Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་མོ་སྲོག་གི་གཟེར་ཆུང་མའི་བསྙེན་བསྒྲུབ་ལས་གསུམ་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུད་མོ་སྲོག་གི་གཟེར་ཆུང་མའི་བསྙེན་བསྒྲུབ་ལས་གསུམ་གསལ་བ།next

བདུད་མོ་སྲོག་གི་གཟེར་ཆུང་མའི་བསྙེན་བསྒྲུབ་ལས་གསུམ་གསལ་བ།

བདུད་མོ་སྲོག་གི་གཟེར་ཆུང་མའི་བསྙེན་བསྒྲུབ་ལས་གསུམ་གསལ་བ་བཞུགས་སོ། །ན་མོ་གུ་རུ། དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །བདུད་མོ་སྲོག་གི་གཟེར་ཆུང་གི། །བསྙེན་བསྒྲུབ་ལས་གསུམ་གསལ་བར་བྲི། །དེ་ལ་དང་པོ་ལྷ་མོ་བསྒྲུབ་པའི་ཐབས་འདི་ལ། དོན་རྣམ་པ་གསུམ་གྱིས་སྟོན་ཏེ། སྔོན་དུ་འགྲོ་བའི་རིམ་པ་དང་། དངོས་གཞི་དང་། རྗེས་ཀྱི་བྱ་བའི་རིམ་པའོ། །དེ་ལ་སྔོན་དུ་བྱ་བའི་རིམ་པ་ལ། གནས་ནི་དུར་ཁྲོད་དམ། ཤིང་གཅིག་གམ། ས་མདོའམ། བྱང་ཤར་དུ་བལྟ་བའི་བྲག་ཕུག་གམ། ལྷ་འདྲེ་དྲག་པོ་གནས་པའི་སར། བསྒྲུབ་པ་བྱ་སྟེ་རྣལ་འབྱོར་པ་དབང་ཐོབ་ཅིང་། དམ་ཚིག་དང་ལྡན་པ། གཉེན་པོ་ལྷའི་བསྙེན་པ་ཐོན་པའི་རྣལ་འབྱོར་པས། དཀྱིལ་འཁོར་མདའ་གང་གྲུ་བཞིའི་སྟེང་དུ། ཕུད་ཤུལ་ལ་སོགས་པའི་ས་ལ། གྲུ་གསུམ་ནག་པོ་བང་རིམ་གསུམ་པ། རྒྱར་ཁྲུ་གང་བ། ཟབ་སུ་ཁྲུ་ཕྱེད་པ། དུག་དང་ཁྲག་གི་ནག་པོ་བྱུག་ལ། ཟུར་གསུམ་དུ་ས་མཆོག་ཕུར་གསུམ། ལོག་གསུམ་དུ་རྩང་བརྒྱད། སྲིན་མོའི་འགྲོས་སུ་སྦྲེལ་ལ། དེ་རྣམས་ཀྱི་ཁ་ལ་ཤ་དུམ་རེ། འོག་ཏུ་ལིང་ག་རེ་བཞག །དེའི་ཕྱི་རིམ་ཟླུམ་སྐོར་གསུམ་བྱས་ལ་ནང་མ་ཐོད་ཕྲེང་། བར་མ་ལ་མེ་རི། རྒྱབ་མ་ལ་རླུང་རི་བྲི། དེ་ནས་རྫས་ཀྱི་རིམ་པ་ལ། བརྟེན་པའི་རྫས་དང་། བསད་པའི་རྫས་སོ། །བརྟེན་པའི་རྫས་ལ། འབྲུ་སྣ་ཚོགས་ལ་བྱས་པའི་ཕྱེ་མ། རཀྟ་ཆང་ཕུད། བདུད་རྩིའི་སྦྲུས་པའི་བཤོས་བུ་ནག་པོ་ཟུར་གསུམ་གྲུ་གང་བ་གཅིག །སྣོད་གང་ཡང་རུང་བའི་ནང་དུ་བཞག །དེའི་མཐར་མི་དབང་ཤ་དང་། གྲི་རྒོད་སྙིང་དང་། ཁྲིམས་འཆལ་ཤ་སོགས་པའི། ཤ་སྣ་ཚོགས་ཀྱིས་བསྐོར། མདའ་བྱ་རྒོད་མ་གཅིག་ལ། སྐྱེས་པ་དར་མ་གྲིར་ཤི་བའི་ཙི་ཏའི། རྩ་སྦུགས་དབུས་མར། འབོད་རྦད་བསད་གསུམ། གྲི་ཁྲག་དང་མཚལ་གྱིས་བྲིས་ལ་གཞུག །དར་ནག་གི་དྲིལ་ལ་མདའི་མགུལ་དུ་བཏགས་གོ། །གཞན་ཡང་ཙ་ག་ལི་དང་། ནཻའུ་ལེ་རྐྱལ་གྱི་ནང་དུ་མི་དབང་གི་དབང་པོ་ལྔ་དང་། བྱེ་རུ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་དང་། འབྲུ་སྣ་ཚོགས་དང་། རྨ་བྱའི་སྒྲོ། དར་སྣ་ཚོགས། བོང་བུའི་སྙིང་། ཤིང་ལོ་རླུང་ཁྱེར། བྱང་སེམས་དཀར་དམར། དྲི་རྒོད་དབང་པོ་ལྔ། མི་བསད་པའི་མཚོན་ལ། རལ་གྲི་སོར་བརྒྱན་པ། ཡུ་བར་བྷྱོ་བྲིས་པ་གཅིག་དང་། དེ་རྣམས་མདའི་མགུལ་དུ་བཏགས་ལ། བརྟེན་གཏོར་ཁར་གཟུག །དེའི་སྟེང་དུ་དར་ནག་གི་གདུག་ཕུབ། གཞན་ཡང་མདའ་བྱ་རྒོད་མའི་མགུལ་དུ་བུད་མེད་ཆུར་ཤི་བའི་སྲིན་ལག་དང་། བ་དན་རྩེ་གསུམ་རྣམས་བཏགས་ལ། རང་གི་གཡས་སུ་བཞག །དེ་རྣམས་བརྟེན་པའི་རྫས་སོ། །དེ་ནས་བསད་པའི་རྫས་ནི། དགྲ་གཅིག་ཡིན་ཀྱང་ལིང་ག་ལྔ། བརྒྱ་ཡིན་ཀྱང་ལིང་ག་ལྔ། མིང་རུས་མཚན་གསུམ་བྲི། གཅིག་གཡག་རུའམ། ལྐུག་པའི་ནང་དུ་བཅུག་ལ། གྲུ་གསུམ་དབུས་སུ་གཞུག །གཅིག་བརྟེན་གཏོར་ཞབས་སུ་གཞུག །དེ་གཉིས་ཚོན་སྐུད་ཀྱི་དཀྲིས་ལ། མདུན་དུ་མཆོག་ཕུར་ལ་བསྟོད་དེ། གཅིག་བག་ཟན་གྱི་སྦྲུས་པའི་སྙིང་དཀར་བཅུག་ལ། རྒྱུན་གཏོར་ཁར་བཞག །ལིང་རྐྱང་གསུམ་དཀྱིལ་འཁོར་གྱི་ཟུར་གསུམ་དུ་བཞག་གོ། །དེ་ནས་ཐུན་གྱི་རིམ་པ་ནི། ཕུར་པ་དང་མི་བསད་པའི་མཚོན་དང་། གཞན་ཡང་སྣ་ཚོགས་དང་། དུག་སྣ་ཚོགས་དང་། ཡུངས་ཀར་ནག་དང་། ལྕགས་ཕྱེ་ཟངས་ཕྱེ། སྒོ་ཚ། ཤང་ཚེ། དེ་རྣམས་ཐོད་ཚལ་དུ་བླུག་ལ། མདུན་དུ་བཞག་ལ། དེ་རྣམས་ནི་བསད་པའི་རྫས་སོ། །དེ་ནས་སྔོན་དུ་ལྟེ་ཕུར་མནན་ཏེ། དེ་སྔོན་དང་པོ་ལྷ་མོ་དང་། ཆུ་སྲིན་གྱི་རྒྱལ་པོ་ཀུ་བེ་ར་གཉིས་ཀྱི་སྦྱོར་བ་བྱས་པས། བུ་མོ་ལྟེར་ཕུར་མ་བྱུང་སྟེ། དེ་མ་མནན་ན་བར་ཆད་བརྩམས་པས། མནན་པའི་ཐབས་ལ། ཤོག་གུ་ལ་བུད་མེད་ཀྱི་གཟུགས་ལ། ལུས་པོ་མིག་གི་གང་བ། རྐང་པ་བྱའི་རྐང་པ་གཅིག་བྲིས་ལ། སྙིང་ཀར་ཚེ་དང་ལོངས་སྤྱོད། དངོས་གྲུབ་ཀྱི་བར་དུ་གཅོད་པར་བྱེད་པའི་འདྲེ་ལྟེ་ཕུར་ནག་མོ་མ་ར་ཡ་ཛ་ཛ། བདུད་མོ་མ་ར་ལ་ནན་བྱ་བ་བྲི། མཐའ་ཛཱས་བསྐོར། དེ་ནས་མདུན་དུ་གྲུ་གསུམ་མཐོ་གང་བ་གཅིག་བྱས་པའི་ནང་དུ་གཞུག །དེ་ནས་ཐུན་སྐབས་སུ་ཕྱག་ན་རྡོ་རྗེར་བསྒོམ་ལ། དམ་སྲི་མོ་གོང་དུ་བྲིས་པ་འདྲ་བ་གཅིག་བསྐྱེད་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། །སྤྲུལ་པའི་ཁྲོ་བོའི་ཚོགས་འཕྲོས་པས་འགུག་ལ་བསྟིམ། །ཕུར་པ་གཅིག་ཕྱག་ན་རྡོ་རྗེ་བསྒོམ། །བཏབ་ཅིང་གཟིར་བར་བསམ། དེ་ནས་རྟ་བྲ་ནག་གི་རྨིག་པ་ལ་ཛཿཁུག་བྲིས་ལ། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ ཚེ་དང་བསོད་ནམས་ལོངས་སྤྱོད་དངོས་གྲུབ་ལ་བར་དུ་གཅོད་པའི་ལྟེ་ཕུར་མ་ར་ཡ་ཛ་ཛ། བདུད་མོ་མ་ར་ཡ་ནན། ཅེས་བརྡུང་བཏག་བྱའོ། །དེ་ནས་རྡོ་ལེབ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་ཁ་བཅད། ཐུན་མཚམས་སུ་རྡོ་ལེབ་བཀོག་ལ། སྔར་བཞིན་བརྡུང་བཏག་བྱ། བསྒྲུབས་པ་ཐོན་པའི་ཚེ་ཞབས་དུ་མནན་པ་བྱ། དེ་རྣམས་ནི་སྔོན་དུ་བྱ་བའི་རིམ་པའོ། །དེ་ནས་དངོ་གཞི་ནི། བསྙེན་བསྒྲུབ་ལས་གསུམ་གཅིག་ཏུ་བྱ་བའི་རིམ་པ་ལ། ཐོག་མར་བསྒྲུབ་པ་ལ་འཇུག་པའི་ནུབ་མོ། ལིང་ག་རྣམས་སྒོ་རྒྱབ་ཏུ་ཁྱེར་ལ། སྔགས་ཏིང་འཛིན་ཅི་འོས་གཅིག་གི་འགུག་གཞུག་བྱ་ལ། གུ་གུལ་དང་ཡུག་ས་མའི་ཞབས་མའི་སའམ། ལྷམ་འབོལ། ཁྱི་ལུད་རྟ་བོན་རྣམས་བསྲེགས་པའི་ལིངྒ་དུ་བདུག་ཅིང་སྔགས་ཀྱི་ཤམས་དུ་ཆྒཻ་མོ་བསྲུང་བའི་ལྷ་དང་ཕྱེས་ཤིག །སྐྱོབས་པའི་ལྷ་དང་ཕྱེས་ཤིག །འགོ་བའི་ལྷ་དང་ཕྱེས་ཤིག །ཅེས་བརྗོས་པས། ལྷ་རྣམས་ཀྱི་ཁོ་ཉེས་པ་ཅན་དུ་རིག་ནས་ཁོ་རང་གཤེད་བྱེད་པར་བསམ། དེ་ནས་ལིང་ག་རྣམས་ནང་དུ་འོངས་ལ། གདན་དུ་བཀོད་ལ། དེ་ནས་མཚམས་དང་བསྲུངས་བའི་འཁོར་ལོ་དང་། ཡན་ལག་བདུན་པ་རྣམས་བྱ་ལ། ཕྱག་རྡོར་འམ་ཡི་དམ་གང་ཡང་རུང་བའི་བཟླས་པ་རྫོགས་པར་བྱའོ། །དེ་ནས་ལྷ་མོ་བསྒོམ་པའི་རིམ་པ་ནི། བདག་ཅག་གི་ཕྱི་ནང་གི་བར་ཆད་ཞི་ཞིང་བསྟན་པ་ལ་སྡང་བའི་དགྲ་བོ་རྣམས་བསྒྲལ་ནས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་དོན། ལྷ་མོ་བསྙེན་ཅིང་བསྒྲུབ་པར་བྱ་སྙམ་དུ་བསམ་མོ། །སྐད་ཅིག་གིས་མི་དམིགས་པའི་ངང་ལས། བྷྲཱུྃ་ནག་པོ་གཅིག་ཡོངས་སུ་གྱུར་པ་ལས། ཐོད་པ་སྐམ་རློན་གྱི་གཞལ་ཡས་ཁང་པ། གྲུ་བཞི་སྒོ་བཞི་པ། ཞིང་ཆེན་གྱི་གདོང་མ། ཞིང་ཆུང་གི་དྲལ་དྲབ། ཤ་ཆེན་གྱི་ནག་ལེབ། ཚིལ་ཆེན་གྱི་འཕན་གདུག །ཙིཏྟའི་ཕོ་ལོང་། རྒྱུ་མའི་རྡ་ལྡི། ཉི་ཟླའི་སྐར་ཁུང་བྱས་པ། སྟེང་དུ་ཞིང་གི་རྒྱལ་མཚན་འཛུགས་པ། ཏོག་ལ་ཞིང་གི་གདུག་འཁོར་བ་ཡངས་ཤིང་རྒྱ་ཆེ་བ་བློས་རྫོགས་ཚད་གཅིག་བསྐྱེད། དེའི་ཕྱི་རོལ་དུ་བསྐལ་པའི་རླུང་ནག་འཚུབས་མའི་གུར་ཁང་འཁོར་བ་ནང་ན་མེ་རི་འཚུབ་མ་གཅིག་བསྐྱེད། དེ་ནས་ངག་ཏུ། གྷར་བྷ་ཏ་བ་ཧཱུྃཿ ཞེས་པའི་དེའི་དབུས་སུ་རིམས་ཏེ་བསྐྱེད། གཞལ་ཡས་ཁང་དེའི་དབུས་སུ་སྤྲུལ་བའི་བོང་བུ་དམར་ག་བ། རླུང་ནག་གི་གཤོག་པ་ཅན། ཐོད་སྐམ་འབར་བའི་སྒ་བསྟད་པ། སྲིན་པོའི་ཡ་གལ་ལ་སྔ་རུ་བྱས་པ། སྲིན་མོའི་མན་གལ་ལ་ཕྱི་རུ་བྱས་པ། གོང་སྨད་སྦྲུལ་ལས་བྱས་པ། རུས་སྦལ་ནག་པོའི་ཕོ་གུ་བཏགས་པ། སྔ་ཤད་གཡས་ན་བདུད་ཀྱི་ཁྲམ་བམ། སྔ་ཤད་གཡོན་ན་མཚོན་གྱི་གྲུ་གུ། ཕྱི་ཤད་གཡས་ན་བྱང་དམར་བམ་རོ། ཕྱི་ཤད་གཡོན་ན་ནད་ཀྱི་རྐྱལ་བ་འགེལ་བ། མི་མགོའི་ཐོད་དོམ། ཐོད་རློན་ཁྲག་གི་ཞལ་ཞལ། སྙན་ཤལ་གཉིས་ན་མི་ལག་འཕྱང་བ། མཇུག་མ་ན་མིག་གཅིག་ཡོད་པ། ས་བུ་ཏ་ཡི་ཞག་པའི་མཐུར་ཆིངས་བྱས་པ། དེའི་སྒ་གོང་དུ་ཞིང་བསྣོལ་བའི་སྟེངས་སུ། རཾ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ། བདག་གི་ཐུགས་ཀ་ནས་བྷྱོ་ནག་པོ་གཅིག་འཕྲོས་པས། དེ་ལས་འོད་ཟེར་བྱུང་བས། བསྟན་པ་ལ་སྡང་བའི་དགྲ་བགེགས་བསྒྲལ། ཚུར་འདུས་བྷྱོ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། དཔལ་ལྡན་ལྷ་མོ་སྐུ་མདོག་མཐིང་ནག་རྔམ་པ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་དམར་ལ་ཟླུམ་པ། མེ་སྟག་འཕྲོ་བ། གཡས་པས་རལ་གྲི་མཁའ་ལ་ཕྱར་ནས་བསྣམས་པ། གཡོན་པའི་བྷནྡྷ་ལྕང་ལོ་ཅན་ཁྲག་གི་བཀང་བ་བསྣམས། མཆན་ནེའུ་ལེ་རྐྱལ་པ་ཅན། ཁ་ནས་རིན་པོ་ཆེའི་མུ་ཏིག་བྲུལ་བའི་ཆུན་པོ་འཕྱང་བ། རལ་པ་དམར་སེར་གྱེན་དུ་བརྫེས་པའི་སྐྲ་མཚམས་སུ། ཐོད་པ་སྐམ་པོ་ལྔའི་དབུ་བརྒྱན་དང་། རིིན་པོ་ཆེའི་ཟེར་འཕྲོ་ལྔའི་བརྒྱན་པ། སྤྱི་བོ་ནས་ཟླ་བ་ཤར་བ། ལྟེ་བ་ལ་ཉི་མ་ཤར་བ། སྤྱི་གཙུག་ན་རྨ་བྱའི་རྒྱལ་མཚན་བཙུགས་པ། རྣ་བ་གཡས་གོང་ན་སེང་གེ་འགྱིང་བ། །གཡོན་ན་སྦྲུལ་ནག་གི་གདེང་ཀ་འཕྱོ་བ། སྙན་གཉིས་ན་གསེར་གྱི་དྲིལ་བུ་འཁྲོལ་བ། ཞིང་ཆེན་གྱི་གཡང་གཞི་དང་། གླ་ཆེན་གྱི་ཀོ་རློན་སྐུ་སྨད་ལ་མནབས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་། མི་རྩིད་ཀྱི་རེ་ལྡེས་སྐུ་སྨད་དཀྲིས་པ། ཐོད་རློན་ལྔ་བཅུའི་དོ་ཤལ་དང་། རུས་པའི་བརྒྱན་དང་། རིན་པོ་ཆེའི་བརྒྱན་གྱི་སྐུ་དང་ཡན་ལག་ཐམས་ཅད་ལ་བརྒྱན་པ་དེའི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྱོ་ནག་པོ་གཅིག་ལ་སྔགས་ཀྱིས་བསྐོར་བར་བསམ། བྷྱོ་དེ་ལ་བྷྱོ་ནག་པོ་འབུ མ་ཕྲག་འཕྲོས་པའི་བདུད་མོ་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ་སྐུ་མདོག་ནག་མོ་རལ་པ་སྔོ་དམར་ཐུར་དུ་བཤལ་བ་གཡས་པས་གྲི་གུག་གཡོན་པས་ཐོད་ཁྲག་ཐོག་པ་མཆན་ན་ནད་ཀྱི་རྐྱལ་པ་སྔོ་དམར་འཕྱང་བ། ཞིང་ལྤགས་ཀྱི་གཡང་གཞི་སྐུ་ལ་མནབ་པ། འཇིགས་འཇིགས་རྔམ་རྔམ་གྱི་མ་མོའི་ཚོགས་ཀྱི་གཙོ་མའི་བཀའ་བཞིན་བསྒྲུབ་ཅིང་བསྐོར་བར་བསམ། དེ་ནས་ཡེ་ཤེས་པ་སྤྱན་དྲངས་བ་ནི། སྲིན་ལག་གིས་གཡབ་དར་ཐོགས་སྤྱན་དྲངས་ཀྱི་ཚིག་བཅད་བརྗོད་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས། རི་རབ་ཀྱི་བྱང་ཤར་ནས། ལྷ་མོ་བཞུགས་པའི་ཐུགས་ཀའི་བྷྱོ་ལ་ཕོག་པས་སྔོན་གྱི་ཐུགས་དམ་གྱི་ཐུགས་རྗེའི་རྒྱུད་དྲན་ནས་འཁོར་དང་བཅས་པ་བྱོན་པར་བསམ། དེ་ནས་བཞུགས་སུ་གསོལ་བ་ནི། མདུན་གྱི་དམ་ཚིག་པ་དང་གཉིས་སུ་མེད་པར་བསམ། རྟེན་གཏོར་ནི་མེ་རླུང་གིས་བྱིན་གྱིས་བརླབས་ལ། འདོད་ཡོན་སྣ་ཚོགས་འཕྲོས་པས་མ་མོར་མཆོད་པར་བསམ། མ་མོ་ཡང་དེ་ལ་ཞེ་ཆགས་ཞིང་ཞེན་ནས་བཞུགས་པར་བསམ། བདག་ལ་དངོས་གྲུབ་སྣ་ཚོགས་སྟེར་བར་བསམ། ཕྱི་མཆོད་ལ་སོགས་པའི་མཆོད་པས། རྒྱུན་གྱི་གཏོར་མ་འབུལ་བ་ནི། མེ་ལུང་གི་སྦྱོར་བ་གང་ཡང་རུང་བས་བྱིན་གྱིས་བརླབས་ལ། སྔགས་ཀྱི་ཤམ་བུ་ལ་བྷ་ལིངྟ་ཁཱ་ཧི། དགྲ་བོའི་ཙིཏྟ་ལ་ཁཱ་ཧི། རཀྟ་ལ༴ བ་སུ་ཏ་ལ༴ ཀོ་རོ་ཙ་ན་ལ་ཁཱ་ཧི། ཞེས་བཏག་ལ། ཐོད་རློན་གྱིས་ཕྱག་རྒྱ་ལ་སྔགས་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གང་རུང་གི་ཕུལ་ལ་མ་མོ་འཁོར་དང་བཅས་པ་མཉེས་པར་བསམ། བསྟོད་པས་བསྟོད་ལ། བསྙེན་པ་བྱ་བ་ནི། ཨཱོཾ་མ་ཧཱ་ཀ་ལི་རེ་མ་ཏི། མ་མ་རུ་ལུ་རཀྴ་རེ་མ་ཏི། རུ་ལུ་རུ་ལུ་བྷྱོ་ཛ་ཛ། ༀ་རུ་རུ་ཙ་ཏུར། ༀ་ཨ་ཤུག་མེ་ཤྲི་ཏྲི་དུ་ཏྲ་པྲ་ཁ་ཤག་རག་མོ་ཧཱུྃ༔ རཀྴ་ཙིཏྟ་ས་མ་ཡ། ཀུ་རུ་ཙི་ཏ་ནན། ༀ་རུ་རུ་པེ་རུ་རོ་ཧཱུྃ། ཏིཥྛ་ཏིསྟ་བ་ཏོ་སི་རག་མོ་སྙིང་ཁ་ལ། རག་མོ་ཐུན་བྷྱོ་ཛ་ཛ། རུ་ལུ་རེ་མ་ཏི་ས་མ་ཡ། བྲ་མ་ཧ་སྟི་བྲ་མ་རག་མོ་རུ་ལུ་བྷྱོ་ཛ་ཛཿ ཁ་རག་ཏེ་ཁེམ་ཛ། ཁ་ལེ་ཐུན་བྷྱོ། ཐུ་མ་མ་བྷྱོ། ཧཱུྃ་རག་མོ་ནི་ཤ་ཀུ་རུ་ཐུན་རྦད། རག་མོ་ཨརྱ་ཛ་ཛ། ཏེ་ཁེམ་ཁ་ལེ་བྷྱོ་བྷྱོ། ས་མ་ཡ་ཆྒཻ་མོ་མ་ར་ཡ་ཧཱུྃ་ཕཊ། རང་ཡི་དམ་སྔགས་ཀྱི་རྒྱབ་ལྷ་མོའི་སྔགས་ཀྱི་བཏབ་པའི་གཡོན་བསྐོར་གཅིག་བྱས་པས། ལྷ་མོའི་ཞལ་དུ་ཚུར་བྱུང་བས་བདག་གིས་ཞལ་དུ་ཞུག །ཐུགས་ཀའི་སྔགས་ལ་གཡས་བསྐོར་གཅིག་བྱས་པས། རྩ་དབུ་མའི་ནང་དུ་མར་སོང་ནས། གསང་བའི་རྡོ་རྗེར་བྱུང་མ་མོའི་པདྨར་ཞུགས་པས་མཆོད་པ་སྣ་ཚོགས་ཀྱི་མཆོད་ནས་མཉེས་ཤིང་ཚིམ་ནས་མཐུ་དང་ནུས་པ་དང་ལྡན་པ་ལ་ཐུགས་ཀ་ནས་ཚུར་བྱུང་བའི་དུས་སུ་དངོས་གྲུབ་སྣ་ཚོགས་སྟེར་བར་བསམ་ཞིང་བདག་གི་ཞལ་ནས་ཐུགས་ཀར་ཕྲེང་མ་ཆད་པའི། འགལ་མེའི་འཁོར་ལོ་བཞིན་དུ་མཁའ་གསང་དུ་བསྐོར་རོ། །འཇོག་པའི་དུས་སུ་རང་གི་ཧཱུྃ་གི་མཐའ་མར་བསམ་མོ། །དེ་ནས་གཏོར་མ་འབུལ་ལ་བསྟོད་པ་དང་བསྐུལ་པ་ཅི་རིག་པ་བྱའོ། །མཁྱེན་གསོལ་བྱ། ཉེས་པ་བགོ། དམ་བསྒྲག །མདུན་གྱི་བླ་མ་དང་། ཕྱག་ན་རྡོ་རྗེར་ལ་སོགས་པའི་ལྷ་ཚོགས་ཀྱིས་ཀྱང་། སོད་ཅིག་སྒྲོལ་ཅིག་བཀའ་ཡི་ལུང་མ་མོ་ལ་བྱིན་པར་བསམ། དེའི་དུས་སུ་བདུད་མོ་གཙོ་མོ་ལ་བསྡུས། གཙོ་མོ་རང་ལ་བསྡུ། བདག་ཡི་དམ་ལྷ་ཡི་ངོ་བོ་ལ་རྣམ་པ་ལྷ་མོར་དམིགས་ལ་དགྲ་བོ་འགུག་པའི་ལས་ལ། མ་མོ་སྔགས་ཀྱི་གཤམ་བུ་ལ། དགྲ་བོ་ཨཾ་གུ་ཤ་ཡ་ཛཿ ཞེས་བརྗོད་པས། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། བདག་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོའི་ཚོགས་ཀྱིས་ཕྱག་ན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཅན་གྱིས་ཚོགས་སྤྲོས་པས་རང་དབང་མེད་པར་བཀུག་ནས་མདུན་གྱི་ལིངྒ་དང་གཉིས་སུ་མེད་པར་བསྟིམ་ལ་སྔགས་ཉེར་གཅིག་གམ་ལྔ་བཅུའི་བར་བརྗོད་དོ། །དེ་ནས་ལྷ་དབྱེའི་ཐབས་གོང་བཞིན་བྱ། སྔགས་གསུམ་མམ་བདུན་བཟླས་པའི་མཐར། མདུན་དུ་བསྒྲུབ་བྱ་དེ་གསལ་བར་དམིགས་ནས་རང་གི་སྣ་བུག་ནས་རླུང་བྱུང་བའི་ཁོའི་སྣ་བུག་གཡོན་དུ་ཞུགས། སྙིང་གི་རྣམ་པར་ཤེས་པ་མར་མེ་ལྟ་བུ་དེ་ནག་གམ་བཏང་བར་བསམ། ཡང་གཡོན་ནས་བྱུང་བའི་ཁོའི་སྣ་བུག་གཡས་སུ་ཞུགས་པས་བཀྲགས་མདངས་ལོངས་སྤྱོད་ཐམས་ཅད་རྡོ་རྗེའི་སྦུ་གུར་དྲངས་ནས་རང་གི་རྡོ་རྗེའི་ལམ་དུ་ཚུར་ཐིམ་པས། རང་ཉིད་ཉི་མ་ཤར་བའམ། ཟླ་བ་ཉ་གང་བ་ལྟར་བཀྲགས་དང་གཟི་མདངས་དང་ལྡན་པར་བསམ། ཁོ་ནག་རྙིད་ཀྱི་སོང་བར་བསམ། དེ་ནས་གཟུང་ཐག་ལ་སྔགས་ལྔའམ་བདུན་བརྗོད་ཀྱི་བར་དུ་གཟུང་ལ། ཁོའི་སྲོག་རྩ་ལ་བཟུང་བར་བསམ། སྔགས་ཀྱི་འོད་ཟེར་གྱི་དེ་རྦད་རྦད་བཅད་པར་བསམ། དེ་ནས་ཐུན་བརྡེག་པ་ནི་ཕུར་བུ་ལྷ་མོ་ཞལ་གཅིག་ཕྱག་གཉིས། སྨད་ཕུར་བུ་མགར་གྱི་སོ་མལ་ནས་བྱུང་བ་ལྟར་དམར་ལ་མེ་འབར་བ་ལྟར་བསམ། དེ་ནས་བསད་པའི་ཏིང་འཛིན་གཞན་ཡང་བྱ། སྤྱི་བོ། མགྲིན་པ། སྙིང་ཀ །ལྟེ་བ། གསང་གནས་རྣམས་སུ་བསམ། དབང་ཆེན་གསེར་གྱིས་གཞི་ལ་མ་ཐུག་བར་དུ་ཐལ་བར་བསམ་ཞིང་དྲུག་ཅུ་རྩ་གཅིག་གམ། ཅི་ནུས་ཀྱི་བར་བརྡེག་གོ། །དེ་ནས་མི་བསད་པའི་མཚོན་ལྷ་མོའི་རལ་གྲིར་བསམ་ལ། སྙིང་དཀར་ནག་མཚམས་སུ་སྤྱི་བོ་ནས་རྐང་པའི་མཐིལ་བར་དུ་ཤག་ཤག་བཏང་བར་བསམ་ལ། སྔ་དྲུག་ཅུ་རྩ་གཉིས་སམ། ཅི་རིགས་ཀྱི་བརྡེག་གོ། །དུག་ཐུན་ན་དུག་དང་ནད་རྣམས་པ་སྣ་ཚོགས་ཀྱི་བཏབ་པར་བསམ། ཁྲག་ཐུན་ནི་ཁྲག་ནད་ཕོལ་མིག །གླང་ཐབས་གག་ལྷོག་མཛེ་འབྲུམ་ཚད་རིམ་ནད་རྣམ་པ་སྣ་ཚོགས་ཀྱི་བཏབ་པར་བསམ། རུལ་མྱག་མྱག་མྱོས་པར་བསམ། རྡོ་ཐུན་ནི་ཟངས་ལྕགས་ཕྱེ་མ་ལ་སོགས་པ་བདུད་མོའི་ཚོགས། ཤ་ཟ་གཅན་གཟན་གྱི་ཚོགས་ཀྱི་རྒོད་རོ་བརྡབ་པ་བཞིན་དུ་ལ་ལས་ཤ་ཟོས། ལ་ལས་ཁྲག་འཐུང་། ལ་ལས་རུས་པ་འཆོས། ཡུང་འབྲུ་ཙམ་ཡང་མ་ལུས་པར་བསམ་ཞིང་། སྔགས་དྲུག་ཅུ་རྩ་གཅིག་གིས་བརྡེག་གོ། །དེ་ནས་མདུན་དུ་ལྷ་མོ་འཁོར་དང་བཅས་པ་ལ་བརྫུས་སྐྱེས་སུ། དཔལ་གྱི་བསྐྱེད་ལ། མདུན་གྱི་དགྲ་བོའི་ཤ་ཁྲག་གསོལ་བར་བསམ་ཞིང་ལས་བྱའོ། །དེ་ནས་གཏོར་མ་མདོག་ལྟར་འབུལ་ལ་བསྐུལ་བ་བྱ། གཏོར་མ་དགྲ་བོའི་ཕྱོགས་སུ་བསྐྱལ། དམོད་བཅོལ་བྱ། ཐལ་མོ་བརྡབ། མ་མོ་འཁོར་དང་བཅས་པ་དགྲ་ཡུལ་དུ་གཤེགས་ནས་དགྲ་བོ་བརླག་པའི་ལས་བྱེད་པར་བསམ། དེ་ལྟར་བསྒྲུབ་པའི་རྟག་ནི་མ་མོའི་ཞལ་དངོས་སུ་མཐོང་བ་དང་། མ་དང་སྲིན་མོ་ཆུང་མ་མཛའ་མོ་གཡོག་མོ། བུད་མེད་ཀྱི་ཚོགས་སུ་འདུས་ནས་བདག་ལ་བཀུར་སྟི་བྱེད་པ་དང་། གནས་དེར་འོད་འབྱུང་བའམ། འཚུབ་མ་འཁོར་བ་ལ་སོགས་པ་རྣམས་འབྱུང་ངོ་། །ལས་འགྲུབ་པའི་རྟག་ནི། དམིགས་བྱ་ལ་སོགས་པ་དངོས་སུབསད་པ་དང་། ཤ་ཟ་བ་དང་། གཡག་བསད་པ་དང་། ར་བསད་པ་དང་། བྱ་བསད་པ་དང་། རི་དྭགས་བསད་པ་ལ་སོགས་པ་དང་། སྙིང་དང་མགོ་སྟེར་བར་འབྱུང་ངོ་། །དེ་ལྟར་བྱུང་ན་བསྒྲུ བ་པ་འགྲུབ་པ་ཡིན། ཐེབས་དུས་ནམ་ཕྱེད་ཉི་མ་རྒས་ཁའི་དུས་སུ་བསད་ལས་ཐམས་ཅད་སྔ་མ་ལྟར་བྱས་ལ་ཕུར་པ་གསུམ་ཡང་རིམ་པ་ལྟར། སྔགས་རིང་གི་ལིངྒ་ལྟར་བརྡེག་གོ། །རྩང་རྣམས་ཀྱང་རིམ་པ་ལྟར་བརྡེག་གོ། །ལྷ་མོ་བདུད་མོ་དང་བཅས་པས། ཤ་ཟོས་ཁྲག་འཐུང་། རྡུལ་དུ་བརླག་པར་བསམ། དེ་ལྟར་མ་བྱུང་ན་ལན་གསུམ་བར་དུ་ལེགས་སོ། །དེས་རྟག་འོང་ངེས་སོ། །རྒྱ་ལ་དེས་ཀྱང་མ་བྱུང་ན། མ་མོ་གནད་ལས་བྱ། དེ་ནི་དངོས་གཞིའི་ཆོ་གའོ། །དེ་ནས་མཇུག་བསྡུ་བའི་རིམ་པ་ནི། ཟོར་སྦྱིན་བསྲེགས་མནན་པ་ཡིན་ཏེ། དེ་ལ་བསད་པ་ཟོར་གྱི་རིམ་པ་ནི། བསྒྲུབ་ཁ་ཟོར་དུ་བྱེད་ན་ཐུན་ཁང་གི་བྱང་ཤར་ཟུར་ལ་ལྟས་ངན་སྲེ་མང་གི་སྒོ་ངའི་སྣེ་བརྡོལ་ལ། ནང་དུ་རིམ་གྱིས་ཤི་བའི་ཁྲག་དང་དུག་སྣ་ཚོགས་བླུག་ལ་བཞག །ཤར་ལྷོའི་ཟུར་ལ་གྲིར་ཤི་བའི་ཐོད་པའི་ནང་གྲི་ཁྲག་དང་དུག་སྣ་ཚོགས་བླུག་ལ་བཞག །ནུབ་བྱང་ཟུར་ལ་ཕག་ཐོད་ནང་དུ་མཚོ་རམ་བུ་དུག་སྣ་ཚོགས་བླུག་ལ་བཞག །དེ་རྣམས་ཀྱི་ཁ་ལ་ལིངྒ་རེ་བཞག །ཡུང་ཀར་ལ་སོགས་པའི་ཐུན་རྫས་ལ་སྔགས། དགྲ་བོ་མཱ་ར་ཡ་ཐུན་ཡ། ཞེས་བཏགས་པ་ནམ་ཕྱེད་ཐོད་ཟོར་བརྡེག་གོ། །བསད་པའི་སྔགས་ལ། དགྲ་བོ་མ་ར་ཡ་ཐུན། ཅེས་ཐོ་རངས་ཁྲག་ཟོར་ལ་བརྡེག་གོ། །ཐུན་རྫས་རྣམས་ནི་མ་མོའི་དམག་ཚོགས་ཀྱིས་མཚོན་ཆའི་ཆར་དང་། དུག་ཁྲག་སྣ་ཚོགས་ཀྱི་དགྲ་བོ་རྡུལ་དུ་བརླག་པར་བསམ་ཞིང་བསྒྲུབ་བོ། །དེ་ནས་ཟོར་ལ་མེ་འབར་བ་དང་། མེ་སྟག་འཕྲོ་བ་དང་། བུད་མེད་ལས་བྱེད་པ་སོགས་འབྱུང་ངོ་། །དེ་ལྟར་ཞག་ཏུ་བསྒྲུབ་ལ། བྷྱོ། སྣང་སྲིད་མ་མོ་ར་མདའ་ལོག །ཅེས་པའི་མ་མོ་བདུད་མོའི་ཚོགས་ཀྱི་ནད་སྣ་ཚོགས་དང་། དུག་སྣ་ཚོགས་མཚོན་ཆ་སྣ་ཚོགས་དགྲ་བོའི་ཡུལ་དུ་ཁྱེར་ནས་གཏུབ་པར་བསམ་ཞིང་། རྡུལ་དུ་བརླག་པར་བསམ་ལ། ཉེ་ན་ཡུལ་འཁོར། རིངས་ན་ཡུལ་ཕྱོགས་སུ། སྲོད་ལ་སྒོང་ཐུན། ནམ་ཕྱེད་ཐོད་ཟོར། ཐོ་རངས་ཁྲག་ཟོར་འཕོང་ངོ་། །བརྟེན་གཏོར་དགྲ་ཕྱོགས་འམ། བྱང་ཤར་དུ་བསྐྱལ་ལོ། །དེ་ནི་དཔལ་ལྷ་མོའི་བསད་པ་ཟོར་གྱི་རིམ་པའོ། །དེ་ནས་དཔལ་ལྷ་མོའི་ལས་ཀྱི་མཐའ་བསྡུད་སྦྱིན་བསྲེག་བྱ་བ་ནི། སྔར་གྱི་གྲུ་གསུམ་ཡིན་ཡང་རུང་། གྲུ་གསུམ་བང་རིམ་གསུམ་པར། དུར་ཁྲོད་ཀྱི་སོལ་ལ་སོགས་པས་ནག་པོར་བྱ་ལ། དེའི་དབུས་སུ་ཉི་མ་ལ་བྷྱོའམ་རལ་གྲི་བྲིས། ཁ་ཁྱེར་ནང་མ་ལ་རལ་གྲི་བྲི། བར་མ་ལ་གྲི་གུག །ཕྱི་མ་ལ་མེ་རི། དེ་ནི་ཐབས་བཅའ་བའོ། །རྫས་བསགས་པ་ནི། གཡས་སུ་མཆོད་པའི་གྲངས་ལ། དྲག་པོའི་མཆོད་པ་ལྔ། ཁྲག་གི་ཨརྒྷཾ་བདུན་ནམ་ཉེར་གཅིག་འབུལ། དེ་ནས་དམིགས་བྱ་ལ་དགུག་པ་དང་། སྔགས་དང་ཏིང་འཛིན་ཅི་འགྲུབ་བྱས་ལ། གོང་གི་སྔགས་ཀྱིས་དུག་ཚེར་ཤང་བཞི་སྔགས་སུ་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཕུལ་བས། དགྲ་བགེགས་གང་ཡིན་པའི་ཤ་ཁྲག་བུམ་དང་རིལ་དང་། ཕྱེད་ཚལ་དུ་བསམ་མོ། །ལྷ་མོ་ཤིན་ཏུ་འཁྲོས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་བྱུང་བས་ཞལ་ནས་ཚུར་འབར་བའི་ནང་དུ་ཕུལ་བས། ལྷ་མོས་གསོལ་ཞིང་དྲངས་ནས་མདུན་དུ་མར་བརྒྱུད་ནས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ནས་ལྟེ་བར་བདུད་མོ་འབུམ་བསྐྱེད་ནས། གཙོ་འཁོར་ཐམས་ཅད་མཉེས་པར་བསམ་ཞིང་འབུལ། བརྒྱ་རྩ་བརྒྱད་ཚང་བ་ཡང་གོང་བཞིན་ཁྲག་གི་ཨརྒྷཾ་བདུན་ཞལ་མར་འབུལ། བདུན་ནམ་ཉེར་གཅིག་འབུལ། དེ་ནས་བསྟོད་པ་ལྟར། རྣམ་ལྔ་བཟོད་གསོལ་དང་། འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་གཏོར་མ་མྱུར་མགྱོག་ལྟར་འབུལ། བསྐུལ་པ་དང་གཏོར་རྫོངས་བྱས་ལ། དགྲ་ཕྱོགས་སུ་བསྐྱལ་ལོ། །ཡེ་ཤེས་པ་གཤེགས་སོ། །དམ་ཚིག་པ་བདག་ལ་བསྡུ། ཡི་གེ་བརྒྱ་པ་བརྗོད། མི་དམིགས་པ་རྒྱས་གདབས། དགེ་བ་བསྔོ་བར་བྱ། དེ་རྣམས་ནི་སྦྱིན་བསྲེག་གི་ཆོ་ག་བྱ་བའི་རིམ་པའོ། །དེ་ནས་ལས་མཇུག་མནན་པ་བྱ་བ་ནི། བརྟེན་གཏོར་མ་དང་གཡག་རུ་ནང་གི་ལིངྒ་གཉིས། གཡག་རུ་རྩེ་རྒྱལ་དུ་བཅུག་ལ། ཁར་སྦྱིན་བསྲེག་གི་ཐལ་འཇིམ་བླུག་ལ་རྡོ་རྗེ་རྒྱ་གྲམ་གྱི་ཁ་བཅད། རེ་བའི་ནང་དུ་དྲིལ་ལ། རི་སྣ་དང་། བྲག་སྣ་དང་། ལམ་རྒྱ་གྲམ། མཆོད་བརྟེན་ཞབས་སུ་འགུག་གཞུགས། ལྷ་དབྱེ་ལ་སོགས་སྤྱི་ལྟར་བྱས་ལ། ལས་ཀྱི་གཤིན་རྗེའི་ལྟོ་བར་ཚུད་པར་བསམ་ལ། འབྱུང་བ་བརྩེགས་ཀྱི་རིམ་པ་ལྟར་རྒྱས་བཏབ་པར་བསམ་མོ། །དེའི་སྟེང་དུ་ལམ་ལས་དབང་ཆེན་གསེར་གྱི་ས་གཞི། བྷྲཱུྃ་ལས་རི་རབ་དེའི་སྟེང་དུ་ལྷ་མོ་དང་བདུད་མོ་འབུམ་དང་བཅས་པའི་ཕྱག་ཏུ་རི་རབ་བསྣམས་པས། ཁོ་རང་མནན་ནས་བསྐལ་པ་བརྒྱར་ཡང་མི་ཐར་བར་བསམ། རྒྱུན་གཏོར་གྱི་ནང་གི་ལིངྒ་ཟོར་རམ་བརྟེན་གཏོར་བསྐྱེལ་བའི་དུས་སུ་གཏོར་མ་གཅིག་གི་ནང་དུ་གཏུབ་ལ་གཞུག་སྟེ། མྱུར་མགྱོགས་སུ་བདུད་མོ་འཁོར་དང་བཅས་པ་ལ་བསྔོ། ལིང་ག་གཞན་ཐམས་ཅད་སྦྱིན་བསྲེག་བྱའོ། །དཔལ་ལྷ་མོའི་དམ་ཚིག་ལས། ནལ་བུ་ནལ་མོའི་མཚངས་མི་འབྲུ། མ་མོ་དང་རིག་གཅིག་པ་ལ་ཁ་ཟས་མགྲོན་དུ་སྦྱིན་ཅིང་དགའ་བར་བྱ། ཡུག་ས་ལ་ཆགས་པའི་མི་སྤྱད། མགར་བ་དག་དང་ཚང་མི་སྲེད། མེའི་དཀྱིལ་འཁོར་མཐོང་ན་དགའ་བར་བྱས་ཞིང་མི་བསད། འཚུབ་མ་དང་འཕྲད་ན་སྐེད་དུ་མི་དགབ། རྒྱབ་མི་བསྟན། མ་མོ་བསྟོད་པ་བྱ། བོང་བུ་མོའི་བཅིབས་པ་ཡིན་པས་མི་དེ་བརྡེག་ཅིང་བྱམས་པར་བྱ། བུད་མེད་ལ་སྨོད་ཚུག་མི་སྨྲ། དེ་ལ་སོགས་པ་རྣམས་ནན་ཏན་བྱའོ། །བདུད་མོ་སྲོག་གི་གཟེར་ཆུང་གིས་བསྙེན་བསྒྲུབ་ལས་ཀྱི་རིམ་པ་རྣམས་ལེགས་པར་གསལ་བར་བྱས་པ་ཡིན། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཤོག །དེ་ནས་གསང་བའི་འགྲུབ་རྟག་བཤད་པར་བྱ། སྔགས་དང་ཏིང་འཛིན་ནུས་པ་བསྐྱེད་ཙམ་ནི། །རྡོ་རྗེའི་དབུས་ཀྱི་རྩ་བའི་ནམ་མཁའ་ལ། །བྱང་ཆུབ་སེམས་ཀྱི་དགའ་བདེ་བསྐྱེད་ཙམ་ན། །མཁའ་འགྲོ་རང་ལ་ཤར་བར་ཡིན་པར་ཤར། །དེ་ནས་ཕྱིའི་འགྲུབ་རྟག་བཤད་པར་བྱ། །ཕྱིའི་འགྲུབ་རྟགས་རབ་འབྲིང་ཐ་མ་གསུམ། །རབ་ནི་མ་མོ་ཉིད་ཀྱི་སྐུ་མཐོང་སྟེ། །ནམ་མཁའི་དཀྱིལ་དུ་ཕྱག་ན་རྡོ་རྗེ་མཐོང་། །བུད་མེད་དཀར་མོ་བཞད་ཅིང་མཐོང་བ་ན། །གསང་བ་ཡེ་ཤེས་དངོས་གྲུབ་སྟེར་བ་ཡིན། །ནག་མོ་རལ་པ་ཅན་དུ་བྱུང་བ་ན། །འདོད་འཚམས་མཐུ་རྩལ་བདག་ལ་སྟེར་བའི་རྟགས། །དམར་མོ་བསེའི་རལ་པ་ཅན་དུ་བྱུང་བ་ན། །འཇིག་རྟེན་དབང་དུ་བསྡུད་པའི་དངོས་གྲུབ་སྟེར་བ་ཡིན། །སེར་མོ་ཐོད་པའི་རལ་པ་ཅན་དུ་བྱུང་བ་ན། །ཚེ་དང་བསོད་ནམས་རྒྱས་པའི་འགྲུབ་པ་ཡིན། །མཁའ་འགྲོ་མའི་འགྲུབ་རྟག་འབྲིང་པོ་ནི། །རྡོ་རྗེ་མཁའ་ལ་བབ་ནས་གཙོ་མོ་ཡིན། །རྗེས་མོ་དུང་སྐྱོང་མ་ཡི་འགྲུབ་རྟག་ལ། །རྫས་དང་ལུང་རྣམས་མུན་པ་ཤིན་ཏུ་ནག །མེ་ཏོག་ཆར་བབ་རླུང་འབྲུག་རླུང་དམར་དང་། །བུད་མེད་གཟུགས་དང་འཇའ་ཚོན་སྟོན་པའོ། །ཁོལ་མོ་རེ་མ་ཏིའི་འགྲུབ་རྟག་ནི། །འབྲུག་དང་རླུང་དམར་སྒོ་དང་ཁང་ཐོག་འཚག །ཐིབས་ཐིབས་སླེབ་སླེབ་པའོ། །འགྲུབ་རྟགས་ཐ་མའི་རྨི་ལམ་དག་ཏུ་སྟོན། །བྱང་ཆུབ་སེམས་དཔའི་རྨི་ལམ་ནི་གཙོ་བོ་ཡིན། །མ་དང་སྲིང་མོའི་རྨི་ལམ་རྗེ་མོ་ཡིན། །ཆུང་མ་ཁོལ་མོའི་རྨི་ལམ་གཡོག་མོ་ཡིན། །བོང་བུ་ཞོན་པ་རྨིས་ན་གཡོག་མོ་ཡིན། །དྲེའུ་བྱ་ནག་རྨིས་ན་ཁོལ་མོ་ཡིན། །མ་མོ་འགྲུབ་ནས་དབང་བསྡུས་ན། །བུད་མེད་དག་གི་བདག་ལ་ཕྱག་འཚལ་ནས། །འཛུམ་ཞིང་འོ་བྱེད་འཁྲིག་པ་སྤྱོད་པའོ། །མ་མོ་མ་འགྲུབ་དབང་དུ་མ་འདུས་ན། །མི་སྡུག་གཟུགས་སུ་སྟོན་ཅིང་རྗེ་མོར་རྫུ། །གཅན་གཟན་ཟར་ལོ་མ་མོ་ཕྱག་བསྒྲུབས་སོ། །དམ་ཚིག་ཉམས་ནས་མ་མོ་འཁྲུག་གྱུར་ནས། །མ་མོ་ནང་འཐབ་ཁྲག་གི་ན་བུན་འཁྲིག །ལྟས་དེ་མཐོང་ན་བཀའ་ཆད་འོང་། །གལ་ཏེ་ལྟེ་ཕུར་ནག་མོ་ལ་སོགས་པའི་དམ་སྲི་རྣམས་ཀྱི་བསྒྲུབ་པ་ལ་བར་དུ་གཅོད་ན་གྲངས་ལ་འཇིགས་ཤིང་ཁྱིམ་ནས་འགྲོ་སྙིང་འདོད། གཉིད་བྲོ། སྙིང་མི་དགའ་ལ་བསྙོ་ཞིང་འགྲོ། ཁ་སྙིང་འདོད་ལ་འཁྲོ་ཞིང་ཚིགས། །བུད་མེད་རྒྱུས་དང་མོ་མཚན་སྟོན་པ་རྨིས། གལ་ཏེ་གཏོར་མ་དུས་ལས་ཡོལ་བ་ནི། མོ་མཚན་དང་ནི་སྔོན་གྱི་དབང་རྟགས་སྟོན། །དུ་བ་འཁྲིགས་དང་བུད་མེད་རྣལ་བ་མཐོང་། །བུད་མེད་རྒྱུ་བ་མཐོང་ན་ཉམས་པ་གནོད། །མིག་ནི་འཛུམ་པ་མཐོང་ན་ཏིང་འཛིན་གསལ། །ཐལ་མོ་བརྡགས་པས་མཐོང་ན་རྫས་རྣམས་མ་ཚངས་ཟེར། །ལྕེ་རྩེ་སྟོན་ན་སྙིང་པོ་ཆད་པ་ཡིན། །སོ་སྒྲ་སྒྲིགས་ན་གཞན་དང་འཐབ་མོ་འོངས། །རྒོད་པ་མཐོང་ན་དགྲ་བགེགས་སྒྲོལ་བའི་རྟགས། །འཁྲོས་ནས་བར་ཆད་འོང་བ་སྟོན་པ་ཡིན། །རྒྱང་གླུ་ལེན་པ་མཐོང་ན་འགྲུབ་ཐག་རིང་། །ཆུ་རིས་ངོ་ལ་ཡོད་ན་རིམ་ནད་འོང་། །གར་ཐབས་བྱེད་ཅིང་མཐོང་ན་ཅི་བསམ་འགྲུབ། །གླིང་བུ་འབུད་ཅིང་བྱུང་ན་གཏོར་མ་འདོད་པ་ཡིན། །འཕྲེང་བ་བསྒྲང་ན་སྦྱིན་བསྲེག་འདོད་པ་ཡིན། །ཁ་ལ་འོ་བྱེད་སྦྱོར་བ་བྱེད་པ་ཡིན། །བོང་བུ་ཞོན་པ་རྨིས་ན་རྗེ་མོ་ཡིན། །དྲིལ་ལ་ཞོན་པ་རྨིས་ན་ཁོལ་མོ་ཡིན། །སྙིང་སྦྲེལ་ཐོག་པ་མཐོང་ན་རང་ལ་ཆགས། །གཡབ་དར་ཐོག་པ་མཐོང་ན་རང་ལ་ཆགས། །མེ་ཏོག་ཐོག་པ་མཐོང་ན་ཆུང་མ་ལུས་ལ་ཆགས། །སྟང་སྟབས་བྱེད་པ་མཐོང་ན་སློབ་མའི་ལུས་ལ་ཆགས། །བྱ་དང་གཅན་གཟན་གཏོར་མ་ལེན་ན་བཟང་། །ཁ་རོག་འདུག་ན་སྙིང་པོ་ཕྱག་རྒྱ་ནོར། །འཛུམ་པ་མཐོང་ན་བདག་ཚེ་རིང་བར་རྟགས་ཡིན། །ཀོས་ལ་མི་རེག་པར་ཡོད་སློབ་མ་ཡིན། །ཤ་བ་ཞོན་ན་ནོར་རྣམས་འཕེལ་བའི་རྟགས། །མ་མོ་འགྲུབ་པའི་རྟགས་རྣམས་གང་འབྱུང་ཡང་། །དེ་ནས་རྟག་བཟང་འབྱུང་བ་ནི། །བདུད་རྩི་བུམ་པའི་ཕྱག་བཅས་པ་ནི། དངོས་གྲུབ་བླང་བའི་སྔགས་བཟླས་པར་བྱས་ལ། །མ་དང་སྲིང་མོ་ཁོལ་མོ་དམ་ལ་བཏགས། །མཚན་མ་ངན་པ་དག་ནི་མཐོང་བ་ནི། །མཚན་མ་བཟློག་པའི་དྲི་ཤུལ་ཕྱག་རྒྱ་བཅའ། །མཚན་མ་ངན་པ་སྔགས་ཀྱི་བཟློག །རྡོ་རྗེའི་གསང་སྔགས་བཤད་པར་བྱ། །དཔལ་ལྡན་ལྷ་མོའི་སྲོག་གི་སྙིང་པོ་ནི། ཨཱོཾ་རུ་རུ་བཱེ་ཏི་ཤུ་མ་ཧེ་སིང་། རུ་རུ་རོ་བྷེ་ཏི་ཤཱ་བ་ཏོ་སི། ཙ་ཤ་བ་ལ་ཨ་ཤུག་མེ་ཧཱུྃ་བྷྱོ་ཛ་ཛ། ཁོལ་མོ་རི་ཏིའི་སྙིང་པོ་ནི། ཨཱོཾ་རུ་རུ་བེ་རོ་རུ་ཏི་ཤུ་བ་ཏོ་སི་རག་མོ་སྟེ་མ་རག་མོ་ཐུན་བྷྱོ། མ་མ་ཏྲག་རཀྴ་ཁ་མུན་ཏྲ་བ་ཏྲ་བ་ཏྲག་རཀྴ་ཙིཏྟ་ཁ་རག་མོ་རི་མ་ཏི་ས་མ་ཡ། བྲ་མ་མ་ཧཱ་སྟི་པྲ་ཏ་ན་བྷྱོ། མུ་རུ་ལུ་རུ་ལུ་བྷྱོ་ཛ་ཛ། དེ་ནས་སྲོག་ལ་བརྟེན་པའི་སྔགས་ཡིན་ཏེ། ས་ཡ་བཟླས་ན་མ་མོ་མངོན་དུ་འོང་བ་མཐོང་། བྱེ་བ་བཟླས་ན་ཕྱག་རྒྱ་སྟོན་པར་བྱེད་དེ། འབུམ་ཕྲག་གིས་ཀྱང་དངོས་གྲུབ་མཚན་མ་སྟོན། ཁོ་མོའི་སྙིང་པོ་བཟླས་མ་ཐག་ཏུ་འོང་། ས་མ་ཡ་དུ་རཀྴ་སིང་ཧ་རཀྴ་བྷྱོ། རཀྴ་དུ་རག་ཤ་སི་མ་མ་མ་མ་རུ་ལུ་རུ་ལུ་རུ་ལུ་བྷྱོ་བྷྱོ་བྷྱོ་བྷྱོ། དེ་ནས་འཁོར་ནག་མོ་སྟོང་གི་སྙིང་པོ། ཨཱོཾ་མ་ཧཱ་ཀ་ལི་མ་ཧཱ་ཀ་ལི་མ་ཏི་ཨ་གད་ཛ་ཡ་ཨ་གད་ཛ་ཡ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏི་པཱ་ཏིཥྛ། ཨ་གུ་ཤ་ཛ་ཡ། གཙོ་མོའོ། །ཨཱོཾ་རུ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུག་མེ་བྷྱོ་ཛ་ཛ། ཁོལ་མོའོ། །མ་ཧཱ་ཀ་ལི་ཨ་བེ་ཤ་ཡ། ཨ་ཏི་མ་ཏི་ས་མ་ཡ་འབེབས་ཏེ་ལྷན། དེ་ནས་གཏོར་མའི་སྔགས་སོ། །མ་མ་དཱེ་བི་མ་ཧཱ་ཀ་ལི་རེ་མ་ཏི་བྷ་ལིངྟ་ཁ་ཁ་ཁཱ་ཧི་མ་ཧཱ་པུ་ཙ་ཧོ། ཨ་མྲྀ་ཏ་ཁ་ཧིཿ དེ་ནས་གཏོར་མའི་སྔགས་སོ། །ས་མ་ཡ་མ་བྲ་ཧ་ག་བཱ་ལ་ས་མ་ཡ། མ་ཧཱ་ག་ལི་ག་ཡ་ས་མ་ཡ། མ་ཧཱ་ག་ལི་སག་ས་མ་ཡཱ། མ་ཧཱ་ཀ་ལི་ཙིཏྟ་ས་མཱ་ཡ་མ་ཡ་མུ་དྲ་ག་ས་ལ་ཧཱུྃ། དེ་ནས་དམ་ཚིག་བརྟེན་ཅིང་གང་དུ་དམ་བསྐུར་བའི་སྔགས་སོ། །ཨཱོཾ་ཛི་གི་གི་དེ་བི། མ་ཧཱ་ཀ་ལི་ས་མ་ཡ། བཛྲ་ཀྲོ་ཏ་ཀརྨ་རཀྵ་ཧཱུྃ། དེ་ནས་ལས་ལ་བསྐུལ་བའོ། །ༀ་རུ་རུ་ཙིཏྟ་ཨ་ཤུག་མེ་ས་ཏི་རུ་ཏྲ་ཁ་རཀྴ་རཀ་མོ་ཧཱུྃ། རགྴ་ཙིཏྟ་མ་ཧཱ་ཀ་ལི་ཡཾ་ཏི་མུ་རུ་ཁ་ཙིཏྟ་ནན། རག་མོ་དེ་གེམ་ཛ་ཛ། ཛ་ཛ་མ་མ་དྲི་ཏི་ཧཱུྃ་བྷྱོ། དེ་ནས་དཔོན་གཡོག་གནད་ལ་བསྐུལ་བའི་སྔགས་སོ། །ༀ་བཛྲ་ཙཎྜའང་གི་ནི་ཏི་མི་མ་ཧཱ་ཀ་ལི་རེ་མ་ཏི་ཀ་ཡ་ཝཀ་ཙིཏྟ་སིདྡྷི་ས་མ་ཡ་ཕ་ལ་ཨ་བེ་ཤ་ཡ། དེ་ནས་དངོས་གྲུབ་བླང་བའི་སྔགས་སོ། །ༀ་མ་ཧཱ་ཀ་ལི་ཡེ་ཧཱུྃ། རུ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུྃ། མ་ཧཱ་ཀ་ལི་ཨ་བེ་ཤ་ཡ། ག་བ་ལ་དྲི་ནི་མ་ཧཱ་ཛྙཱ་ན་ག་ཡ་སག་ཙིཏྟ་ཧཱུྃ། དེ་ནས་དབང་བསྐུར་བའི་སྔགས་སོ། །ཏྲི་དྷི་ཙ་མུན་འགྱུར་ཏེ་ཧཱུྃ། དེ་ནས་ཉམས་ལེན་རྟགས་པའི་སྔགས་སོ། །ཧཱུྃ་ཕཊ་མ་ཧཱ་ཀ་ལི། དེ་བིས་འདུས་སྟན། ཏ་ཀ་ཧ་ན་ད་ཧ་པ་དྷ་རུ་ལུ་ཁ་དྷ་མ་ཙ་མ་ར་ཡ་ཧཱུྃ་ཕཊ། དེ་ནི་མཚན་ངན་པ་བཟློག་པའི་སྔགས་སོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་། ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ། བྷྲཱུྃ་གོཾ་བྷྲཱུྃ་གོཾ་བྷྲཱུྃ་གོཾ་བྷྲཱུྃ་གོཾ་བྷྲཱུྃ་གོཾ་བྷྲཱུྃ་གོཾ་བྷྲཱུྃ་གོཾ་བྷྲཱུྃ་གོཾ། །ཧུ་དུ་ཧུ་དུ་ཧུ་དུ་ཧུ་དུ་ཧུ་དུ་ཧུ་དུ་ཧུ་དུ་ཧུ་དུ། ཕ་དང་ཀ་ཕ་དང་ཀ་ཕ་དང་ཀ་ཕ་དང་ཀ་ཕ་དང་ཀ་ཕ་དང་ཀ་ཕ་དང་ཀ་ཕ་དང་ཀ །རྡོ་རྗེའི་མཁའ་འགྲོའི་མེ་ལྕེ་འབར་བའི་རྒྱུད་ལས་སྔགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །དེ་ནས་བསྒྲུབ་པའི་དཀྱིལ་འཁོར་བྱང་ཤར་དུ། དུར་ཁྲོད་ས་ལ་གྲུ་གསུམ་གྱིས་ཁང་བུ་གྲུ་གང་ཡོད་པ་བརྩིགས། མི་ཁྲག་གི་ཆགས་ཆགས་བཏབ། དེ་ནས་ཞིང་སོགས་གཡབ་པ་ལ། ལྷ་མོ་ཉིད་ཀྱི་སྐུ་བྲི་སྟེ། རྒྱུས་ཆེན་གཟུང་ཐག་ལ་སྙིང་ཀར་བཏག་ལ། གྲུ་གསུམ་སྟེང་དུ་གན་རྐྱལ་མནན། གཟུང་ཐག་རྩེ་མོ་གཟུང་ལ། ཧཱུྃ་མཚན་ཆེན་པོར་གསལ་བར་བསྒོམ། མ་མོ་གསང་བའི་སྙིང་པོ་བཟླས། རག་མོ་ཙིཏྟ་རག་ཏ་སི་ར་ཏི་ཏི་ས་མ་ཡ་ཧཱུྃ་ཛ། དེ་སྐད་གསང་སྔགས་བཟླས་པའི་ཚིགས། །མ་མོའི་སྙིང་ཁྲག་རུས་པར་བསྒོམ། །མ་མོ་བོང་བུར་བཅས་པ་རྣམས། །མ་དང་བཞིན་དུ་འགྱེལ་བར་བསམ། །དེ་ནས་སྙིང་ཁར་བརྡོག་པས་མནན། ཙི་ཏ་ཛ་ལ་རཾ། ཞེས་བརྗོད་པས། བདག་གི་ཞལ་ནས་མེ་བྱུང་ནས། །མ་མོ་ཐུལ་གྱི་ཚིག་པར་བསྒོམ། །མ་མོའི་ས་བོན་བྷྱོ་ནག་མོ། བདག་གི་ཞབས་འོག་ཏུ་འདུག་པ་ལ། མ་མོ་རུ་ལུ་ཞེས་བརྗོད་པས། བདག་ཉིད་ཀྱི་ཞབས་འོག་ནས་ལྷ་མོ་འདུག་པའི་ཐོད་འབྲིང་ཅན། ཐལ་མོ་སྦྱར་ནས་འདུག་པར་བསྒོམ། རྟ་མགྲིན་ཕྱག་རྒྱའི་དབང་དུ་བསྡུས། ཁྱུང་གཤོག་ཕྱག་རྒྱའི་ཟིལ་གྱིས་མནན། གནད་དམ་དབབ་པའི་དམ་ཚིག་བསྲེས། དེ་ལྟར་ལན་གཅིག་བསད་པ་སྟེ། གཟུགས་ནི་རྟོག་པའི་འོག་ནས་ཕྱུང་། བྱང་ཤར་མཚམས་ན་བཞུགས་སུ་གསོལ། སྨེ་བཤགས་བྱ་ཞིང་གདུང་གླུ་བླངས། བདུད་རྩི་རྣམ་པ་གསོས། མཚངས་ནས་བྲུས་ཞིང་གནད་ལ་བསྐུལ། དེ་ནས་བསྒྲུབ་པ་བསྐྱར་ལ་བརྩམས། ཐེ་ཚོམ་མེད་པར་འགྲུབ་པ་འགྱུར། སྲོག་གི་ལས་བརྒྱད་ནི། སྲོག་དབབ་པ་དང་གཅིག །སྲོག་སྙིང་དམ་ལ་བཏགས་པ་དང་གཉིས། སྲོག་གི་སྲོག་སྐོར་བ་དང་གསུམ། སྲོག་བཅུན་པ་དང་བཞི། སྲོག་གི་ཡང་ཏིག་བླང་བ་དང་ལྔ། སྲོག་གཟེར་བ་དང་དྲུག །གཟི་བྱིན་བླང་བ་དང་བདུན། ཟིལ་ཡིས་མནན་པ་དང་བརྒྱད་དོ། །བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། མཐུ་དང་བྱིན་རླབས་མ་མོ་ལ་ཐིམ། ཧཱུྃ་དུ་གྱུར་པར་བསམ་མོ། །དེ་ནས་སྲོག་དབབ་པའོ། །ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པའི་བྱིན་རླབས་བསྡུས་མ་མོའི་ཐུགས་ཀར་ཐིམ། སྔགས་ཀྱི་འཁོར་བར་བསམ། དེ་ནས་སྲོག་དམ་ལ་བཏགས་པའོ། །ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མ་མོའི་སྙིང་པོ་ཚུར་དྲངས་ནས་བདག་གི་ས་བོན་ལ་བསྐོར་བར་བསམ། དེའི་རྒྱབ་ཏུ་ཡི་དམ་སྔགས་ཀྱི་འཁོར་བར་བསམ་ལ་བཟླའོ། །དེ་ནས་སྲོག་གི་སྲོག་འཁོར་བསྐོར་བའོ། །ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མ་མོའི་ཐུགས་ཀར་ཐིམ། བྷྱོ་སྔགས་དང་བཅས་པ་ཚུར་དྲངས་པས། བདག་གི་ཐུགས་ཀ་ནས་གདན་ཉི་ཟླ་ཁ་སྦྱོར་བར་དུ་ཚུད་པར་བསམ། སྲོག་གི་གཟེར་བའོ། །ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མ་མོའི་མཐུ་སྟོབས་གཟི་བྱིན་བླང་ལ། བདག་ལ་ཐིམ་པས་མཐུ་སྟོབས་དང་ལྡན་པར་བསམ། མ་མོ་ཉམས་ཤིང་རིད་ནས་ཉམས་ཆུང་བར་བསམ། བསྟན་པ་བསྲུངས་བར་ཁས་བླང་དམ་བཅས་པར་བསམ། གཟི་བྱིན་བླང་བའོ། །བདག་གི་ཐུགས་ཀ་ནས་ཧཱུྃ་འོད་ཟེར་དང་བཅས་པ་འཕྲོས་པས་མ་མོའི་སྙིང་པོ་སྤྱི་བོར་ཕྱག་ན་རྡོ་རྗེ། འཕྲག་པ་གཡས་སུ་རྟ་མགྲིན་བསམ། འཕྲག་པ་གཡོན་དུ་ཨེ་ཀ་ཙ་ཏི་བསམ། དེ་གསུམ་གྱི་མནན་ནས་གཟིར་བར་བསམ། སྔགས་བདག་གིས་བསྟན་པ་བསྲུངས་བར་ཁས་བླངས་དམ་བཅས་པར་བསམ། སྲོག་གི་གཟེར་བའོ། །ཡང་བདག་གི་ཐུགས་ཀ་ནས་སྔགས་འོད་ཟེར་དང་བཅས་པ་འཕྲོས་པས། མ་མོའི་སྙིང་པོ་ཡི་དམ་སྔགས་ཀྱི་བསྐོར་བར་བསམ། རང་དབང་མེད་པར་ལས་བྱེད་པར་བསམ། སྔགས་དྲགས་སུ་བཟླས་སོ། །སྲོག་བསྐོར་བའོ། །ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མ་མོའི་བྷྱོ་ཚུར་བླང་བའི། མ་མོས་བདག་ལ་གཟི་མདང་ཤོར་བར་བསམ། སྔགས་དྲགས་སུ་བཟླའོ། །སྲོག་གི་ཡང་ཏིག་བླང་བའོ། །སྲོག་གི་ལས་བརྒྱད་དོ། །མ་མོ་ས་མ་ཡ། ཨཐྎ། བརྒྱ་བྱིན་ཉོན་ཅིག །ད་ངའི་ལྷ་མོ་འདི་ནི་སྟོན་པ་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། ལྷ་མོ་ལོང་གཏོང་དུ་གྱུར་ནས། དགེ་བ་བཅུ་དག་པར་སྤྱོད་དོ། །དེ་ནས་འོད་སྲུང་གི་བསྟན་པ་ལ། ཞེ་སྡང་རང་གར་སྤྱོད། དེ་ནས་མར་མེ་མཛད་ཀྱི་བསྟན་པ་ལ་ཤ་རིས་བུར་འགྱུར་རོ། །དུས་དེ་ཙམ་ཤཱཀྱ་ཐུབ་པ་འདི་ནི་དགེ་སློང་དབང་ཕྱུག་ཞེས་པ་ཡིན། ལྷ་མོ་ཤ་ཟ་རང་མོ་མཆོད་གནས་བྱ། ཤིང་སྟག་གཤེགས་སོ། །སྨོན་ལམ་གཅིག་ཏུ་བཏབ་བོ། །བརྒྱ་བྱིན་ཉོན་ཅིག །ད་ལྷ་མོ་འདི་ལས་སངས་རྒྱས་གཉིས་ཀྱི་རིང་རྣམས་ཤཱཀྱ་ཐུབ་པའི་བསྟན་པ་ལ་དུས་གཅིག་ཏུ་སྨིན་ནོ། །ལྷ་མོ་འདི་ལ་སྔོན་མ་ཧཱ་དེ་བའི་བུ་མོར་སྐྱེས་པ་ནི་དགེ་བ་སྤྱད་པའི་མཐུའོ། །བར་དུ་སྲིན་པོའི་ཆུང་མར་གྱུར་པ་ནི། རང་ལྕེབ་དང་ཞེ་སྡང་སྤྱོད། ༈ གུ་རུ་ན་མོ། བྷྱོ། དད་པ་དང་ནི་དམ་ཚིག་གི། །ཚུར་གཤེགས་ཚུར་བྱོན་དཔལ་ལྷ་མོ། །བདུད་མོ་དཔལ་ལྡན་རེ་མ་ཏི། །རྣལ་འབྱོར་བདག་གི་གདོངས་ཏེ་བོས་པའི་ཚེ། །ཉི་མ་བྱང་ཤར་ཕ་གི་ན། །ཡང་འདུས་ཤིང་གི་རྩ་བ་ནི། །མཚོ་མུ་ལེ་མཐིང་གི་ནང་ཤེད་ན། །མཐིང་ཤུག་སྔོན་པོའི་གུར་ཁྱིམ་ན། །ཐོད་པ་དགུ་བརྩེགས་གཞལ་ཡས་ན། །བསེའི་སྐུ་མཁར་གྲུ་བཞིའི་ནང་། །རིན་ཆེན་སྣ་བདུན་ཕོ་བྲང་ནས། །མི་རོ་རྟ་ཏོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་འདམ་རྫབ་ལྡང་། །དེ་ན་མ་ཅིག་ལྷ་མོ་བཞུགས། །ལྷ་མོ་ནག་མོ་རེ་མ་ཏི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །འདོད་ཁམས་ཀྱི་དབང་ཕྱུག་མ། །ཆིབས་སུ་བོང་བུ་དམར་ག་བཅིབས། །ཁལ་དུ་ལྕགས་ཀྱི་དྲྭ་བ་མིག་དགུ་འགེལ། །མཆན་ན་ནད་ཀྱི་རྐྱལ་པ་ཐོགས། །གཡས་ན་རལ་གྲི་སྡིག་པ་ཅན། །གཡོན་ན་གདུག་པའི་ཐོད་ཁྲག་ཐོགས། །སྟོང་གསུམ་ཀུན་གྱི་བྱོ་བླུགས་མཁན། །བདུད་མོ་དཔལ་ལྡན་རེ་མ་ཏི། །དམ་ཚིག་དབང་གི་སྤྱན་འདྲེན་ནས། །དམ་ལ་མ་འདའ་ད་ཚུར་བྱོན། །མ་ཅིག་དཔལ་ལྡན་རེ་མ་ཏི། །ཕྱག་བརྙན་བདུད་མོ་འབུམ་དང་བཅས། །རྣལ་འབྱོར་བདག་གི་གདུང་སྟེ་བོས་པའི་ཚེ། །མ་མཆི་མ་ཐོག་མྱུར་དུ་བྱོན། །མ་ཅིག་ལྷ་མོ་ནག་མོ་ཁྱོད། །སྔོན་ཚེ་ཕྱག་ན་རྡོ་རྗེ་ལ། །རང་རྟག་སྲོག་གི་སྙིང་པོ་ཕུལ། །བོས་ནས་འོང་བར་ཁས་བླང་ཤིང་། །ཁས་བླངས་དམ་ལ་མ་འདའ་བར། །རྣལ་འབྱོར་བདག་གི་ཁྱེད་བསྐུལ་ནས། །དམ་ཚིག་དབང་གི་ད་ཚུར་བྱོན། །ཐུགས་དམ་དབང་གི་གཤེགས་སུ་གསོལ། །མ་ཅིག་ལྷ་མོའི་འཁོར་ཚོགས་རྣམས། །ན་ཆུང་མཚན་ལྡན་ཆུར་ཤི་ཡི། །སྲིན་ལག་གཡབ་མོའི་སྤྱན་འདྲེན་ན། །མི་དབང་སྨིན་པའི་ཤ་ཁྲག་དང་། །དམ་རྫས་འདི་ལ་མྱུར་དུ་བྱོན། །ཨེ་ཨཱོཾ་ཨེ་ཨ་ར་ལི་མ་ཧཱ་ཀ་ལི་རེ་མ་ཏི་ཛཿཧཱུྃ་བྃ་ཧོ། སྤྱན་འདྲེན་ནོ། །ཧཱུྃ། མ་ཅིག་དཔལ་ལྡན་རེ་མ་ཏི། །ཕྱག་བརྙན་བདུད་མོ་འབུམ་ཕྲག་རྣམས། །མི་རོ་གཤིབ་པའི་གདན་མཆོག་དང་། །སྲིད་པའི་བོང་བུའི་གདན་ལ་བཞུགས་སུ་གསོལ། །ༀ་མ་ཧཱ་ཀ་ལི་རེ་མ་ཏི། ས་མ་ཡ་ཏིཥྛ་ལྷན། ཅེས་གདན་འབུལ་ལོ། །བྷྱོ། མ་ཅིག་ལྷ་མོ་རེ་མ་ཏི། །ནག་མོ་ཆེན་མོ་རྣལ་འབྱོར་མ། །ཕོ་ཉ་བདུད་མོ་འབུམ་ཚོགས་ལ། །རྣལ་འབྱོར་བདག་གི་དད་པས་ཕྱག་འཚལ་ལོ། །ཨཱོཾ་མ་ཧཱ་ཀ་ལི་རེ་མ་ཏི། ཨ་ཏི་པུ་ཧོ་པྲ་ཏི་ཛ་ཧོ། ཧཱུྃ། རྡོ་རྗེ་དྲི་ཆུ་བདུད་རྩི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། །དམ་ཚིག་སྙིང་ཁྲག་ཆེན་པོ་འདི། །བསྲེས་པའི་མཆོག་སྟེ་སྲོག་གི་སྙིང་། །མ་ཅིག་བདུད་མོ་འཁོར་ཚོགས་རྣམས། །མ་ཁྱོད་དང་བདག་གི་དམ་བསྲེའོ། །རྟག་ཏུ་དམ་ལ་མ་འདའ་ཞིག །དམ་ལ་འདའ་ན་བསྲེག་པར་བྱེད། །ༀ་མ་ཧཱ་ཀུ་ཀུས་ས་མ་ཡ་མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁ་ཁ་ཁཱ་ཧི། དམ་བསྲེའོ། །བྷྱོ། མ་ཅིག་བདུད་མོ་རེ་མ་ཏི། །ཕྱག་བརྙན་བདུད་མོ་འབུམ་སྡེར་བཅས་པ་ལ། །བུ་ཡི་མཆོད་པ་འབུལ་བ་ནི། །རྒྱ་མཚོ་འབབ་ཆུ་ཆུ་མིག་རྫིང་། །དམར་ཆེན་ཁྲག་གི་ཨརྒཾ་འདི། །མ་ཡི་སྐུ་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་བདག་ལ་སྩོལ། །ༀ་མ་ཧཱ་ཀ་ལི་རེ་མ་ཏི་ཨརྒྷཾ་ཧཱུྃ། དམ་འདྲེས་སོ། །ཆུ་སྐྱེས་ཐང་སྐྱེས་མེ་ཏོག་དང་། །དབང་པོ་ལྔ་ཡི་མེ་ཏོག་འདི། །མ་ཡི་དབུ་ལ༴ ཐུགས་མཆོག༴ དངོས་གྲུབ་དམ་པ༴ ༀ་མ་ཧཱ༴ པུཥྤེ་ཨཱཿཧཱུྃ། ག་བུར་གླ་རྩི་གུ་གུལ་དང་། །ཤ་ཆེན་སྤོས་ཀྱི་དུད་པ་འདི། །མ་ཡི་ཤང་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ་མ་ཧཱ༴ སོགས་ནས་དྷཱུཔྤེ་ཨཱཿཧཱུྃ། ཉི་ཟླ་གློག་དང་གསལ་བའི་སྒྲོན། །ཞུན་ཆེན་མདངས་ཀྱི་མར་མེ་འདི། །མ་ཡི་སྤྱན༴ ཐུགས་མཆོག༴ དངོས་གྲུབ༴ ༀ་མ་ཧཱ༴ ཨ་ལོ་ཀེ༴ ཁྲག་ཆེན་དུག་དང་སྦྱར་བ་ཡི། །རཀྟའི་དྲི་ཆབ་དམར་པོ་འདི། །མ་ཡི་ཐུགས་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ་མ་ཧཱ༴ གྷནྡྷེ་ཨ་ཧཱུྃ། ཕྱེ་མ་ལྔ་ཡི་བཤོས་བུ་དང་། ནལ་ཤ་ཡོན་ཏན་ཀུན་ལྡན་འདི། །མ་ཡི་ལྗགས་ལ༴ ཐུགས་མཆོག་དམ༴ དངོས་གྲུབ༴ ༀ་མ་ཧཱ༴ ནཻ་ཝི་ཏྱེ་ཨ་ཧཱུྃ། པི་ཝང་གླིང་བུ་མཁར་བའི་རྔ་། །མན་གལ་ཆ་ལང་རྐང་གི་དུང་། །མ་ཡི་སྙན་ལ༴ ཐུགས་མཆོག༴ དངོས་གྲུབ་དམ་པ༴ ༀ་མ་ཧཱ་ཀ་ལི་རེ་མ་ཏི་ཤབྡ་ཨཱཿཧཱུྃ། ཕྱི་ཡི་མཆོད་པའོ། །ཧཱུྃ། བུམ་དང་རིལ་དང་ཕྱེད་ཚལ་དང་། །ནང་རོལ་གློ་སྙིང་མཁལ་མར་བཅས། །ཤ་དང་རུས་པ་རྐང་ཚིལ་རྣམས། །མ་བདུད་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུངས་ཕྱིར་བཞེས་སུ་གསོལ། །མ་ཧཱ་མཾ་ས་ལ་ཁཱ་ཧི། །མ་ཧཱ་རཀྟ༴ མ་ཧཱ་ཙིཏྟ༴ མ་ཧཱ་བཱ་སུ་ཏ༴ མ་ཧཱ་ཀོ་རོ་ཙ་ན༴ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི། གཏོར་མ་འབུལ་ལོ། །བྷྱོ། མ་ཅིག་བདུད་མོ་འཁོར་ཚོགས་རྣམས། །ཐུགས་དམ་དབང་གི་སྙིང་ཁྲག་དམར་ལ་རོལ། །མ་ཅིག་ཁྲག་འཐུང་དཔག་ཚད་བརྒྱད་ཁྲིར་རྒྱུག །དམ་རྫས་རྨད་དུ་བྱུང་བས་དམར་ཆེན་བཞེས། །མ་ཧཱ་རཀྟ་ལ་ཁཱ་ཧི། རཀྟ་འབུལ་ལོ། །བྷྱོ། སངས་རྒྱས་བསྟན་པ་བསྲུངས་བའི་ཕྱིར། །མ་ཅིག་བདུད་མོའི་འཁོར་ཚོགས་རྣམས། །ཐུགས་དམ་དབྱིངས་ཉིད་བསྐང་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ཨ་མྲྀ་ཏ་འབུལ་ལོ། །བྷྱོ། མ་ཅིག་བདུད་མོ་འཁོར་བཅས་ལ། །ཡང་ཅིག་མཆོད་པ་འབུལ་བ་ནི། །མི་དབང་སྨིན་པའི་ཤ་ཁྲག་དང་། །འཆི་ཀའི་མཚལ་ཐིག་དམར་པོ་དང་། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང་། །འབྲས་བུ་སྨིན་པའི་ཤིང་ཏོག་དང་། །ན་ཆུང་མོའི་བྱུང་ཟད་ཁྲག །མ་ཉམས་བྱང་སེམས་དཀར་དམར་དང་། །དྲི་རྒོད་སྙིང་དང་དབང་པོ་ལྔ། །བོང་བུའི་སྙིང་དང་ཁྲིམས་འཆལ་ཤ །རྣམ་ལྔ་བདུད་རྩིའི་མཆོད་པ་འདི། །མ་ཅིག་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུངས་ཕྱིར་བཞེས་སུ་གསོལ། །ཧཱུྃ། མ་ཅིག་ཆེན་མོ་འཁོར་དང་བཅས་པ་རྣམས། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མ་ཡི་བུ་ལ་དངོས་གྲུབ་སྩལ་དུ་གསོལ། །འདོད་ཁམས་འདུལ་བའི་དངོས་གྲུབ༴ ཡེ་ཤེས་གསལ་བའི༴ འཇིག་རྟེན་དབང་དུ་བསྡུད་པའི༴ ཚེ་དང་བསོད་ནམས་རྒྱས་པའི༴ ཡེ་ཤེས་ལྔ་ཡི་དངོས་གྲུབ༴ གྲུབ་ཆེན་བརྒྱད་ཀྱི༴ ཕྲིན་ལས་བཞིའི་དངོས་གྲུབ༴ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ༀ་ཤྲཱི་དེ་བའི་མ་ཧཱ་ཀ་ལ་ཀ་ཡ་ༀ་ཨཱཿཧཱུྃ། དངོས་གྲུབ་བླངས་ངོ་། །བྷྱོ། བསྐལ་པ་མེ་རླུང་འཚུབས་མའི་ཀློང་དཀྱིལ་ནས། །མ་ཅིག་ལྷ་མོ་གློག་འགྱུ་མ། །ཕོ་ཉ་བདུད་མོ་འབུམ་ཕྲག་རྣམས། །མ་ཅིག་འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཉིད་མི་མཁས་རྨོང་པའི་དབང་གྱུར་པས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་དམ་ཚིག་ལ། །ཏིང་འཛིན་མི་གསལ་ར་རི་ཁལ་ཁོལ་དང་། །སྔགས་དང་ཕྱག་རྒྱ་གྲ་ཆགས་ཟུར་ཉམས་དང་། །ཉམས་པ་ཅན་གྱི་གྲིབ་ཀྱི་ཕོག་པ་དང་། །ཕུད་ཉམས་ལྷག་མར་གྱུར་པ་ཐམས་ཅད་དང་། །དམ་རྫས་མཆོད་རྫས་དུས་སུ་མ་ཚོགས་དང་། །དཔོན་དང་མཆེད་ལྕམ་ཐུགས་དང་འགལ་བ་དང་། །ཁྱད་པར་མ་ཅིག་ལྷ་མོ་དམ་ཚིག་དང་། །དམ་ཚིག་ཉམས་ཆག་ཞིག་རལ་ཅི་མཆིས་པ། །མ་ཅིག་བདུད་མོ་འཁོར་ཚོགས་རྣམས་ལ་བཤགས། །རབ་ཏུ་བཤགས་སོ་དངོས་གྲུབ་རྩལ་དུ་གསོལ། །བཤགས་པ་བྱའོ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་དགུ་ཀློང་འཁྱིལ་པའི་ཕོ་བྲང་ནས། །མ་ཅིག་ལྷ་མོ་འདོད་ཁམས་གཙོ་མོ་སྟེ། །ནག་མོ་ཟ་བྱེད་འཇིགས་པའི་ཆ་ལུགས་ཅན། །མཐིང་ནག་མི་སྲུན་ཁྲག་གི་རལ་པ་ཅན། །མ་ཁྱོད་ཀྱི་སྐུ་མདོག་ནག་མོར་སྟོན་པ་ནི། །དོན་དམ་དབྱིངས་ནས་བསྐྱོད་པ་མེད་པའི་རྟགས། །རལ་པ་ཁམས་ནག་གཡས་ནས་གཡོན་དུ་འཁྱིལ་བ་ནི། །ཡུམ་གྱི་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས། །རལ་པའི་གསེབ་ནས་མེ་སྟག་འཕྲོ་བ་ནི། །ཐུགས་རྗེའི་སྦྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས། །རལ་པ་སྤྱི་བོར་གཙུག་ཏུ་འཁྱིལ་བ་ནི། །ཐུགས་རྗེས་དགོངས་སྤྱོད་ཅིག་ཏུ་སྤྱོད་པའི་རྟགས། །ཐོད་སྐམ་འཕྲེང་བའི་དབུ་ལ་བརྒྱན་པ་ནི། །ཐུགས་རྗེས་སྤྲུལ་སྐུའི་འགྲོ་དོན་མཛད་པའི་རྟགས། །སྙན་ཆ་གཡས་ནས་སེང་གེ་འགྱིང་བ་ནི། །དམན་མོ་ཐམས་ཅད་ཟིལ་གྱི་གནོན་པའི་རྟགས། །སྙན་ཆ་གཡོན་ནས་སྦྲུལ་ནག་གདེངས་ཀ་འཕྱོ་བ་ནི། །ཞེ་སྡང་མ་སྤང་དབྱིངས་ནས་དག་པའི་རྟགས། །སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི། །སངས་རྒྱས་ཀུན་ལ་བསྙེན་བསྐུར་མཛད་པའི་རྟགས། །སྤྱན་རྩ་དམར་པོ་ཕྱོགས་བཅུར་གཟིགས་པ་ནི། །རྣལ་འབྱོར་སྲིད་གསུམ་བྱ་ར་མཛད་པའི་རྟགས། །ཤངས་ན་ནད་ཀྱི་རླངས་པ་འཐུལ་བ་ནི། །སྡང་བའི་དགྲ་ལ་ནད་ཡམ་འབེབས་པའི་རྟགས། །ཞལ་གྱི་ཧོམ་ཁུང་དྲག་པོར་གདངས་པ་ནི། །དམ་ཉམས་གང་ཡིན་ཞལ་དུ་གསོལ་བའི་རྟགས། །རྣོ་གདུགས་མཆེ་བ་ཟུར་གསུམ་གཙིགས་པ་ནི། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་པའི་རྟགས། །ཞིང་ཆེན་གཡང་གཞི་སྐུ་ལ་གསོལ་བ་ནི། །ཆོས་ཉིད་ཡང་དག་དོན་དང་ལྡན༴ གླང་ཆེན་ཀོ་རློན་གོས་སུ་གྱོན་པ་ནི། །ཐེག་པ་དོན་དམ་ཡང་དག་ལྡན་པའི༴ སྣམ་ཕྱེད་རེ་ལྡེ་ནག་པོས་དཀྲིས་པ་ནི། །འཇིག་རྟེན་འདི་ན་ཆེ་བཙན་ལྡན༴ ལྟེ་བའི་ཁུང་ན་ཉི་མ་ཤར་བ་ནི། །སྲིད་པའི་རྒྱ་མཚོ་གཏིང་ནས་སྐེམ་པའི༴ སྤྱི་བོའི་གཙུག་ན་ཟླ་རྒྱས་གསལ་བ་ནི། །དུས་གསུམ་མ་རིག་མུན་པ་དབྱིངས་ནས་གསལ༴ ཕྱག་གཡས་གདུག་པའི་རལ་གྲི་ཕྱར་བ་ནི། །དགྲ་བགེགས་སྐྱེ་ཤི་རྩད་ནས་གཅོད་པའི༴ ཕྱག་གཡོན་བྷན་དྷ་དམར་པོ་བསྣམས་པ་ནི། །འཁོར་བའི་སྡུག་བསྔལ་ཁྲག་ལྟར་གསོལ་བའི༴ མཆན་ནས་ནཻའུ་ལེའུའི་རྐྱལ་པ་ཐོགས་པ་ནི། །བསྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་རྟགས། །ཞབས་ལ་དབང་གི་ལྕགས་སྒྲོག་བསྒྲོགས་པ་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྟགས། །ཕྱིར་ཕྱོགས་དྲིལ་གྱི་ཕ་ལ་བཅིབས་པ་ནི། །ལོག་པར་བལྟ་བའི་དགྲ་བགེགས་སྒྲོལ་བའི་རྟགས། །སྲིན་པོའི་ཡན་གལ་སྔ་རུ་བྱས་པ་ནི། །སྲིན་ཡུལ་ལོང་ཀ་པུ་རི་བསྒྲོད་པའི༴ སྲིན་མོའི་མན་གལ་ཕྱི་རུ་བྱས་པ་ནི། །དམན་མོ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས། །གོང་སྨད་སྦྲུལ་ནག་ཆུན་པོས་བྱས་པ་ནི། །ཞེ་སྡང་གདུག་པ་བཙན་པོ་འདུལ་བའི༴ རུས་སྦལ་ནག་པོ་ཕོག་གུ་བྱས་པ་ནི། །ཀླུ་བདུད་ནག་པོ་དམ་ལ་བཏགས་པའི༴ སྔ་ཤད་གཡས་ནས་བདུད་ཀྱི་ཁྲམ་བམ་བཀལ་བ་ནི། །དམ་ཉམས་དགྲ་བོ་ཁྲམ་ལ་བཏགས་པའི༴ ཕྱི་ཤད་ནད་ཀྱི་རྐྱལ་པ་བཏགས་པ་ནི། །དམ་ཉམས་དགྲ་ལ་ཡམས་ནད་འབེབ་པའི་རྟགས། །དོན་དམ་བཅུད་ཀྱི་རྟགས་སུ་ཞག་གི་ཟོ་རིས་བྱས། །ཐུགས་རྗེ་ཆགས་པའི་རཀྟའི་ཐིག་ལེས་བརྒྱན། །འདུལ་བྱེད་རྟགས་སུ་ཐལ་བའི་མཚན་མ་བྱུགས། །མ་མོ་འབུམ་ཕྲག་འཁོར་གྱི་བསྐོར་བ་ནི། །ཁམས་གསུམ་ཁྱབ་པའི་ཕྲིན་ལས་མཛད་པའི་རྟགས། །བྷྱོ་མ་ཅིག་ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །ལག་ན་རྡོ་རྗེ་རི་རབ་འཚོགས་པོར་འཕེན། །ལྷ་མོ་ཁྱོད་ལ་བདག་གི་བཙུན་པར་བསྟོད། །བྷྱོ། དཔལ་ལྡན་ལྷ་མོ་མཐུ་ཆེན་ཁྱོད། །ཆོས་སྐྱོང་རྒྱལ་མོ་མི་བཟད་མ། །གསང་བའི་དབྱིངས་ཕྱུག་རྡོ་རྗེ་མཁའ་འགྲོ་མ། །བསྟན་པ་བསྲུངས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ལེགས་སོ། །སྐབས་འདིར་བསྟོད་པ་ཐམས་ཅད་ཀྱི་བསྟོད། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐངས། ལྷ་བསྙེན་མཛོད། བླ་མ་དཔལ་འཛིན་ལས་བརྒྱུད་པའོ།། །།


previousབདུད་མོ་སྲོག་གི་གཟེར་ཆུང་མའི་བསྙེན་བསྒྲུབ་ལས་གསུམ་གསལ་བ།next