Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།

1 occurrence of འར་བ་
[Clear Hits]


  
  
  
  
  
  
  
 
  
  
  
  
  
  
མ་ཆེན་བསྐང་བསྡུས། བྱང་ཆུབ་རྒྱལ་མཚན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འར་བ་
[Clear Hits]

 
previousམ་ཆེན་བསྐང་བསྡུས། བྱང་ཆུབ་རྒྱལ་མཚན།next

མ་ཆེན་བསྐང་བསྡུས། བྱང་ཆུབ་རྒྱལ་མཚན།

མ་ཆེན་བསྐང་བསྡུས་བཞུགས་སོ༔ ཧཱུྃཿ མ་སྐྱེས་མ་འགགས་ཆོས་ཀྱི་དབྱིངས་ཉིད་ལས༔ མ་རུང་འདུལ་མཛད་ཆེ་མཆོག་སྲིན་པོའི་གཟུགས༔ མ་ཅིག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ མ་ཆེན་ཧེ་རུ་ཀ་ཡི་ཐུགས་དམ་བསྐང༔ གཙོ་མོ་ཡུམ་ཆེན༴ མཁའ་འགྲོ་བཀྲག་གསལ༴ མཁའ་འགྲོ་རྣམ་གསལ༴ མཁའ་འགྲོ་འོད་གསལ༴ མཁའ་འགྲོ་མཉེན་གསལ༴ མཁའ་འགྲོ་ཡང་གསལ༴ ཧཱུྃཿ གཙོ་མོ་འདོད་ཁམས་མཐིང་ནག་འཇིགས་པའི་སྐུ༔ ལྷ་མོ་དབུ་ཞལ་རལ་པས་སྟོང་ཁམས་ཁྱབ༔ སྲིན་མོའི་ཆས་ཅན་གཡང་གཞི་བ་དན་བསྣམས༔ དཔལ་མོ་ཕུད་བདག་མ་ཡི་ཐུགས་དམ་བསྐང༔ ཉི་ཟླ་ཐོད་ཕྲེང་༴ རྡོ་རྗེ་ཁྲག་འཐུང་ཁྲོས་མའི༴ རིན་ཆེན་ཁྲག་འཐུང་ཁྲོས་མའི༴ པདྨ་ཁྲག་འཐུང་ཁྲོས་མའི༴ ལས་ཀྱི་ཁྲག་འཐུང་ཁྲོས་མའི༴ མཚན་གྱི་དབང་ཕྱུག་མའི༴ སྲིད་པ་རྒྱལ་བྱེད་མ་ཡི༴ བདག་ཉིད་ཆེན་མོའི༴ གཅིག་པུ་ཆེན་མོའི༴ སྲིད་པ་ཤར་གྱི་བདག་མོའི༴ སྲིད་པ་ལྷོ་ཡི་བདག་མོའི་ཐུགས་དམ་བསྐང༔ སྲིད་པ་ནུབ་ཀྱི་བདག་མོའི་ཐུགས་དམ་བསྐང༔ སྲིད་པ་བྱང་གི་བདག་མོའི་ཐུགས་དམ་བསྐང༔ ཧཱུྃཿ དཔལ་ལྡན་ལྷ་མོ་མཐིང་ནག་བོང་བུ་བཅིབས༔ དཔལ་གྱི་དབུ་ལ་རྨ་བྱའི་རྒྱལ་མཚན་ཕྱར༔ དཔལ་འབར་ཕྱག་གཉིས་རལ་གྲི་ནད་རྐྱལ་འཛིན༔ དཔལ་འབྱོར་ལྷ་མོ་ཆེན་མོའི་ཐུགས་དམ་བསྐང༔ ཁོལ་མོ་ནག་མོའི༴ རེ་མ་ཏི་ཡི༴ བ་གླང་ནག་མོའི༴ ཁྲི་སྨན་པི་ལའི༴ རེ་མ་ཛ་ཡི༴ རེ་མ་ཛི་ཡི༴ རེ་མ་ཛུ་ཡི༴ ཁྲག་འཐུང་ཆེན་མོའི༴ སྦྱོར་བདག་ཆེན་མོའི༴ སྲོག་བདག་ཆེན་མོའི༴ ཁྲི་ཟ་སྟོང་སྒྲོལ་ཐུགས་དམ་བསྐང༔ ཧཱུྃཿ སྟོབས་ལྡན་སྲིན་མོ་ཆེན་མོ་ཤམས་ཤམས་མོ༔ རིགས་ལྡན་ཞིང་ལྤགས་རློན་པའི་ན་བཟའ་གསོལ༔ མཐུ་ལྡན་མི་མགོ་སྭ་ཕྲེང་ཕྱག་ན་བསྣམས༔ དམ་ལྡན་ཨ་ཕྱི་ཆེན་མོའི་ཐུགས་དམ་བསྐང༔ ཡང་ཕྱི་ཆེན་མོའི༴ ཨེ་ཀ་ཙ་ཏིའི༴ ནམ་མཁའི་རྒྱལ་མོའི༴ གླིང་བཞི་སྤྱི་ཕུད༴ གླིང་བཞི་སྤྱི་འགྲོའི། རྡོ་རྗེ་སྒེག་མོའི༴ ས་བདག་ཆེན་མོའི༴ ཧཱུྃཿ ལྷ་མོ་བྱང་ཤར་མཚམས་ཀྱི་གྲུ་འདེགས་མ༔ ལྷ་མཆོག་སྐུ་ལ་ཞིང་ཆེན་གཡང་གཞི་གསོལ༔ ལྷ་ཚོགས་ཀུན་ཀྱང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ལྷ་མོ་ཧར་ཏིང་དཀར་མོའི་ཐུགས་དམ་བསྐང༔ དུན་ཏིང་ནག་མོའི༴ ཤན་ཏིང་དམར་མོའི་ཐུགས་དམ་བསྐང༔ གྲུབ་ཏིང་སེར་མོའི༴ དཀར་མོ་མཆེ་གཙིགས༴ སྔོན་མོ་ཁ་ཧ་ལ༴ དམར་མོ་མཆུ་འཇིབ༴ སེར་མོ་རྐང་ལྡག༴ ལྷ་ཡི་སྲིན་མོའི༴ གཤིན་རྗེའི་སྲིང་མོའི་ཐུགས་དམ་བསྐང༔ ཀླུ་ཡི་སྲིང་མོའི༴ གནོད་སྦྱིན་སྲིང་མོའི༴ ཧཱུྃཿ དུར་ཁྲོད་བདག་མོ་མི་སྲུན་འཇིགས་པའི་སྐུ༔ རྒྱ་མཚོ་ཆེན་པོ་འཁྲུགས་པའི་ཀློང་ན་བཞུགས༔ ཤུགས་འགྲོའི་གཙོ་མོ་རི་རབ་བསྙིལ་སྟོབས་ཅན༔ ཀུན་གྲགས་ཆེན་མོ་རྔམས་པའི་ཐུགས་དམ་བསྐང༔ ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང༔ རྡོ་རྗེ་ཀུན་གསལ་ཐུགས་དམ་བསྐང༔ ཡེ་ཤེས་མཆོག་གི་ཐུགས་དམ་བསྐང༔ རྡོ་རྗེ་འོད་ཆགས༴ རྡོ་རྗེ་གསལ་བའི༴ རྡོ་རྗེ་གཡུ་སྒྲོན༴ ཧཱུྃཿ ཕྱི་རིམ་ལྕགས་རི་འབར་བའི་བསྐོར་བ་ལ༔ ཕྱི་འཁོར་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༔ ཕྱི་རིམ་སྐྱོང་བའི་བརྟན་མ་བཅུ་གཉིས་སོགས༔ ཕྱི་མོ་མ་སྲིང་སུམ་བརྒྱའི་ཐུགས་དམ་བསྐང༔ ཧཱུྃཿ མ་ཆེན་ལ་སོགས་འཁོར་བཅས་བསྐང་བའི་རྫས༔ དམར་ཆེན་ཁྲག་གི་མཆོད་ཡོན་རྒྱ་མཚོ་དང༔ མཆོག་ཆེན་དབང་པོ་ལྔ་ཡི་མེ་ཏོག་དང༔ ཚིལ་ཆེན་རབ་ཏུ་བསྲེག་པའི་བདུག་སྤོས་དང༔ ཞུན་ཆེན་རྐང་མར་བསྟམས་པའི་མར་མེ་དང༔ སྟོབས་ཆེན་ཀོ་རོ་ཙ་ནའི་དྲི་ཆབ་དང༔ ཤ་ཆེན་རུས་པར་བཅས་པའི་ཞལ་ཟས་དང༔ རྐང་ཆེན་ཐོད་རྔ་གསང་བའི་རྔེའུ་ཆུང་རོལ༔ རླབས་ཆེན་ཚོགས་དང་རྨད་བྱུང་གཏོར་མ་དང༔ དཔལ་ཆེན་སྨན་དང་བསྐང་རྫས་རྒྱུན་གཏོར་དང༔ ཆས་ཆེན་མགོ་ཕྲེང་ཞིང་ལྤགས་གཡང་གཞི་དང༔ གླང་ཆེན་ཀོ་རློན་སྟག་ཤམས་སྦྲུལ་ཆུན་དང༔ ངར་ཆེན་ཙ་ར་མཁའ་ལྡིང་ཟངས་མཆུ་དང༔ ཐལ་ཆེན་ཚོམ་བུ་ཞག་གི་ཟོ་རིས་དང༔ སྨན་ཆེན་ལྔ་སོགས་མཆོད་རྫས་རྒྱ་མཚོ་འདིས༔ དཔལ་ཆེན་ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ ཁུར་ཆེན་ཁྱེར་བའི་རྣལ་འབྱོར་འཁོར་བཅས་ཀྱིས༔ ཐེག་ཆེན་ལྟ་བ་ཀློང་དུ་མ་གྱུར་དང༔ ལུང་ཆེན་བསྙེན་པ་གྲངས་ལས་ཆགས་པ་དང༔ གསང་ཆེན་དམ་མེད་མི་ལ་སྤེལ་བ་དང༔ དུས་ཆེན་མཆོད་གཏོར་ཆགས་པ་མཐོལ་ལོ་བཤགས༔ ཐེག་ཆེན་གཡར་དམ་ཉམས་པ་ཅི་མཆིས་པ༔ ཀློང་ཆེན་ཟང་ཐལ་ངང་དུ་བཤགས་པར་བགྱི༔ ཨེ་མ། མ་ཆེན་བསྐང་བ་ཉུང་ངུར་བཀོད་པ་འདི༔ ཚུལ་མིན་ཁེངས་སེམས་རློམ་པ་མ་ཡིན་ཞིང༔ བཀའ་བརྒྱུད་གོང་མའི་བཀའ་སྲོལ་ཡིན་ཕྱིར་རོ༔ ཚིང་ཉུང་དོན་ལ་དབྱེར་མེད་གཅིག་པ་འདི༔ སྟོན་པའི་བཀའ་ལ་བསྲེ་བསླད་མ་ཡིན་ཞིང༔ རང་འདྲའི་བློ་ཆུང་རྒྱུན་ཁྱེར་བདེ་ཕྱིར་རོ༔ མ་མོ་དཔལ་ལྡན་ལྷ་མོའི་ཚིག་རྒྱན་འདི༔ ཆེ་མཐོ་མཁས་འདོད་བྱེད་པ་མ་ཡིན་ཞིང༔ རྣལ་ལམ་སྣང་བར་རེ་མ་ཏིའི་ཝཀྐ༔ དེ་ལྟར་མཐོང་བའི་རྟགས་ཚད་མི་ལྡན་ན༔ ཁོ་བོ་དམན་པའི་གང་ཟག་མ་ཡིན་ཞིང༔ བསྐྱེད་དང་རྫོགས་པའི་རང་རྟགས་ཤར་ཕྱིར་རོ༔ འདི་དང་འདི་འདྲའི་ལེགས་བཤད་ཕྲེང་བ་ཀུན༔ རང་མཐོའི་ང་རྒྱལ་གླེང་བ་མ་ཡིན་ཞིང༔ ཚད་གསུམ་གཞུང་ལ་འགལ་བ་མེད་ཕྱིར་རོ༔ དེ་ཕྱིར་སླད་ནས་འབྱོན་པའི་རྣལ་འབྱོར་ཀུན༔ དེ་ན་འདི་ལ་ཐེ་ཚོམ་མི་བྱེད་ཅིང༔ མཁས་རྨོངས་གང་གིས་ཉམས་སུ་ལེན་པར་ཞུ༔ ཞེས་ཚིག་རྒྱན་ལ་མངོན་པར་ཕྱོགས་པའི་ཁོལ་རི་པ་བྱང་ཆུབ་རྒྱལ་མཚན་གྱིས་ཡོས་ལོ་ལུག་ཟླའི་ཚེས་གཅིག་ལ་གནས་མཆོག་ཁོལ་རི་རྣ་གོང་མགོར་ཡི་གེར་བཀོད་པའོ༔ ༔


previousམ་ཆེན་བསྐང་བསྡུས། བྱང་ཆུབ་རྒྱལ་མཚན།next