Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
དཔལ་ལྡན་ལྷ་མོ་རེ་མ་ཏིའི་བསྐང་བ། ཀཿདམ་པ་བདེ་གཤེགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོ་རེ་མ་ཏིའི་བསྐང་བ། ཀཿདམ་པ་བདེ་གཤེགས།next

དཔལ་ལྡན་ལྷ་མོ་རེ་མ་ཏིའི་བསྐང་བ། ཀཿདམ་པ་བདེ་གཤེགས།

༈ དཔལ་ལྡན་ལྷ་མོ་རེ་མ་ཏིའི་བསྐང་བའི་དབུ་ཕྱོགས་བཞུགས་སོ། །དཔལ་ལྡན་ལྷ་མོ་རེ་མ་ཏིའི་བསྐང་བ་ནི། དམ་ཚིག་ཉམས་ན་ལས་འདི་བྱ། །མཚན་རྟགས་མ་བྱུང་ན་རྣལ་འབྱོར་པས་མ་མོ་མཆོད་པ་གལ་ཆེའོ། །དེ་ལ་བསྐང་གསོ་བྱ་ཐབས་བྱ་ནག་ལུག་ནག་དྲིལ་ནག་ཙ་ར། དེ་མོ་ནག་མོ། ཤ་ཆེན་ལང་ལིང་། ཚིལ་ཆེན་ར་རས་ལུ་དུམ་རཀྟ་གསུར་ཆེན་དུད་པ། རས་ཆེན་རྒྱལ་མཚན་ཕྱར་དར་གཡབ་དར་ཐོད་པ་ལྟག་སྤྲོད་ཀྱི་རྔ་སྒྲ། རྐང་གླིང་དང་གསེར་སྐྱེམས་བདུད་རྩི་རྣམ་ལྔ། སེམས་ཅན་སྲོག་དབུགས་ཚང་བ་དང་། ཨ་མྲྀ་ཏ་དང་གཏོར་མ་གཏོར་མ་གཞུང་བཞིན་བཤམས་ལ། རང་ཉིད་ཧེ་རུ་ཀ་ཡི་ང་རྒྱལ་གྱིས་མ་མོ་མཆོད་ཅིང་བསྐང་བ་ནི། མི་དབང་རྒྱལ་མཚན་ཕྱར་ལ་འདི་སྐད་དོ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཤར་ཕ་ཀི་ན། །རི་རབ་རི་ཡི་རྩེ་མོ་ན། །ཡོངས་འདུས་ཤིང་གི་གནས་མཆོག་ནས། །མི་རོ་གསར་རྙིང་ལྕགས་རིའི་ནང་། །ཐོད་པའི་སྐུ་མཁར་ལྡེམ་པའི་དབུས། །མེ་རླུང་འཚུབས་མའི་ཀློང་དཀྱིལ་ན། །མི་རོ་འབུམ་ནི་རྩིགས་པ་བརྩིགས། །རྟ་རོ་འབུམ་ནི་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་མཚོ་ལྟར་བསྐྱིལ། །ཐེའུ་རང་བརྒྱ་ཡི་ཕྱག་ཚང་མ། །སྲིད་པ་གསུམ་གྱི་མངའ་བདག་མ། །འདོད་ཁམས་གཙོ་མོ་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །དཔལ་ལྡན་ལྷ་མོ་རེ་མ་ཏི། །མིང་བརྒྱ་མ་ལ་མཚན་སྟོང་མ། །ལྷ་སྲིན་སྡེ་བརྒྱད་གཙོ་མོ་སྟེ། །རུ་ཏྲ་སྟོང་གི་ལིང་པ་མོ། །རྣལ་འབྱོར་ཀུན་གྱི་ཚེ་བསྲིང་མ། །དམ་ཉམས་ཀུན་གྱི་སྲོག་གཅོད་མ། །བདག་ཅག་རྣམས་ཀྱི་སྐུ་སྲུང་མ། །སྔགས་འཆང་བདག་གི་མཆོད་ལེན་མ། །སྐྱེ་འགྲོ་ཡོངས་ཀྱི་ཤན་པ་མོ། །ཚེ་དང་སྲོག་གི་སྤུ་གྲི་མ། །རྣམ་ཤེས་སེམས་ཀྱི་སྒྲོལ་མཁན་མ། །སངས་རྒྱས་སྟོང་གི་གདུང་འཛིན་མ། །ཐེག་པ་ཆེན་པོའི་འཁོར་སྐྱོང་མ། །དྲེག་པ་ཀུན་གྱི་ཆར་འབེབས་མ། །གླིང་བཞི་ཀུན་གྱི་ཉུ་ལེ་མ། །ཁྲག་གི་རྒྱ་མཚོའི་རྦ་ཀློང་དུ། །དུག་གསུམ་ཕྱག་རྒྱ་བོང་བུ་བརྫིས། །དུར་ཁྲོད་རྒལ་སྟན་རྒ་གང་དུ། །ཉི་མའི་དཀྱིལ་འཁོར་བརྡལ་བ་ལ། །མ་འདོད་ཁམས་གཙོ་མོ་བཞུགས་པ་ནི། །མ་ཚོགས་སྟོང་གི་དབུས་ན་འགྱིང་། །གཡས་ན་གཅོད་བྱེད་རལ་གྲི་བསྣམས། །གཡོན་པས་ཐོད་པ་ཁྲག་བཀང་འཛིན། །སྐུ་སྟོད་ཞིང་གི་གཡང་གཞི་བཀྲམ། །སྐུ་སྨད་རེ་ལྡེ་སྟག་ལྤགས་མནབས། །དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན། །སྤྱི་བོའི་གཙུག་ན་ཟླ་བ་ཤར། །ལྟེ་བ་དུག་བསྲེགས་ཉི་མས་བརྒྱན། །སྦྲུལ་དང་སེང་གེའི་རྣ་ཆ་བྱས། །རིགས་བཞིའི་ཀླུ་ཡིས་ཆས་སུ་རྫོགས། །ཁྱེད་ཀྱི་སྔ་ཤད་གཡས་པ་ན། །བདུད་ཀྱི་ཁྲམ་བམ་ནག་པོ་བཀལ། །སོང་ཕོད་དེང་སང་སུ་འཆི་ན། །དོ་ཚིགས་ཁྱོད་ཀྱི་ཁྲམ་ལ་ཐོབ། །ཁྱེད་ཀྱི་སྔ་ཤད་གཡོན་པ་ན། །ནད་ཀྱི་རྐྱལ་པ་སྔོ་དམར་བཀལ། །སོང་ཕོད་དེང་སང་སུ་འཆི་བ། །ཁྱོད་ཀྱི་ནད་རྐྱལ་ཁ་ཕྱེས་ལ། །སྦྲུལ་ནག་ལྔ་བརྒྱའི་ཁ་འཆིང་ཁྲོལ། །དམ་ཉམས་སྡང་བའི་དགྲ་བོ་ལ། །ནད་ཀྱི་རྐྱལ་པ་ཁ་ཕྱེས་ཤིག །ཁྱོད་ཀྱི་མཆན་ཁུང་གཡས་པ་ན། །བདུད་ཀྱི་ཤྭ་རྡིལ་དཀར་ནག་བཀྲམ། །སོང་ཕོད་དོ་ཚིགས་སུ་འཆི་ན། །ཁྱོད་ཀྱི་ཤྭ་རྡིལ་དཀར་ནག་ཁྲོམས། །ཁྱོད་ཀྱི་མཆན་ཁུང་གཡོན་པ་ན། །བྱང་དམར་རྩིས་ཀྱི་བྱང་བུ་སྦས། །སོང་ཕོད་དོ་ཚིགས་སུ་འཆི་ན། །དོ་ཚིགས་ཁྱོད་ཀྱི་རྩིས་ལ་ཐོབས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །དམ་རྫས་མདོས་ཀྱི་ཐུགས་དམ་བསྐང་། །ཚོགས་ཀྱི་གཏོར་མས་ཐུགས་དམ་བསྐང་། །དམར་ཆེན་ཨརྒྷཾས་ཐུགས་དམ་བསྐང་། །གསུར་ཆེན་དུད་པས་ཐུགས༴ སྲོག་མེད་དབུགས་ཀྱི༴ དབུགས་མེད་སྲོག་གིས༴ བསྐང་ངོ་མཆོད་དོ༴ མཉེས་པ་དགུ་ཡིས༴ ཤེལ་སྒོང་ནག་པོས༴ ཙ་ར་ལུག་གིས༴ མཁའ་ལྡིང་ནག་པོས༴ བསྐང་ངོ་མཆོད་དོ༴ རྨད་བྱུང་གཏོར་མས༴ དབང་པོ་རྣམ་ལྔས༴ མི་དབང་འབྲས་སྨིན༴ བྱང་ཆུབ་སེམས་ཀྱིས༴ འདོད་པ་དུ་མས༴ ཨ་མྲྀ་ཏ་ཡིས༴ བསྐང་ངོ་༴ བསྐང་བ་འདི་ཡིས་བྱིན་རླབས་ཀྱིས། །བདག་ཅག་སྤུན་དང་མིང་སྲིང་དང་། །མཆེད་དང་ལྕམ་དྲལ་འཁོར་བཅས་ཀྱི། །ཉམས་པ་ཐམས་ཅད་སོར་ཆུད་ནས། །བཀྲག་དང་གཟི་མདངས་རྒྱས་པར་མཛོད། །ཚེ་དང་དབང་ཐང་དར་བར་མཛོད། །དཀོར་ནོར་ལོངས་སྤྱོད་འཕེལ་བར་མཛོད། །སྡང་བའི་དགྲ་ལ་རྟགས་ཕྱུང་ཞིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །འདི་སྔོན་ཚེ་གསང་སྔགས་རྡོ་རྗེ་ཐེག་པ་ལ་སྨོན་ལམ་བཏབ་ཕྱིར་རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་མ་མོ་མཆོད་ན་རྟག་ཏུ་མགོན་སྐྱབས་བྱེད་པ་འདུག །གསང་སྔགས་སྤྱི་ཡི་སྲུང་མ་ཆེན་པོའོ། །ཀཿདམ་པ་བདེར་གཤེགས་ཀྱིས་མཛད་པའོ།། །།


previousདཔལ་ལྡན་ལྷ་མོ་རེ་མ་ཏིའི་བསྐང་བ། ཀཿདམ་པ་བདེ་གཤེགས།next