་ཅད་གཅིག་ཏུ་བསྡུས་པའི་དམར་གྱི་རྒྱ་མཚོ་སྦུ་ཕྲེང་འཁྲིགས་པ། གཟུགས་སྒྲ་དྲི་རོ་རེག་ཆོས་རྡོ་རྗེའི་ལྷ་མོས་ས་དང་བར་སྣང་གི་ཁྱོན་ཡོངས་སུ་གང་བ། ཧཱུྃ་ཡིག་གི་འོད་ཀྱིས་གཉིས་འཛིན་དག་པའི་ཡེ་ཤེས་ལས་ཅིར་ཡང་འཆར་བས་རེ་རེའང་གྲངས་མེད་པར་འཕྲོ་བའི་འདོད་འབྱུང་གི་དཔལ་དུ་འཆར་ཞིང་རྒྱས་པར་གྱུར་ཅིག །སྔགས་དྲུག་ཕྱག་དྲུག་བྱ་སྟེ་དྲི་མ་སྦྱང་བའི་ཕྱག་རྒྱ་ཐལ་མོ་ཁང་སྟོང་སྙིང་ཁར་སྦྱར་ལ། ༀ་སྭཱ་བྷཱ་ཝ་སོགས། མང་པོར་སྤེལ་བའི་ཕྱག་རྒྱ་ཐལ་མོ་ཁང་སྟོང་ཚིག་ཟུར་ཅན་སྨིན་མཚམས་སུ་སྦྱར་ལ ། ༀ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། ཅི་འདོད་བསྒྱུར་བའི་ཕྱག་རྒྱ་ཐལ་མོ་གོང་མ་སྦྱར་ཞིང་འོག་མ་ཅུང་ཟད་བསྐྱེད་པ་ལ་ཁ་ཡི་ཐད་དཀར་བཞག་ལ། ༀ་བཛྲ་ཨ་མྲྀ་སོགས། སོ་སོར་ཐོབ་པའི་ཕྱག་རྒྱ་ལག་གཡོན་ཐལ་མོ་མཆོད་སྦྱིན་སྣོད་བཏེགས་པའི་ཚུལ་དུ་པུས་མོར་བཞག་གཡས་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག་སྟེ། ༀ་ཛྙཱ་ན་ཨ་ཝ་ལོ་ཀི་སོགས་དགྱེས་ཤིང་ཚིམ་པར་དབང་བའི་ཕྱག་རྒྱ་ལག་གཡས་མཛུབ་མོ་གཏོར་མའི་རྩ་ར་བསྒྲེང་ལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་མཉེས་ནས་དོན་བྱེད་པའི་ཕྱག་རྒྱ་ལག་གཉིས་སོ་སོར་བསྣོལ་མཐེ་བོང་གཤིབ་ལ། ༀ་ན་མ་ས་མན་ཏ་བུདྡྷ་སོགས། སྭཱ་ཧཱ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྡ་ཨཱཿཧཱུྃ་བར་དང་། རཱུ་པ་ནས་དྷརྨ་ཨཱཿཧཱུྃ། ༀ་བཛྲ་མངྒ་ལ་རཏྣ་ཨཱཿཧཱུྃ། ༀ་སརྦ་བིད་པཱུ་ར་དང་ༀ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱ། ༀ་མ་ཧཱ་རཀྟ་ཧཱུྃ། ༀ་མ་ཧཱ་བྷ་ལིཾ་ཏ་ཨཱཿཧཱུྃ། ༀ་དྷརྨ་ར་ཎི་ཏས་མཆོད་པའི་རོལ་མོས་བྱིན་དབབ་བོ། །གཉིས་པ་ལ་གཞི་རྟེན་གཞལ་ཡས་ཁང་གདན་བཅས་གསལ་གདབ་པ་དང་། བརྟེན་པ་ལྷ་གསལ་གདབ་པ་དང་། དེ་ལ་ཡེ་ཤེས་པ་བཀུག་ཅིང་སྤྱན་འདྲེན་བཞུགས་གསོལ་བྱ་བ་དང་། དབང་བསྐུར་ཞིང་དམ་འབོགས་པའོ། །དང་པོ་ལ་སེམས་བསྐྱེད་པ་དང་། དངོས་གཞི་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་ཡི་ཕྱིར་ས་ལམ་གྱི་བར་ཆད་ཞི་ཞིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཆེད་དུ་དཔལ་ལྡན་ལྷ་མོ་ཆེན་མོ་བསྒྲུབ་པར་བྱའོ། །སེམས་ཅན་བདེ་དང་༴ སྡུག་བསྔལ༴ བདེ་དང་༴ ཆོས་ཀུན༴ དེ་ལྟར་གསལ་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེའི་རང་བཞིན་གདོད་ནས་མི་དམིགས་པ་དོན་དམ་བྱང་ཆུབ་ཀྱི་སེམས་སྟོད་པ་ཉིད་དོ། །ༀ་སྭཱ་བྷ་ཝ་སོགས་གཉིས་པ་ནི། སྟོང་པའི་ངང་ལས་སྐད་ཅིག་མདུན་དུ་ཡྃ་ལྗང་གུ། རྃ་དམར། བྷྲཱུྃ་ཡིག་སྨུག་ནག་འབར་བ་རྣམས་འོད་དུ་ཞུ་བ་ལས། འཐོར་བྱེད་དྲག་ཏུ་འཁྲུགས་པའི་རླུང་གི་དཀྱིལ་འཁོར་གྲུ་བཞི་ཡངས་ཤིང་རྒྱ་ཆེ། ནང་སྟོང་པ་འཕང་མཐོའི་ཟུར་ལ་གཡོ་བའི་བ་དན་གྱིས་མཚན་པའི་སྟེང་དུ། དམར་ནག་འབར་བའི་མེ་དཀྱིལ་རླུང་དང་མཚུངས་པ་ཤིན་ཏུ་གཏུམ་ཞིང་རབ་ཏུ་མཆེད་པའི་སྟེང་ན་ཐོད་པ་སྐོམ་རློན་རྙིང་གསུམ་གྱིས་བརྩིགས་པ་ལ་གནམ་ལྕགས་ཀྱི་གཟེར་བཏབ་པའི་གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་པ། འདོད་སྣམ་མཆེད་པའི་སྤྲིན་གྱིས་གང་བའི་དྲག་པོའི་རྟ་བབས་བཞི་བཞི་སོགས་པའི་མདའ་ཡབ་དང་བཅས་པ། ཆུ་སྲིན་རྒྱལ་པོའི་སྒོ་རྒྱན། བདུད་ཀྱི་མགོ་བོ་ཚལ་པར་བཀས་པའི་ཀ་གདན། ཞིང་ཆན་གྱི་ཀ་གདུང་། ཞིང་ཆུང་གི་དྲལ་དྲབ། ཤ་ཆེན་གྱི་ནག་ལེབ། ཚིལ་ཆེན་གྱི་འཕན་གདུག །ཙིཏྟའི་ཕོ་ལོང་། རྒྱུ་མའི་ལྡ་ལྡིབ། ཉི་ཟླའི་སྐར་ཁུང་། བགེགས་ཀྱི་གློ་ཕྲེང་འབྱུང་པོའི་རྐང་ལག་གི་ཤར་བུ་བྱས་པའི་སྟེང་། རིན་པོ་ཆེ་དབང་གི་རྒྱལ་པོའི་ཏོག་གིས་མཛེས་པའི་ཞིང་ཆེན་གྱི་རྒྱལ་མཚན་བཙུགས་པ། དབུས་སུ་ཞིང་གི་གདུགས་འཁོར་བ་ཡངས་ཤིང་རྒྱ་ཆེ་བ་བློས་རྫོགས་ཚད་གཅིག་བསྐྱེད་གསུང་། དབུས་གྲུ་གསུམ་མཐིང་ནག་ངོས་ཟླ་གམ་ལོག་གསུམ་ཁྲག་མཚོ་འཁྱིལ་བ། དེ་རྒྱབ་ཐོད་པའི་རྭ་བ་དེ་རྒྱབ་གྲུ་ཆད་ཁྱམས་དང་བཅས་པའི་དབུས་གརྦྷ་པ་ཧཱུྃ་ཞེས་བརྗོད་པས་འོག་གི་ས་གཞི་ཀུན་མི་རོ་དང་རྟ་རོ་གཅལ་དུ་བཀྲམ་པ་མི་ཁྲག་དང་རྟ་ཁྲག་གི་མཚོ་འཁྱིལ་བ་འཁོར་ཀུན་ལ་ཞིང་ཚལ་པའི་གདན་དང་། དབུས་ཀྱི་གཙོ་མོའི་གནས་སུ་རང་ཉིད་ཡི་དམ་གྱི་ལྟེ་བ་ནས་ཡི་གེ་ཏིཿནག་པོ་གཅིག་སྤྲོས། འོད་དུ་ཞུ་བ་ལས་སྲིན་གྱིས་སྤྲུལཔའི་བོང་དུ་དམར་ག་རླུང་གི་གཤོགས་པ་ཅན་དབོ་དཀར་བ་ལ་ཞིང་གི་སྟན་དང་ཐོད་སྐོམ་འབར་བས་མཚན་པའི་སྒ་བསྟད་པ། སྲིན་པོའི་ཡ་ཐོད་ལས་སྔ་རུ་བྱས་ཤིང་། སྲིན་མོའི་མན་འགལ་ལས་ཕྱི་རུ་དང་། ཞིང་གི་ལྤགས་པས་སྒ་གཡོགས་བྱས་པ། སྦྲུལ་ནག་གིས་གོང་ཐག་དང་གློ་ནན་ཞིང་ཆུང་ངུ་གཉིས་ཀྱི་སྨེད་བྱིལ་ལག་པ་གཉིས་འཕྱང་ཞིང་སྐྲ་མདུད་ཡར་བཏགས་པའི་སྨེད་ཐུང་། དམ་ཉམས་པ་བསྒྲལ་བའི། བཱ་སུ་ཏ་ཡི་ཞགས་པས་མཐུར་སྲབ་བཅིངས་པ། རུས་སྦལ་ནག་པོའི་ཕོག་གུ་བཏབ་ཅིང་། མི་མགོའི་ཐོད་སྡོམ་བགྱིས་པའི་སྔ་ཤད་གཡས་ན་བདུད་ཀྱི་ཁྲམ་བམ་བཀལ་ཅིང་། སྔ་ཤད་གཡོན་ན་མཚོན་གྱི་གྲུ་གུ་བཅིངས་པ། ཕྱི་ཤད་གཡས་ན་བྱང་དམར་བམ་པོ་འདོགས་ཤིང་། ཕྱི་ཤད་གཡོན་ན་ནད་ཀྱིས་རྐྱལ་པ་འགེལ་བ། བོང་བུའི་མཇུག་མའི་རྩ་བ་གཡས་གཉིས་ན་མིག་གཉིས་ཡོད་ཅིང་རྣ་བ་དཀྲོག་བཞིན་རླུང་དམར་འཚུབས་མའི་ནང་དུ་རྒྱུག་པ་དང་བཅས་པའི་གཞལ་མེད་ཁང་གི་ཕྱི་ཡེ་ཤེས་བསྐལ་པའི་མེ་རི་འབར་བའི་གུར་ཁང་དེའི་ཕྱིར་བསྐལ་པའི་རླུང་ནག་འཚུབས་མའི་གུར་ཁང་འཁོར་བའི་ཕྱིར་ན་མུ་ལེ་མཐིང་གི་རྒྱ་མཚོ་རྦ་རླབས་ཀྱི་རི་ལེན་པར་ནུས་ཤིང་། འོད་ཟེར་ལྔ་ཡི་མདངས་ཕྲོ་བ། ཞིང་བཅུ་ཚངས་པའི་དགྲ་རོ་དུམ་བུ་ཉིལ་ཉིལ་གཡོ་ཞིང་རྒྱ་ཁྱོན་ཤིན་ཏུ་ཆེ་བའི་མཐའ་མུ་ལེ་ཤིང་ནགས་དང་། དུར་ཁྲོད་ཆེན་པོའི་ས་གཞི་འཇིགས་རུང་བཀོད་པའི་ཚོགས་མ་ཚང་བ་མེད་པས་གང་བ་ན་མ་མོ། མཁའ་འགྲོ། ཤུགས་འགྲོ། བདུད་མོ། སྨན་མོ་འབུམ་སྡེ་སོགས་ཅི་དགའ་བར་རྩེན་ཞིང་། ལྕམ་ཀ་དང་། ཀངྐ་ནག་པོ་སོགས་བྱ་ཚོགས་ལྡིང་ཞིང་། ལྕེ་སྤྱང་འདུར་བ་སྲིན་མོས་སྐན་སྒྲ་གཏོགས་ཤིང་། ལས་བྱེད་མཁའ་འགྲོས་བཤུགས་གླུ་ལེན་པའི་མཐར་རི་བོ་བྲག་དམར་གནམ་ལ་ཟུག་པ་དང་བཅས་པ་གསལ་བར་གྱུར། གཉིས་པ་ལ་གཙོ་མོ་དང་། འཁོར་བསྐྱེད་པའོ། །དང་པོ་ནི། དེ་ནས་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་མཱཿནག་མོ་གཅིག་འཕྲོས། བོང་བུའི་སྒ་གོང་ཞིང་ཆེན་བསྣོལ་བའི་གདན་གྱི་སྟེང་། རཾ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་ཐོག་ཏུ་དབབ། དེ་འོད་དུ་ཞུ་བ་ལས་རལ་གྲིའི་ཡུ་བ་མར་བསྟན་པ་རྩེ་མོ་ཡར་བསྟན་པ་གཞུང་བ་རང་ལ་བསྟན་པའི་སོ་ཡུའི་མཚམས་ནས་ཉི་མའི་ཐོག་ཏུ་མཿནག་མོ་དང་བྷྱོཿམཐིང་ཀས་མཚན་པ་དེ་ལས་འོད་ཟེར་འཕྲོས་རྒྱལ་བ་མཆོད། བྱིན་རླབས་བསྡུས། སེམས་ཅན་གྱི་སྒྲིབ་པ་སྦྱངས། འཇིག་རྟེན་གྱི་མཁའ་འགྲོ་མ་ཐམས་ཅད་ལ་ཕོག །ཐམས་ཅད་ལྷ་མོ་ནག་མོ་ཉིད་དུ་གྱུར། ཀུན་ཚུར་འདུས་རལ་གྲི་ལ་ཐིམ་དེ་ལས་རལ་གྲིའི་འོད་ཟེར་སྤྲོས། རྒྱལ་བའི་བསྟན་པ་ལ་སྡང་བའི་དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་ཏེ་རལ་གྲི་འོད་དུ་ཞུ་སྔགས་ཀྱི་སྒྲ་རང་སྒྲར་གྲགས་པ་ནི། ༀ་རོ་རུ་རོ་རུ་ཏྲི་ཡོད་པ་སྣང་མོད་མ་དག་པ་འདྲ་སྟེ་ཡི་གེ་བཅོ་ལྔ་པར་གྲགས་པའི་ཕྱིར། ཙ་པ་ལ་ཨ་ཤུགྨེ་ཧཱུྃ་བྷྱོ་ཛ་ཛཿ སྐད་ཅིག་གིས་སྤྲུལ་པའི་ལྷ་མོ་ནག་མོའི་སྐུར་གྱུར་ཏེ། དེ་ཡང་དཔལ་ཡེ་ཤེས་ཀྱི་ལྷ་མོ་ནག་མོ་ཆེན་མོ་སྐུ་མདོག་མཐིང་ནག་ལ་རྔམས་པ་ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་མེ་སྟག་གི་ཚ་ཚ་འཁྲུགས་པས་བདུད་བགེགས་ལོག་འདྲེན་ཐམས་ཅད་བསྲེགས་པ་དམ་ཉམས་དགྲ་རོ་དུམ་བུར་འདྲལ་བའི་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པའི་ལྗགས་འདྲིལ་བ། ཕྱག་གཡས་སྡིག་པ་ཅན་གྱི་རལ་གྲི་ཡེ་ཤེས་མེ་རི་འཚུབས་པ་ནམ་མཁའ་ལ་ཕྱར་བ། རལ་གྲིའི་སྟིང་པ་ལ་དམར་ཐིག་གཅིག་སྣང་གསུངས། གཡོན་པས་ལོག་ལྟ་ཅན་གྱི་ཁྲག་གིས་བཀང་བའི་བྷནྷ་ལྕང་ལོ་ཅན་ཐུགས་ཀར་འཛིན་པ། སྟ་ཟུར་གཡོན་གྱི་མཆན་ན་རིན་པོ་ཆེས་ཕྱུར་བུར་བཀང་བའི་ནེའུ་ལེའུ་རྐྱལ་པ། ཁ་ནས་རིན་པོ་ཆེ་ཕྱུར་བ་བསྣམས་པ་བོང་བུ་ལ་ཕྱིར་ལོག་ཏུ་བཅིབ་ཤིང་། མི་ཡི་ཐོད་པའི་ཡོབ་ཆེན་ལ་བརྫིས་པ། དབུ་སྐྲ་ཁམས་ནག་གི་རལ་པ་གྱེན་དུ་ཐོར་ཚུགས་སུ་མཐོ་ཞིང་། ཐུར་དུ་ཡང་ས་ལ་བཤར་བ། དགའ་བ་བཅུ་དྲུག་གིས་ཐུགས་རྒྱུད་མྱོས་པའི་བརྡར་རྩ་ཆིངས། རལ་པའི་མཚམས་ཚུར་ཐོད་པ་སྐོམ་པོ་བཅུ་དྲུག་གི་ཕྲེང་བ་དང་། ཐོད་སྐོམ་རིན་པོ་ཆེའི་རྩེ་བྲན་ཅན་ལྔ་ཡིས་དབུ་བརྒྱན་པ། སྐབས་འདིར་བླ་མ་ཀཿཐོག་པའི་བཞེད་པ་ལ་ཐོད་སྐོམ་བཅུ་དྲུག་གི་དབུ་འཁོར་མར་བརྒྱན་པ་ལས་མ་གསུངས་ཀྱང་། རྒྱུད་དོན་མན་ངག་གི་ལུགས་སུ་བྱས། སྤྱི་བོའི་གཙུག་ན་ཚེས་བརྒྱད་པའི་ཟླ་བ་དང་། རྨ་བྱའི་མདངས་ཀྱི་རྒྱལ་མཚན་བརྒྱན་ཅིང་། སྙན་གཡས་པའི་སྟེང་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ་སེང་གེ་དཀར་མོ་གཡུ་ཡི་རལ་པ་ཅན་གྱིས་མཛེས་པའི་སྙན་ཆ་དང་། གཡོན་པའི་སྙན་ཆ་གདེངས་ཀ་ཅན་གྱིས་སྤྲུལ་ནག་གིས་བཏགས་པའི་གསེར་གྱི་དྲིལ་བུ་འཁྲོལ་བ། སྐུ་སྟོད་ཞིང་ཆེན་ལྤགས་པའི་ན་བཟའ་གསོལ་ཞིང་། སྐུ་སྨད་སྣམ་བུ་གཡས་ཕྱོགས་སྨྱུགས་མའི་མི་སྐྲའི་རེ་ལྡེ་ཞེས་ཀྱང་གསུངས་། རེ་ལྡེ་དང་། གཡོན་ཕྱོགས་གླང་པོ་ཆེའི་ཀོ་བརླ་རྩ་བསྐོར་བ་ཐུང་ཐུང་ཡིན་གསུངས། རློན་ཀྲིས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་ལ་སྦྲུལ་ནག་གིས་སྐུ་རགས་བཅིངས་པ། མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་སེ་རལ་ཁར་ཐོགས་པ་ལས་ཁྲག་འབབ་པ། འཁོར་ལོའི་སྐྲ་ཁེབ་ཕྱག་ཞབས་དཔུང་པའི་གདུབ་བུ། མཆོད་ཕྱིར་ཐོག་བཅས་རུས་པའི་ཕྱག་རྒྱ་ལྔ་དང་། ཡིད་བཞིན་ནོར་བུའི་མགུལ་རྒྱན་ཁྲག་ཞག་ཐལ་བ་ཞག་གིས་མཚན་མས་བཏབས་ཤིང་ཏིལ་མར་གྱིས་ལུས་ཀུན་ཁྱབ་པར་བྱུགས་པ་ཞབས་ལ་ལྕགས་སྒྲོག་གིས་མཛེས་ཤིང་། སྐུ་དང་ཡན་ལག་ཐམས་ཅད་སྦྲུལ་རིགས་ལྔས་བཅིངས་པའི་ལུས་ལས་གཡུ་ཡི་དྲིལ་བུས་བསིལ་བ། ལྟེ་བར་ཉི་མའི་དཀྱིལ་འཁོར་ཚ་ཞིང་བསྲེགས་པ་དང་། མཚོན་ཆའི་རྫོང་ནས་ལྷ་ཡི་དམག་དཔུང་སྤྲིན་གཏིབ་པ་བཞིན་སྤྲོ་བ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དུ་གྱུར། གཉིས་པ་ནི། མ་མོའི་ཐུགས་ཀ་ནས་འཁོར་གྱི་གནས་སོ་སོར་བྷྱོ་ཡིག་རེ་སྤྲོས་པ་འོད་དུ་ཞུ་བའི་བོང་བུའི་ཁ་དུར་ཞབས་སུ་ཁོལ་མོ་རེ་མ་ཏི་སྟེ་ལྷ་མོ་སྐེམས་མ་ཆུ་སྲིན་གྱི་མགོ་ཅན་སྐུ་མདོག་དམར་ནག་ཞལ་གཅིག་གཙོ་མོ་ལ་ཕྱོགས་ལ། གཡས་པས་རྒྱུ་ཞགས་ཀྱིས་བོང་བུ་ཁྲིད་ཅིང་། གཡོན་པས་སྦྲུལ་ནག་གི་ཞགས་པ་བསྣམས་པ། ཞིང་ལྤགས་ཀྱི་ཤམ་ཐབས་དང་། སྦྲུལ་ནག་གི་སེ་རལ་ཐོག་ནས་རྒྱུག་སྟེ་འགྲོ་བའི་ཉམས་ཅན། གྲུ་གསུམ་ཟླ་གམ་ངོས་ཀྱི་གཙོ་མོའི་མདུན་ན་གསུམ་དང་། གཡས་གཡོན་དུ་གཉིས་ཏེ་བཅས་པའི་མ་མོ་བདུན་ནི། རྡོ་རྗེ་ཀུན་གྲགས་མ་དང་ཀུན་ཏུ་བཟང་མོ། རྡོ་རྗེ་ཀུན་གསལ་མོ་དང་། རྡོ་རྗེ་ཡེ་ཤེས་མཆོག །རྡོ་རྗེ་འོད་ཆགས་མ་དང་རྡོ་རྗེ་གསལ་འཕྲོ་མ། རྡོ་རྗེ་གཡུ་ཡི་སྒྲོན་མར་བཅས་པའི་སྐུ་མདོག་ནག་མོ་གྲི་ཁུག་དག་ཐོད་པ་ཁྲག་གིས་བཀང་བ་འཛིན་ཅིང་། གཙོ་མོ་ལ་མདུན་ཕྱོགས་པས་ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་རོལ་པ། གྲུ་གསུམ་གྱི་ཟུར་གསུམ་དུ་མ་མོ་གསུམ་ནི་སྐུ་ཡི་སྤྲུལ་པ་རེ་མ་ཛ། གསུང་གི་སྤྲུལ་པ་རེ་མ་ཛི། ཐུགས་ཀྱི་སྤྲུལ་པ་རེ་མ་ཛུ་རྣམས་སྐུ་མདོག་ནག་མོ་གཡས་ལྕགས་ཀྱུ་གཡོན་ཐོད་ཁྲག་འཛིན་པ། དེའི་ཕྱི་རོལ་དུ་གྲུ་ཆད་ནང་མའི་ཤར་སྟོད་དུ་དཀར་མོ་ཕོ་ཉ་མཛེས་མ། ལྷོ་སྟོད་སྔོན་མོ་རལ་པ་འཛིང་མ། ནུབ་སྟོད་དམར་མོ་དབང་ཆེན་གཏུམ་མོ། །བྱང་སྟོད་སེར་མོ་མཁའ་ལ་བཞད་མ་བཞི་གཡས་བ་དན། གཡོན་ཐོད་ཁྲག་བསྣམས་པ། གྲུ་ཆད་ཀྱི་ཤར་སྨད་སེང་གེ་དཀར་མོ། ལྷོ་སྨད་སྟག་སེར་མོ། ནུབ་ཏུ་འབྲུག་དམར་མོ། བྱང་དུ་སྤྱང་གདོང་ཅན་ལྗང་གུ་རྣམས་ཀྱང་ཕྱག་ན་བ་དན་དང་ཐོད་ཁྲག་ཐོགས་པ། དེ་ཡི་ཕྱི་ཁྲག་ཁྱམས་ལ་ཤར་སྟོད་ནས་རིམ་བཞིན། སྲིན་མོ། ཚངས་མ། ལྷ་ཆེན་མོ། གཏོགས་འདོད་མོ། གཞོན་ནུ་མོ། བརྒྱ་བྱིན་མོ་རྣམས་དང་། ལྷོ་སྟོད་ནས་རྡོ་རྗེ་དམར་མོ། བདུད་རྩི་མོ། ཟླ་བ་མོ། བེ་བོན་མོ། སྲིན་མོ། ཟ་བ་མོ། ནུབ་སྟོད་ནས། དགའ་བ་མོ། སྟོབས་ཆེན་མོ། གཅིག་པུར་སྤྱོད་མ། འདོད་པ་མོ། ནོར་སྲུང་མོ། རླུང་ལྷ་མོ། བྱང་སྟོད་ནས། གསོད་བྱེད་མོ། མེ་མོ། ཕག་གདོང་མོ། རྒན་བྱེད་མོ། སྣ་ཆེན་མོ། ཆུ་ལྷ་མོ། སྒོ་བཞི་རྡོ་རྗེ་ནག་མོ་ལྕགས་ཀྱུ་ཅན། ཤན་པ་ཞག་པ་མ། ཁམས་སྣ་ལྕགས་སྒྲོག་ཅན། གསུས་འཛིན་དྲིལ་བུ་མ་རྣམས་སྐུ་མདོག་སྨུག་ནག་གཡས་རྡོ་རྗེ་དང་། གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་པ། ཡང་ན་སྒྱུ་འཕྲུལ་ལྟར་བྱ་བར་གསུངས། ཞིང་གི་གདན་ལ་བརྐྱང་བསྐུམ་གྱིས་རོལ་པ། དེ་ལྟར་གསལ་བའི་མ་མོ་ཐམས་ཅད་ཀྱང་ཁྲོ་གཏུམ་སྡང་མིག་ཡོན་པོར་བལྟ་བས། བདུད་དཔུང་བསྲེགས་ཤིང་། ཐོད་རློན་དང་སྙིང་གི་ཕྲེང་བ་མགུལ་དུ་རྒྱང་བ། མི་ཡི་རྒྱུ་མ་རློན་པ་ཞགས་སུ་འཁྱིལ་བ་ནར་མར་འདྲེན་ཅིང་། སྟག་གི་ལྤགས་པའི་ཤམ་ཐབས་སྦྲུལ་གྱིས་འཆིང་བ། ཞིང་ལྤགས་སྐེད་ལ་དཀྲིས་ཤིང་། མཆེ་བ་ཁྲག་གིས་སྦགས་པའི་རྩེ་མོ་གནམ་ལྕགས་ཐོག་གི་མདའ་ལྟར་བགེགས་ཀྱི་གློ་བའི་ངོས་ན་རབ་ཏུ་གཟན་པ། ཐམས་ཅད་ཀྱང་གཙོ་མོའི་བཀའ་ལ་ཉན་ཅིང་དམ་ལྡན་རྣལ་འབྱོར་པས་ཅི་བསྒོ་བའི་ལས་ཡིད་བཞིན་དུ་བསྒྲུབ་པ། དེ་ཡི་ཕྱི་ན་དུར་ཁྲོད་ཀྱི་འཁོར་སར་བྷྱོ་ཡིག་ལས་སྐྱེས་པ་འཁོར་མ་མོ་སྟོང་དང་། བདུད་མོ་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ་ཐམས་ཅད་ཡོད་པར་མོས་ཀྱང་ཆོག །སྤྱན་ཉི་མའི་དཀྱིལ་འཁོར་ལྟར་འབར་ཞིང་། འོད་ཀྱི་མདོག་ཁྲག་ལྟར་དམར་བ། དར་ནག་གི་གོ་ཟུ་འཇའ་ཚོན་གྱི་མཐའ་སྐུད་ཅན་གསོལ་བ། ཉི་ཟླའི་ཞགས་པ་འཕེན་པ། སྐུ་མདོག་ནག་མོ་རལ་པ་སྔོ་དམར་མཐུར་དུ་འཕྱང་བ། གཡས་པ་རྣམས་ཀྱི་གྲི་གུག་དང་། གཡོན་པ་རྣམས་ན་ཐོད་ཁྲག་ཐོགས་ཤིང་། མཆན་ན་ནད་ཀྱི་རྐྱལ་པ་སྔོ་དམར་འཆང་བ། ཞིང་ཆེན་གཡང་གཞི་སྐུ་ལ་མནབ་པ། འཇིགས་འཇིགས་རྔམ་རྔམས་སུ་རོལ་པ་འཁོར་དེ་དག་ཐམས་ཅད་ཀྱང་ཕྲིན་ལས་རྣམ་བཞིའི་རོལ་པ་བསམ་གྱིས་མི་ཁྱབ་པ་འདོད་དགུར་བསྒྱུར་བའི་སྤྲིན་ཆེན་པོ་འཕྲོ་བ་གཅིག་ཏུ་གྱུར། གསུམ་པ་ནི། དེ་ལྟར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པར་པད་མའི་སྟེང་དུ་ཨཱཿདམར་པོ། སྙིང་ཁར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་རྣམས་རྒྱལ་བ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་རྒྱས་བཏབ་པར་གྱུར། ཐུགས་ཀའི་ཧཱུྃ་གི་འོད་དང་། བདག་ཉིད་ལྷའི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་ཚ་ཞིང་རྩུབ་པའི་འོད་ཟེར་འཕྲོས་པས། དག་པ་མཁའ་སྤྱོད་ཀྱི་གཞལ་མེད། བྱང་ཤར་མཚོ་མུ་ལེ་མཐིང་གི་གུར་ཁང་། རི་རབ་རི་ཡི་རྩེ་མོ་སུམ་ཅུ་རྩ་གསུམ་གྱི་དཔག་བསམ་ཤིང་ལྗོན་པ་རྒྱས་པའི་ལོ་མའི་ཚལ་ནུབ་ཕྱོགས་ཨུ་རྒྱན་བྱང་ཆུབ་ཤིང་གི་དྲུང་ལ་སོགས་རང་བཞིན་དང་ཁྱད་པར་གྱི་གནས་མཆོག་ཐམས་ཅད་ནས་སྔོན་གྱི་ཐུགས་དམ་རྗེས་སུ་བསྐུལ་ཏེ་དཔལ་ལྡན་ལྷ་མོ་ནག་མོ་ཆེན་པོ་ལ། འཁོར་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་སྣང་སྲིད་མ་མོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཞལ་ཡས་ཁང་དང་བཅས་པ་སྐད་ཅིག་གིས་བྱོན་པར་བསམ་ལ། དང་པོ་རྡོ་རྗེ་ཀ་གོ་ནའི་རྒྱ་བཅས། ༀ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུགྨེ་ཧཱུྃ་བྷྱོ་ཛ་ཛཿ ཨེ་ཧྱེ་ཧི་མ་མོ་ནག་མོ་ཏིང་ལམ་མ་མོ་ནག་མོ་དུནྟིཾ་བྷྱོ་ཛཿ ཧཱུཾ་བཾ་ཧོཿནག་མོ་དུན་བྷྱོཿཁྱད་པར་གྱི་གཡབ་དར། རྐང་གི་གླིང་བུ་དང་། རོལ་མོས་བསྐུལ། ཚིལ་སྤོས་བསྲེགས་ཤིང་། སྤྱན་འདྲེན་ཆེ་བ་སྙན་པའི་དབྱངས་ཚིག་དང་བཅས་ཏེ། ཧཱུྃ། དོན་དམ་དག་པ་ཆོས་དབྱིངས་དང་ཉིད་ལས། །རྒྱལ་བ་ཀུན་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ། །དཔལ་ལྡན་མཁའ་འགྲོ་མ་མོ་ཡོངས་ཀྱི་རྗེ། །མཁའ་འགྲོའི་འཁོར་ལོ་ཆེ་ལ་འདིར་གཤེགས་ཤིག །ཀུན་ཏུ་བཟང་མོ་དཔལ་ལྡན་ཐུགས་སྤྲུལ་མ། །དོན་དམ་དབྱིངས་ན་བསྐྱེད་པར་མི་མངའ་ཡང་། །ཐུགས་རྗེས་ཐབས་ཀྱི་སེམས་ཅན་གདུལ་བའི་སླད། །མ་འགགས་སྟོང་པ་ཆེ་ལས་བཞེངས་སུ་གསོལ། །མ་ཅིག་ཧེ་རུ་ཀ་དཔལ་ཌཱཀྐི་མོ། །དུར་ཁྲོད་གནས་ཉུལ་རྒྱ་མཚོའི་དབུས་ན་རོལ། །མི་སྡུག་ནག་པོ་ཅིར་ཡང་བསྒྱུར་བའི་གཟུགས། །དུས་བཞི་མངའ་མཛད་ཆེན་མོ་སྤྱན་འདྲེན་ནོ། །བྷྱོ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་བྱོན་དཔལ་ལྷ་མོ། །བདུད་མོ་དཔལ་ལྡན་རེ་མ་ཏི། །རྣལ་འབྱོར་གདུངས་བས་བོས་པའི་ཚེ། །ཉི་མ་བྱང་ཤར་ཕ་ཀི་ན། །ཡོངས་འདུས་ཤིང་གི་རྩ་བ་ན། །མཚོ་མུ་ལེ་མཐིང་གི་ནང་ཤེད་ན། །མཐིང་ཤུན་སྔོན་པོའི་གུར་ཁང་ན། །མི་མགོ་རྟ་མགོ་མཁར་དུ་བརྩིགས། །ཐོད་པ་དགུ་བརྩེགས་གཞལ་ཡས་དབུས། །བསེ་ཡི་སྐུ་མཁར་གྲུ་བཞིའི་ནང་། །རིན་ཆེན་སྣ་ཚོགས་ཕོ་བྲང་ནས། །མི་རོ་རྟ་རོ་གཅར་དུ་བཀྲམ། །མི་ཁྲག་རྟ་ཁྲག་འདམ་རྫབ་ལྡང་། །དེ་ན་མ་ཅིག་ལྷ་མོ་བཞུགས། །ཀྱཻ། མ་ཅིག་ལྷ་མོ་དཔལ་ལྷ་མོ། །དད་པ་དང་ནི་དམ་ཚིག་གིས། །མ་ཅིག་ལྷ་མོ་སྤྱན་འདྲེན་ནོ། །བྱང་ཤར་མཚམས་ནས་གཤེགས་སུ་གསོལ། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཡི་ནང་ནས་མ་ཅིག་མ། །སྲིང་གི་ནང་ནས་སྲིང་གཅིག་མ། །ལྷ་མོ་ཆེན་མོ་དུང་སྐྱོང་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ཆིབས་སུ་བོང་བུ་དམར་གྭ་བཅིབས། །ཁལ་དུ་ལྕགས་དྲྭ་མིག་དགུ་འགེལ། །མཆན་ན་ནད་ཀྱི་རྐྱལ་པ་ཐོགས། །གཡས་ན་རལ་གྲི་སྡིག་པ་ཅན། །གཡོན་ན་གདུག་པའི་ཐོད་ཁྲག་ཐོགས། །སྟོང་གསུམ་ཀུན་གྱི་བྱོས་བླུགས་མཁན། །གནས་ནི་བྱང་ཤར་མཚམས་སུ་གནས། །རྒྱུག་ནི་བར་སྣང་ཁམས་སུ་རྒྱུག །སྐྱེ་འགྲོ་ཡོངས་ཀྱི་སྲོག་འཕྲོག་མ། །རྐང་ལ་ལྕགས་ཀྱི་ལྷམ་གྱོན་མ། །སྐུ་ལ་མཛེས་པའི་རེ་ལྡེ་གསོལ། །མ་ཅིག་ལྷ་མོ་སྤྱན་འདྲེན་ནོ། །མིང་པོ་རྡོ་རྗེའི་ལས་བཅོལ་ན། །སྲིང་མོ་དམ་ཅན་གཤེགས་སུ་གསོལ། །བྷྱོ། དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ། །ལྷ་ཡི་གནས་ན་ལྷ་མོ་ནམ་གྲུབ་མ། །ཀླུ་ཡི་གནས་ན་ཀླུ་མོ་གློག་འགྱུ་མ། །སྲིན་གྱི་ནང་ནས་སྲིན་མོ་ཤམས་ཤམ་མ། །མི་ཡི་གནས་ནས་བདུད་མོ་རེ་མ་ཏི། །དགྲ་བགེགས་བདུད་ལ་ཁྱོད་ལས་ཆེ་བ་མེད། །དཔལ་ལྡན་ཁྲོ་མོ་ནམ་མཁའི་ཀློང་ནས་གཤེགས། །མཿ འཚུབས་མ་སྟོང་དུ་འཁྱིལ་པའི་དབུས་ནས་གཤེགས། །བསྐལ་པའི་མེ་དཔུང་འབར་བ་དང་། །རླུང་དམར་ལྟ་བུའི་འཚུབས་མ་ནི། །སྐུ་ཡི་གནས་ཏེ་རྒྱན་གྱིས་མཆོག །དྲག་ཤུལ་ཁྱབ་འགྲོ་གློག་གི་དབང་། །བསམ་པ་ཙམ་གྱིས་གནས་སུ་ཕྱིན། །མ་དེའི་ཚུལ་དུ་གཤེགས་སུ་གསོལ། །མཿ བདུད་མོ་དཔལ་ལྡན་རེ་མ་ཏི། །དམ་ཚིག་དབང་གིས་སྤྱན་འདྲེན་ནོ། །དམ་ལས་མ་འདའ་ད་ཚུར་བྱོན། །མ་ཅིག་དཔལ་ལྡན་རེ་མཱ་ཏི། །ཕྱག་བརྙན་བདུད་མོ་འབུམ་དང་བཅས། །བདག་གིས་གསུངས་ཏེ་བོས་པའི་ཚེ། །མ་མཆིས་མ་ཐོགས་མྱུར་དུ་བྱོན། །མཿ བོས་པའི་ཚེ་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྡུལ། །ཀྱཻ་མ་ཅིག་ལྷ་མོ་ནག་མོ་ཁྱོད། །སྔོན་ཚེ་ཕྱག་ན་རྡོ་རྗེ་ལ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བོས་ན་འོང་བར་ཁས་བླང་བཞིན། །ཁས་བླངས་དམ་ལ་མ་འདའ་བར། །རྣལ་འབྱོར་བདག་གིས་ཁྱོད་བསྐུལ་ན། །དམ་ཚིག་དབང་གིས་ད་ཚུར་བྱོན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །རྡོ་རྗེ་གདན་དང་ཨོ་ཌི་ཡ། །བྱང་ཆུབ་ཤིང་དབང་བླ་མ་མཆོག །བརྒྱུད་པར་བཅས་པའི་བསྒྲུབ་གནས་ནས། །མཐུ་ཆེན་འདོད་ཁམས་དབང་ཕྱུག་མ། །མ་ཅིག་ལྷ་མོ་འཁོར་ཚོགས་རྣམས། །ན་ཆུང་མཚན་ལྡན་ཆུར་ཤི་བའི། །སྲིན་ལག་གཡབ་མོས་སྤྱན་འདྲེན་ནོ། །མི་དབང་སྨིན་པའི་ཤ་ཁྲག་དང་། །དམ་རྫས་འདི་ལ་མྱུར་དུ་བྱོན། །བྷྱོཿ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །ལྷ་མོ་སྐེམས་མ་ཆུ་སྲིན་གདོང་། །མ་བདུན་མ་གསུམ་སྲིང་མོ་བཞི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། །མ་མོ་སྟོང་དང་བདུད་མོ་འབུམ་སྡེའི་འཁོར། །དྲིལ་བུའི་སྒྲ་སྒྲོགས་གཡེར་ཁའི་ཕྲེང་བ་བཅས། །དམ་ཚིག་གནས་འདིར་སྨྱུར་དུ་སྤྱན་འདྲེན་ནོ། །དུར་ཁྲོད་བདག་མོ་མར་བཅས་ཛཿཛཿཛཿ ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་མ་ཧཱ་ཀ་ལི་རེ་མ་ཏི་ས་པཱ་རི་ཝ་ར་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོ། ཞེས་རོལ་འབེབས་པའི་འུར་ཆེམས་དྲག་པོ་བཅས་པའི་མཐར་བཞུགས་གསོལ། བྷྱོཿ བདེ་སྟོང་གནས་མཆོག་དམ་པ་འདིར། །ཏིང་འཛིན་སྤྲུལ་པའི་གཞལ་མེད་ཁང་། །འཇིགས་རུང་པདྨ་འབར་བ་ལ། །ལྕམ་མོ་ཆེན་མོ་བཞུགས་པར་འཚལ། །མ་ཅིག་དཔལ་ལྡན་རེ་མཱ་ཏི། །ཕྱག་བརྙན་བདུད་མོ་འབུམ་ཕྲག་བཅས། །མི་རོ་གཤིབས་པའི་གདན་མཆོག་དང་། །སྤྲུལ་པའི་བོང་བུའི་གདན་ལ་བཞུགས། །འཇིགས་རུང་ཁམས་གསུམ་ཟ་འདྲ་ཁྲོས་པའི་མེ། །ཡོན་པོར་འཁྱོགས་པའི་ལྕེ་ཞག་དུས་མཐའི་དབལ། །ཇི་བཞིན་མཁའ་དབྱིངས་དོགས་པོར་བྱེད་པའི་དབུས། །བསྟན་དགྲར་རྔམས་པའི་ཚུལ་གྱིས་བཞུགས་སུ་གསོལ། །ༀ་མ་ཧཱ་ཀ་ལི་རེ་མ་ཏི་རག་མོ་རཀྴ་མ་ཧེ་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། བཞི་པ་དབང་བསྐུར་བ་དང་། དམ་འབོག་པའོ། །དང་པོ་ལའང་དངོས་དང་གྲིབ་སེལ་ལོ། །དང་པོ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཁྱེད་རྣམས་ཀྱི་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེའི་ཐུགས་ཀ་ནས་རིགས་ཀྱི་ཡུམ་བཞི་བུམ་པ་ཐོག་པ་སྤྲོས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་ཁྲུས་བྱས་པས་དྲི་མ་ཐམས་ཅད་དག །ཆུ་ཡི་རྒྱུན་གྱིས་སྐུ་ལུས་དཀར་ལྷག་གེར་གྱུར། དབང་རྟགས་སུ་རལ་པའི་རྩ་བ་ཐོད་པ་བཅུ་དྲུག་ལ་མདུན་ནས་བརྩམས་ཏེ། ཀའུ་རི་མ་ལ་སོགས་པ་གནས་ཡུལ་གྱི་མ་མོ་བཅུ་དྲུག་གིས་དབུ་བརྒྱན་པར་གྱུར། གཉིས་པ་ནི། མ་མོའི་སྤྱི་བོར་པདྨ་དང་ཉི་མ་ཟླ་བའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། ཤིན་ཏུ་ཞི་ཞིང་མཛེས་ལ་འཛུམ་པ་མཚན་དཔའི་ཕུང་པོ་འབར་བ་ཡབ་ཉིད་དར་གྱི་ཆས་གོས་ལྔ་གསོལ་ཞིང་། རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་ཡུམ་རྡོ་རྗེ་སྙེམས་མ་གཡས་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་སྙན་རྩར་འཁྲོལ་བ་གཉིས་ཀའང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ་རང་བཞིན་གྱི་གནས་ནས་དེ་དང་འདྲ་བ་སྤྱན་དྲངས་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ དབང་བསྐུར་དྲི་མ་དག་མི་བསྐྱོད་པས་གཙོ་བོར་བྱས་པའི་རིགས་ལྔས་དབུར་བརྒྱན། བླ་མ་དང་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཁྱེད་ཀྱིས་དཔལ་ལྡན་ལྷ་མོའི་སྐུ་གསུང་ཐུགས་ལ་དམ་ཚིག་ཉམས་ཆག་གིས་གྲིབ་ཕོག་པས་འཁོན་ལྕུག་སོང་བ་དང་། བདག་གི་རྒྱུད་ཀྱི་ཉམས་ཆག་སྒྲིབ་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་བླ་མའི་སྐུ་གསུང་ཐུགས་ཀྱི་གནས་ནས་ཡི་གེ་བརྒྱ་པའི་རང་བཞིན་བདུད་རྩི་དཀར་དམར་མཐིང་གསུམ་འོད་ཟེར་དང་བཅས་པ་བྱུང་། རང་དང་མ་མོའི་སྐུ་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །གྲིབ་ཐམས་ཅད་སེལ། མཐུ་སྟོབས་ནུས་པའི་གཟི་བྱིན་མཆོག་ཏུ་འབར་བར་གྱུར། ཡི་གེ་བརྒྱ་པ་ཉེར་གཅིག་བཟླ། མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་མ་མོ་ལ་ཐིམ་པར་གྱུར་པའི་མཐར་གྲིབ་སེལ་བྱ་སེལ་བྱེད་ཐམས་ཅད་མི་དམིགས་པའི་རང་སེམས་ནམ་མཁའ་ལྟ་བུའི་ངང་ལ་ངལ་གསོ་བ་ནི། གྲིབ་སེལ་ཐམས་ཅད་ཀྱི་མཆོག་དོན་དོན་དམ་པའི་གྲིབ་སེལ་ལོ། །གཉིས་པ་དམ་འབོག་པ་ལའང་། དམ་བསྲེ་བ་དམ་བསྒྲགས་པའོ། །དང་པོ་ནི། ཧཱུྃ་བྷྱོཿ རྡོ་རྗེ་དྲི་ཆུ་བདུད་རྩིའི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། དམ་ཚིག་དབང་གིས་ཁྲག་ཆེན་པོ། །བསྲེ་བའི་མཆོག་སྟེ་སྲོག་གི་སྙིང་། །མ་ཅིག་བདུད་མོའི་འཁོར་ཚོགས་བཅས། །ཁྱེད་དང་བདག་ཉིད་དམ་བསྲེའོ། །རྟག་ཏུ་དམ་ལས་མ་འདའ་ཞིག །དམ་ལས་འདས་ན་བསྲེགས་པར་བྱེད། །ༀ་མ་ཧཱ་ཀུ་ཀུ་ས་མ་ཡ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁ་ཧི། གཉིས་པ། དཔལ་ཡེ་ཤེས་ཀྱི་མ་མོ་ནག་མོ་ཆེན་མོ་འཁོར་དང་བཅས་པ་རྣམས་ཀུན་བཟང་རྡོ་རྗེ་འཆང་དབང་། སྤྲུལ་སྐུ་ཤཱཀྱ་སེང་གེ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་དྷ་ན་སངྐྲི་ཏ། ཨུ་རྒྱན་པདྨ་ཐོད་ཕྲེང་། འབྲོག་མི་དཔལ་གྱི་ཡེ་ཤེས། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཁུ་ལུང་ཡོན་ཏན་རྒྱ་མཚོ། སོ་དར་མ་དབང་ཕྱུག །སྤ་གོར་བླ་ཆེན་འཕགས། ཟུར་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། བླ་མ་དཔལ་འཛིན་ཆེན་པོ། ཀུན་མཁྱེན་དམ་པ་བདེ་གཤེགས། ཐུགས་སྲས་རྡོ་རྗེ་རྒྱལ་མཚན། རྗེ་བྱམ་པ་འབུམ་པ་ལ་སོགས་པ་གྲུབ་ཐོབ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་སྲུངས། བསྟན་འཛིན་གྱི་དབུ་འཕང་བསྟོད། བཤད་སྒྲུབ་ཀྱི་སྡེ་སྤེལ། ཁྱད་པར་དམ་ཚིག་དང་ལྡན་པ་བདག་ཅག་ལ་མ་ལྟར་དུ་བརྩེ་བར་དགོངས། སྲིང་ལྟར་དུ་བྱམས་པས་སྐྱོངས། གྲོགས་ལྟར་དུ་སྙིང་ཉེ་ཞིང་། བྲན་ལྟར་དུ་བསྒོ་བ་བསྒྲུབས། མདོར་ན་སེམས་ཅན་གྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་དུས་ནམ་དུ་ཡང་གཡེལ་བ་མེད་པར་ཕྲིན་ལས་རྣམ་པ་བཞིས་རྟག་ཏུ་སྲུངས་ཤིང་སྐྱོབས་པར་མཛོད་ཅིག །མ་མོའི་གསང་བའི་དམ་ཚིག་གི་རྒྱ་བཅས། ༀ་མ་ཧཱ་ཀཱ་ལཱི་དེ་བའི་བཛྲ་ས་མ་ཡ་རཀྵན་ཏུ། གསུམ་པ་གསོལ་མཆོད་བྱ་བའི་རིམ་པ་ལ། སྡོམས་ནི། མངའ་གསོལ། ཕྱག་འཚལ་ཕྱི་ནང་མཆོད། མཐུས་རྫས་ངོ་མཚར་མཆོད་པ་སྤྲོ། གསང་མཆོད་ཐུན་མིན་མཆོད་པ་འབུལ། མཆོད་བཤགས་དོན་རྣམས་བསྙེན་མཆོད་འབུལ། ཞེས་རིམ་པ་བཅུ་གཅིག་གིས་དང་པོ་ནི། ཀྱཻ། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་ཆེན་མོ། །རྡོ་རྗེའི་ལྷ་མོ་དཔལ་ལྡན་དབྱིངས་ཕྱུག་མ། །མ་འགགས་ཐབས་ཀྱི་རོལ་གར་སྐུར་སྟོན་པའི། །བདེ་མཆོག་ཀུན་ཏུ་བཟང་མོ་རྒྱལ་གྱུར་ཅིག །རྡོ་རྗེ་འཆང་སོགས་བཀའ་དྲིན་གཏེར་གྱི་མཛོད། །འཁོར་ལོའི་དབང་ཕྱུག་ཐུགས་ལ་མཉམ་སྦྱོར་ཏེ། །ཁྱོད་ནི་ཡེ་ཤེས་སྟོང་པའི་རང་བཞིན་ཉིད། །རྩ་རྒྱུད་བླ་མ་མཆོག་ཏུ་མངའ་གསོལ་ལོ། །བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །གནམ་ཞལ་རྒྱས་འདེབས་དགའ་མར་རོ་གཅིག་མ། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་འབྱུང་བའི་གནས། །ཡི་དམ་དཀྱིལ་འཁོར་མཆོག་ཏུ་མངའ་གསོལ་ལོ། །གནས་གསུམ་མ་ཚོགས་ཀུན་གྱི་དབུས་ན་བརྗིད། །མཁའ་སྤྱོད་གྲོང་ཁྱེར་བདག་མོ་སྤྲུལ་པའི་གར། །རིག་ལྔ་འབུམ་སྡེའི་མཁའ་འགྲོའི་དབུས་བསྐོར་བཞུགས། །རྡོ་རྗེ་ཕག་མོ་ཆེན་མོར་མངའ་གསོལ་ལོ། །འབྱུང་ལྔའི་འོད་འཁྲུགས་བརྩེགས་པའི་གཞལ་མེད་ན། །རྟ་རོ་གཅར་བཀྲམ་མི་རོ་གདན་དུ་བཏིང་། །ཁྲག་གི་མཚོ་འཁྱིལ་ཐོད་པའི་མཁར་བརྩེགས་པ། །གཞལ་མེད་གསང་བ་ཆེན་མོར༴ སྟོང་ཉིད་འདི་ནི་གཟུགས་བྱད་མཚན་མ་དང་། རྣམ་པར་བྲལ་ཀྱང་རྣམ་པར་སྤྲོས་པའི་ཚུལ། །འགགས་མེད་ངོ་མཚར་ཤར་བ་ཆེས་མཚར་བས། དོན་གྱི་ལྷ་མོ་ཆེན་མོར༴ དུས་གསུམ་རྒྱལ་བ་ཀུན་གྱིས་ཕྱག་མཛད་ཅིང་། །འཕགས་བཞི་མ་ལུས་འབྱུང་བའི་ཡུམ་ཆེན་མོ། །གདུལ་བྱའི་དཔལ་ལ་དཔལ་ལྡན་མ་སྤྲུལ་པས། །མགོན་མེད་སྐྱོབས་མ་ཆེན་མོར༴ སེམས་ཉིད་གཟུགས་དབྱིབས་དུ་མ་ཁ་དོག་གིས། །སྤྲོས་པས་སྤྲོས་མེད་སྤྲོས་པའི་འཇིག་རུང་སྐུ། །མི་ཟད་དུས་ཀྱི་མུན་ལྟར་ཆེས་མནག་པ། །ཁམས་གསུམ་སྐྲག་བྱེད་ཆེན་མོར༴ རི་ཡི་གྲིབ་ལྟར་གཉེར་བའི་ཁྲོ་གཉེར་ཉིལ། སྡང་མིག་ཡོན་པོར་བསྒྱུར་བ་དེ་ཡིས་ཀྱང་། །བདུད་དཔུང་བྱེ་བ་ཐམས་ཅད་བསྲེགས་མཛད་མ། །བདུད་འཇོམས་ལྷ་མོ་ཆེན་མོར༴ མཆེ་གཙིགས་མི་རོ་རེངས་ཟ་བགེགས་ཀྱི་གཤེད། །ཨ་ཧ་མ་མ་རུ་རུའི་སྒྲ་སྒྲོགས་ཤིང་། །སྙན་ཆ་སྦྲུལ་ནག་གསེར་གྱི་དྲིལ་བུ་འཁྲོལ། །བགེགས་འདུལ་ལྷ་མོ་ཆེན་མོར༴ སྲིན་གྱི་རལ་གྲིས་ཕྱི་རོལ་ཕྱོགས་ནས་བསྟིགས། །ནེའུའི་རྐྱལ་པས་སྒྲུབ་པའི་རེ་འདོད་བསྐོངས། །སེང་གེའི་སྙན་ཆ་འཇིགས་མེད་རྟགས་སུ་ཆེ། །སྲིན་འཇོམས་ལྷ་མོ་ཆེན་མོར༴ ཝ་ཡ་ཝི་ཡི་རླུང་ཚུབ་མྱུར་མགྱོགས་ཅན། །སྲིན་བོངས་དམར་པོ་རྫུ་འཕྲུལ་སྟོང་གསུམ་སྤྱོད། །ལྟེ་བར་ཉི་རྒྱན་སྤྱི་བོར་ཟླ་ཚེས་མཛེས། །ཆོས་བསྒྲུབ་མྱུར་སྐྱོང་ཆེན༴ སྟོང་ཉིད་ནམ་མཁའི་ལུས་ཀྱི་སྒེག་ཅིང་དཔའ། །ཁྲོ་གཏུམ་མཆེ་གཟེངས་རྔམ་ཆེན་མ་མ་ནི། །ནུ་འཛིན་དུད་ཅིང་ཆུ་འཛིན་རབ་རྒྱས་མ། །སྒྲུབ་པའི་རེ་བ་སྐོངས་བར་༴ ཞེན་མེད་ལྕགས་སྒྲོག་ཞབས་ཀྱི་གདུ་བུ་བྱས། །དགའ་བ་བཅུ་དྲུག་ཐོད་སྐོམ་དབུ་ལ་སྒྲོགས། །ཐོད་པའི་དབུ་རྒྱན་རྨ་བྱའི་མདོངས་གཙུགས་མ། །དམ་ལྡན་སྲིང་མོ་ཆེན་མོར༴ རྒྱལ་བ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས། །ཆོས་བཞིན་བསྒྲུབ་པ་བུ་གཅིག་ཇི་ལྟ་བུར། །བརྩེ་བའི་ཐུགས་ཀྱི་མི་འདོད་ཞལ་བཞེས་པས། །རྣལ་འབྱོར་མ་མ་མཆོག་ཏུ༴ ཆུ་སྐྱེས་བདེ་བའི་འབྱུང་གནས་ལེགས་བསྟེན་ནས། །བདེ་སྟོང་རྣལ་འབྱོར་རྡོ་རྗེའི་དམ་ཚིག་སྤེལ། །ནང་གི་ཕྱག་རྒྱ་དགའ་བཞི་སྤེལ་བའི་ལུས། །སྙིང་གྲོགས་ཕྱག་རྒྱ་ཆེན་མོར༴ སློབ་དཔོན་ལ་སྡང་བསྟན་དགྲ་ཟའོ་ཞེས། །སྐན་སྒྲ་གཏོགས་ཤིང་སྔོན་གྱི་ཐུགས་དམ་ལ། །བྲེལ་བས་རྒྱུགས་མ་དམ་ཚིག་མ་མོ་ནི། །རྡོ་རྗེ་འཛིན་པའི་བྲན་དེར༴ ཞིང་བཅུ་ཚངས་བ་གང་ལ་གཏད་པ་རྣམས། །བརྩེ་བའི་ཐུགས་དེས་འཁོར་བར་མི་གཏོང་སླད། །ཁྲོས་པའི་ཞལ་གྱིས་དུམ་བུར་འདྲལ་མཛད་པས། །བསྟན་དགྲ་འཇོམས་མ་ཆེན་མོར༴ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད་པ་དང་། །དབེན་གནས་ཆོས་འཁོར་སྐྱོངས་ལ་ཐུགས་རྗེས་པས། །བཀའ་སྲུང་ཀུན་གྱི་གཙོ་མོ་རྣལ་འབྱོར་མ། །དུས་གསུམ་རྒྱལ་བའི་བསྟན་སྲུངས༴ སྦྲུལ་གདུག་ཚངས་ལྟར་འཇིགས་རུང་འཁོར་བ་འདིར། །རྒྱུ་རྐྱེན་འབྲས་བུར་བཅས་པའི་སྣང་ཚུལ་ལ། །ཞེན་མེད་ངེས་འབྱུང་བསྒོམ་རྣམས་སྐྱོངས་མཛད་མས། །ཚུལ་ཁྲིམས་ལྷ་མོ་ཆེན་མོར༴ བདག་གཞན་དོན་དུ་ཐུགས་བསྐྱེད་མི་ཉམས་ཤིང་། །མཁའ་མཐའ་ཀླས་པའི་འགྲོ་བ་བྱང་ཆུབ་ཏུ། །འགོད་འདོད་རྒྱལ་སྲས་སྤྱོད་མའི་མགོན་སྐྱོབས་མཛད། །གཞན་ཕན་ལྷ་མོ་ཆེན་མོར༴ རྡོ་རྗེ་ཐེག་པའི་དམ་ཚིག་འདུ་བའི་སྒོར། །དཔལ་ལྡན་རྒྱུད་སྡེ་རྣམས་ཀྱི་མངའ་བདག་གི། །སྐལ་བཟང་བུ་ལ་རྟག་ཏུ་སྐྱོངས་མཛད་མ། །རྒྱུད་སྡེའི་སྲུང་མ་ཆེན་མོར༴ ཀྱཻ། ཆོས་དབྱིངས་ཆོས་འབྱུང་ཡངས་པའི་གཞལ་མེད་ན། །རྩ་བརྒྱུད་བླ་མའི་བསྒོ་བ་བསྒྲུབ་མཛད་དེ། །ལྷ་མོ་ཆེན་མོ་མ་མོ་ཀཱ་ལིར་གྲགས། །སྔོན་གྱི་ཐུགས་དམ་འཇིགས་རུང་རླབས་སུ་ཆེ། །ཙིཏྟ་དམར་ལ་རྟག་ཏུ་རྔམས་རོལ་མ། །ལྷ་ཆེན་དཔལ་འབར་སྲིད་གསུམ་བདག་མོ་ཁྱེད། །བསྟན་དགྲ་འཇོམས་མཛད་གཤེད་ཆེན་དམ་ལྡན་ནི། །སྤྲུལ་པའི་སྤྲིན་དཔུང་མཁའ་དང་མཉམ་སྤྲོ་བར། །ཐུགས་དམ་འགྱུར་མེད་ཆོས་སྐུའི་ཆོ་རོལ་ལས། །རང་རིག་ཡེ་ཤེས་སྤྲོས་ལས་འདས་པའི་འཛུམ། །བརྗོད་མེད་བརྗོད་པ་ཀུན་སྟོང་སེམས་ཀྱི་གཤིས། །ཡིན་ལུགས་ཅིར་ཡང་འཆར་བའི་རིག་པའི་འཕྲུལ། །ལྷ་མཆོག་སྟོབས་ལྡན་དཔའ་མོར་མངའ་གསོལ་ནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ། །དགེ་ལེགས་བཀྲ་ཤིས་གདུགས་བཟང་འཁོར་ཡུག་ཏུ། །རྒྱལ་བསྟན་ཀུན་ཁྱབ་ཆེན་པོའི་བཀྲ་ཤིས་ཤོག །གཉིས་པ་ནི། བྷྱོཿ ནག་མོ་ཁྲག་འཐུང་རྡོ་རྗེ་རལ་པ་ཅན། ། དབང་ཆེན་རྡོ་རྗེ་ཐོག་དང་སེར་བ་འབེབས། །ཁམས་གསུམ་སྒྲོལ་མཛད་སྲིད་གསུམ་རྩད་ནས་གཅོད། །རལ་པ་བསིགས་པས་སྟོང་གསུམ་ཀུན་ཏུ་ཁྱབ། །མཆེ་བ་གཙིགས་པས་དགྲ་བགེགས་ཞལ་དུ་འདྲེན། །མ་ལུས་དབང་དུ་བསྡུད་ལ་ཕྱག་འཚལ་བསྟོད། །མ་གཅིག་དཔལ་ལྡན་རེ་མ་ཏི། །ནག་མོ་ཆེན་མོ་རྣལ་འབྱོར་མ། །ཕོ་ཉ་བདུད་མོའི་འཁོར་ཚོགས་ལ། །བདག་གིས་དད་པའི་ཕྱག་བགྱིའོ། །ༀ་མ་ཧཱ་ཀ་ལི་རེ་མ་ཏི་ཨ་ཏི་པཱུ་ཧོ། སྲ་ཏི་ཛ་ཧོ། གསུམ་པ་ནི། བྷྱོཿ མ་ཅིག་དཔལ་ལྡན་རེ་མ་ཏི། །ཕྱག་བརྙན་བྲན་གཡོག་འཁོར་དང་བཅས། །གསང་བའི་དམ་ཚིག་དཀྱིལ་འཁོར་འདིར། །བུ་ཡིས་མཆོད་པ་འབུལ་བ་ནི། །ཀྱཻ། རྒྱ་མཚོ་འབབ་ཆུ་ཆུ་མིག་རྫིང་། །དམར་ཆེན་ཁྲག་གི་ཨརྒྷཾ་འདི། །མ་ཡི་སྐུ་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་བདག་ལ་སྩོལ། །ༀ་མ་ཧཱ་ཀ་ལི་དེ་ཝི་རེ་མ་ཏི་ཨརྒྷཾ་ཨཱཿཧཱུྃ། ཡན་ལག་བརྒྱད་ལྡང་རྫིང་བུ་དང་། །དུག་གིས་སྦྱར་བ་དྲག་པོའི་ཆུ། །མ་ཡི་ཞབས་བསིལ་ཕྱིར་དུ་འབུལ། །ཐུགས་མཆོག༴ དངོས་གྲུབ༴ ༀ་མ་ཧཱ་ཀཱ་ལི་དེ་ཝི་རེ་མ་ཏི་པ་དྱཾ་ཨཱཿཧཱུྃ། ཆུ་སྐྱེས་ཐང་སྐྱེས་མེ་ཏོག་དང་། །དབང་པོ་ལྔ་ཡི་མེ་ཏོག་འདི། །མ་ཡི་དབུ་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ་པཥྤེ༴ ག་བུར་གླ་རྩི་གུརྒུམ་དང་། །ཤ་ཆེན་སྤོས་ཀྱི་དུད་པ་འདི། །མ་ཡི་ཤངས་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ༴ དྷུཥྤེ༴ ཉི་ཟླ་གློག་དང་གསལ་བའི་སྒྲོན། །ཞུན་ཆེན་མདངས་ཀྱི་མར་མེ་འདི། །མ་ཡི་སྤྱན་ལ་ཐིམ་གྱུར༴ ཐུགས་མཆོག༴ དངོས་གྲུབ༴ ༀ༴ ཨ་ལྐོ༴ ཁྲག་ཆེན་དུག་དང་སྦྱར་བ་ཡི། །རཀྟའི་དྲི་ཆབ་དམར་པོ་འདི། །མ་ཡི་ཐུགས་ཀར༴ ཐུགས་མཆོག༴ དངོས་གྲུབ༴ ༀ༴ གནྡྷེ༴ ཕྱེ་མ་ལྔ་ཡི་བཤོས་བུ་དང་། །ནལ་ཤ་ཡོན་ཏན་ལྔ་ལྡན་འདི། །མ་ཡི་ལྗགས་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ༴ ནཻ་ཝིདྱ། པི་ཝཾ་གླིང་བུ་མཁར་བའི་རྔ། །མན་འགལ་ཆ་ལང་རྐང་གི་དུང་། །མ་ཡི་སྙན་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ༴ ཤབྟ་ཨཱཿཧཱུྃ། བཞི་པ་ནི། ཀྱཻ། མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱེད་ལ་གཟུགས་ཀྱི་མཆོད་པ་འབུལ་བ་ནི། །ལྷ་མོའི་གཟུགས་དང་ཀླུ་མོའི་གཟུགས། །བཟང་བའི་གཟུགས་དང་བརྗིད་པའི་གཟུགས། །ཁ་དོག་སྣ་ཚོགས་མཛེས་པའི་གཟུགས། །ཅིར་ཡང་བསྒྱུར་བའི་གཟུགས་ལ་སོགས། །མ་ཅིག་སྤྱན་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ་མ་ཧཱ་རཱུ་པ་ཨཱཿཧཱུྃ། མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱོད་ལ་སྒྲ་ཡི་མཆོད་པ་འབུལ་བ་ནི། །པི་ཝཾ་གླིང་བུ་མཁར་བའི་རྔ། །རྫ་རྔ་ཆ་ལང་གཎྜེ་དུང་། །ཅང་ཏེའུ་སིལ་སྙན་ལ་སོགས་ཏེ། །དྲིལ་བུ་རྔ་དབྱང་སྣ་ཚོགས་དང་། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །མ་ཅིག་སྙན་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ༴ ཤཔྟ༴ མ་ཅིག་ལྷ་མོ༴ མ་ཁྱེད་ལ་དྲི་ཡི་མཆོད༴ ཨ་ཀ་རུ་དང་དུ་རུ་ཀ །ཤ་ཀ་རཿདང་ལྔ་སྦྱར་བའི། །ཙནྡ་དཀར་དམར་དྲི་སྤོས་ཆབ། །མ་གཅིག་ཐུགས་ཀར༴ ཐུགས་མཆོག༴ དངོས་གྲུབ༴ ༀ༴ གནྡྷེ༴ མ་ཅིག་ལྷ་མོ༴ མ་ཁྱོད་ལ་རོ་ཡི་མཆོད་པ་འབུལ་བ་ནི། །ལྷ་ཡིས་ཞལ་ཟས་བདུད་རྩིའི་བཅུད། །མ་ཡི་ལྗགས༴ ཐུགས་མཆོག༴ དངོས་གྲུབ་དམ་པ༴ ༀ༴ ར་ས༴ མ་ཅིག་ལྷ་མོ༴ མ་ཁྱེད་ལ་རེག་བྱའི་མཆོད་པ་འབུལ་བ་ནི། །ལྷ་རྫས་པཉྩ་ལི་ཀའི་དར། །སྟག་གླང་ཞིང་གི་ཤུན་པ་བཅས། །མ་ཅིག་སྐུ༴ ཐུགས་མཆོག༴ དངོས་གྲུབ༴ ༀ༴ པཪྴེ༴ མ་ཅིག་ལྷ་མོ་དཔལ༴ མ་ཁྱེད་ལ་ཆོས་ཀྱི་མཆོད་པ་འབུལ༴ སྣ་ཚོགས་སྣང་ཁམས་ཐམས་ཅད་ཀུན། །ཟག་མེད་བདེ་སྟོང་ཡེ་ཤེས་དངོས། །མ་མཉམ་པ་ཉིད་དུ་རོལ་གྱུར་ཅིག །ༀ་མ་ཧཱ་ཀ་ལི་དེ་ཝི་རེ་མ་ཏི་དྷརྨ་ཨཱཿཧཱུྃ། ལྔ་པ་ནི། བྷྱོཿ མ་ཅིག་བདུད་མོའི་འཁོར་བཅས་ལ། །ཡང་ཅིག་མཆོད་པ་འབུལ་བ་ནི། །མི་དབང་སྨིན་པའི་ཤ་ཁྲག་དང་། །འཆི་ཀའི་མཚལ་ཏིག་དམར་པོ་དང་། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང་། །འབྲས་བུ་སྨིན་པའི་ཤིང་ཏོག་དང་། །ན་ཆུང་མོ་ཡི་བྱུང་ཟད་ཁྲག །མ་ཉམས་བྱང་སེམས་དཀར་དམར་དང་། །གྲི་རྒོད་སྙིང་དང་དབང་པོ་ལྔ། །བོང་བུའི་སྙིང་དང་ཁྲིམས་འཆལ་ཤ །རྣམ་ལྔ་བདུད་རྩིའི་མཆོད་པ་འདི། །མ་ཅིག་འཁོར་དང་བཅས་ལ་འབུལ། །བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ། །ༀ་མ་ཧཱ་ཀཱ་ལི་དེ་ཝི་རེ་མ་ཏི་ས་པཱ་རི་ཝ་ར་ༀ་ཨཱཿཀ་རོ། །སོགས། དྲུག་པ་ནི། བྷྱོཿ རབ་ཡངས་ནམ་མཁའ་གང་བའི་མཆོད་སྤྲིན་ནི། །དཔག་པར་དཀའ་བ་སྒྱུ་མ་ལྟ་བུའི་མཛོད། །ཐོགས་མེད་ཏིང་འཛིན་བློ་ཡིས་ལེགས་ཕྱེས་ཏེ། །ཕྱོགས་ཀྱི་འཁོར་ལོ་དོགས་པོར་བྱེད་བཞིན་འབུལ། །ཏིང་འཛིན་སིལ་གྱིས་ལེགས་པར་བྲིས་པའི་གཟུགས། །རྟེན་འབྲེལ་འཛུམ་དཀར་བསུ་བའི་སྨིན་ལེགས་ཅན། །ཡིད་འཕྲོག་དགའ་བའི་ཉམས་བརྒྱར་འཆར་བའི་མ། །རིན་ཆེན་གཞོང་ཐོག་ཕྲེང་བའི་དོ་ཤལ་འཕྱང་། །མཛེས་པའི་གར་དང་སྙན་པའི་གླུ་བསྒྱུར་བའི། །མུ་ཏིག་དོ་ཤལ་ལེགས་འཛིན་འཁྲོལ་བཅས་ཏེ། །སྣང་སྟོང་བཀོད་པའི་མིག་མང་བརྩེ་བ་ཅན། །གཅིག་ལས་དུ་མར་འཕྲུལ་བ་འབྱུང་གྱུར་ཅིག །གསེར་སྦྱངས་འཁོར་ལོ་རྩིབ་སྟོང་འོད་དུ་འབར། །རིན་ཆེན་ལྷ་རྫས་ཟུར་བརྒྱད་འདོད་ཀུན་འབྱུང་། །སྐྱོན་བྲལ་ཡིད་ཀྱི་བརྟན་འཕྲོག་བུད་མེད་མཆོག །བསམ་པའི་དོན་བསྒྲུབ་བློན་པོ་རིན་པོ་ཆེ། །གངས་རི་ལྟར་དཀར་གླང་ཆེན་སྟོབས་དང་ལྡན། །འགྲོས་བཟང་མདོག་སྡུག་ཅང་ཤེས་རྟ་ཡི་མཆོག །ཕས་རྒོལ་དགྲ་ལས་རྣམ་རྒྱལ་དམག་དཔོན་དང་། །གདུགས་དཀར་སྟོང་ལྡན་དྲྭ་བ་ཕྱོགས་བརྒྱར་འཁོར། །དྲང་ཞིང་ལྡན་པའི་མི་ནུབ་རྒྱལ་མཚན་བརྟན། །ཟབ་ཅིང་ཁུག་མང་དཔལ་གྱི་བེའུ་ལྷས། །གྲགས་སྙན་རིང་དུ་འཁྲོལ་བ་སྐྱེ་ལྔ་པ། །སྣ་ཚོགས་མདོག་བཟང་ངོ་མཚར་པདྨའི་ཚལ། །ཤེས་རབ་གསེར་མིག་འཁྱིལ་པ་རབ་ཏུ་མཛེས། །ཛམྦུའི་པུར་ཝ་ཎ་ཡི་འཁོར་ལོ་བརྟན། །འདོད་འབྱུང་བུམ་བཟང་ཟད་མེད་གཏེར་གྱི་མཛོད། །མ་འདྲེས་གཟུགས་བརྒྱ་གསལ་བའི་ཨ་དཪྴ། །ཆོས་དུང་དམ་པའི་དབྱངས་སྙན་མངོན་པར་མཛེས། །གྷི་ཧཾ་ནད་འཇོམས་བདུད་རྩིའི་འཆི་མེད་སྨན། །དུརྦ་ལོ་བཟང་ཕང་ཕང་ཀུན་ཏུ་དཀྲིགས། །འདོད་འཇོའི་བ་བཟང་ཞོ་ཡི་སྙིང་པོ་ཅན། །བིལྦ་འབྲས་བུ་བཟང་འདོད་པའི་རོ་བདའ་བ། །ལི་ཁྲི་བཟང་མ་དབང་གི་རྫས་ཆེན་པོ། །བགེགས་འཇོམས་ཉུངས་དཀར་རྡོ་རྗེའི་རིགས་ཀྱི་གནས། །ཟད་མེད་ནམ་མཁའ་མཛད་ཀྱི་འཁོར་ལོ་འབུལ། །ༀ་མ་ཧཱ་ཀཱ་ལི་དེ་ཝི་རེ་མ་ཏི་ས་པ་རི་ཝ་ར་རཏྣ་མངྒ་ལ་པཱུ་ཛཿཨཱཿཧཱུྃ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ། བདུན་པ་ལ་སྨན་གཏོར་རཀྟ་གསུམ་གྱི། དང་པོ་ནི། ཧོ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་དང་། །ལྷ་དང་ལྷ་མིན་གསང་བ་ཡི། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །འདི་ནི་སྔོན་གྱི་དམ་ཚིག་གོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་ངང་ཉིད་ལས། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཙ་ཧོཿ ཁྱབ་བདག་དྲུག་པ་རྩ་བའི་བླ་མའི་བར། །བཀའ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །རྣམ་དག་བདུད་རྩིའི༴ ཐུགས་རྗེས༴ ༀ་ན་མ་སརྦ༴ རྡོ་རྗེ་ལྷ་མོ་ནག་མོ་མཆེ་བ་གཙིགས་པའི་ཞལ། །དུས་གསུམ་སངས་རྒྱས་ཀུན་དང་སྤྱོད་ཡུལ་གཅིག་པའི་ཡུམ། །ཁམས་གསུམ་ལོག་པར་བལྟ་བ་ཐམས་ཅད་དབྱིངས་སུ་སྒྲོལ། །སྲིད་གསུམ་ལོག་འདྲེན་ཟ་བའི་ཡུལ་རྣམས་ལ། །རྣམ་དག་བདུད་རྩི༴ ཐུགས་རྗེས་བརྩེ་དགོངས༴ ༀ་ན་མ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁ་ཧིཿ བྷྱོཿ ཁྱོད་ཀྱི་གཡོག་མོ་སྲིན་མོ་ཆུ་སྲིན་གདོང་། །མ་མོ་བདུན་དང་མ་གསུམ་སྲིང་མོ་བཞི། །སེང་སྟག་འབྲུག་སྤྱང་གདོང་མོ་བཞི་རྣམས་ལ། །རྣམ་དག༴ ཐུགས་རྗེས༴ ༀ་ན་མ་སརྦ༴ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་། །འཁོར་གྱི་མ་མོ་སྟོང་དང་རྩ་བརྒྱད་དང་། །གཞན་ཡང་བདུད་མོ་བྱེ་བ་འབུམ་སྡེའི་འཁོར། །མཁའ་འགྲོ་ཤུགས་འགྲོ་མ་སྲིང་རྒྱ་མཚོ་ལ། །རྣམ་དག༴ ཐུགས་རྗེས༴ ༀ་ན་མ་སརྦ༴ ཧཱུྃ་བྷྱོཿ མ་ཅིག་ནག་མོ་ཆེན་མོ་འཁོར་བཅས་རྣམས། །དངོས་གྲུབ་རྩོལ་བའི་དུས་ལ་བབ། །མ་ཡིས་བུ་ལ་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་གསང་བའི་དངོས་གྲུབ་སྩལ་དུ་གསོལ། །འདོད་ཁམས་འདུལ་བའི༴ འཇིག་རྟེན་དབང་བསྡུད༴ ཡེ་ཤེས་ལྔ་ཡི༴ ཚེ་བསོད་རྒྱས་པའི༴ བདུད་རྩི་སྨན་གྱི༴ གྲུབ་ཆེན་བརྒྱད་ཀྱི༴ ཕྲིན་ལས་རྣམ་བཞིའི༴ སྐུ་གསུང་ཐུགས་ཀྱི༴ ༀ་ཤྲཱི་དེ་ཝི་མ་ཧཱ་ཀཱ་ལི་རེ་མ་ཏི། ཀཱ་ཡ་སིདྡྷི་ༀ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ གཉིས་པ་ནི། རྟེན་གཏོར་ལ། མ་མོ་ཆགས་པས་བཞུགས་པར་བསམ་ནས་བྷ་ལིང་འབུལ་ཏེ། བྱེ་བྲག་ཏུ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་གཏོར་མའི་སྟེང་འདོད་ཡོན་གྱི་ལྷ་མོ་བར་བདུད་རྩིའི་རྒྱ་མཚོ། །འོག་ཤ་ཁྲག་རུས་པའི་གྲམ་ཁྲོད་ཆེན་པོར་གྱུར། ཀྱཻ། མ་ཅིག་ལྷ་མོ་དཔལ་ལྷ་མོ། །རྡོ་རྗེ་ལྷ་མོ་ནག་མོ་ཆེ། །གཏོར་མའི་གནས་འདིར་གཤེགས་སུ་གསོལ། །མ་ཅིག་ཐུགས་དམ་ཞལ་ཟས་སྣོད། །མེ་རླུང་དཀྱིལ་འཁོར་རྒྱས་པའི་སྟེང་། །པཱ་ལས་བྷནྡྷ་བཅུད་ཡངས་པའི། །འཁོར་ཡུག་གཏོགས་པའི་འཇིག་རྟེན་འདིར། །བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར། །རྫོངས་དང་བཀའ་བཟློག་ནག་མོ་ཆེ། །གསོལ་ལོ་རོལ་གཅིག་དགྱེས་པར་མཛོད། །མ་ཅིག་ལྷ་མོ༴ མ་ཅིག་ཐུགས་དམ་ཞལ་ཟས་སྣོད། །བསད་པའི་ཤ་དང་མྱོས་པའི་ཆང་། །བསྲེག་པའི་གསུར་དང་རློན་པའི་ཤ །བཙོས་པའི་ཤ་དང་ཁུ་བ་ཁྲག །ནང་རོལ་གློ་སྙིང་མཁལ་མར་བཅས། །གསོལ་ལོ་རོལ་ཅིག །བྷྱོཿ རྨད་དུ་བྱུང་བའི་གཏོར་མ་དང་། །བུམ་དང་རིལ་དང་ཕྱེད་ཙལ་དང་། །ནང་རོལ་གློ་སྙིང་མཁལ་མ་བཅས། །ཤ་དང་རུས་པ་རྐང་ཚིལ་རྣམས། །མ་མོ་འཁོར་དང་བཅས་ལ་འབུལ། །བསྟན་པ་སྲུངས་ཕྱིར་བཞེས་སུ་གསོལ། །མ་ཅིག་ལྷ་མོ༴ མ་ཁྱེད་ལ་ཡིད་བཞིན་མཆོད་པ་འབུལ་བ་ནི། །འབྲས་བུ་ལྔ་ཡི་ཚོམ་བུ་བདུད་རྩི་དང་། །ཀོ་ར་ཙ་ན་དང་ནི་དྲི་ཆེན་ཐལ་ཆེན་དང་། །མ་ཧཱ་མཾ་ས་རཀྟ་ཙིཏྟ་བ་སུ་ཏ། །མ་ཅིག་ཞལ་དུ༴ ཐུགས་མཆོག༴ དངོས་གྲུབ༴ གསོལ་ལོ་རོལ་ཅིག་དགོངས་ཤིག་ས་མ་ཡ། རུ་རུ་བིཥྛ་བེ་དྷྭ་པི་དྲི་ཙ་པ་ལ་ཨ་ཤུགྨེ་ཧཱུྃ་བྷྱོ་ཛ་ཛ་ཁ་རཾ་ཁ་ཧི། འབྱུང་པོའི་ཕུང་པོ་ལ་ཁ་རཾ༴ མ་མོ་ནག་མོ་བཻ་ཏཱ་ལི་ཀུ་ལུ་ཀུ་ལུ། ཧ་ཧ། མ་ཧཱ་མཾ་ས༴ མ་ཧཱ་ཙིཏྟ༴ མ་ཧཱ་བ་སུ་ཏ། མ་ཧཱ་ཀོ་རོ་ཙ་ན༴ དགྲ་བགེགས་ཀྱི་དབང་པོ་རྣམ་ལྔ་ལ༴ ར་རྒྱ་རམ་པ་ལ༴ ཤིག་ཤིག་རྟོག་དཔྱོད་ཅིག །གསུམ་པ་ནི། བྷྱོཿ མ་ཅིག་ལྷ་མོ་བདུད་མོའི་འཁོར་ཚོགས་བཅས། །ཐུགས་དམ་དབང་གིས་སྙིང་ཁྲག་དམར་ལ་རོལ། །མ་ཅིག་ཁྲག་འཐུང་དཔག་ཚད་བརྒྱད་ཁྲིར་རྒྱུག །དམ་རྫས་རྨད་དུ་བྱུང་བའི་དམར་ཆེན་བཞེས། །མ་ཧཱ་རཀྟ་ལ་ཁ་ཧི། བརྒྱད་པ་ནི། བྷྱོཿ སེམས་ཉིད་ནམ་མཁའ་ལྟ་བུའི་རོལ་པ་ལས། །མཆོད་དང་མཆོད་པར་བྱ་བ་གཉིས་སུ་མེད། །དཔེ་དང་ཡི་གེ་ཁ་དོག་ཚིག་ལས་འདས། །ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས། །ཐབས་དང་ཤེས་རབ་གཉིས་མེད་རོལ་པ་ལས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་ཕྲིན་ལས་ནི། །ཟད་མེད་བདེ་སྟོང་རོལ་པའི་མཆོད་པ་སྟེ། །མཆོད་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དག །དགུ་པ་ནི། བྷྱོཿ བསྐལ་པ་མེ་རླུང་འཚུབས་མའི་ཀློང་དཀྱིལ་ནས། །མ་ཅིག་ལྷ་མོ་ནག་མོ་གློ་འགྱུ་མ། །ཕོ་ཉ་བདུད་ཀྱི་བུ་མོའི་འཁོར་ཚོགས་རྣམས། །མ་ཅིག་འཁོར་བཅས་བརྩེ་བས་བདག་ལ་དགོངས། །བདག་ཉིད་མི་མཁས་རྨོངས་པའི་དབང་གྱུར་ཏེ། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིས། །དམ་ཚིག་ཉམས་ཆག་འགལ་འཁྲུལ་གྱུར་པ་དང་། །ཏིང་འཛིན་མི་གསལ་ར་རི་ཁ་ཁོལ་དང་། སྔགས་དང་ཕྱག་རྒྱ་གྲ་ཆགས་ཟུར་ཉམས་དང་། །ཉམས་པ་ཅན་གྱི་གྲིབ་ཀྱིས་ཕོག་པ་དང་། ཕུད་ཉམས་ལྷག་མར་གྱུར་པ་ཐམས་ཅད་དང་། །དམ་རྫས་མཆོད་རྫས་དུས་སུ་མ་ཚོགས་དང་། །དཔོན་གཡོགས་མཆེད་ལྕམ་ཐུགས་དང་འགལ་བ་དང་། །ཁྱད་པར་མ་ཅིག་དཔལ་ལྡན་ལྷ་མོ་ཡི། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིས། །དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །མ་ཅིག་བདུད་མོའི་འཁོར་ཚོགས་རྣམས་ལ་བཤགས། །རབ་ཏུ་བཤགས་སོ་ཚང་པའི་དངོས་གྲུབ་སྩོལ། །བཅུ་པ་ནི། བྷྱོཿ དཔལ་ལྡན་ལྷ་མོ་དཔལ་འབར་ནག་མོ་ནི། །རང་དོན་སྤངས་ཏེ་འཁོར་བའི་གནས་འདི་རུ། །དཔག་པར་དཀའ་བའི་རྣམ་འཕྲུལ་ཅིར་ཡང་སྟོན། །ཀུན་ཏུ་བཟང་མོ་རྡོ་རྗེ་དབྱིངས་ཕྱུག་མ།༡ །གསང་བ་ཡེ་ཤེས་མཁའ་འགྲོ་ཡོངས་ཀྱི་གཙོ། །སྤྲུལ་པས་སྟོང་ཁམས་མ་ལུས་འགེངས་བྱེད་མ། །ཁྱོད་ནི་ཤེར་ཕྱིན་ཡུམ་དང་གཉིས་མེད་ཀྱང་། །ཚུལ་སྟོན་ཐབས་མཁས་ལས་ཚུལ་ཅིར་ཡང་སྟོན།༢ །གསེར་ཐུབ་བསྟན་ལ་ལྷ་མོ་ལོང་གཏོང་གིས། །དགེ་བཅུ་སྤྱད་པས་དྲག་པའི་སྲས་མོར་འཁྲུངས། །མར་མེ་མཛད་བསྟན་དགེ་སློང་དབང་ཕྱུག་སྡེར། །མཆོད་པས་སངས་རྒྱས་དོན་ཀུན་གྲུབ་པ་མཇལ།༣ །འོད་སྲུང་བསྟན་ལ་ཞེ་སྡང་སྤྱོད་པའི་མཐུས། །སྲིན་པོའི་ཆུང་མ་རང་ལྕེབ་སྡུག་བསྔལ་བར། །སྟོན་ཀྱང་དོན་ལ་ཡེ་ཤེས་མཁའ་འགྲོ་སྟེ། །ཡེ་ཤེས་སྒྱུ་མའི་རོལ་པ་ཅིར་ཡང་འཆར།༤ །རྡོ་རྗེ་གདན་དུ་ཤཱཀྱ་སེང་གེ་ཡིས། །བདུད་རྩི་བརྙེས་ཚེ་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུངས་བའི་གཡར་དམ་མནོས་པས་ཀྱང་། །ས་བརྒྱད་ཐོབ་ཅིང་ལུང་བསྟན་བརྙེས་གྱུར་པ།༥ །དཔལ་ལྡན་རྒྱུད་སྡེ་རྒྱ་མཚོའི་བསྟན་སྲུང་མ། །འདོད་ཁམས་དབང་མོ་དྲག་ཤུལ་མཐུ་ཆེན་རོལ། །ཡེ་ཤེས་འཇིག་རྟེན་མ་མོའི་འཁོར་བཅས་ཏེ། །དམ་ཚིག་ཅན་སྐྱོངས་ཁྱེད་ལ་བདག་བསྟོད་དོ། །བྷྱོཿ སྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་དགུ་ཀློང་འཁྲིགས་པའི་ཕོ་བྲང་ནས། །མ་ཅིག་ལྷ་མོ་འདོད་ཁམས་གཙོ་མོ་སྟེ། །ནག་མོ་ཟ་བྱེད་འཇིགས་པའི་ཆ་ལུགས་ཅན། །མཐིང་ནག་མི་སྲུན་ཁྲག་གི་རལ་པ་ཅན། །མཿ ཁྱེད་ཀྱི་སྐུ་མདོག་ནག་མོ་སྟོན་པ་ནི། །དོན་དམ་དབྱིངས་ན་བསྐྱེད་པ་མེད་པའི་རྟགས། །རལ་པ་གཡས་ནས་གཡོན་དུ་འཁྱིལ་པ་ནི། །ཡུམ་གྱི་མཁའ་ལས་སྤྲུལ་པ་འབྱེད་པའི་རྟགས། །རལ་པའི་གསེབ་ནས་མེ་སྟག་འཕྲོ་བ་ནི། །ཐུགས་རྗེའི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས། །རལ་པ་སྤྱི་བོའི་གཙུག་ཏུ་འཁྱིལ་བ་ནི། །ཐུགས་དམ་དགོངས་སྤྱོད་གཅིག་ཏུ་མཛད་པའི་རྟགས། །ཐོད་སྐོམ་ཕྲེང་བས་དབུ་ལ་བརྒྱན་པ་ནི། །ཐུགས་རྗེས་སྤྲུལ་པའི་འགྲོ་དོན་མཛད་པའི་རྟགས། །རྨ་བྱའི་རྒྱལ་མཚན་དབུ་ལ་གཙུགས་པ་ནི། །ཕྲིན་ལས་རྣམ་བཞི་སོ་སོར་མཛད་པའི༴ སྙན་ཆ་གཡས་ན་སེང་གེ་འགྱིང་བ་ནི། །དམན་མོ་ཐམས་ཅད་ཟིལ་གྱིས་གནོན་པའི༴ སྙན་གཡོན་སྦྲུལ་ནག་གདེང་ཀ་འཕྱོ་བ་ནི། །ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས། །སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི། །སངས་རྒྱས་ཀུན་ལ་བསྙེན་བསྐུར་མཛད་པའི་རྟགས། །སྤྱན་རྩ་དམར་པོ་ཕྱོགས་བཅུར་གཟིགས་པ་ནི། །རྣལ་འབྱོར་སྲིད་གསུམ་བྱ་ར་མཛད༴ ཤང་ནས་ནད་ཀྱི་རླངས་པ་འཐུལ་བ་ནི། །སྡང་བའི་དགྲ་ལ་ནད་ཡམས་འབེབ་པའི་རྟགས། །ཞལ་གྱི་ཧོམ་ཁུང་དྲག་པོར་གདེངས་པ་ནི། །དམ་རྫས་གང་ཡིན་ཞལ་དུ་གསོལ་བའི༴ རྣོ་གདུག་མཆེ་བ་ཟུར་གསུམ་གཙིགས་པ་ནི། །བསྒྲལ་བའི་ཞིང་བཅུའི་ཤ་ལ་རོལ་པའི་རྟགས། །ཞིང་ཆེན་གཡང་གཞི་སྐུ་ལ་མནབ་པ་ནི། །ཆོས་ཉིད་ཡང་དག་དོན་དང་ལྡན་པའི༴ སྐུ་སྨད་གླང་ཆེན་ཀོ་རློན་གསོལ་བ་ནི། །ཐེག་པ་མཆོག་གི་དོན་དང་ལྡན་པའི༴ སྣམ་ཕྱེ་རེ་ལྡེ་ནག་པོས་དཀྲིས་པ་ནི། །འཇིག་རྟེན་འདི་ན་ཆེ་བཙན་ལྡན་པའི༴ སྤྱི་བོའི་གཙུག་ན་ཟླ་རྒྱས་གསལ་བ་ནི། །མ་རིག་མུན་པ་དབྱིངས་སུ་དག་པའི་རྟགས། །ལྟེ་བའི་དབུས་ན་ཉི་མ་ཤར་བ་ནི། །སྲིད་པའི་རྒྱ་མཚོ་གཏིང་ནས་སྐེམ་པའི༴ སྟག་གི་ལྤགས་པའི་ཤམ་ཐབས་བྱས་པ་ནི། །དྲག་པོའི་ཆ་ལུགས་མངོན་དུ་གྱུར་པའི༴ ཕྱག་གཡས་གདུག་པའི་རལ་གྲི་འཕྱར་བ་ནི། །དགྲ་བགེགས་སྐྱེ་རྒྱུད་རྩད་ནས་གཅོད་པའི༴ ཕྱག་གཡོན་བྷནྡྷ་དམར་ཆེན་བསྣམས་པ་ནི། །འཁོར་བའི་སྡུག་བསྔལ་ཁྲག་ལྟར་འཐུང་བའི༴ མཆན་ན་ནེའུའི་རྐྱལ་པ་ཐོགས་པ་ནི། །བསྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི༴ ཞབས་ལ་དབང་གི་ལྕགས་སྒྲོག་སྒྲོགས་པ་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི༴ ཕྱིར་ཕྱོགས་དྲིལ་གྱི་ཕ་ལ་བཅིབས་པ་ནི། །ལོག་པར་ལྟ་བའི་དགྲ་བགེགས་སྒྲོལ་བའི༴ སྲིན་པོའི་ཡ་འགལ་སྔ་རུ་བྱས་པ་ནི། །སྲིན་ཡུལ་ལངྐ་པཱུ་རིར་བསྒྲོད་པའི་རྟགས། །སྲིན་མོའི་མན་འགལ་ཕྱི་རུ་བྱས་པ་ནི། །སྲིན་ཁམས་མ་ལུས་དབང་དུ་བསྡུད་པའི༴ གོང་ཐག་གློ་སྨད་སྤྲུལ་ལ་བྱས་པ་ནི། །ཞེ་སྡང་སྡུག་པ་ཅན་རྣམས་འདུལ་བའི༴ རུས་སྦལ་ནག་པོའི་ཕོག་གུས་བཏབ་པ་ནི། །ཀླུ་བདུད་མ་རུངས་དམ་ལ་འདོགས་པའི༴ སྔ་ཤད་བདུད་ཀྱི་ཁྲམ་བམ་བཀལ་བ་ནི། །དམ་ཉམས་དགྲ་བོ་ཁྲམ་ལ་འདེབས་པའི༴ ཕྱི་ཤད་ནད་ཀྱི་རྐྱལ་པ་བཀལ་བ་ནི། །དམ་ཉམས་དགྲ་ལ་ནད་ཡམས་འབེབས་པའི༴ དོན་དམ་བཅུད་ཀྱི་རྟགས་སུ་ཞག་གི་ཟོ་རིས་བརྒྱན། །ཐུགས་རྗེའི་ཆགས་པའི་རྟགས་སུ་རཀྟའི་ཐིག་ལེའི་བརྒྱན། །འདུལ་བྱེད་ཕྲིན་ལས་རྟགས་སུ་ཐལ་བའི་ཚོམ་བུས་བྱུགས། །འབུམ་ཕྲག་མ་མོའི་འཁོར་གྱིས་རབ་ཏུ་བསྐོར་བ་ནི། །སྟོང་གསུམ་ཀུན་ཏུ་ཁྱབ་པའི་ཕྲིན་ལས་མཛད་པའི་རྟགས། །བྷྱོཿ མ་ཅིག་ཁ་ནས་མེ་འབར་རྒྱ་མཚོ་ཆེན་པོ་སྐེམས། །ལག་ན་རྡོ་རྗེ་འཕེན་པའི་རི་རབ་སིལ་བུར་བསྙིལ། །མཐུ་ཆེན་སྤྲིན་གྱི་ཤུགས་འཆང་གློག་ལྟར་མྱུར་མགྱོགས་པ། །ལྷ་མོ་དཔལ་ལྡན་ཁྱེད་ལ་བདག་གིས་བཙུན་པར་བསྟོད། །བྷྱོཿ དཔལ་ལྡན་མ་ཆེན་ཅིར་ཡང་སྤྲུལ་པ་ལས། །འཁོར་གྱི་མ་མོ་སྲིད་གསུམ་ཁྱབ་པ་དང་། །ཁྱོད་དང་ཡེ་ནས་དམ་ཚིག་གཅི ག་པ་ཡིན། །སྐེམ་མ་སྔོན་ནས་འགྲོ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་སྟོང་ལ་དབང་བསྒྱུར་ཞིང་། །རྒྱ་མཚོ་ཧུབ་ཀྱིས་རྔུབ་པ་དང་། །རི་རབ་དཔང་དུ་འདེབས་ནུས་པ། །མ་བདུན་མ་གསུམ་སྲིང་མོ་བཞི། །སེང་སྟག་འབྲུག་སྤྱང་གདོང་མོ་བཞི། །དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད། །མ་མོ་སྟོང་དང་འབུམ་སྡེའི་ཚོགས། །བྱེ་བ་སྤྲུལ་པའི་བདུད་མོའི་ཚོགས། །དྲག་ཤུལ་རོལ་པ་བསམ་མི་ཁྱབ། །ཕྲིན་ལས་རྣམ་བཞིའི་རོལ་པ་ཅན། །དམ་ཚིག་འདོད་དགུར་བསྒྱུར་བ་ཡི། །མཁའ་འགྲོའི་ཚོགས་ལ་བདག་བསྟོད་དོ། །རྡོ་རྗེ་དབྱིངས་ཕྱུག་རིག་མ་ནི། །ལོག་རྟོག་གཞོམས་པའི་དཔའ་བོ་ལ། །མ་ཆེན་དཔལ་ལྷར་མཚན་གསོལ་བ། །ཡུམ་ཆེན་ཁྱེད་ལ་བདག་བསྟོད་དོ། །བྷྱོཿ དཔལ་ལྡན་ལྷ་མོ་མཐུ་ཆེན་ཁྱོད། །ཆོས་སྐྱོང་རྒྱལ་མོ་མི་ཟད་མ། །གསང་བ་དབྱིངས་ཕྱུག་མཁའ་འགྲོ་མ། །བསྟན་སྲུངས་མཛད་ལ་ཕྱག་འཚལ་བསྟོད། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །གྲུལ་བུམ་དྲི་ཟ་འབྱུང་པོ་དང་། །ཅིར་ཡང་སྤྲུལ་པའི་རྫུ་འཕྲུལ་ཅན། །མིང་བརྒྱ་མ་ལ་མཚན་སྟོང་མ། །རྒྱལ་བསྟན་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་སྟེར་མཛད་མ་ལ༴ ཕྲིན་ལས་བསྒྲུབ་མཛད་མ། །དགྲ་བགེགས་འདུལ་མཛད་མ་ལ་ཕྱག་འཚལ་བསྟོད། །བཅུ་གཅིག་པ་བསྙེན་པ་འབུལ་བ་ལ་སྤྱིར་དབུལ་བ་དང་། བྱེ་བྲག་ཏུ་འབུལ་བའོ། །དང་པོ་ནི། རང་ཉིད་ཡི་དམ་གྱི་ཐུགས་ཀའི་ཧཱུྃ་གིས་མཐར་བསྐོར་ཡི་དམ་སྔགས་ཀྱིས་གཡས་སུ་བསྐོར་བ། དེ་ཡི་མཐར་ལྷ་མོའི་སྔགས་ཀྱིས་བསྐོར་བར་གྱུར་པར་བསམ་ནས་ཡི་དམ་གྱི་བསྙེན་མཐར་སྔགས་བདུན་བཟླ་བ་གོང་ནོན་ནོ། །དམ་ཚིག་གི་སེམས་དཔའ་མདུན་གྱི་མ་མོའི་ཐུགས་ཀར་ཧ་ལས་ཡེ་ཤེས་སེམས་དཔའི་ལྷ་མོ་ཀ་རི་མ་སྔོན་མོ། གཡས་ཞིང་དབྱུག་གཡོན་ཐོད་ཁྲག་བསྣམས་པ། དེ་ཡི་ཐུགས་ཀར་ཟླ་བའི་སྟེང་དུ་ཏིང་འཛིན་སེམས་དཔའ་རལ་གྲི། དེའི་སོ་ཡུའི་མཚམས་སུ་མ་ནག་མོ་གཅིག་ལ་ཡི་གེ་བཅོ་ལྔས་བསྐོར་བས། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་དགྱེས་པ་བསྐྱེད། དེའི་མ་ཡིག་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས་ཅི་འདོད་པའི་ལས་རབ་འབྱམས་བསྒྲུབ་ནས་ཐུགས་ཀའི་ས་བོན་ལ་ཐིམ་པས་མ་མོའི་ནུས་མཐུ་བདག་གིས་ཐོབ་པར་བསམ་ལ། ༀ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུགྨེ་ཧཱུྃ་བྷྱོཿཛཿཛཿ ཡི་གེ་བཅོ་ལྔ་པ་འདི་རྩ་སྔགས་སོ། །གཉིས་པ་ལ་བརྟེན་ཚུལ་བཞིའི་བསྙེན་དམིགས་དང་། འབོད་རྦད་བསད་གསུམ་གྱིས་སྒྲུབ་པ་དང་། སྲོག་གི་ལས་བརྒྱད་ཀྱི་དམིགས་རིམ་མོ། །དང་པོ་ལ་བཞི་ལས་མ་ལྟར་དུ་བསྟེན་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ལྷ་མོའི་ཐུགས་ཀར་ཕོག །ལྷ་མོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་བྱུང་། བདེ་ལྡན་ལྷ་མོ་བརྙེས་ནས་ཐུགས་ཀའི་ནུ་འབུར་ནས་ཚུར་ལ་སྔགས་ཕྲེང་གི་དངོས་གྲུབ་སྩོལ་བར་བསམ་ནས། གཙོ་མོའི་སྲོག་སྙིང་། ༀ་རུ་རུ་བེ་ཏིསྟ་བ་དོ་སི་རུ་རུ་རོ་རུ་བེ་ཏིཥྛ་བ་དོ་པི་ཙ་པ་ལ་ཨ་ཤུགྨེ་ཧཱུྃཿབྷྱོཿཛཿ འོད་ཟེར་དེས་འཁོར་རྣམས་ཀྱང་ལས་ལ་བསྐུལ་བར་གྱུར། ཁོལ་མོ་རེ་ཏི་ཆུ་སྲིན་གདོང་སྲོག་སྙིང་། ༀ་རུ་རུ་རོ་རུ། ནུ་ཏིཥྛ་བ་དོ་སི། རགྨོ་ཙིཏྟ་ཁ་རགྨོ་ཧཱུྃ་བྷྱོཿ མ་མ་ཏྲཀ་རཀྴ། ཁ་མུན་དྲ་བ་དྲ་རཀྴ་ཙིཏྟ་ཁ་རག་མ། རེ་མ་ཏི་ས་མ་ཡ། བྲ་མ་མ་ཧཱ་སྟེ་པྲན་དུན་བྷྱོ་རུ་ལུ་རུ་ལུ་བྷྱོ་ཛ་ཛཿ འཁོར་མ་མོ་ཐམས་ཅད་ཀྱི་སྙིང་པོ། ས་མ་ཡ་དུ་ལིང་རཀྴ་སི། ཧཱེ་རཀྴ། བྷྱོ་རཀྴ། དུ་རཀྴ། མ་རཀྴ་སི། མཱ་མཱ་མཱ་མཱ་རུ་ལུ་རུ་ལུ། བྷྱོ་བྷྱོ་བྷྱོ་བྷྱོ། རུ་རུ་རུ་རུ། གཉིས་པ་སྲིང་ལྟར་བསྟེན་པ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས། ལྷ་མོའི་ཐུགས་ཀར་ཐིམ། དེ་ལས་འོད་ཟེར་འཕྲོས། བདེ་བར་གཤེགས་པ་སྲས་བཅས་མཆོད། བྱིན་རླབས་བསྡུས། དགྲ་བགེགས་བསྒྲལ། བར་ཆད་བསལ། ལྷ་མོའི་སྐུ་གསུང་ཐུགས་མཉེས། དངོས་གྲུབ་རྣམས་ལྟེ་བ་ནས་བྱུང་། རང་གི་སྙིང་ཁར་འོད་ཟེར་རབ་ཏུ་འཁོར་བའི་རྣམ་པར་གྱུར་པ་བསྒོམ་མཐར། ༀ་མ་ཧཱ་ཀ་ལི་རེ་མ་ཏི། མ་མ་རུ་ལུ་རཀྴ་རེ་མ་ཏི། མ་མ་རུ་ལུ་རཀྴ་རེ་མ་ཏི། རུ་ལུ་རུ་ལུ་བྷྱོཿཛཿཛཿ སྙིང་པོའོ། །གསུམ་པ་མཛའ་མོའི་ཆུང་མ་ལྟར་བསྟེན་པ། བདག་གི་ཐུགས་ལས་འཕྲོས་པའི་སྔགས་ཀྱི་འོད་ཟེར་རྩ་དབུ་མའི་ནང་ནས་མར་ཞུགས། གསང་བའི་རྡོ་རྗེ་ནས་ཕྱིར་ཕྱུང་། མ་མོའི་པདྨར་ཞུགས། མཆོད་པ་སྣ་ཚོགས་ཀྱིས་མཆོད་ནས་བརྙེས་ཤིང་ཚིམས། མཐུ་ནུས་འབར། ཐུགས་ཀ་ནས་ཞལ་བརྒྱུད་ཚུར་བྱུང་བདག་གི་ཞལ་དུ་ཞུགས་པས་དངོས་གྲུབ་སྣ་ཚོགས་སྟེར་བར་གྱུར་པའི་མཐར་འགལ་མེའི་འཁོར་ལོ་ལྟར་བསྒོམ་སྟེ། ༀ་ཏྲག་རཀྴ་མ་ཧི་དུན་བྷྱོཿ མ་ཧཱ་ཡཀྴ་ཏཱིཀྞ་ཀཱ་ལི་དུན་བྷྱོཿ ཡང་སྙིང་བཅུ་བདུན་མའོ། །བཞི་པ་བྲན་ལྟར་བསྟེན་པ། བདག་གི་ཐུགས་ཀའི་སྔགས་འོད་ཟེར་བཅས་པ་ལྷ་མོའི་ཐུགས་ཀར་ཕོག །མ་མོ་མཉེས་ཤིང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་མ་མོའི་ཞལ་ནས་འོད་ཟེར་གྱི་རྣམ་པར་རང་གི་ཞལ་དུ་ཞུགས་ཏེ་སྙིང་ཀར་འཁོར་བར་གྱུར་པ་བསྒོམ་ནས། ༀ་ཏྲཀྴ་མ་མ་མ་ཏི་དུན་བྷྱོཿ མ་ཧཱ་རཀྴ་མ་ཧཱ་ཏིཀྵྞ་ནག་མོ་དུན་ཏིང་མ་བྷྱོཿ ཉེར་སྙིང་ཉེར་བཞི་མའོ། །གཉིས་པ་བསྒྲུབ་པའི་མན་ངག །རང་ཡི་དམ་གྱི་ཐུགས་ཀ་ནས་ཧཱུྃ་གི་འོད་ཟེར་གྱིས་མདུན་དུ་གནས་པའི་ལྷ་མོའི་ཐུགས་ཀའི་མ་ལ་ཐིམ་ཞིང་ཡོངས་སུ་བསྐུལ་བས་ཉི་མ་བྱང་ཤར་གྱི་མཚམས་དང་། རང་བཞིན་གྱི་གནས་ནས་སླར་ཡང་། མ་མོ་འཁོར་དང་བཅས་པ་བཀུག །རྒྱལ་བའི་བསྟན་པ་རིན་པོ་ཆེའི་ཚུལ་བཞིན་བསྒྲུབ་པ་ལ་སྡང་བའི་དགྲ་བགེགས་ཐམས་ཅད་ཚར་བཅད། གནོད་པའི་བགེགས་མ་ལུས་པ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག །ཕྲིན་ལས་འདོད་དགུ་ཡིད་བཞིན་དུ་བསྒྲུབ་པར་བསམ་ནས། ༀ་རུ་རུ་ཙ་རུར་ཨ་ཤུགྨེ། པྲ་ཏི་རུ་དྲ་པྲ་ཁ་ཤག་རཀྨོ་ཧཱུྃ། རཀྴ་ཙིཏྟ་ས་མ་ཡ། ཀུ་རུ་ཁ་ཙིཏྟ་ནན། འབོད་པའོ། །ༀ་རུ་རུ་པེ་རུ་རེ་ཧཱུྃ། ཏིསྟ་ཐ་བ་ཏོ་སིལ། རགྨོ་རྙིང་ཁ་ལ་རགྨོ་ཐུན་བྷྱོ་ཛཿཛཿ རྦད་པའོ། །རུ་ལུ་རེ་མ་ཏི་ས་མ་ཡ། བྲ་མ་ཧསྟི། པྲ་མ་རགྨོ་རུ་ལུ་རུ་ལུ་བྷྱོ་ཛཿཛཿ ཁ་རག་དེ་ཁེམ་ཛཿཛཿ ཁ་ལེ་ཐུན་བྷྱོ་ཐུན་མ་མོ་བྷྱོ། ཧཱུྃ་རགྨོ་ནི་ཤ་ཀུ་རུ་རྦད། རགྨོ་ཨརྱ་ཛཿཛཿ ཏི་ཁེཾ་ཁ་ལེ་བྷྱོ་བྷྱོ། ས་མ་ཡ་དགྲ་བགེགས་མ་ར་ཡ་ཧཱུྃ་ཕཊཿ བསད་པའོ། །གསུམ་པ་ནི། དབབ་དང་དམ་བཏགས་སྲོག་སྐོར་བ། གཅུན་དང་ཡང་རིག་བླང་བ་དང་། གཟེར་བ་གཟི་བྱིན་བླང་བ་དང་། ཟིལ་གྱིས་མནན་པ་རྣམ་པ་བརྒྱད། ཅེས་གསུང་སྟེ་ཤིན་ཏུ་གཉན་པས་གཞུང་དུ་མ་བཀོད་པ་བེའུ་བུམ་ལས་ཤེས་པར་བྱའོ། །བཅུ་གཅིག་པ་ལས་བསྙེན་མཆོད་དངོས་དང་། བསྙེན་བསྟོད་དོ། །དང་པོ་ནི། ༀ་ཤྲི་དེ་ཝི་མ་ཧཱ་ཀཱ་ལི་མ་མ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱཿནས། ཤཔྟའི་བར་གྱིས་མཆོད་ཅིང་རོལ་མོ་བྱ། གསེར་སྐྱེམས་འབུལ་བཞིན། ༀ་ཨཱཿཧཱུྃ། མཆོད་དོ། །མཿ རིག་པ་རང་བྱུང་གི་རྒྱལ་མོ། དཔལ་ལྡན་ལྷ་མོ་ནག་མོ། དུས་བཞིས་ལྷ་མོས་སྐུ་ལ་བརྒྱན་པ། བདུད་ཀྱི་ཡུམ་ལ། གཤིན་རྗེའི་ལྕམ། འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྔོན་དུ་རྒྱུགས་པ་ཆུ་སྲིན་མགོ་ཅན། མ་མོ་བདུན་དང་མ་གསུམ་སྲིང་མོ་རྣམ་བཞི། རྗེས་སུ་རྒྱུག་ཅིང་གཡས་གཡོན་མྱུལ་བ། ཉི་ཟླ་སྟོང་གིས་ཁྱབ་པར་འགྲོ་མ། གདོང་མོ་ཆེན་མོ་སེང་སྟག་འབྲུག་སྤྱང་བཞི། དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད། མ་མོ་ནག་མོ་སྟོང་གི་ཚོགས་དང་། བདུད་མོ་བྱེ་བ་འབུམ་སྡེའི་བཀའ་འཁོར་དང་བཅས་པ། མཐུ་ཆེན་དམ་པ་ཆོས་སྐྱོང་བའི་སྲུང་མའི་དབང་པོ་རྣམས་ལ། མཆོད་ཅིང་གསེར་སྐྱེས་ཕུད་ཀྱིས་གསོལ་ལོ། །ཀུན་མཁྱེན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པའི་སྒོ་ནས་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་དུ་འཚོ་བ ཞེས་པ་དང་། དེར་འཛིན་གྱི་སྐྱེས་བུ་དམ་པ་འགྲོ་བའི་ཕན་བདེ་སྤེལ་བར་བཞེད་པ་རྣམས་ཀྱི་ཞབས་པད་བརྟེན་ཅིང་བཞེད་དོན་གེགས་མེད་པར་འགྲུབ་པར་མཛད་དུ་གསོལ། བདག་ཅག་འཁོར་དང་བཅས་པའི་དཔལ་དང་གྲགས་པ་སྤེལ། ཚེ་དང་དབང་ཐང་བསྐྱེད། སྐྱེ་བོ་སྡང་བར་བྱེད་པའི་དགྲ་སོད། འབྱུང་པོ་གནོད་པར་བྱེད་པའི་བགེགས་ཐུལ། ལྷ་འདྲེས་བར་དུ་གཅོད་པའི་རྐྱེན་བཟློག །དུས་མ་ཡིན་པའི་འཆི་བདག་གི་བདུད་བསྒྱུར། གནོད་བྱེད་བར་དུ་གཅོད་པ་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །གཉིས་པ་ནི། བྷྱོཿ འཕྲུལ་གྱི་ཕོ་བྲང་ཐོད་པའི་ལྡིང་ཁང་ནས། །དཔལ་ལྡན་ལྷ་མོ་ཁྲག་འཐུང་རེ་མ་ཏི། །སྲིན་པོ་ནག་པོའི་ཆུང་མ་རལ་པ་ཅན། །ཡ་མཚན་རྨད་བྱུང་ལྷ་མོ་ཁྲོ་རྒྱལ་གཙོ། །ཞལ་གདོངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་ཅན། །རྔམ་པའི་ཚུལ་གྱི་དམར་ཆེན་ཁྲག་ལ་རོལ། །ཁ་འབར་ཆེན་མོ་སྲོག་གི་ཤན་པ་མོ། །སྐུ་ནི་ནག་མོ་འབུམ་གྱི་དབུས་ན་བཞུགས། །སྐྱེ་བ་རྣམ་བཞི་སྒྲོལ་བའི་གིང་ཆེན་མོ། །ཁྱོད་ནི་སྲིད་པ་གསུམ་གྱིས་བསྐུལ་བར་འོས། །ཚངས་པའི་རྒྱལ་པོས་རྨ་བྱའི་རྒྱལ་མཚན་ཕུལ། །བདུད་ཀྱི་རྒྱལ་པོས་ཁྲམ་བམ་ནག་པོ་འཕུལ། །འཆི་བདག་རྒྱལ་པོས་ཕྱག་མཚན་རལ་གྲི༴ དུར་ཁྲོད་མ་མོས་བྷཉྫ་ལྕང་ལོ༴ གནོད་སྦྱིན་རྒྱལ་པོས་ནཻའུའི་རྐྱལ་པ་ཕུལ། ཀླུ་ཡི་རྒྱལ་པོས་སྦྲུལ་ནག་གདེངས་ཀ༴ ཁྱབ་འཇུག་ཆེན་པོས་ཉི་མ་ཟླ་བ༴ རྣམ་ཐོས་སྲས་ཀྱི་སེང་གེ་སྙན་ཆ༴ ཐེག་ཆེན་རྒྱལ་པོས་གླང་ཆེན་ཀོ་རློན༴ མ་བདུད་རྒྱལ་མོས་རེ་ལྡེའི་ཤམ་ཐབས། མ་མོ་རྣམས་ཀྱིས་ནད་ཀྱིས་རྐྱལ་པ༴ ཀླུ་མོ་རྣམས་ཀྱི་འཕྲུལ་གྱི་མེ་ལོང་༴ སྨན་མོ་རྣམས་ཀྱི་མཚོན་གྱི་གྲུ་གུ༴ ཤ་ཟའི་རྒྱལ་པོས་ཐོད་པའི་ཕྲེང་བ༴ ལྷ་ཕྲན་རྣམས་ཀྱི་གསེར་གྱི་དྲིལ་བུ༴ ས་བདག་རྒྱལ་པོས་རུས་སྦལ་ཕོག་གུ༴ བཙན་གྱི་རྒྱལ་པོས་ཤྭ་དྷེལ་དཀར་ནག༴ སྲིན་པོའི་རྒྱལ་པོས་ལྕགས་སྒྲོག་འབར་བ༴ རྣལ་འབྱོར་བདག་གིས་བདུད་རྩིའི་གཏོར་མ་འཕུལ། །རཀྟ་དམར་གྱི་ཨརྒྷཾ་བསྒྲེངས་ཙམ་ན། །མ་ལ་བུས་འབོད་གདུང་སེམས་མ་ཆུང་བར། སྨུག་ནག་འཇིགས་པའི་རྒྱལ་མོའི་སྐུར་བཞེངས་ལ། །ལྕགས་ཀྱུ་འདྲ་བའི་སྡེར་མོས་གཏོར་མ་ལོངས། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་གདོང་ལ། །ཟ་བྱེད་རྣོ་གདུག་འབར་བའི་མཆེ་བས་གསོལ། །ལེ་བརྒན་ཁྲ་འཐུང་འབར་བའི་ལྗགས་རྐྱང་ལ། །ཆོས་ཀྱི་དབྱིངས་དང་མཉམ་པའི་མགུལ་དུ་བསྟིམས། །སློབ་དཔོན་པདྨས་མཛད་པའོ། །བྷྱོཿ ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་སྟེ། །ལྷ་མོ་དཔལ་འབར་མ་ལ་ཕྱག་འཚལ་བསྟོད། །ཀླུ་ལ་དབང་བསྒྱུར་ཀླུ་མོ་དཔལ་འབར་མ། །གཙུག་ན་རིན་ཆེན་བུ་མོ་ཡིད་འོང་མ། །རོལ་པའི་མཚོ་བདུན་གནས་ཀྱི་གཙོ་མོ་སྟེ། །ཀླུ་མོ་དཔལ་འབར་མ་ལ༴ གནོད་སྦྱིན་དབང་བསྒྱུར་གནོད་སྦྱིན་དཔལ་འབར་མ། །གང་བ་བཟང་བོའི་བུ་མོ་ཤང་ཀར་ཏི། །ནགས་ཚལ་དྲྭ་བ་ཅན་གྱི་གཙོ་མོ་སྟེ། །གནོད་སྦྱིན་རེ་མ་ཏི༴ བདུད་ལ་དབང་བསྒྱུར་བདུད་མོ་དཔའ་འབར་མ། །རེ་ལྡེ་མགོ་ཉག་བུ་མོ་རེ་མ་ཏི། །བདུད་མཁར་རྩེ་དགུའི་གནས་ཀྱི་གཙོ་མོ་སྟེ། །བདུད་མོ་རེ་མ་ཏི༴ སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི། །ཆོས་ཉིད་དོན་རྟོགས་འཕགས་མ་རེ་མ་ཏི། །ས་བརྒྱད་ནོན་པའི་སེམས་མ་རེ་མ་ཏི། །ལྷ་མོ་མཐུ་ཆེན་ཁྱེད་ལ་ཕྱག་འཚལ་བསྟོད། །དཀོན་མཆོག་མཐུ་ཆེན་ཁྱེད་ལ༴ རྣལ་འབྱོར་དགྲ་འདུལ་ཁྱེད་ལ་ཕྱག་འཚལ་བསྟོད། །ཞེས་གནས་བཞིའི་བསྟོད་པའོ། །བྷྱོཿ མ་བཅོས་ཆོས་སྐུ་བདེ་བ་ཆེན་པོ་ལས། །སྲིད་དང་ཞི་བར་མི་གནས་མཉམ་པ་ཉིད། །ཡོན་ཏན་ཕྲིན་ལས་མཚོན་པའི་སྐུར་སྟོན་པ། །དཔལ་དང་ལྡན་པའི་ལྷ་མོ་ཁྱོད་ལ་འདུད། །སྐུ་ཡི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ། །མྱ་ངན་མི་འདའ་མཐུན་པར་སྣང་བ་ཉིད། །མཛེས་པའི་རྒྱན་ལྡན་མ་གཅིག་རེ་མཱ་ཏི། །འགྲོ་བའི་གཉན་གཅིག་མ་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་མཁའ་ལྟར་རྟོགས་པའི་ཤེས་རབ་ལ། །ཐུགས་རྗེས་རྨད་དུ་བྱུང་བའི་ཐབས་ཚུལ་གྱིས། །མ་རུང་གདུག་པ་ཅན་རྣམས་ཚར་གཅོད་ཅིང་། །མི་བསྙེལ་ཐུགས་དམ་ཅན་ལ་བདག་བསྟོད་དོ། །དམན་པ་མི་འདོར་རྟགས་སུ་བོང་བུ་བཅིབས། །ལྷའི་ལྷར་གྱུར་ལྷ་མིན་སྐྲག་མཛད་མ། །རྫུ་འཕྲུལ་ཤུགས་འཆང་སྟོང་གསུམ་ཁྱབ་པར་ཉུལ། །བསྟན་པ་གཉེར་མཛད་མ་ལ་བདག་བསྟོད་དོ། །ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའོ། །བྷྱོཿ དཔལ་གྱི་སྲུང་མ་ཁམས་གསུམ་གཙོ་མོ་ནི། བོང་བུ་རྟ་མཆོག་དཔག་ཚད་བརྒྱད་ཁྲིར་རྒྱུག །ནག་མོ་ཁྲག་འཐུང་དབྱིངས་ཀྱི་ད པལ་འབར་མ། །དཔལ་ལྡན་མ་ཆེན་ཅིར་ཡང་འཁྲུལ་པ་ནི། །སྟོང་ཁམས་ཀུན་ལ་དབང་མཛད་ཆེན་མོ་བཞི། །ནམ་ཟླ་དཔྱིད་ཀྱི་རྒྱལ་མོར་གཤེགས་པའི་ཚེ། །དཀར་མོ་ཤྲི་རི་དུར་ཁྲོད་གནས་ཉུལ་མ། །ཁྲག་འཐུང་ཆེན་མོའི་སྐུ་ལ་ཕྱག་འཚལ་བསྟོད། །འགྲོ་བ་ཀུན་ལ་བདེ་བ་སྩོལ་བའི་སླད། །ནམ་ཟླ་དབྱར་གྱི་རྒྱལ་མོས་གཤེགས་པའི་ཚེ། །བྷ་ག་ཧིསྟི་མཁའ་ལས་ཆར་འབེབས་མ། །སེར་མོ་སྦྱོར་བདག་ཆེན་མོར་ཕྱག་འཚལ་བསྟོད། །ཁམས་གསུམ་ཀུན་ཏུ་བསྐྱོད་ཅིང་བསྡུད་པའི་སླད། །ནམ་ཟླ་སྟོན་གྱི་རྒྱལ་མོར་གཤེགས་པའི་ཚེ། །སྤྲུལ་པ་མཐིང་ནག་མི་སྲུན་རལ་པ་ཅན། །མ་མོ་སྲོག་བདག་ཆེན་མོར༴ ལོག་འདྲེན་དགྲ་བགེགས་ཐལ་བར་བརླག་པའི་ཕྱིར། །ནམ་ཟླ་དགུན་གྱི་རྒྱལ་མོར་གཤེགས༴ མེ་ཟླ་བྲག་གྱོན་རྒྱ་མཚོའི་གཏིང་ཉུལ་མ། །ཁྲི་ཟ་སྟོང་སྒྲོལ་ཆེན་མོར༴ བྷྱོཿ དམ་ལྡན་རྣམས་ལ་རྟག་འདུ་ཕྱིར། །རྒྱ་མཚོའི་ཀློང་ནས་མེ་མཆེད་ཅིང་། །རླུང་འཚུབས་དབུས་ན་ཆུ་འཐོར་བ། །མུན་པའི་དཀྱིལ་ན་མེ་འབར་ནས། །རེ་ཏི་དཔོན་གཡོག་མཁའ་ལ་འགྲོ། །མཚན་མོ་འཇིགས་རུང་སྦེག་པའི་གཟུགས། །ཀེང་རུས་གར་རྩེའི་དུར་ཁྲོད་རོལ། །དུར་བྱ་ལྡིང་བ་རྣམས་བསྐོར་བའི། །དུར་ཁྲོད་རྣམས་ན་ལས་བརྩོན་ཅིང་། །དགུ་དང་བཅུ་གཅིག་ཉེར་བཞིའི་ཚེས། །གསང་སྔགས་བསྒྲུབ་དང་སྡེ་སྣོད་ཀྱི། །དམ་ཆོས་འཛིན་སྐྱོངས་རྒྱུད་ལ་བསྟོད། །དེ་དག་དུས་བཞིའི་བསྟོད་པའོ། །བྷྱོཿ གྲུ་གསུམ་མཐིང་ནག་ཞལ་གྱི་དཀྱིལ་འཁོར་ནས། །དུར་ཁྲོད་མངའ་མཛད་དཔལ་ལྡན་རེ་མ་ཏི། །འདས་དང་མ་བྱོན་ཀུན་ལ་དབང་བསྒྱུར་ཞིང་། །སྟོང་གསུམ་འཇིག་རྟེན་ཀུན་གྱི་མདངས་འཕྲོག་མ། །ཀུན་ལ་དབང་བསྒྱུར་འཁོར་ལོ་རིན་ཆེན་འདྲ། །བསམ་པའི་དོན་གྲུབ་ནོར་བུ་རིན་ཆེན་འདྲ། །མི་འབྲལ་གཟུགས་མཛེས་བཙུན་མོ་རིན་ཆེན་འདྲ། །བླ་མེད་གྲོགས་ཚོལ་བློན་པོ་རིན་ཆེན་འདྲ། །ཐེག་པའི་མཆོག་ལྡན་གླང་པོ་རིན་ཆེན་འདྲ། །ས་བཅུ་བགྲོད་མཛད་རྟ་མཆོག་རིན་ཆེན་འདྲ། །འཇིག་རྟེན་མགོན་སྐྱབས་དམག་དཔོན་རིན་ཆེན་འདྲ། །མཿ འཇིག་རྟེན་མགོན་པོ་ལྟར་ནི་བསོད་ནམས་ཆེ། །ལྷ་དབང་བརྒྱ་བྱིན་ལྟར་ན་ལོངས་སྤྱོད་ཆེ། །ཨུ་མ་དེ་ཝ་ལྟར་ནི་ཆོ་རིགས་བཙུན། །ཨུ་དུམྺ་ར་ལྟར་ནི་སྐྱེ་བ་དཀོན། །མེ་ཏོག་པདྨ་ལྟར་ནི་བལྟ་བས་མཛེས། །ཕྱག་ན་རྡོ་རྗེ་ལྟར་ནི་མཐུ་སྟོབས་ཆེ། །གཅན་གཟན་སེང་གེ་ལྟར་ན་དཔའ་བརྗིད་ཆེ། །ནམ་མཁའི་ལྷ་ཕྲན་ལྟར་ནི་སྐུ་ཁྲུས་གསོལ། །ནོར་བུ་རིན་ཆེན་ལྟར་ནི་གཙུག་ཏུ་ཁུར། །འཛམ་གླིང་རྒྱལ་པོ་ལྟར་ནི་བདག་བསྟོད་དོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། བསྐངས་གསོལ་བསྐུལ་པ་གཏོར་འབུལ་གསུམ། མཐའ་བསྡུས་བཀྲ་ཤིས་རིམ་པ་དང་ལྔ། དང་པོ་ལ་བསྐང་གསོལ་དངོས་དང་། བསྐང་བའི་བཤགས་པའོ། །དང་པོ་ལ། བསྐང་བ་དང་། མཐུན་རྫས་འབུལ་བའོ། །དང་པོ་ནི། ཧཱུྃ་བིགྣན་ཏ་ཀྲིཏ་ཧཱུྃ་ཕཊཿ རཾ་ཡཾ་ཁཾ༴ སྭཱ་བྷཱ་ཝ༴ རྣམས་ཀྱིས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ཡིག་ལས་བྱུང་བ་འཇིགས་རུང་ཐོད་པ་བསོ་ལྕགས་ཀྱི་མཁར། ཞིང་ཆེན་བླ་བྲེ། མི་རོའི་རྒྱལ་མཚན་འཕྱར་བའི་ནང་དུ་དམ་ཉམས་དགྲ་བོ་བསྒྲལ་བའི་མགོ་རུས་དོན་སྣོད་དབང་ལྔ། ནལ་བུའི་སྙིང་། བྱ་ནག །རྟ་ནག །ཁྱི་ནག །གཡག་ནག །མི་ནག་དབང་པོ་ཚངས་ཤིང་རྒྱན་གྱིས་བརྒྱན་པ། སྟག་གཟིགས་གོས་དར་སོགས་ཕྱི་ནང་གསང་བའི་དམ་རྫས་དངོས་འབྱོར་ཡིད་སྤྲུལ་གྱི་བསྐངས་རྫས་ཟག་མེད་ནམ་མཁའི་མཛོད་དུ་འབྱུང་བར་གྱུར་ཅིག །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། རྒྱས་པར་སྤྲོ་ན་འཁྲུགས་བསྐངས་ཆེན་མོ་སྦྱར་ཞིང་། དཀྱུས་ཙམ་དུ་སྙན་པའི་དབྱངས་རོལ་བཅས། བྷྱོཿ ཡོངས་འདུས་ཤིང་གི་གནས་མཆོག་ནས། །རིན་ཆེན་མཛེས་པའི་ཕོ་བྲང་ནས། །བདེ་ལྡན་འཕྲུལ་གྱིས་ལྡིང་ཁང་ནང་། །འགྱིང་བག་ཚུལ་གྱིས་གར་མཛད་མ། །དབང་ཕྱུག་སྲས་མོ་དུང་སྐྱོངས་མ། །གདུང་བས་སྤྱན་འདྲེན་གཤེགས་སུ་གསོལ། །ཆིབས་སུ་བོང་བུ་དམར་གྭ་བཅིབས། །རལ་གྲི་ནཻའུ་ལེ་ཕྱག་ན་བསྣམས། །སྐུ་ལ་དུར་ཁྲོད་ཆས་ཀྱི་བརྒྱན། །དཔལ་ལྡན་ལྷ་མོ་གནས་འདིར་བྱོན། །བྱང་ཤར་ཐོད་པའི་སྐུ་མཁར་ན། །མི་རོ་འབུམ་གྱི་ཁྲི་སྟེང་ནས། །དྲེལ་ནག་རྐང་གསུམ་ཆིབས་སུ་བཅིབས། །སྐུ་མདོག་ནག་མོ་རེ་ལྡེས་བརྒྱན། །ཕྱག་ན་ཁྲམ་བམ་ཤྭ་དྷིལ་བསྣམས། །བདུད་མོ་ཆེན་མོ་གནས་འདིར་གཤེགས། །ཀླུ་རྣམས་དབང་བསྡུད་ཆུ་སྲིན་གདོང་། །བཀའི་བློན་པོ་བ་ལམ་མ། །ལས་ཀྱི་ཕོ་ཉ་ཁྲི་སྨོན་མ། །དཔོན་གཡོག་འཁོར་བཅས་གནས་འདིར་བྱོན། །ༀ་མ་མ་རེ་མ་ཏི་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ་བྷྱོཿ དཔལ་ལྡན་མ་མོ་དགོངས་སུ་གསོལ། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །ཤ་ཁྲག་སྣ་ཚོགས་གཏོར་མ་ལ། །སྙིང་སྣ་སྣ་ཚོགས་རྒྱལ་མཚན་བཙུགས། །དར་ཟབ་མཛེས་པའི་རྒྱན་གྱིས་བརྒྱན། །ཤ་ཆང་སྒོག་གཙོང་ལ་སོགས་པའི། །མཆོད་རྫས་སྣ་ཚོགས་གཅལ་དུ་བཀྲམ། །ཚིལ་ཆེན་དུད་པ་སྤྲིན་ལྟར་འཁྲིགས། །རཀྟའི་རྒྱ་མཚོའི་རྦ་རླབས་འཁྲུགས། །ཞུན་ཆེན་མར་མེ་ཏ་ལ་ལ། །ཐོད་རྔ་མི་རྐང་དུང་ལ་སོགས། །རོལ་མོ་སྣ་ཚོགས་ཏི་རི་རི། །སྙན་པའི་ཛབ་བགྲང་ཡེ་རེ་རེ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །མཿ བདག་གིས་དུས་གསུམ་དབང་གྱུར་པས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །སྐུ་གསུང་ཐུགས་དང་འགལ་བ་རྣམས། །མཆོད་སྦྱིན་འདི་ཡིས་བསྐང་གྱུར་ཅིག །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །ཞིང་གི་ལྤགས་པའི་གཡབ་མོ་དང་། །གཡབ་དར་ནག་པོས་ཐུགས་དམ་བསྐང་། །བརྟེན་པའི་དམ་རྫས༴ ཙིཏྟ་སྙིང་གི་ཐུགས་དམ་བསྐང་། །རང་བཞིན་གནས་ནས་སྤྱན་འདྲེན་ཕྱིར། །ཚིལ་ཆེན་གསུར་གྱི་དུད་པ་དང་། །མི་རྐང་གླིང་བུས༴ དམ་ཚིག་གཉེན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས༴ མགྲིན་པའི་གསང་ནས་སྦྱངས་པའི་ཕྱིར། །དམར་ཆེན་རཀྟས༴ ལྗགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །ཤ་ཆེན་རུས་པས༴ ཉམས་ཆག་མ་ལུས་གསོ་བའི་ཕྱིར། །ལྷ་ལུག་ནག་པོ་སྤྱི་དཀར་དང་། །བྱ་ནག་སྒོ་ང་དཀར་མོ་ལ། །ཡོན་ཏན་སྣ་ཚོགས་ལྡན་པ་འདིས། །མ་མོ་ཡོངས་ཀྱི༴ རྨ་བྱ་འཇོལ་སྒེག་ལྡན་པ་ལ། །རིན་ཆེན་སྣ་ཚོགས་གཤོག་པ་ཅན། །རིན་ཆེན་འབར་བས་སྤྱི་བོར་བརྒྱན། །མ་ཅིག་གཙོ་མོའི༴ དེ་མོ་ནག་མོ་གསེར་མིག་མ། །ཡིད་བཞིན་ནོར་བུས་སྐུ་ལ་བརྒྱན། །ཡོན་ཏན་དུ་མར་ལྡན་པ་འདིས། །ཁོལ་ལོ་རེ་མཱ་ཏི་ཡི༴ ནལ་ཕྲུག་སྙིང་དང་ཤ་ཁྲག་དང་། །སེང་གེ་སྙིང་དང་བྱ་ནག་སྙིང་། །ནལ་སྤགས་སེང་གེའི་རྒྱལ་མཚན་གྱིས། །རྗེ་བློན་ཡོངས་ཀྱི༴ ཧཱུྃ། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐངས། །ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐངས། །མ་ཧཱ་དེ་ཝའི༴ ཨུ་མ་དེ་ཝའི༴ དཔལ་ལྡན་ལྷ་མོའི༴ མ་ཧཱ་ཀཱ་ལིའི༴ བྲམ་ཟེ་མཆོག་སྲེད༴ ཨེ་ཀ་ཛ་ཊིའི༴ ཧཱུྃ། བསྐང་ངོ་བསྐལ་པའི༴ གཤིན་རྗེའི་ཆོས་རྒྱལ༴ རེ་ལྡེ་མགོ་ཉག༴ དྲན་པ་དབང་བྱེད༴ བདུད་མོ་རེ་ཏིའི༴ བཀའ་བཞིན་ལས་རྣམས་བསྒྲུབ་པའི་ཕྱིར། །ཆུ་སྲིན་གདོང་གིས༴ དགྲ་བགེགས་རྩད་ནས་གཅོད་པའི༴ བ་ལམ་ནག་མོའི༴ བསྟན་སྲུངས་ཕོ་ཉ་འབྱེད་པའི་ཕྱིར། །ཁྲི་སྨན་ས་ལེའི༴ རྡོ་རྗེ་ཀུན་གྲགས༴ རྡོ་རྗེ་ཀུན་བཟང་༴ རྡོ་རྗེ་ཀུན་གསལ༴ རྡོ་རྗེ་ཡེ་ཤེས༴ རྡོ་རྗེ་འོད་ཆགས༴ རྡོ་རྗེ་གསལ་འཕྲོ༴ རྡོ་རྗེ་གཡུ་སྒྲོན༴ རེ་མ་ཛ་ཡི༴ རེ་མ་ཛུ་ཡི༴ དཀར་མོ་མཛེས་མ༴ སྔོན་མོ་རལ་འཛིང་༴ དམར་མོ་དབང་ཆེན༴ སེར་མོ་མཁའ་བཞད༴ སེང་སྟག་འབྲུག་སྤྱང་༴ ཞི་བའི་ལས་རྣམས་བསྒྲུབ་སླད་དུ། །ཤར་གྱི་མ་དྲུག༴ རྒྱས་པའི་ལས་རྣམས༴ ལྷོ་ཡི་མ་དྲུག༴ དབང་གི་ལས་རྣམས༴ ནུབ་ཀྱི་མ་དྲུག༴ དྲག་པོའི་ལས་རྣམས༴ བྱང་གི་མ་དྲུག༴ ཚད་མེད་བཞི་ཡི་ལས་མཛད་ཕྱིར། །སྒོ་མ་བཞི་ཡི༴ སྨྲ་བོ་ལག་རིང་ལ་སོགས་པ། །སྨྲ་བསྲུང་བརྒྱད༴ དགྲ་བགེགས་ཁྲམ་ལ་འདེབས་པའི་ཕྱིར། །ཁྲམ་ཐོགས་བརྒྱད༴ སྟོང་གསུམ་མ་ལུས་ཉུལ་བའི༴ བོང་ཞོན་བརྒྱད༴ བྱ་བའི་ལས་རྣམས་བསྒྲུབ་པའི་ཕྱིར། །ནམ་གྲུ་བརྒྱད་འཁོར་དུ་ལས་ཀུན་བསྒྲུབ་པའི་ཕྱིར། །སྲིད་པའི་མ་མོ་སྟོང་༴ ཧཱུྃ། ཤ་ཟ་ཁྲག་འཐུང་ལས་ཀྱི་སྲིན་མོའི་ཚོགས། །སྟོང་ཕྲག་དྲུག་ཅུ་རྩ་བཞིའི༴ ཤར་ཕྱོགས་དཀར་མོ་འབུམ་གྱི༴ ལྷོ་ཕྱོགས་སེར་མོ་འབུམ་གྱི༴ ནུབ་ཕྱོགས་དམར་མོ་འབུམ༴ བྱང་ཕྱོགས་ལྗང་མོ༴ མཐའ་བསྐོར་སྨུག་མོ་འབུམ་སྡེའི༴ སྤྲུལ་པའི་མཐིང་ནག་འབུམ་སྡེའི༴ མ་མོ་མ་ཡམས་རྒྱལ་མོའི༴ མ་མོ་བྱེ་བའི་ཚོགས་ཀྱི༴ བདུད་མོ་བྱེ་བའི་ཚོགས༴ ཛམ་གླིང་སྐྱོངས་མ་ཆེན་མོའི་བཀའ་ཉན་པ། །བོད་ཁམས་བརྟེན་མ་བཅུ་གཉིས༴ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐངས། །གཉིས་པ་ནི། བྷྱོཿ བདེ་སྟོང་ཀློང་ཡང་གང་ཤར་རོལ་པ་ནི། །ཅིར་ཡང་འཆར་བའི་འགགས་མེད་ཏིང་འཛིན་རྩལ། །སྣ་ཚོགས་སྒྱུ་མའི་བཀོད་པ་ཁ་ཕྱེས་ཏེ། །མ་ཁྱེད་ཐུགས་དམ་བསྐང་བའི་དཔྱིད་དུ་སྤྲོ། །གསར་རྙིང་ཐོད་བརྩེགས་ཀླད་ཞག་ཞལ་བས་མཛེས། །ལྕང་ལོའི་ཁ་བད་རྒྱུ་མིའི་དྲྭ་ཕྱེད་འཕྱང་། །དབུགས་བྲལ་རྒྱལ་མཚན་ཞིང་གི་བླ་བྲེ་དཀྲིགས། །རྔམས་བརྗིད་རོལ་པ་དྲག་པོའི་ཕོ་བྲང་འདིས། །འདོད་ཁམས་དབང་མོ་འཁོར་བཅས་ཐུགས་དམ་བསྐང་། །ལྕང་ལོར་བཅས་པའི་བྷནྫའི་སྣོད་ཡོང་པོར། །ནང་གསང་ཕྱི་ཡི་དགྲ་བགེགས་བསྒྲལ་བ་ཡི། །ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་འཁྲུགས། །དགུང་སྙེད་བྲག་གི་རི་ཁྲོ ས་པའི་གཏོར་མ་འདིས། །འདོད་ཁམས་དབང་མོ༴ བརྟན་གཡོའི་བཅུད་ལེན་བརྒྱད་སྟོང་ར་ས་ཡན། །རཀྟའི་རྒྱ་མཚོ་ལྦུ་བའི་ཕྲེང་བ་འཕར། །བདུད་རྩིའི་སྐྱེམས་དང་དབང་ལྔའི་མེ་ཏོག་གིས། །འདོད་ཁམས་དབང་མོ༴ གཟུགས་རེག་སྒྲ་སྙན་གསུང་ཞིམ་རོ་མཆོག་བདའ། །ཡིད་བྱུང་སྨིན་ལེགས་བུ་མོ་ཡིད་འཕྲོག་མས། །ལེགས་པར་མཆོད་པའི་ངོ་མཚར་བཀོད་པ་ནི། །རྣམ་མང་མིག་འཕྲུལ་ལྟ་བུར་རྩེ་བ་ཡིས། །འདོད་ཁམས་དབང་མོ༴ འཛམ་གླིང་ཡུད་ཀྱིས་བསྐོར་བའི་ཅང་ཤེས་དང་། །མི་སྡུག་རྭ་ཅན་འགྱིང་བའི་གཡག་ཞོལ་ཆེན། །སྤུ་སྡུག་འཇོམ་ལེགས་གཡང་མོ་མིག་སྨན་མདོག །རྡོ་རྗེའི་མཆུ་སྡེར་དགྲ་བགེགས་ཀླད་འགེམ་བྱས། །འདོད་ཁམས་དབང་མོ༴ རྣམ་བཀྲའི་མདངས་གསལ་རྨ་བྱའི་རྒྱལ་མཚན་དང་། །ལྷབ་ལྷུབ་གཡོ་བའི་དར་གྱི་འཕན་བཟང་པོ། །དབང་པོའི་གཞུ་འདྲ་བ་དན་ལྡ་ལྡིབ་དང་། མི་དབང་ལས་སྐྱེས་རྟེན་གྱི་ཕྲེང་བ་འདིས། །འདོད་ཁམས་དབང་མོ༴ ཕྱི་ནང་གསང་མཆོད་བཀྲ་ཤིས་རྟགས་རྫས་དང་། །སྣ་བདུན་རིན་ཆེན་ངོ་མཚར་ནོར་བུའི་རི། །སྲ་ཞིང་བརྟན་པ་རྡོ་རྗེའི་གོ་དང་ཁྲབ། །ཕས་རྒོལ་དགྲ་འཇོམས་མཚོན་ཆའི་འཁྲུལ་འཁོར་སོགས། །འདོད་ཁམས་དབང་མོ༴ འཇིགས་རུང་མི་ནག་གནས་དུ་འོ་དོད་འབོད། །ཤ་ཟ་མཆེ་གཙིགས་སྲིན་མོ་སྐན་སྒྲ་གཏོགས། །མོན་མོ་དུག་འདེབས་ཅི་སྤྱང་ངུར་སྐད་ལྡིར། །དར་གྱི་ཅོད་པཎ་གཡོ་བའི་ཁྱི་ནག་གིས། །འདོད་ཁམས་དབང་མོ་འཁོར་བཅས་ཐུགས་དམ་བསྐང་། །ལང་ཀའི་ཡུལ་གྱི་མགྲིན་བཟང་དམར་གྭ་ལ། །སྲིན་ཐོད་སྒ་དང་ལྤགས་པས་རབ་གཡོགས་ཤིང་། །གོང་སྨེད་སྲབ་མཐུར་གདུག་པའི་སྦྲུལ་གྱིས་བརྒྱན། །ཛམ་གླིང་ཡུད་ཀྱིས་བསྐོར་བའི་བཞོན་པ་འདིས། །འདོད་ཁམས་དབང་མོ༴ མི་ལྤགས་གོས་དང་རེ་ལྡེའི་སྨད་གཡོགས་དང་། །རྨ་བྱའི་གདུག་དང་ཉི་མ་ཟླ་བའི་བརྒྱན། །འཚུབས་རླུང་གུར་ཁང་ཁྲག་ནག་ཞག་གི་རྫིང་། །སྲ་རྣོ་ཁྲོ་ཆུའི་རལ་གྲི་སྡིག་པ་ཅན། །འདོད་ཁམས་དབང་མོ་འཁོར་བཅས༴ བདུད་ཁྲག་ཐོད་བཀང་ནེའུ་ལེའི་རྐྱལ་པ་དང་། །ནད་ཀྱི་དཔལ་བུ་ཚོན་གྱི་གྲུ་གུ་དང་། །བདུད་ཀྱི་ཁྲམ་ཤིང་ཤྭ་དྷིལ་དཀར་ནག་དང་། །མདའ་དར་མེ་ལོང་དུང་ཤྭས་བརྒྱན་པ་སོགས། །འདོད་ཁམས་དབང་མོ༴ མགོ་རློན་ཁྲག་འཛག་གཡོ་བའི་དོ་ཤལ་དང་། །རཀྟའི་བྱུགས་པ་ཐལ་ཆེན་ཚོམ་བུ་དང་། །གླང་ཆེན་ཀོ་བ་དུག་སྦྲུལ་གདུ་བུ་དང་། །ཕྱག་རྒྱ་ལྔ་དང་སྙན་རྒྱན་སེང་གེ་སྦྲུལ། །འདོད་ཁམས་དབང་མོ༴ བཀོད་ལེགས་གསེར་རི་རོལ་མཚོས་འཁྱུད་པའི་རི། །གླིང་བཞི་གླིང་ཕྲན་ཉི་ཟླ་དཔག་བསམ་ཤིང་། །རིན་ཆེན་གཏེར་བུམ་དགོས་འདོད་འབྱུང་བ་དང་། །ལྷ་མི་ལོངས་སྤྱོད་དཔལ་འབྱོར་ལེགས་སྤྲུལ་པས། །འདོད་ཁམས་དབང་མོ༴ ཆོས་དབྱིངས་བཟང་མོ་ཨེ་ཀ་ཛ་ཊི་མ། །གདུག་པ་འདུལ་ཕྱིར་འདོད་ཁམས་དབང་ཕྱུག་གི། །སྐུར་བཞེངས་ཡེ་ཤེས་མ་མོ་ལྷུན་གྱིས་གྲུབ། །ཡིད་ཆེས་གསོལ་འདེབས་བླ་མེད་རྟེན་མཆོག་འདིས། །འདོད་ཁམས་དབང་མོ༴ དེ་ལྟར་དགྱེས་མཆོད་བསྐངས་ཤིང་བཤགས་པའི་མཐུས། །མ་ཡི་མཐུ་སྟོབས་ཉི་མ་བྱེ་བའི་གཟིས། །བདུད་སྡེའི་ཀུ་མུད་ཟུམ་པས་བསྟན་འཛིན་གྱི། །འདབས་སྟོང་ཉམས་མེད་ཕྱོགས་བརྒྱར་དར་བར་མཛོད། །གཉིས་པ་ནི། ཧཱུྃ། རྡོ་རྗེ་རྒྱལ་པོ་བདེ་བར་གཤེགས་པའི་བཀའ། །གསང་སྔགས་རྣལ་འབྱོར་མཉེས་པའི་གྲུབ་པ་མོ། །ཡོན་ཏན་མང་པོས་འགྲོ་བའི་དོན་མཛད་མ། །སྔོན་གྱི་ལས་ཀྱི་འབྲེལ་བས་བདག་བཟུང་སྟེ། །སྐུ་གསུམ་སྒྱུ་མར་བསྟན་པའི་བཀའ་དྲིན་ཅན། །དུས་ངན་སྙིགས་མའི་དུས་འདིར་བདག་སྐྱེས་ཏེ། །མ་རིག་ཉོན་མོངས་བདག་མེད་དབང་གྱུར་ཏེ། །དམ་ཚིག་ཉམས་ཤིང་ཐུགས་དང་འགལ་གྱུར་པ། །རྡོ་རྗེ་དམ་ལྡན་མ་ལ་བཟོད་པར་གསོལ། །རྒྱས་པར་སྤྲོ་ན་འཁྲུགས་བསྐང་གི་མཇུག་ནས་སྦྱར། བྷྱོཿ ཐོད་པ་དགུ་བརྩེགས་སྲིད་པའི་གཞལ་ཡས་ནས། །དཔལ་ལྡན་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །རང་ལ་རིག་པའི་ཡེ་ཤེས་རྒྱུད་ལྡན་ཡང་། །འཕྲལ་བྱུང་ལོག་རྟོག་ཤིན་ཏུ་དབང་ཆེ་བས། །མ་ཡི་ཐུགས་དང་འགལ་བ་བཟོད་པར་གསོལ། །གཤིན་རྗེ་ཡེ་ནས་ལྷ་མོའི་ཁྱོ་ཡིན་ཡང་། །ཕྲག་དོག་དབང་གིས་བགྱིས་པ༴ རླུང་ནག་ཡེ་ནས་ལྷ་མོའི་སྤྲུལ་ཡིན་ཀྱང་། །ལོག་པར་བལྟས་ཏེ་མ་དད༴ བོང་བུ་ཡེ་ནས་ལྷ་མོའི་བཅིབས་ཡིན་ཀྱང་། །མ་བརྟེན་བརྡེག་པར་གྱུར༴ ནལ་མ་ཡེ་ནས་ལྷ་མོའི་གྲོགས་ཡིན་ཡང་། །ལོག་པར་བལྟས་ཏེ་གཤེ་བ༴ ནལ་བུ་ཡེ་ནས་ལྷ་མོའི་སྲས་ཡིན་ཀྱང་། །མ་བརྟེན་བསྐྲད་པར་གྱུར་པ༴ ཡུག་ས་ཡེ་ནས་ལྷ་མོའི་དགྲ་ཡིན་ཀྱང་། །འདོད་ཆགས་དབང་གིས་སྤྱོད་པ༴ ཕག་རྫི་ཡེ་ནས་ལྷ་མོའི་ཁྱོ་ཡིན་ཀྱང་། །མ་བརྟེན་བསྐྲད་པར་གྱུར་པ༴ མགར་བ་ཡེ་ནས་ལྷ་མོའི་དགྲ་ཡིན་ཀྱང་། །མ་བསྐྲད་བརྟེན་པར༴ སློབ་དཔོན་ཐུགས་འགལ་དམ་ཉམས་འདྲེས་པ་སོགས། །བདག་ཅག་མ་རིག་གྱུར་པ༴ བདག་ཅག་ཡེ་ནས་སེར་སྣའི་དབང་གྱུར་པས། །མཆོད་ཚོགས་གཏོར་མ་ཞན་པ༴ ལེ་ལོ་སྙོམས་ལས་དབང་དུ་གྱུར་ལགས་པས། །མཆོད་པ་ལོ་ཟླར་འདས་པ་བཟོད་པར་གསོལ། །གཏོར་མ་དུས་ལས་ཡོལ་ལ༴ གཅོམ་ལ་འཕྱར་བས་མན་ངག་གསང་མ་ཐུབ། །ཟབ་མོའི་ཐུགས་དང་འགལ་བ་བཟོད་པར་གསོལ། །མཿ ཁྱེད་ཀྱི་ཐུགས་དམ་བསྐངས་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ཡི། །ལུས་ངག་ཡིད་གསུམ་བྱ་བ་རྣམས། །ཉམས་པར་གྱུར་པ་ཅི་མཆིས་པ། །དམ་ཅན་ཁྱེད་ལ་མཐོལ་ལོ་བཤགས། །ཕྱིན་ཆད་ཉེས་པ་མི་བགྱི་འཚལ། །བསྐང་ངོ་བཤགས་སོ་བཟོད་པར་གསོལ། །ཡི་གེ་བརྒྱ་པ་ལན་བདུན་བཟླ། གཉིས་པ་ནི། བསྐུལ་གཏོར་འབུལ་བཞིན། བྷྱོཿ མ་གཡེལ་མ་གཡེལ་མ་ཅིག་མ། །མ་གཡེལ་མ་གཡེལ་བདུད་མོའི་ཚོགས། །མ་གཡེལ་དེ་ནི་ཕ་བི་ནས། །སྤྲིན་ནག་འཁྲུགས་པའི་ཀློང་རོལ་ནས། །སྲིན་གྱི་རྒྱལ་མོ་སྐུར་བཞེངས་ནས། །བསྐུལ་བའི་གནས་འདིར་བྱོན་ཏུ་གསོལ། །མཿ མ་ཅིག་ལྷ་མོ་དཔལ་འབར་མ། །རྡོ་རྗེ་ལྷ་མོ་རེ་མ་ཏི། །ནད་དང་རིམ་གྱི་མངའ་བདག་མ། །སད་དང་སེར་བའི་སྣ་འདྲེན་མ། །དམ་ཉམས་ཀུན་གྱི་སྲོག་གཅོད་མ། །དམ་ཚིག་ཅན་གྱི་གྲོགས་མཛད་མ། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་མོ། །སྐྱེ་འགྲོའི་སྲོག་ལ་མངའ་མཛད་མ། །འབྱུང་པོ་ཡོངས་ཀྱི་རྗེ་མོ་ཁྱོད། །དགྲ་བོའི་དུས་མཐའ་བསྟུང་བྱེད་མ། །ཁམས་གསུམ་ཟ་བའི་ཟ་མཁན་མ། །སྲིད་གསུམ་ཟ་བའི་མཐུ་མོ་ཆེ། །མཿ མཐིང་ནག་གཅེར་བུ་རལ་པ་ཅན། །མིག་ནས་ཁྲག་གི་འཆི་མ་འཛག །ཤངས་ནས་ནད་ཀྱི་རླངས་པ་འཐུལ། །ཆིབས་སུ་དྲིལ་སྔོན་རླུང་གཤོགས་བཅིབས། །རེས་འགའ་ཁྲོས་ནས་ཆལ་ཆོལ་བྱེད། །སྲིད་པའི་བོང་བུ་དམར་ག་ཞོན། །གཡས་ན་གདུག་པའི་རལ་གྲི་འཕྱར། །སྲིད་གསུམ་མ་ལུས་རྩད་ནས་གཅོད། །གཡོན་ན་གདུག་པའི་ཐོད་ཁྲག་ཐོག །སྐྱེ་འགྲོའི་སྲོག་ལ་མངའ་མཛད་མ། །མ་བྷྱོཿ མ་གཡེལ་མ་གཡེལ་དམ་ལ་དགོངས། །མ་ཅིག་བདུད་མོ་རེ་མ་ཏི། །ཕྱག་བརྙན་བདུད་མོ་འབུམ་སྡེ་རྣམས། །བུ་ལ་སྡང་བའི་དགྲ་བྱུང་གི། །མ་ཅིག་ལྷ་མོ་ར་མདའ་ལོག །སྡང་བའི་དགྲ་ལ་ཕྲིན་ལས་མཛོད། །མ་ཅིག་ཐུགས་དམ་དུས་ལ་བབ། །བཅོལ་པའི་ལས་ལ་མཐུ་མ་ཆུང་། །དམ་ཚིག་ཡལ་བར་མ་བཏང་བར། །བུ་ཡི་ཕྲིན་ལས་མྱུར་དུ་བསྒྲུབས། །མ་ཅིག་བདུད་མོ་རེ་མ་ཏི། །ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །ལས་ཀྱི་ཕོ་ཉ་བདུད་མོ་འབུམ། །ནག་མོ་རྔམ་པའི་ང་རོ་ཅན། །མ་བདུད་ནག་མོ་འཁོར་དང་བཅས། །སྔགས་པས་བོས་ཤིང་བསྐུལ་བའི་ཚེ། །མིག་ནས་ཁྲག་གི་མཆི་མ་འཛག །ཁ་ནས་གདུག་པའི་ངན་སྔགས་སྒྲོགས། །ཞལ་ནས་ཀུས་འདེབས་སྟོང་གསུམ་གང་། །ནད་ཀྱི་ཁ་ཕྲུ་དགྲ་ལ་འདེབས། །མཚན་ཞིང་དཔག་ཚད་བརྒྱད་ཁྲིར་རྒྱུག །བདུད་མོ་ནག་མོ་འཁོར་བཅས་རྣམས། །བདག་གི་ལས་སུ་ཁྱོད་མཆོད་ན། །བདག་ལ་སྡོང་བའི་དགྲ་བོ་འདི། །ལོ་དང་ཟླ་བར་མ་བཏང་བར། །ཞག་དང་ཟ་མར་དུས་མཐའ་བསྟུངས། །སྲོག་རྩ་དམར་པོ་རྒལ་ནས་ཆོད། །སྙིང་ཁྲག་དྲོན་མོ་ཁ་ནས་དྲོངས། །ཀུན་བཞིའི་རྣམ་ཤེས་གཞི་ནས་ཤིགས། །གཟུགས་ཕུང་ཐལ་བ་རྡུལ་དུ་རློག །མ་ལ་བཅོལ་ནས་ཕྲིན་ལས་མཛད། །བུ་ལ་སྡང་བའི་དགྲ་བྱུང་གི། །མ་ཅིག་བུ་ལ་མི་དགོངས་སམ། །མིང་ལ་སྡང་བའི་དགྲ་བྱུང་གིས། །སྲིང་གཅིག་ཕྲིན་ལས་མི་མཛད་དམ། །བདག་ལ་སྡང་བའི་དགྲ་བྱུང་གི། །བྲན་གཅིག་རྗེ་ལ་མི་དགོངས་སམ། །མཿ མ་མོ་ནག་མོ་རེ་མ་ཏི། །ཁྱོད་ཀྱི་ལས་ཀྱི་ཕོ་ཉ་ནི། །བདུད་མོ་ནག་མོ་འབུམ་ཕྲག་འགྱེད། །ནག་མོ་འབུམ་སྡེའི་འཁོར་ཚོགས་རྣམས། །གོས་སུ་མི་ལྤགས་རློན་པ་གྱོན། །ཟས་སུ་མི་ཤ་རྟ་ཤ་ཟ། །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་། །ལས་སུ་སངས་རྒྱས་བསྟན་པ་སྲུངས། །སྲོག་གཅོད་ལས་ལ་ཤིན་ཏུ་དགྱེས། །ཕྱག་གཡས་རལ་གྲི་འབར་བ་ཡིས། །བསྟན་ལ་སྡང་བྱེད་སྲོག་རྩ་གཅོད། །ཕྱག་གཡས་གདུག་པའི་ཐོད་ཁྲག་ཐོགས། །དགྲ་བོའི་སེམས་ཀྱི་མར་མེ་སོད། །མ་བདུད་ནག་མོའི་འཁོར་ཚོགས་རྣམས། །སྔོན་གྱི་དམ་ཚིག་མ་གཡེལ་བར། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །ཁྱེད་ལ་བཅོལ་པའི་ཕྲིན་ལས་ནི། །སངས་རྒྱས་བསྟན་པ་འཇིག་བྱེད་དང་། །རྡོ་རྗེ་སློབ་དཔོན་སྨོད་བྱེད་དང་། །བསྟན་ལ་སྡང་བྱེད་དགྲ་བོ་འདི། །མ་བདུད་ནག་མོའི་འཁོར་ཚོགས་ཀྱི། །རེངས་པར་ཁུག་ལ་གཟུགས་ལ་ཕོབ། །འདུ་བ་རྣམ་བཞི་ནས་སོགས་ཁོངས་ནས་སློང་། །དྲན་པ་མེད་པར་སྨྱོ་འབོག་བརྒྱལ་དུ་ཆུག །གཞུང་པ་དཀར་པོའི་སྲོག་རྩ་བརྒལ་ནས་ཆོད། །མཁལ་མ་གཡུ་རྒོང་གསང་བའི་གནས་ནས་དྲོངས། །སྲོག་རྩ་དམར་པོ་ལུས་ཀྱི་རྒྱབ་ནས་ཆོད། །ཁ་ནས་ལག་ཆུག་ཁོང་པའི་སྙིང་ནས་དྲོངས། །དྲན་པ་རྣམ་ཤེས་ཙིཏྟའི་དཀྱིལ་ནས་དྲོངས། །ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས། །མཉམ་པོར་འོང་བའི་བདུད་དང་སྤྲོད། །འགོ་བའི་ལྷ་ལྔའི་ལག་ནས་ཁུག །སྔགས་དང་རྫས་ཀྱི་ནུས་པ་འཕྲོག །ས་ལ་བརྟེན་པའི་བརྟེན་ཕུར་ཕུད། །གཏན་ནས་འཇུ་བའི་འཇུ་ཐག་ཆོད། །གྲི་ཐབས་ཉི་ཤུ་རྩ་ལྔས་སོད། །བདུན་རྒྱུད་ཚུན་ཆད་རྩད་ནས་ཆོད། །གཏན་ནས་བརླག་པའི་ཕྲིན་ལས་ཀྱིས། །མ་ཅིག་ཐུགས་དམ་དུས་ལ་བབ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཧོ་དགོངས་སུ་གསོལ་ལོ། །སྔོན་རི་བོ་མ་ལ་ཡ་ཡི་རྩེ་མོར་དཔལ་ཕྱག་ན་རྡོ་རྗེར་ཁྱེད་ཀྱི་སྲོག་གི་སྙིང་པོ་ཕུལ་བ་བཞིན། རྩ་བ་དང་རྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་དམ་ལས་མ་འདའ་བར། བསྟན་པ་ལ་སྡང་བའི་དགྲ་བོ་འདི་ལོ་དང་ཟླ་བར་མ་བཞག །ཞག་དང་ཟ་མར་མ་འགོར། ཚེ་ཕྱི་མ་ལ་དུས་མ་འདེབས། ནམ་མཁའ་སྟོང་པ་ལ་ཚད་མ་བཙུགས། ལས་ཀྱི་རྣམ་པར་སྨིན་པ་ལ་ཁུང་མ་བྱེད་བར་ད་ལྟ་ཉིད་དུ་དུས་ཀྱི་མཐའ་བསྟུང་ཞིག །ཚེ་ཡི་འདུ་བྱེད་བསྐུམ་ཅིག །གཟུགས་ཀྱི་ཕུང་པོ་ཤིག་ཅིག །སྲོག་གི་རྩ་བ་ཅོད་ཅིག །སེམས་ཀྱི་མར་མེ་སོད་ཅིག །ལུས་སེམས་ཁ་སྦྱོར་ཕྱེས་ཤིག །ལྔ་ཕུང་འདུས་གཟུགས་ཕྲོལ་ཅིག །ཚེ་བསོད་དབང་ཐང་སྣུབ་ཅིག །བཀྲག་མདོང་ལོངས་སྤྱོད་ཕྲོག་ཅིག །བསྲུངས་སྐྱོབ། ལྷ་སྲུང་ཕྱེས་ཤིག །དཔོན་གཡོག་ནང་འདྲལ་ཐོངས་ཤིག །ཐལ་བ་རྡུལ་དུ་བརླག་པར་མཛད་དུ་གསོལ། རྒྱུད་ནས་འབྱུང་བའི་དཔོན་གཡོག་གནད་བསྐུལ་བསྔགས། ༀ་རུ་རུ་ཙ་ཧཱུྃཿ ཨ་ཤུག་མེ་བ་དྲི་རུ་ཏྲ་ཁ་ཤ་ལ་ནག་མོ་ཧཱུྃ་རཀྴ་ཙིཏྟ་མ་ཧཱ་ས་མ་ཏི་མ་རུ་ཁ་ཙིཏྟ་ནན། རཀྨོ་ཏི་ཀི་མ་ཛཿ མ་མ་ཏི་ཏི་ཧཱུྃ་བྷྱོཿ མ་མ་ས་མ་ཡ་རེ་མ་ཏི་ལས་ལ་བྷྱོཿབྷྱོཿ ཞེས་བསྐུལ་ལོ། །བསྒྲུབ་པ་དང་འབྲེལ་ན་སྨད་ལས་དྲག་པོའི་རིམ་པ་མཁྱེན་དབང་ནས་བསྒྲུལ་བསྟབས་ཀྱི་བར་དུ་བྱ། གསུམ་པ་ལ་གཏོར་བསྐུལ། གཏོར་འདེགས། གཏོར་བསྟོད། འདོད་གསོལ་རྣམས་སོ། །དང་པོ་ནི། གཏོར་མ་ལ་ཟན་ལིང་ཁྲག་སྐྱུ་འབྲུ་སོགས་འབུལ་ལ། ན་མོ། རྗེ་བཙུན་རྩ་རྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་མཆོག་གསུམ་བླ་ན་མེད་པའི་བཀའ་བདེན་པ་དང་། མཐུ་ཆེན་དམ་པ་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མའི་དབང་པོ་བཀའ་སྡོད་དྲག་ཤུལ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བདེན༴ བླ་མེད་མ་མོ་རོལ་པ་ཁྲག་འཐུང་རྦོད་གཏོང་གི་རྒྱལ་མོ་མ་འཁོར་དང་བཅས་པའི་བདེན༴ གསང་སྔགས་དང་རིག་སྔགས་དང་གཟུང་སྔགས་དང་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་བསླུ་བ་མེད་པའི་བདེན་པ༴ བདེན་པ་ཆེན་པོའི་མཐུ་ལ་བསྟེན་ནས། བསྟན་པ་ལ་སྡང་བའི་དགྲ་དང་། བསྟན་འཛིན་ལ་སྡང་བའི་དགྲར་གྱུར་པ་དང་། གནོད་པར་བྱེད་པའི་ཉམས་པའི་བགེགས་ཀྱི་ཚོགས་སྲིད་པ་གསུམ་གྱི་ཁམས་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ཞེས་གཏོར་མ་ལ་བསྟིམ། ནྲི་ཡ་མ་ཛ། ནྲི་བཛྲ་ཨངྐུ་ཤ་ཛཿ ཏྲཾ་ཡམ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོ། ཞེས་བཀུག་པའི་གཏོར་མ་ལ་སྤོས་སམ་དཔལ་འབར་བཙུགས་ཏེ། མ་ཧཱ་ཀཱ་ལི་ཨ་བེ་ཤ་ཡ། ཨ་ཏི་མ་ཏི་ས་མ་ཏིཥྛནྟུ། མ་མ་དེ་ཝི་མ་ཧཱ་ཀཱ་ལི་རེ་མ་ཏི་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་མ་ཧཱ་པཱུ་ཙ་ཧོ། ཨ་མྲྀ་ཏ་ཁ་ཧི། གསུམ་བདུན་ནམ་ཉེར་གཅིག་གིས་ཕུལ་ལ། དབྱངས་རོལ་བཅས། བྷྱོཿ རྡོ་རྗེ་གདན་གྱི་ཤིང་དྲུང་ནས། །ཕྱོགས་ཕྱོགས་དེ་ནི་ཕ་བེ་ནས། །ཉི་མ་བྱང་ཤར་ཕ་ཀི་ན། །ལྷུན་པོ་ཆུ་གཏེར་གསེར་རི་ཅན། །ཡོངས་འདུས་ཤིང་གི་རྩ་བ་ན། །མཚོ་མུ་ལེ་མཐིང་གི་ནང་ཤེད་ནས། །བྱང་ཐང་དེ་ནི་བྱ་མ་བྱེད། །བྱང་རི་དེ་ནི་གྱ་མ་གྱུ། །བྱང་རྩེ་དེ་ནི་བྱ་མ་བྱུར། །བྱང་ལམ་དེ་ནི་བྲ་མ་བྲེང་། །དེ་འདྲེའི་ཐང་གི་མ་ཟུར་ན། །བྲག་དང་ཆུ་འཐབས་འུ་རུ་རུ། །བྲག་དང་ཆུ་འཐབས་མ་ཟུར་ན། །མཚོ་གཅིག་དེ་ནི་མེ་རེ་རེ། །མུ་ལེ་མཚོ་ཡི་ནང་ཤེད་ནས། །མཐིང་གུར་སྨུག་པོ་ལྡི་རི་རི། །མཐིང་གུར་སྨུག་པོ་ལྡིར་ཙམ་ན། །གསེར་གྱི་ཚུགས་ཤིང་རེངས་སེ་རེང་། །དངུལ་གྱི་ཆོན་ཐག་བྲེངས་སེ་བྲེང་། །དུང་གི་ཆོན་ཕུར་ཁྲ་ལ་ལ། །དེ་འདྲའི་གུར་གྱི་ནང་ཤེད་ན། །མི་རོ་འབུམ་ནི་ཁྲི་རུ་བརྩིགས། །རྟ་རོ་འབུམ་ནི་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་འདམ་རྫབ་གཡོ། །ཞིང་ཆེན་བསྣོལ་བའི་ཁྲི་སྟེང་ན། །མ་ཅིག་ལྷ་མོ་བཞུགས་པ་ནི། །ལྷ་མོ་ཡོངས་ཀྱི་ཀློང་དཀྱིལ་ན། །གཅེར་བུ་འདུག་པས་གཟི་མདངས་ཅན། །གཅིག་པུར་འདུག་པས་འགྱིང་བག་ཅན། །མཿ ཨེ་ཀ་ཛ་ཊི་དེ་ན་བཞུགས། །དཔལ་ལྡན་ལྷ་མོ་དེ་ན་བཞུགས། །བདུད་ཀྱི་ཡུམ་གཅིག་དེ་ན་བཞུགས། །གཤིན་རྗེའི་ལྕམ་གཅིག་དེ་ན་བཞུགས། །མཿ རུ་ལུ་བྷྱོ་ཡི་ཛབྡ་བགྲངས་ཞིང་། །རཀྟའི་རྒྱུན་འབབ་བྲེངས་སེ་བྲེང་། །རཀྟའི་རྒྱུན་འབབ་བྲེང་ཙམ་ན། །མ་ཅིག་ལྷ་མོ་སྐུ་བསྐྱོད་འཚལ། །མ་ཅིག་ལྷ་མོ་སྐུ་བསྐྱོད་ཙ། །ཆིབས་སུ་དྲིལ་རྟ་རྐང་གསུམ་དང་། །རེས་དགའ་སྲིན་གྱི་བོང་བུ་བཅིབས། །གཡུ་མཐུར་སྔོན་པོ་བྲེངས་སེ་བྲེང་། །གསེར་ཁྲབ་སེར་པོ་སི་ལི་ལི། །གསེར་སྒ་ཕུག་པོ་ཝངས་སེ་ཝང་། །ཟ་འོག་དར་སྟན་ལྷུབས་སེ་ལྷུབ། །དར་སྣའི་གློ་ལན་ཆུམས་སེ་ཆུམ། །སྦྲུལ་ནག་གོང་སྨེད་ཁྱུགས་སེ་ཁྱུག །དངུལ་དཀར་ཡོབ་ཆེན་ཁྲ་ལ་ལ། །དྲེལ་རྟའི་རྣ་བ་གཡས་པ་ལ། །དར་ནག་ཅོད་པཎ་པུ་རུ་རུ། །དྲེལ་རྟའི་རྣ་བ་གཡོན་པ་ལ། །ལེ་བརྒན་དར་སྣ་པུ་རུ་རུ། །མཿ མ་ཅིག་ལྷ་མོ་སྐུ་བསྐྱོད་ཚལ། །དྲེལ་སྐད་ལན་གསུམ་སྟེང་དུ་འཚེར། །སྟེང་གི་ལྷ་རྣམས་དབང་དུ་བསྡུད། །དྲེལ་མཇུག་ལན་གསུམ་བར་དུ་གཡུག །བར་གྱི་བཙན་རྣམས་དབང་དུ༴ དྲེལ་རྨིག་ལན་གསུམ་ས་ལ་བརྡུང་། །འོག་གི་ཀླུ་རྣམས་དབང་དུ་བསྡུས། །བྷྱོཿ མ་ཅིག་ལྷ་མོ་སྐུ་བསྐྱོད་འཚལ། །མ་ཅིག་ལྷ་མོ་བསྐྱེད་ཙམ་ན། །བན་ངན་ཕུར་ཁ་མ་ཡིས་བཟློག །བན་ངན་ཟོར་ཁ་མ༴ ལོ་ཀེག་ཟླ་ཀེག༴ བདུད་ཀྱི་ཞགས་པ༴ གཤིན་རྗེའི་ཁྲམ་ཁ༴ ཆགས་ཆེན་ཉམ་ང༴ རླུང་མཁྲིས་བད་ཀན་འདུ་བ་ཡི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀྱང་། །མ་ཅིག་ལྷ་མོས་བཟློག་ཏུ་གསོལ། །མཿ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །གཉིས་པ་ནི། །རྔ་གླིང་རོལ་མོར་བཅས་བསྒྲུབ་ཁང་གི་སྟེང་དུ་གཏོར་མ་འདེགས་ཏེ། བྷྱོཿ ཀཿཐོག་པ་སོགས་རྩ་རྒྱུད་བླ་མའི་གནས། །ཁ་བ་ཅན་འདིར་ཐེག་མཆོག་བསྟན་པའི་གཞི། །གང་གི་བཤད་སྒྲུབ་ཆོས་ཀྱི་དཔལ་འཕེལ་སླད། །ང་རོར་བཅས་ཏེ་ལྷ་མོ་ཁྱོད་ལ་འབོད། །ཅ་ཅོ་ཆེན་མོས་བདུད་ཀྱི་རྣ་བ་དྲལ། །ཆ་ལུགས་སྲིན་མོ་ཁྲོས་པའི་སྐུར་སྟོན་པ། །ཇ་ཆང་ཕུད་དང་གཏོར་མ་འདི་རོལ་ལ། །ཉམས་པའི་དགྲ་བོ་ཆོམ་ལ་འབེབ་པར་མཛོད། །ཏ་ཐཱ་ག་ཏའི་སྤྱན་སྔར་དམ་མནོས་ལྟར། །ཐ་ན་ཉིན་ཞག་གཅིག་ཀྱང་མ་གཡེལ་བར། །ད་ལྟ་བདག་གི་མདུན་འདིར་བཞུགས་པ་བཞིན། །ནམ་ཡང་ཆོས་བྱེད་བུ་ལ་གཡེལ་མེད་སྲུངས། །པ་ར་མི་ཏ་རྒྱ་མཚོའི་རླབས་བསྡུད་ཅིང་། །ཕ་མཐའ་བྲལ་བའི་སྨོན་ལམ་མཐའ་མེད་ཁྱེད། །བ་སུ་ཏ་ཡི་ཞགས་པས་ཉམས་པའི་བགེགས། །མ་རུང་དྲག་ཏུ་འཆིང་ཞིང་ཟ་བར་མཛོད། །ཙ་མུཎྜི་ཡུམ་མིག་སྨན་ལྟར་གནག་ཅིང་། །ཚད་མེད་ཐུགས་ཀྱི་དགོངས་པ་བསྟན་པའི་དཔལ། །ཛམ་གླིང་ཀུན་ཏུ་ཁྱབ་པའི་བཀའ་འཁོར་བཅས། །ཝ་ལེར་འཁྲོལ་བའི་རོལ་གླིང་འདིས་བསྐུལ་ཏེ། །ཞྭ་ཡི་ཏོག་ལྟར་བཀུར་ནས་རྟེན་འདི་ལ། །ཟད་མེད་སྤྲུལ་པའི་བཀོད་པ་དང་བཅས་བཞུགས། །འ་ཅག་བསྟན་པར་དཀར་རྣམས་རྟག་ཏུ་སྲུངས། །ཡ་བྲལ་ལུང་རྟོགས་འཛིན་རྣམས་ཟ་སྐལ་ལགས། །རབ་འབར་མེ་རིའི་ལྡིང་ཁང་འཚུབས་ལུང་བཅས། །ལ་ལུང་མེད་པའི་གཙུག་ལག་ཁང་འགྲིམ་ནས། །ཤ་སཱ་ན་སྤེལ་རྒྱུད་སྡེའི་བསྟན་པའི་མགོན། །ས་ཆེན་གང་བའི་སྤྲུལ་པའི་གཏོར་མ་བཞེས། །ཧ་ཧ་རྒྱལ་རྔ་རྟག་ཏུ་བརྡུང་བ་ཡིས། །ཨ་ཏི་རྫོགས་ཆེན་བསྟན་པའི་བྱ་ར་མོས། །ཧི་ཧིའི་བཞད་སྒྲ་འབྱིན་པ་དང་བཅས་ཏེ། །དམ་ཚིག་གཏོར་མའི་སྟེགས་འདིར་གཤེགས་སུ་གསོལ། །གསུམ་པ་ནི། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་ཏིལ་མར་མའམ། ཡང་ན། མ་ནོ་བཛྲ་མ་ཧཱ་ཀཱ་ལི་རེ་མ་ཏི་ཡེ། །གདོང་བཞི་དབང་པོ་འཇུག་སྲེད་ཉེ་དབང་དྲག་པོ་རྣམས་ཀྱང་ཁྱེད་བསྔགས་ཕྱིར། །འཆི་མེད་ན་ཆུང་ཚོགས་ཀྱིས་བསྐོར་བ་ལེགས་བྲིས་དགའ་བའི་ཚལ་དུ་རྩེན། །ཡོངས་འདུས་རྒྱལ་པོའི་ལྗོན་པའི་རྩ་བར་མཐུང་ཤུན་འཁྲིགས་པའི་ཆུ་གཏེར་དབུས། །དཔལ་ལྡན་རླུང་ཤུགས་དྲིལ་བུའི་སྒྲ་སྒྲོག་མི་རོ་རེངས་ཟ་མཁའ་ལ་འགྲོ། །རླུང་འཚུབས་བུ་མོ་རླུང་གོས་ཀླུབས་པ་རླུང་གི་ཕྲེང་བར་རོལ་པ་མོ། །ལྷོ་ཕྱོགས་རྒྱ་མཚོར་ཆོས་རྒྱལ་གཤིན་རྗེའི་སྲིང་གཅིག་འགྲོ་ཀུན་སྲོག་བདག་མོ། །ས་བརྒྱད་བརྙེས་ཀྱང་བུད་མེད་ལུས་ལ་བསྟན་པ་སྲུང་བའི་གཡར་དམ་ཅན། །བསྔགས་འོས་ཀུན་གྱིས་དཔལ་འཛིན་ཡིད་བཞིན་ཡ་མཚན་རྨད་བྱུང་འཕགས་མ་ནི། །ཀཱ་ལི་དེ་ཝི་ཝ་ཡ་ཝེ་དང་འབར་མ་བྱིན་ཟ་འཐབ་པའི་དབུས། །འཇིགས་རུང་འཇིགས་པར་སྟོན་ཀྱང་འཇིགས་པ་སེལ་མཛད་བསམ་པའི་དོམ་གྲུབ་མ། །ཁྱོད་སྐུ་མི་སྡུག་ཁྲོ་ཡང་ཁྱོད་ཐུགས་དེ་ནི་འགྲོ་ལ་རྟག་ཏུ་བྱམས། །བསྟན་དགྲ་རྒྱུན་དུ་བསྒྲལ་ཡང་ངན་སོང་གནས་ནས་དེ་དག་སྐྱོབས་མཛད་ཕྱིར། །སྲིན་པོའི་ཆུང་མ་ཡིན་མོད་མཁའ་འགྲོ་ཀུན་གྱི་གཙོ་མོར་བསྔགས་པའི་ཡུལ། །འཇིག་རྟེན་ཚུལ་དུ་སྟོན་ཀྱང་འཇིག་རྟེན་པ་ལས་མངོན་པར་འཕགས་པ་ནི། །ཤཱཀྱ་སེང་གེར་སེམས་བསྐྱེད་རྡོ་རྗེ་འཛིན་པའི་ཁོལ་མོ་མཆོག་སྲེད་གྲོགས། །རྣལ་འབྱོར་མ་སྟེ་བསྟན་དགྲའི་ཟ་བྱེད་འཁོར་བ་རྣམས་ལ་འདྲེན་པ་མོ། །བདུད་བརྡུང་བྱུག་པ་བགེགས་འཇོམས་རལ་གྲི་དགྲ་འཇོམས་ཐོ་བ་ཉིད་ཀྱང་ཡིན། །དུར་ཁྲོད་རྣམས་ཉུལ་ཉིན་པར་ཐལ་ཆེན་སྔོ་སྐྱ་བྱུགས་པའི་ཁ་དོག་ཅན། །མཚན་མོ་ནག་མོ་ག་ཤལ་ཆུ་གཉེར་ལྟར་འཁྲུགས་འོ་འཛིན་ཀུན་ཏུ་གཡོ། །སྨིན་མའི་མེ་རྩེ་དུམ་དུམ་ཆད་པའི་ཚ་དབལ་མདའ་ལྔ་པ་ལ་སྟེར། །སྲིན་གྱི་ཀླད་ཕོར་ཁྲག་ཞག་ཞོས་དཀར་འཐུང་བ་འདི་ན་རྒྱུ་བ་དེ། །ཆུ་སྲིན་ཀེམས་རེད་མར་བཅས་དམ་ཚིག་དཀྱིལ་འཁོར་སྟེགས་ལ་གཤེགས་ནས་ཀྱང་། །ལྕང་ལོའི་ཞགས་གཡོ་མི་མགོར་ཤ་ལྔ་གཏོར་མའི་རྫས་ལ་མགུར་སྟོན་ཁྱོད། །གང་ཞིག་འདི་ན་སྲིད་གསུམ་དབང་མོར་ཐུབ་པའི་བསྟན་ཕྱིར་བདག་སྙིང་ནས། །ཨངྐུ་ཤས་བཀུག་ཨ་ལ་ལ་ཧོས་ཏི་ར་པདྨར་བཞུགས་གསོལ་ཏེ། །དྲན་པ་ལ་ནི་དོན་རྣམས་ཀུན་བསྒྲུབ་བརླབས་ཆེན་རྡོ་རྗེ་ཌཱཀྐི་མ། །ཁ་ཁ་ཀམ་ཀས་སྒྲས་འབྱིན་དུར་གླིང་དག་ཏུ་ཁྱབ་པར་དུར་བདག་མོ། །སྲིད་པའི་མིག་བསྒྱུར་ཅིར་ཡང་སྟོན་པ་བདེ་སྐྱོང་མ་ཧཱ་མུ་དྲ་ལ། །ཡིད་ནི་མངོན་པར་རོལ་པས་དད་པའི་འདོད་དོན་གསོལ་ལ་བདག་ཕྱོགས་ཏེ། །བདག་ཡིད་ཤིང་རྟ་ཆོས་ནོར་ཐར་པའི་རེ་བ་ནོར་བུས་ཕྱུར་བུར་བཀང་། །ཛམྦུ་གསེར་གྱི་སྙེ་མས་ཁྱབ་འདིར་བསྟན་འདི་ཕྱོགས་ལས་རྣམ་རྒྱལ་བ། །ཇི་སྲིད་དྲན་པ་དེ་སྲིད་རྟག་ཏུ་དགེ་ལེགས་བསམ་པ་ཀུན་འགྲུབ་མཛོད། །འདི་ལ་མ་ཆེན་དགྱེས་པའི་མཚན་མ་ཡང་པ་དག་ཡོད་དོ། །བཞི་པ་ནི། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་དང་བདག་གིས་འཁོར་རྣམས་ལ། །བདུད་དང་དགྲ་བགེགས་ཐམས་ཅད་ཞི་བ་དང་། །མི་མཐུན་གནོད་པའི་ཕྱོགས་དང་བྲལ་བ་དང་། །དཔལ་དང་འབྱོར་པ་ཚེ་དང་གཟི་མདངས་དང་། །འཁོར་དང་ལོངས་སྤྱོད་གྲགས་པ་རྒྱས་པར་མཛོད། །བཀའ་དང་བསྟན་པ་བསྟན་འཛིན་ཀུན་སྲུངས་ཤིག །ཁྱེད་ལ་བདག་གིས་འདོད་པ་གསོལ་བ་ནི། །ཤཱཀྱའི་བསྟན་ལ་རྣམ་དག་ཚུལ་ཁྲིམས་ཀྱི། །འབྱུང་གནས་དགེ་སློང་དགེ་འདུན་འདུས་པའི་སྡེར། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །ལྷག་པར་གསང་ཆེན་རྡོ་རྗེ་ཐེག་པ་ཡི། །བསྟན་པའི་སྙིང་པོ་རྒྱུད་སྡེ་ཆེན་པོ་དྲུག །དེ་ལས་དཔལ་ལྡན་རྒྱུད་རྒྱལ་འཇིག་རྟེན་གྱི། །རིན་ཆེན་གཅིག་པུ་གསང་བ་སྙིང་པོ་ཡི། །རིག་འཛིན་དགེ་འདུན་རྨད་བྱུང་འདུས་པའི་ཆུས། །རིམ་གཉིས་ལྷུར་ལེན་བར་ཆད་མེད་པ་ཡིས། །མཐུན་པའི་བཀའ་ཐུབ་དགེ་བ་རྒྱས་པ་དང་། །ཁྲིམས་བཟང་ཉམས་མེད་འཕེལ་བར་མཛད་དུ་གསོལ། །རི་སུལ་ཤིན་ཏུ་རྣལ་འབྱོར་སྒོམ་པའི་སྡེ། །གཡོ་མེད་བསམ་གཏན་གྲུབ་པས་མཛེས་པ་དང་། །ནགས་སུ་ཞི་བ་ངེས་པར་འབྱུང་བའི་སྡེས། །འདོད་ཆུང་ཆོག་ཤེས་སྦྱངས་བརྩོན་དཔལ་གྱིས་དུལ། །གཙུག་ལག་ཁང་རྣམས་ལུང་དང་རིགས་པ་ལ། །ཁ་ཏོན་ཀློག་པས་རྟག་ཏུ་རྒྱས་པ་ཡིས། །ངུར་སྨྲིག་རྒྱལ་མཚན་ཐོགས་པའི་རྒྱལ་བའི་འཁོར། །དགེ་འདུན་བསླབ་སྡེ་འཕེལ་བར་མཛད་དུ་གསོལ། །ཞེས་རོལ་མོར་བཅས་ཏེ་གཞུང་ནས་དུར་ཁྲོད། རི་རྩེ་སོགས་གསུངས་པའམ། གཙང་ས་སྒྲུབ་ཁང་སྟེང་དུ་རྡོ་རྗེ་ཤུགས་ཀྱི་རྒྱས་བཞག །བཞི་པ་ནི། ༀ་མ་ཧཱ་ཀཱ་ལི་ཤྲི་རེ་མ་ཏི་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧི། མ་ཧ་རཀྟ་ཁ་ཧཱིས་སྨན་རཀ་བྲན། མ་བྷྱོཿཛ་ལས་བྱུང་བ་མ་མོའི་ཚོགས། །ཅེ་སྤྱང་བོང་དྲེལ་འབྱུང་བ་བཞི་ལ་ཆིབ། །དཔལ་ལྡན་ལྷ་མོ་རེ་ཏི་མཆེད་བཞི་སོགས། །འཁོར་བཅས་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མ་རྙེས་ཡོངས་སུ་སོགས་དང་ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཤགས་ཚར་ནས་ཡེ་ཤེས་པ་གཤེགས་མི་དགོས་གསུངས། འཁོར་རྣམས་སྐེམ་མ་དང་བཅས་པ་མ་མོའི་ཐུགས་ཀར་བསྡུ། བོང་བུ་མ་མོ་ལ་ཐིམ། མ་མོ་བདག་གི་ཐུགས་ཀར་ཐིམ། གཞལ་ཡས་ཁང་དང་མེ་རླུང་མི་དམིགས་པར་གྱུར་པའི་ངང་མཉམ་པར་བཞག་གོ། །ལྔ་པ་བཀྲ་ཤིས་ནི། ཀུན་བཟང་ཤཀ་ཐུབ་ལག་ན་རྡོ་རྗེ་ཅན། །དྷ་ན་སང་ཀྲི་སློབ་དཔོན་པད་མ་སོགས། །དྲན་པས་སྲིད་ཞིའི་གདུང་སེལ་ཡིད་བཞིན་ནོར། །རབ་འབྱམས་རྩ་རྒྱུད་བླ་མའི་བཀྲ་ཤིས་ཤོག །མཆོག་ཐུན་དངོས་གྲུབ་དཔལ་འབར་ཧེ་རུ་ཀཿ བདུད་དཔུང་བྱེ་བའི་མུན་ནག་གཏོས་ཆེན་པོ། །རྣམ་པར་འཐགས་མཛད་བཅོམ་ལྡན་ཡི་དམ་ལྷ། །ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །དཔལ་ལྡན་དགྱེས་མཛད་བདེ་ཆེན་ཤེར་ཕྱིན་མོ། །ཆོས་ཉིད་རྣམ་དག་ངང་ལས་མ་གཡོས་ཀྱང་། །སྐྱེ་མེད་དོན་གྱི་མ་ཆེན་སྐུར་སྟོན་པ། །ཡུམ་གྱུར་རྡོ་རྗེ་མཁའ་འགྲོའིབཀྲ་ཤིས་ཤོག །གཡར་དམ་དབང་གིས་བདེར་གཤེགས་བསྟན་པ་སྲུངས། །ཐུགས་རྗེའི་དབང་གིས་མཐུ་ཆེན་ཁྲོས་པར་བསྟོན། །དམ་ཚིག་དབང་གིས་སྒྲུབ་པ་པོ་ཡི་མགོན། །བརྒྱུད་གསུམ་དྲེགས་པའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཅེས་མེ་ཏོག་ཆར་དུ་སྙིལ་བས་དགེ་ལེགས་སུ་བྱའོ། །དེ་ལྟར་ཐུབ་བསྟན་རིན་པོ་ཆེ་ཁོ་ན་བསམ་པའི་སྒྲུབ་པོ་དམ་ལྡན་རང་འདོད་ཀྱིས་ཕྱིར་ཆོས་སྐྱོངས་བསྙེན་པ་མ་ཡིན་པར། བསམ་པ་བཟང་པོས་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རྟོགས་པའི་ལྟ་བ་ལ་བསྒོམ་པས་སྣང་སྲིད་མ་མོའི་སྲོག་ནས་དྲངས་ཏེ། ཕྲིན་ལས་རྣམ་པ་བཞིའི་རོལ་པ་ཅི་བསྒྲུབ་ཀྱང་བསླུ་བ་མེད་པ་རྡོ་རྗེའི་གསུང་གི་ཚད་མ་ཡིན་པས། བསྙེན་པ་རྟགས་མཚན་དུས་ཀྱིས་དྲངས་པ་དང་། བསྒྲུབ་པ་ལས་སྦྱོར་གྱི་གནད་ཁེལ་བའི་ལག་ལེན་མན་ངག་གི་ཡི་གེ་བཞིན་དུ་ཁོང་དུ་ཆུད་པས། སེམས་ཅན་གྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ལམ་གྱི་བར་ཆད་སེལ་བའི་དགོངས་པ་ཁྱད་པར་བ་ལ། ཐར་འདོད་དག་གིས་སེམས་གཞོལ་བར་བྱ་བ་ནི་ཆེད་དུ་བྱ་བའི་དོན་འབྲས་ཡིན་ནོ་ཞེས་འདོམ་མོ། །གྲུབ་མཆོག་དུ་མས་བསྟེན་པའི་བཀའ་སྲུང་འདིས། མཆོད་ཆོག་ལེགས་པར་བྲིས་པའི་དགེ་བ་དེས། །མཐའ་ཡས་འགྲོ་ཀུན་བྱང་ཆུབ་སྒྲུབ་པ་ལ། །བར་ཆད་གདུག་པ་མཐའ་དག་གཞོམ་གྱུར་ཅིག །ཅེས་པའང་བླ་མེད་མ་མོའི་རྒྱུད་དང་རྒྱ་གཞུང་རྣམས་དང་འཇམ་པའི་དབྱངས་༧ཤར་ཀཿཐོག་པ་ཆེན་པོའི་སྙན་བརྒྱུད་མན་ངག་གི་གཞུང་བཟང་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་དུ་འགལ་བ་མེད་པའི་ཡི་གེ་འདི་ལྟ་བུ་བྱེད་དུ་རུང་བའི་ལྟས་དང་མཚན་མ་བཟང་པོའང་མཐོང་ཞིང་ཉེ་བར་གནས་པའི་དགེ་སློང་བློ་བཟང་ཆོས་དབྱིངས་ཀྱིས་ནན་དུ་བསྐུལ་ངོར། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་སི་ཏུ་པ་ཆོས་ཀྱི་རྒྱ་མཚོའི་སྤྲིན་གྱིས་བཀོད་པ་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་ཀུན་ཏུ་འཕེལ་བའི་རྒྱུར་གྱུར་ཅིག་གུ། །དགེའོ། །དགེའོ། །དགེའོ།། །།


previousདཔལ་ལྡན་ལྷ་མོའི་མཆོད་ཕྲིན་ཆེན་པོ་དོན་ཀུན་གྲུབ་པའི་དབྱངས་སྙན། ཆོས་ཀྱི་རྒྱ་མཚོ།next