Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།

1 occurrence of འར་བ་
[Clear Hits]


  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
མ་ཚོགས་འཁོར་བཅས་བཤགས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འར་བ་
[Clear Hits]

 
previousམ་ཚོགས་འཁོར་བཅས་བཤགས་པ།next

མ་ཚོགས་འཁོར་བཅས་བཤགས་པ།

མ་ཚོགས་འཁོར་བཅས་བཤགས་པ་བགྱི་བ་ནི། ཧཱུྃ། འགྲོ་བའི་དོན་ཆེད་སྐུ་མཆོག་འཇིགས་པ་ལ། །མ་ལུས་ཁྱད་པར་གསལ་བར་མཛད་པ་ཡི། །ང་རྒྱལ་དྲེགས་པ་ཐམས་ཅད་འདུལ་མཛད་པ། །ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། རྡོ་རྗེ་རྒྱལ་པོ་བདེ་བར་གཤེགས་པའི་བདག །གསང་སྔགས་རྣལ་འབྱོར་མཉེས་པའི་གྲུབ་པ་མོ། །ཡོན་ཏན་མང་པོའི་འགྲོ་བའི་དོན་མཛད་མ། །སྔོན་གྱིས་ལས་ཀྱི་འབྲེལ་བའི་བདག་བཟུང་སྟེ། །སྐུ་གསུམ་སྒྱུ་མར་བསྟན་པའི་བཀའ་དྲིན་ཆེ། །དུས་ངན་སྙིགས་མའི་དུས་འདིར་བདག་སྐྱེས་ཏེ། །མ་རིག་ཉོན་མོངས་བག་མེད་དབང་གྱུར་ཏེ། །དམ་ཚིག་ཉམས་ཤིང་ཐུགས་དང་འགལ་གྱུར་པ། །རྡོ་རྗེ་དམ་ལྡན་མ་ལ་བཟོད་པར་གསོལ། །ཧཱུྃ། མ་མོ་དབྱིངས་ཕྱུག་རྡོ་རྗེ་རིག་མ་ལ། །ལོག་རྟོག་གཞོམ་ཕྱིར་ཡུམ་གྱི་ཚུལ་སྟོན་ཅིང་། །ཁྲོ་བཞད་ལྕང་ལོར་བཅས་པའི་ཅོད་པན་ཅན། །ཡོན་ཏན་ལྡན་པའི་སྐུ་གསུང་ཐུགས་ཉིད་ལ། །མ་རིག་དབང་གིས་སྒྲོས་དང་བསྐུར་བཏབ་སྟེ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཧཱུྃ། བདེར་གཤེགས་རྒྱལ་བའི་བསྟན་པ་རྒྱས་མཛད་ཅིང་། ཐམས་ཅད་འཇིགས་ཚུལ་ཆས་ཆེན་རྣམས་ཀྱི་བརྒྱན། །དུར་ཁྲོད་གནས་པའི་བོང་བུ་ཞབས་ཀྱི་བརྟེན། །དྲིལ་ཆུང་ཕྲེང་བས་སྐུ་ཡི་རྒྱན་དུ་བྱས། །གསང་བར་དམ་བཅའ་བུ་རྣམས་ཀྱིས། །སེམས་ཅན་ལག་པས་ཉོན་མོངས་ལྔ་རྒྱས་པས། །སྨིན་ཅིང་བསྒྲུབ་པར་བྱ་བ་མ་གྲུབ་པས། །མ་ཅིག་མེ་འབར་སྐུ་ལ་བཟོད་པར་གསོལ། །ཧཱུྃ། དྷ་ཀ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །གསང་བར་དམ་བཅས་སྐུ་ཡི་དམ་ཚིག་ལས། །སྐུ་ཡི་སྤྱོད་པ་ཚུལ་བཞིན་མ་རྟོགས་ཏེ། །ལེ་ལོ་སེམས་གཉིས་ཟོས་པ་ཐམས་ཅད་ཀུན། །བསྒོམ་དང་བསྒྲུབ་པའི་ཚུལ་བཞིན་མ་བསྲུང་བ། །བྱམས་པའི་ཐུགས་རྗེ་གཡེལ་བར་གྱུར་པ་ནི། །ཁམས་གསུམ་རྒྱལ་མོའི་སྐུ་ལ༴ ཧཱུྃ། མ་ཅིག་བདེར་གཤེགས་རིགས་ལྔ་དཔལ་གྱི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་མ། །ཅི་བཞིན་འགྲོ་བ་ཐམས་ཅད་དེ་འདུས་པའི། །མ་ཅིག་སྤྲུལ་པའི་སྐུ༴ ཧཱུྃ། རྣལ་འབྱོར་གདུང་འཚོབ་བདག་ཅག་འདིར་འདུས་རྣམས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས། །མ་ཅིག་དམ་ཚིག་རྗེས་སུ་མི་བཏང་ཡང་། །ཀློང་དུ་མ་གྱུར་རྩལ་ཤུགས་གོམས་ཆུང་བས། །མ་ཅིག་སྐྱོང་མའི་སྐུ་ལ༴ ཧཱུྃ། ཐུགས་རྗེས་ངེས་པར་གཟིགས་པའི་ཡུལ་རྣམས་ལ། །དམ་རྫས་མ་ཚངས་མཆོད་པ་མ་བཤམས་ཏེ། །འཕང་སེམས་དབང་གི་མཆོད་པ་རྒྱུ་ཆུང་བས། །རྗིད་མོ་བཀང་བཟློག་སྐུ༴ ཧཱུྃ། མ་ཅིག་སྐུ་མདོག་ཕྱག་མཚན་ཕྱག་རྒྱ་ལས། །དོན་དང་མཐུན་པར་ཚུལ་བཞིན་མ་རྟོགས་ཏེ། །འཕགས་པའི་ཐུགས་རྗེས་གཡེལ་བར་གྱུར་པ་རྣམས། །བདུད་འདུལ་རྒྱལ་མོའི་སྐུ༴ ཧཱུྃ། ཐམས་ཅད་འཇིགས་ཚུལ་ཁྲོ་བཞད་འབར་བའི་ཞལ། །མཛེས་པར་རྒྱན་ལྡན་ཀོ་རློན་ཤམ་ཐབས་ཅན། །གདུག་པའི་ཚོགས་འདུལ་སྦྲུལ་གྱིས་སྐེ་རག་བཅིངས། །བུ་ཡི་ཚུལ་དུ་རྒྱུན་གྱིས་དམ་ཚིག་ལས། །ལེ་ལོ་ཡུལ་ཐུམ་བྲེ་མོའི་གཏམ་ལ་སོགས། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །ཐམས་ཅད་མ་ལུས་བྱམས་པའི་རང་བཞིན་ལ། །མ་ཅིག་ཐུགས་རྗེས་ཚངས་པ་རྩལ་དུ་གསོལ། །ཧཱུྃ། རྣལ་འབྱོར་མ་ཡི་དམ་ཚིག་འཛིན་པ་རྣམས། །བུ་ཡི་ཚུལ་གྱི་ཐམས་ཅད་བསྲུང་བ་དང་། །ཞེ་སྡང་གདུག་པའི་དགྲ་བགེགས་གང་བྱུང་ཡང་། །མ་ཅིག་ཐུགས་རྗེས་ལྷག་པར་དེར་ཕྱུང་ཞིང་། །དྲག་ཤུལ་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །ཐམས་ཅད་མ་ལུས་རྫོགས་པར་ཕྲིན་ལས་མཛོད། །ཧཱུྃ། ཐུགས་བརྩེར་ལྡན་པའི་རྡོ་རྗེ་རྫོང་མོ་ལ། །འདི་སྐད་བཤགས་ཤིང་གསོལ་བར་འཚམས་པ་དང་། །ཉོན་མོངས་ཐལ་བའི་སེམས་ཀྱི་མ་བཤགས་ཏེ། །འགྲོ་དོན་བྱང་ཆུབ་སེམས་ཀྱི་བཤགས་གྱུར་ཏེ། །ཐུགས་དང་འགལ་བར་ཅི་མཆིས་བཟོད་པར་གསོལ། །རེ་ཞིང་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཧཱུྃ། རྡོ་རྗེ་ལས་ཀྱི་སྲིང་མོ་བོང་ཞོན་མ། །ཡེ་ནས་རང་བཞིན་དག་པའི་སྐུ་བཞུགས་ཀྱང་། །རྣལ་འབྱོར་བདག་འདྲའི་སེམས་ཀྱི་བག་ཆགས་སྐྱེན་རྣམས་སྦྱང་བའི་ཕྱིར། །འདོད་ཁམས་སྐྱོང་མའི་གཙོ་མོ་ཁྱོད་ལ་བཟོད་པར་གསོལ། །གདུང་བ་དྲག་པོས་སེམས་ཀྱི་ཤུགས་ཕྱུང་ནས། །ང་རོ་དྲག་པོས་ངུ་ཞིང་མཆི་མ་བསིལ། །ཉམས་གྲིལ་མཆིས་པ་རྣལ་འབྱོར་ཡོངས་སུ་སྨྲེ། །འདོད་ཁམས་ལྷ་མོ་ཁྱེད་ལ་སྨྲེ་གསོལ་ལོ། །བྷྱོ། ཐོད་པ་དགུ་བརྩེགས་སྲིད་པའི་གཞལ་ཡས་ནས། །དཔལ་ལྡན་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །རང་ལ་རིག་པའི་ཡེ་ཤེས་རྒྱུད་ལྡན་ཡང་། །འཕྲལ་བྱུང་ལོག་རྟོག་ཤིན་ཏུ་འབང་ཆེ་བས། །མ་ཡི་ཐུགས་དང་འགལ་བར་བཟོད༴ གཤིན་རྗེ་ཡེ་ནས་ལྷ་མོའི་ཁྱོད་ཡིན་ཀྱང་། །ཕྲག་དོག་དབང་གིས་བགྱིས་པ་བཟོད༴ རླུང་ནག་ཡེ་ནས་ལྷ་མོའི་སྤྲུལ་ཡིན་ཀྱང་། །ལོག་པར་བལྟས་ཏེ་མ་དད་བཟོད༴ བོང་བུ་ཡེ་ནས་ལྷ་མོའི་བཅིབས་ཡིན་ཡང་། །མ་བརྟེན་བརྡེག་པར་གྱུར་པར་བཟོད༴ ནལ་མ་ཡེ་ནས་ལྷ་མོའི་གྲོགས་ཡིན་ཡང་། །ལོག་པར་བལྟས་ཏེ་གཤེ་བ་བཟོད༴ ནལ་བུའི་ཡེ་ནས་ལྷ་མོའི་སྲས་ཡིན་ཡང་། །མ་བརྟེན་བསྐྲད་པར་གྱུར་པར༴ ཡུག་ས་ཡེ་ནས་ལྷ་མོའི་དགྲ་ཡིན་ཡང་། །འདོད་ཆགས་དབང་གིས་སྤྱོད་པར་བཟོད༴ ཕག་རྫི་ཡེ་ནས་ལྷ་མོ་ཁྱོད་ཡིན་ཡང་། །མ་བརྟེན་བསྐྲད་པར་གྱུར་པར༴ འགར་བ་ཡེ་ནས་ལྷ་མོའི་དགྲ་ཡིན་ཡང་། །མ་བསྐྲད་བརྟེན་པར་གྱུར་པར༴ བདག་ཅག་ཡེ་ནས་སེར་སྣའི་དབང་གྱུར་པས། །མཆོད་ཚོགས་གཏོར་མ་ཞན་པ་བཟོད༴ ལེ་ལོ་སྙམ་ལས་དབང་དུ་གྱུར་ལགས་པས། །མཆོད་པ་ལོ་ཟླར་འདས་པ་བཟོད༴ གཏོར་མ་དུས་ལ་གཡེལ་བ་བཟོད༴ གཅོམ་ལ་ཕྱར་བས་མན་ངག་གསང་མ་ཐུབ། །ཟབ་མོའི་ཐུགས་དང་འགལ་བ་བཟོད༴ ཀྱཻ། གསང་སྔགས་ཟབ་མོའི་ཚོགས་རྣམས་དགོངས་སུ་གསོལ། །མ་དང་མཁའ་འགྲོ་སྲུང་མ་དམ་ཚིག་ཅན། །ཐམས་ཅད་མ་ལུས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་སློབ་དཔོན་དམ་ཚིག་མཆེད་ལ་སོགས། །བདག་ལ་དམ་ཚིག་བཞིན་དུ་དགོངས་སུ་གསོལ། །བདག་གིས་ཐོག་མ་མེད་པའི་དུས་མཐའ་ནས། །ཆོས་ཉིད་ཡེ་ནས་མཉམ་པ་ཆེན་པོ་ལ། །བདག་བློ་རྨོངས་པས་དེ་ལྟར་མ་རྟོགས་ཏེ། །ཀུན་རྫོབ་རྟོག་པའི་བག་ཆགས་རྗེས་འབྲང་ནས། །ཆོས་དང་མི་མཐུན་རྣམ་སྨིན་སྣ་ཚོགས་བསགས། །བྱམས་མགོན་ཐུགས་རྗེའི་ཐུགས་དང་ཅི་འགལ་བ། །རྒྱལ་བ་རྒྱལ་མཚོའི་ཚོགས་ལ༴ བཟོད་པར་བཞེས་ནས་ཚངས་པར་རྩལ་དུ་གསོལ། །ལེ་ལོའི་དབང་གིས་བསྒོམ་བསྒྲུབ་ལས་ལ་གཡེལ། །ཡི་དམ་ལྷ་ཚོགས་ཚུལ་བཞིན་མ་བསྒོམ་པས། །གསང་སྔགས་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །ཡི་དམ་ཞི་ཁྲོའི་ཚོགས་ལ་བཟོད༴ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་རྫས་མ་ཚང་ལྷ་མོ་མ་བརྙེས་པས། །དབྱིངས་ཕྱུག་རྒྱལ་མོའི་ཚུལ་བཞིན་མ་བརྟེན་པས། །རང་བྱུང་རྒྱལ་མོའི་ཐུགས༴ འདོད་ཁམས་དབང་ཕྱུག་ལ༴ སེར་སྣའི་དབང་གི་སློབ་དཔོན་ཐུགས་དང་འགལ། །ཆོས་བཞིན་མ་ལྕོག་གཟུང་འཛིན་དབང་དུ་གྱུར། །རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་བ། །ཕྲིན་ལས་ཆེན་པོའི་སྐུ་ལ༴ ཞེ་སྡང་དབང་གི་གཞན་ལ་གནོད་སེམས་བསྐྱེད། །ཉོན་མོངས་དབང་གི་རྡོ་རྗེ་མཆེད་དང་འགལ། །མཆེད་དང་ལྕམ་དྲལ་དམ་ཚིག་གཟུང་མ་ལ། །གཏི་མུག་དབང་གྱུར་འགལ་བའི་ལས་བགྱིས་པ། །མི་ལྡོག་དམ་ལྡན་སྐུ་ལ་བཟོད་པར་གསོལ། །བཟོད་པར་བཞེས་ནས་ཚངས་པ་སྩལ་དུ་གསོལ། །དཔལ་ལྡན་ལྷ་མོའི་བསྐང་བཤགས་དམ་པ་བདེ་གཤེགས་ཀྱིས་རྒྱུད་ལས་བཏུས་པའོ།། །།


previousམ་ཚོགས་འཁོར་བཅས་བཤགས་པ།next