Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
ལྷ་མོའི་གསོལ་མཆོད་ཉུང་ངུར་བསྡུས་པ། བྱང་ཆུབ་རྒྱལ་མཚན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་མོའི་གསོལ་མཆོད་ཉུང་ངུར་བསྡུས་པ། བྱང་ཆུབ་རྒྱལ་མཚན། next

ལྷ་མོའི་གསོལ་མཆོད་ཉུང་ངུར་བསྡུས་པ། བྱང་ཆུབ་རྒྱལ་མཚན།

གསུང་འཐོར་བུ་མུ་ཏིག་ཕྲེང་བ་ལས༔ ལྷ་མོའི་གསོལ་མཆོད་ཉུང་ངུར་བསྡུས་པ་བཞུགས་སོ༔ ན་མོ་གུ་རུ་དྷྭེ་ཝ་ཌཱཀི་ནི་ཧཱུྃ༔ གསང་སྔགས་ཟབ་མོའི་བྷ་ག་ཀུན་བཟང་མ༔ ཡང་གསང་དངོས་གྲུབ་མཆོག་བརྙེས་མཚོ་རྒྱལ་མ༔ ཀློང་ཡངས་ཟག་མེད་གཏེར་མཛོད་དབྱངས་ཅན་མ༔ མ་རྒྱུད་མཁའ་འགྲོའི་ཚོགས་ལ་འདུད་དོ་མ༔ ཁྱེད་ནི་བློ་གྲོས་རྟ་བདུན་རྒྱས་པའི་མ༔ མི་བཟད་ཚ་ཟེར་ཕྱོགས་བཅུར་འགྱེད་པའི་མ༔ བདག་བློའི་གེ་སར་ཕྱོགས་བཅུར་བསྐྱེད་ཅིག་མ༔ ཁོ་བོས་མ་བསྐང་ཉུང་ངུར་གསོལ་ལོ་མ༔ ཞེས་དཔལ་ལྡན་ལྷ་མོ་ལ་ཇི་ལྟར་མཁོ་བའི་ཡོ་བྱད་དམ་རྫས་ཚང་བར་བསགས་ལ༔ རྣལ་འབྱོར་སྤྲོས་པ་ལ་དགའ་ན་དམ་པ་རིན་པོ་ཆེས་བྱས་པའི་ལས་བྱང་གི་དབྱངས་བཞིན་རོལ་མོ་དང་བཅས་པས༔ བྷྱོ༔ མ་གཡོས་བྱང་ཤར་མེ་རླུང་གཏིང་གི་རུང༔ མ་བཀོད་ཁྲག་མཚོ་རྦ་རླབས་གཡོ་བའི་དབུས༔ མ་བརྩེགས་ཐོད་མཁར་དགུ་རིམ་གཞལ་ཡས་ནས༔ མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི༔ མ་ལུས་བྲན་དང་གཡོག་འཁོར་བཅས་པ་རྣམས༔ མ་ཐོགས་གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ མ་ཉིད་ཐུགས་རྗེས་བརྩེ་བའི་བདག་ཉིད་མ༔ མ་གཟིགས་ཡལ་བར་དོར་ན་སུ་ལ་རེ༔ མ་འཁྲུགས་འདོད་ཁམས་དབང་ཕྱུག་འཁོར་བཅས་ཀྱིས༔ མ་ལྟར་བྱམས་ཤིང་སྲིང་ལྟར་བརྩེ་བར་མཛོད༔ མ་གཡེལ་མ་གཡེལ་དཔལ་ལྡན་རེ་མ་ཏི༔ མ་འཆུག་རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག༔ མ་ལ་མཆོད་པ་འབུལ་བའི་ཡོ་བྱད་ནི༔ མ་བསླད་མེ་ཏོག་བདུག་སྤོས་དྲི་ཞལ་རོལ༔ མ་སྤངས་གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས༔ མ་ཚང་མེད་པའི་སྨན་གཏོར་རཀྟ་འདིས༔ མ་མོ་ནག་མོ་འཁོར་བཅས་ཐུགས་དམ་བསྐང༔ མ་ཉམས་མཁའ་ལྡིང་ཟངས་མཆུ་གསེར་མིག་ལུག༔ མ་བྲེག་ཙ་ར་ཤ་ཆེན་གསུར་ཆེན་དྲི༔ མ་སྦགས་ཤེལ་སྒོང་བདུད་རྩི་རྣམ་ལྔའི་ཚོགས༔ མ་ཚོགས་འཁོར་དང་བཅས་པའི་ཐུགས་དམ་བསྐང༔ མ་འགྲན་རྫུ་འཕྲུལ་ཤུགས་ཆེན་བོང་བུ་དྲེལ༔ མ་རུང་སེང་གེ་སྦྲུལ་གྱི་སྙན་ཆ་རྒྱན༔ མ་བཟོས་མགོ་ཕྲེང་གཡང་གཞི་ནད་རྐྱལ་འདིས༔ མ་སྲིང་མཁའ་འགྲོའི་ཚོགས་ཀྱིས་ཐུགས་དམ་བསྐང༔ མ་སྒྲིབ་ཉི་ཟླའི་ལྟེ་རྒྱན་དབུ་རྒྱན་བཅས༔ མ་རྩོལ་གླང་ཆེན་ཀོ་རློན་རེ་ལྡེའི་གོས༔ མ་བསགས་ནོར་བུ་སྐྱུགས་པའི་ནེའུ་ལེ་འདིས༔ མ་དང་སྲུང་མར་བཅས་པའི་ཐུགས་དམ་བསྐང༔ མ་གྱུར་འགྲོ་བ་གཏོར་མར་སྦྱར་བ་དང༔ མ་བཙོས་ཆང་དང་མཾ་ས་ཙིཏྟའི་ཁྲག༔ མ་ནོར་མཆོད་རྫས་རྒྱ་མཚོ་དུ་མ་འདིས༔ མ་འཁོར་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང༔ མ་འགྱངས་མྱུར་དུ་སྒྲུབ་པའི་རྣལ་འབྱོར་ལ༔ མ་སྒྲུབ་དངོས་གྲུབ་སྣ་ཚོགས་ཆར་ཕོབ་ཅིག༔ མ་ཐུབ་ཡིད་ལ་བརྣགས་པའི་བསྟན་དགྲ་ཀུན༔ མ་བཞག་ད་ལྟ་ཉིད་དུ་སོད་ལ་ཤོག༔ མ་ཆེན་སྲིན་པོ་ཁྲོས་པ་ལྷ་མོའི་སྐུ༔ མ་འགགས་བྷྱོ་དང་ཨ་ར་ལི་ཡི་གསུང༔ མ་འཛིན་མཐའ་བྲལ་ཕྱོགས་ལྷུང་ཡངས་པའི་ཐུགས༔ མ་ཡེངས་ལྷ་མོའི་སྐུ་གསུང་ཐུགས་ལ་བསྟོད༔ ཧཱུྃཿ མ་ཧཱ་གུ་རུའི་བསྟན་སྲུང་དགོངས་སུ་གསོལ༔ མ་རིག་དབང་གིས་མཁའ་འགྲོའི་ཐུགས་དང་འགལ༔ མ་བརྩོན་དུས་ཀྱི་སྒྲུབ་པ་ཆགས་པ་དང༔ མ་གསལ་ཏིང་འཛིན་གཡེལ་བ་མཐོལ་ལོ་བཤགས༔ མ་བསྟེན་སྤྱོད་པ་ཚུལ་བཞིན་མ་རྟོགས་དང༔ མ་ཤེས་ལེ་ལོ་སོམ་ཉི་ཟོས་པའི་མཐུས༔ མ་བཤགས་གསང་དང་སྦ་བར་གྱུར་པ་དང༔ མ་ཚོགས་བསྙེན་པ་གྲངས་ལས་ཆགས་པ་བཤགས༔ མ་འབྱོར་དབང་གིས་མཆོད་པ་རྒྱུད་ཆུང་དང༔ མ་གཙང་ཕུད་ཉམས་འགལ་འཁྲུལ་སྣང་ལ་སོགས༔ མ་དག་ཉེས་པའི་ཚོགས་རྣམས་ཅི་མཆིས་པ༔ མ་དམིགས་ཀློང་ཡོངས་ངང་དུ་བཤགས་པར་བགྱི༔ ཨེ་མ། མ་བཞིན་སྐྱོངས་མཛད་ལྷ་མོའི་བསྐང་བ་འདི༔ མ་ནུས་འཁོས་ཆུང་བྱང་ཆུབ་རྒྱལ་མཚན་ཁོས༔ མ་ལོག་དད་པས་ཉམས་སུ་ལེན་པ་དང༔ མ་དད་སྐྱེ་བོ་ཧ་བགད་བྱེད་རྟེན་ལགས༔ མ་བཞུགས་འདས་པ་སེང་གེ་རྒྱལ་མཚན་སོགས༔ མ་སོགས་མང་པོའི་བསྟན་བཅོས་བརྩམས་པར་རིགས༔ མ་འཁོར་འདས་ཀྱང་སྐལ་བཟང་ཡིད་འཕྲོག་ནས༔ མ་འོངས་རྣལ་འབྱོར་པས་ཀྱང་དེ་བཞིན་མཛོད༔ ཅེས་སྤྲང་པོའི་ཡང་མཐའ་རུ་གྱུར་པ་བྱང་ཆུབ་རྒྱལ་མཚན་གྱིས་ཡོས་ལོར་རྟ་ཟླའི་ཉི་ཤུ་དགུར་རྨི་ལམ་དག་སྣང་འགའ་ཞིག་ལ་བརྟེན་ནས་སྦྱར་བའོ༔


previousལྷ་མོའི་གསོལ་མཆོད་ཉུང་ངུར་བསྡུས་པ། བྱང་ཆུབ་རྒྱལ་མཚན། next