Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་ཅིག་ལབ་ཀྱི་སྒྲོན་མའི་བསྐང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་ཅིག་ལབ་ཀྱི་སྒྲོན་མའི་བསྐང་བ།next

མ་ཅིག་ལབ་ཀྱི་སྒྲོན་མའི་བསྐང་བ།

༅། །མ་ཅིག་ལབ་ཀྱི་སྒྲོན་མའི་བསྐང་བ་བཞུགས་སོ། །ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་གཤེགས་སུ་གསོལ། །ཐུགས་དམ་བསྐང་བའི་གནས་འདིར་བྱོན། །སྐུ་མདོག་སེར་མོ་གསེར་འོད་འབར། །ཞལ་གཅིག་པ་ལ་ཕྱག་བཞི་ལྡན། །གཡས་ཀྱི་དང་པོ་རྡོ་རྗེ་བསྣམས། །གཡོན་གྱི་དང་པོ་ཏིང་ངེ་འཛིན། །འོག་མ་གཉིས་ཀྱི་མཉམ་བཞག་མཛད། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དབུ་སྐྲ་ནག་པོ་སིལ་མར་གྱུར། །དར་དང་རིན་པོ་ཆེའི་རྒྱན། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ཐུགས་དམ་བསྐང་། །ཐུགས་སྤྲུལ་ལབ་སྒྲོན་ཐུགས་དམ་བསྐང་། །ཆོས་སྐུའི་ཐུགས་དམ་བསྐང་གྱུར་ཅིག །ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་ནི། །མ་ཅིག་ལབ་ཀྱི་སྒྲོན་མ་ནི། །འགྲོ་བ་གང་ལ་གང་འདུལ་གྱི། །སྤྲུལ་པ་དུ་མ་མཛད་པའི་ཚུལ། །ཧཱུྃ། ནུབ་ཕྱོགས་ཨོ་རྒྱན་གནས་མཆོག་ནས། །རྡོ་རྗེ་ཕག་མོ་གཤེགས་སུ་གསོལ། །ཐུགས་དམ་བསྐང་བའི་གནས་འདིར་བྱོན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །གཡས་པས་གྲི་གུག་ཐུར་དུ་བཟུང་། །གཡོན་པས་ཐོད་ཁྲག་གྱེན་དུ་རོལ། །ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞེངས། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །མི་མགོ་རུས་པའི་རྒྱན་གྱིས་བརྒྱན། །སྐུ་མདོག་དཀར་བ་དམར་མདངས་བཀྲ། །གཅིག་བུའི་ལུས་ལ་གཟི་མདངས་ཅན། །རང་འདྲའི་འཁོར་ཚོགས་མང་པོས་བསྐོར། །རྗེ་བཙུན་མའི་ཐུགས་དམ༴ མཁའ་སྤྱོད་མའི་ཐུགས་དམ༴ རྡོ་རྗེ་ཕག་མོའི་ཐུགས༴ མ་ཅིག་ལབ་སྒྲོན༴ ཡེ་ཤེས་མཁའ་འགྲོའི༴ འཁོར་ཚོགས་རྣམས་ཀྱི༴ ཧཱུྃ། མ་ཅིག་ལབ་སྒྲོན་སྤྲུལ་པ་ནི། །པོ་ཏ་ལ་ཡི་གནས་མཆོག་ནས། །རྗེ་བཙུན་སྒྲོལ་མ་གཤེགས་སུ་གསོལ། །ཐུགས་དམ་བསྐང་བའི་གནས་འདིར་བྱོན། །ལྗང་ཁུ་བཻཌཱུརྱ་ལྟར་སྔོ། །ཞལ་གཅིག་ཕྱག་གཉིས་ཞི་བའི་སྐུ། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་བཞུགས། །ཕྱག་གཡས་མཆོད་སྦྱིན་ཨུད་པ་ལ། །གཡོན་པས་མཉམ་བཞག་པདྨ་བསྣམས། །དབུ་སྐྲ་རལ་པའི་ཐོར་ཅོག་ཅན། །ཁ་དོག་དར་གྱི་ན་བཟང་དང་། །རིན་པོ་ཆེའི་རྒྱན་གྱིས་སྤྲས། །འཕགས་མ་སྒྲོལ་མའི་ཐུགས་དམ་བསྐང་། །དམ་ཚིག་ལྷ་ཚོགས་ཐུགས་དམ་བསྐང་། །རླུང་བསྐྱེད་མའི་ཐུགས་དམ་བསྐང་། །མ་ཅིག་ལབ་སྒྲོན༴ ཡེ་ཤེས་མཁའ་འགྲོའི༴ ཧཱུྃ། མ་ཅིག་ལབ་སྒྲོན་སྤྲུལ་པ་ནི། །རྒྱ་གར་གནས་མཆོག་དམ་པ་ནས། །ལྷ་མོ་སྒྱུ་འཕྲུལ་གཤེགས་སུ་གསོལ། །ཐུགས་དམ་བསྐང་བའི་གནས་འདིར་བྱོན། །སྐུ་མདོག་ཨུ་དུམ་ཝ་རའི་མདོག །ཞལ་གཅིག་ཕྱག་གཉིས་ཞི་འཛུམ་ལྡན། །ཞབས་གཉིས་ཞི་བདེའི་ཚུལ་དུ་བཞུགས། །ཕྱག་གཉིས་བདེ་གཤེགས་བསྐྱེད་མཛད་མ། །སྐུ་ལ་རིན་ཆེན་རྒྱན་ཆ་མཛེས། །དར་གོས་ན་བཟའ་ལྷབ་ལྷུབ་ཅན། །ལྷ་མོ་སྒྱུ་འཕྲུལ་ཐུགས་དམ༴ ཡུམ་ཆེན་ལྷ་ཚོགས་ཐུགས༴ སངས་རྒྱས་བསྐྱེད་ཡུམ༴ མ་ཅིག་ལབ་སྒྲོན་ཐུགས༴ ཡེ་ཤེས་མཁའ་འགྲོའི་ཐུགས༴ ཧཱུྃ། མ་ཅིག་ལབ་སྒྲོན་སྤྲུལ་པ་ནི། །སུམ་ཅུ་རྩ་གསུམ་ལྷ་ཡི་ཡུལ། །ནོར་བུའི་ཕུན་ཚོགས་གནས་མཆོག་ནས། །མཁའ་འགྲོ་སེར་མོ་གཤེགས་སུ་གསོལ། །ཐུགས་དམ་བསྐང་བའི་གནས་འདིར་བྱོན། །སྐུ་མདོག་སེར་མོ་གསེར་མདོག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད། །ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱི་བཞེང་། །གཡས་པས་གྲི་གུག་ནམ་མཁར་ཕྱར། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །གཅེར་བུ་རུས་པའི་རྒྱན་དྲུག་སྤྲས། །ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས། །གསང་སྔགས་ཨུ་དུམ་ཝ་ར་ཡི། །ལྷ་རྣམ་འགྲོ་བའི་དོན་མཛད་པ། །མཁའ་འགྲོ་སེར་མོའི་ཐུགས༴ ལྷ་ཡི་མཁའ་འགྲོའི་ཐུགས་དམ་བསྐང་། །གསང་སྔགས་སྟོན་པའི་ཐུགས་དམ་བསྐང་། །མ་ཅིག་ལབ་སྒྲོན༴ ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང་། །འཁོར་དང་བཅས་པའི༴ ཧཱུྃ། མ་ཅིག་ལབ་སྒྲོན་སྤྲུལ་པ་ནི། །རྒྱ་གར་སེར་སྐྱའི་གནས་མཆོག་ནས། །སྤྲུལ་པ་པཎ་ཆེན་གཤེགས་སུ་གསོལ། །ཐུགས་དམ་བསྐང་བའི་གནས་འདིར་བྱོན། །སྐུ་མདོག་མི་ཤའི་ངང་ཉིད་ལ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །ཞབས་གཉིས་སྐྱིལ་མོ་ཀྲུང་དུ་བཞུགས། །ལྷུང་བཟེད་མཁར་སིལ་པོ་ཏི་བསྣམས། །སྲབ་འཇམ་རེག་བྱའི་ཤམ་ཐབ་དང་། །ཆོས་གོས་རྣམ་གསུམ་སྐུ་ལ་མནབ། །ཉན་ཐོས་བསླབ་པ་ཕྲ་རག་བསྲུང་། །མུ་སྟེག་འབུམ་ཚོ་བཅུ་བདུན་ནི། །ནང་པའི་སྡེ་ལ་བཙུད་པར་མཛད། །སྨོན་འགྲུབ་ཀྱི་ཐུགས་དམ་བསྐང་། །པཎྜི་ཏའི་ཐུགས༴ བསྟན་པའི་བདག་པོའི༴ ནག་ཕྱོགས་བཏུལ་བའི༴ མ་ཅིག་ལབ་སྒྲོན༴ ཡེ་ཤེས་མཁའ་འགྲོའི་ཐུགས༴ འཁོར་དང་བཅས༴ ཧཱུྃ། མ་ཅིག་ལབ་སྒྲོན་སྤྲུལ་པ་ནི། །བོད་ཡུལ་གནས་མཆོག་དམ་པ་ནས། །ཡེ་ཤེས་མཚོ་རྒྱལ་གཤེགས་སུ་གསོལ། །ཐུགས་དམ་བསྐང་བའི་གནས་འདིར་བྱོན། །སྐུ་མདོག་གཅིག་ཏུ་མ་ངེས་པ། །ཞལ་གཅིག་ཕྱག་གཉིས་ཞི་དང་ལྡན། །ཞབས་གཉིས་མཉམ་པོར་བཤིབ་ནས་བཞེངས། །དབུ་སྐྲ་ལེན་ཕྲན་སིལ་བུར་གྱུར། །ཕྱག་གཉིས་ཐབས་ཤེས་ཕྱག་རྒྱ་མཛད། །ན་བཟའ་ཁ་དོག་མཛེས་པར་གསོལ། །ནོར་བུ་རིན་ཆེན་རྒྱན་དང་ལྡན། །གསང་སྔགས་ཟབ་མོའི་གཏེར་སྒོ་ཕྱེས། །ལས་འཕྲོ་ཅན་རྣམས་དེ་ལ་བཅུད། །གཏེར་ཆོས་སྤྱོད་རྣམས་འགྲོ་དོན་མཛད། །ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །བོད་ཡུལ་མཁའ་འགྲོའི་ཐུགས༴ མཁར་ཆེན་བཟའི༴ གཏེར་ཁ་ཕྱེ་བའི༴ མ་ཅིག་ལབ་སྒྲོན༴ ཡེ་ཤེས་མཁའ་འགྲོའི༴ བྲན་གཡོག་རྣམས་ཀྱི༴ ཧཱུྃ། མ་ཅིག་དྲང་པོ་སྐུ་སྤྲུལ་ཚེ། །ཟངས་རི་མཁར་ནས་གཤེགས་སུ་གསོལ། །ཐུགས་དམ་བསྐང་བའི་གནས་འདིར་བྱོན། །བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ། །ཡབ་ནི་ཁེར་གད་ཆོས་ལྷ་དང་། །ཡུམ་ནི་ཕྱུག་མོ་འབུམ་སྒྲོན་མ། །ཡབ་ཡུམ་གནས་འདིར་གཤེགས་སུ་གསོལ། །ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །དེ་གཉིས་སྲས་མོ་ལབ་སྒྲོན་ནི། །སྐུ་མདོག་དཀར་པོ་དུང་འོད་འབར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་གར་སྟབས་ཚུལ་དུ་བཞུགས། །དབུ་སྐྲ་ནག་པོ་སིལ་བུར་གྱུར། །ཕྱག་གཡས་གསེར་གྱི་ཌཱ་རུ་བསྒྲག །གཡོན་པས་དངུལ་དཀར་དྲིལ་བུ་བསྣམས། །རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན། །སྐུ་ལ་རས་འཕྲུག་ན་བཟའ་མནབ། །ཁ་ཊྭཱྃ་ཀ་ནི་ཡབ་ཕྱིར་ཐོག །ཞི་བའི་ཞལ་འཛུམ་མདངས་དང་ལྡན། །གང་འདུལ་སོ་སོར་འདྲེན་མཛད་མ། །ཁ་བ་ཅན་རྣམས་བདེ་ལ་བཀོད། །ལབ་ཀྱི་སྒྲོན་མའི༴ ཡུམ་གྱི་སྤྲུལ་པའི༴ མཁའ་འགྲོའི་གཙོ་མོའི༴ རིགས་བཞི་བདག་མོའི༴ འགྲོ་བ་འདྲེན་མཛད་མའི༴ ཡེ་ཤེས་མཁའ་འགྲོའི༴ འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཧཱུྃ། མ་ཅིག་ཤར་དུ་སྤྲུལ་པའི་ཚེ། །སྐུ་མདོག་སྔོན་མོ་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན། །རིན་ཆེན་དོ་ཤལ་ཅོད་པཎ་མཛེས། །གྲི་གུག་ཐོད་ཕྲག་ཁ་ཊྭཱྃ་འཛིན། །ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱི་བཞེང་། །རང་འདྲའི་སྔོན་མོ་འབུམ་གྱིས་བསྐོར། །མ་ཅིག་ལབ་སྒྲོན་ཐུགས༴ མཁའ་འགྲོ་འབུམ་གྱི༴ འཁོར་དང་བཅས་པའི༴ ཧཱུྃ། མ་ཅིག་ལྷོ་རུ་སྤྲུལ་པའི་ཚེ། །སྐུ་མདོག་སེར་མོ་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །སྐྲ་གྲོལ་མི་མགོ་རུས་པས་བརྒྱན། །རིན་པོ་ཆེ་དང་ཅོད་པཎ་མཛེས། །གྲི་གུག་ཐོད་ཁྲག་ཁ་ཊྭཱྃ་ཀ །ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱི་བཞེངས། །རང་འདྲའི་སེར་མོ་འབུམ་གྱིས་བསྐོར། །མ་ཅིག་ལབ་སྒྲོན༴ མཁའ་འགྲོ་འབུམ་གྱི༴ འཁོར་དང་བཅས་པའི༴ ཧཱུྃ། མ་ཅིག་ནུབ་ན་སྤྲུལ་པའི་ཚེ། །སྐུ་མདོག་དམར་པོ་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །སྐྲ་གྲོལ་མི་མགོ་རུས་པས་བརྒྱན། །རིན་པོ་ཆེ་དང་ཅོད་པན་མཛེས། །གྲི་གུག་ཐོད་ཁྲག་ཁ་ཊྭཱྃ་ཐོག །ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱིས་བཞེངས། །རང་འདྲའི་དམར་མོ་འབུམ་གྱི་བསྐོར། །མ་ཅིག་ལབ་སྒྲོན་ཐུགས་དམ༴ མཁའ་འགྲོ་འབུམ༴ འཁོར་དང་བཅས་པའི༴ ཧཱུྃ། མ་ཅིག་བྱང་ནས་སྤྲུའི་པའི་ཚེ། །སྐུ་མདོག་ལྗང་ཁུ་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །སྐྲ་གྲོལ་མི་མགོ་རུས་པའི་རྒྱན། །རིན་པོ་ཆེ་དང་ཅོད་པཎ་མཛེས། །གྲི་གུག་ཐོད་ཁྲག་ཁ་ཊྭཱྃ་ཐོག །ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱི་བཞེངས། །རང་འདྲའི་ལྗང་མོ་འབུམ་གྱིས་བསྐོར། །མ་ཅིག་ལབ་སྒྲོན༴ མཁའ་འགྲོ་འབུམ་གྱི༴ འཁོར་དང་བཅས༴ ཧཱུྃ། མ་ཅིག་དབུས་སུ་སྤྲུལ་པའི་ཚེ། །སྐུ་མདོག་དཀར་མོ་འབུམ་མདངས་ཅན། །ཞལ་ཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །སྐྲ་གྲོལ་མི་མགོ་རུས་པས་བརྒྱན། །རིན་པོ་ཆེ་དང་ཅོད་པཎ་མཛེས། །གྲི་གུག་ཐོད་ཁྲག་ཁ་ཊྭཱྃ་ཐོགས། །ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱིས་བཞེངས། །རང་འདྲ་དཀར་མོ་འབུམ་གྱིས་བསྐོར། །མ་ཅིག་ལབ་སྒྲོན༴ མཁའ་འགྲོ་འབུམ་གྱིས༴ འཁོར་དང་བཅས་པའི༴ ཧཱུྃ། མ་ཅིག་མཚམས་སུ་སྤྲུལ་པའི་ཚེ། །སྐུ་མདོག་སྣ་ཚོགས་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས༴ སྐྲ་གྲོལ༴ རིན་པོ་ཆེ་དང་༴ གྲི་གུག་ཐོད་ཁྲག༴ ཞབས་གཉིས༴ རང་འདྲའི་སྣ་ཚོགས་འབུམ་གྱིས་བསྐོར། །མ་ཅིག་ལབ་སྒྲོན་ཐུགས་དམ་བསྐང་། །མཁའ་འགྲོ་འབུམ༴ འཁོར་དང་བཅས་པའི༴ ཧཱུྃ། མ་གཉེན་ས་རི་ཁྲོད་འགྲིམ་ཙ་ན། །གཡའ་རི་གངས་རྩེར་བཞུགས་པའི་ཚེ། །ཡི་དམ་ལྷ་ཚོགས་ཐིབས་སེ་ཐིབ། །དཔའ་བོའི་གྲོ་བརྡུང་ཁྲེགས་སེ་ཁྲེག །དཔའ་མོའི་ཉམས་དབྱངས་འུ་རུ་རུ། །མཁའ་འགྲོ་མང་པོ་དཔུངས་སེ་དཔུང་། །གདོན་ཚོགས་མང་པོ་མྱ་ལ་ལ། །གནད་ཀྱི་གདམ་པ་ཤ་ར་ར། །བདུད་ཀྱི་གཅོད་ཐབས་སི་ལི་ལི། །ལྟ་བའི་འབྲུག་སྒྲ་ཏི་རི་རི། །བསྒོམ་པའི་གློག་དམར་ཁྱུགས་སེ་ཁྱུག །སྤྱོད་པའི་ཐོག་སྒྲ་ཤ་ར་ར། །འབྲུའི་ཆར་རྒྱུན་སི་ལི་ལི། །བརྒྱན་ཆ་མང་པོ་ཁྲ་ལ་ལ། །རོལ་མོ་མང་པོ་ཏི་རི་རི། །དར་གྱི་ཅོད་པཎ་པུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཌཱ་རུ་ཅང་ཏེ་ཁྲ་ལ་ལ། །དྲིལ་བུ་གཡེར་ཀ་སི་ལི་ལི། །མི་རྐང་གླིང་བུ་ཀྱུ་རུ་རུ། །ཕཊ་ཀྱི་སྒྲ་སྐད་ཟངས་སེ་ཟང་། །ཤ་ཆེན་གྱི་དུད་པ་ཏི་རི་རི། །ཚིལ་ཆེན་གྱི་སྒྲོན་མེ་ཡ་ལ་ལ། །མ་ཅིག་ལབ་སྒྲོན༴ རི་ཁྲོད་འགྲིམས་མའི༴ རིགས་བཞི་མཁའ་འགྲོའི༴ འཁོར་དང་བཅས་པའི༴ མ་གཞན་ཡང་ཕྱོགས་མེད་མཛད་པའི་ཚེ། །བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ། །གཟུང་འཛིན་གཉིས་ལ་མདུད་པ་གྲོལ། །ཐབས་ཤེས་གཉིས་ཀྱི་སྤྱོད་པ་མཛད། །བཀའ་བརྒྱུད་གདུང་བརྒྱུད་སྲས་བརྒྱུད་སྐྱེད། །སྣང་སྟོང་དབྱེར་མེད་མཁའ་དབྱིངས་དག །འཁོར་འདས་གཉིས་ཀྱི་རེ་དོག་བྲལ། ། སེམས་བསྐྱེད་བར་སྣང་འཇའ་ལྟར་བཀྲ། །བྱམས་དང་སྙིང་རྗེ་རྒྱུད་ལ་སྐྱེ། །ཆགས་སྡང་ཉེ་རིང་གཉིས་དང་བྲལ། །གཞན་དོན་ཕྱོགས་མེད་ལྷུན་གྱིས་གྲུབ། །མ་ཅིབ་ལབ་སྒྲོན་ཐུགས་དམ་བསྐང་། །གཞན་དོན་མཐར་ཕྱིན༴ འགྲོ་བ་འདྲེན་མའི༴ ཧཱུྃ། མ་ཅིག་ལབ་ཀྱི་སྒྲོན་མ་ལ། །བདག་ཉིད་དད་པའི་ཐུགས་དམ་བསྐང་། །ཁྱེད་ཀྱི་ཡོན་ཏན་ཕྲིན་ལས་ཀྱི། །ཚེ་ཡི་འགལ་རྐྱེན་མི་འབྱུང་ཞིང་། །ཕྱི་མའི་དོན་ལ་འབད་པ་དང་། །དཀར་པོའི་དལ་ཁ་སྤེལ་དུ་གསོལ། །ནག་པོའི་བདུད་རྣམས་བཟློག་ཏུ་གསོལ། །ཟས་ནོར་ལོངས་སྤྱོད་ཆར་བཞིན་ཕོབ། །ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །དགྲ་བགེགས་གནོད་བྱེད་རྡུལ་དུ་བཟློག །སྡང་བའི་དགྲ་ལ་རྟགས་ཕྱུང་ཅིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མ་ཅིག་ལབ་སྒྲོན་ཐུགས་དམ་བསྐང་། །མ་ཅིག་བསྐང་བའི་བྱིན་རླབས་ཀྱིས། །བདག་གི་བསམ་པ་ཆོས་ལ་བསྒྱུར། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །བདག་མཁའ་སྤྱོད་གནས་སུ་ལམ་སྣ་དྲངས། །ཧཱུྃ། མ་སྐྱེ་མེད་ངང་དུ་གཤེགས་པའི་ཚེ། །དཔའ་བོ་དཔའ་མོའི་བསུ་མ་བྱེད། །ལྷ་དང་ལྷ་མོ་ཐམས་ཅད་ཀྱི། །འཇའ་ཚོན་སྣ་ལྔའི་གུར་ཁང་ཕུབ། །ལྷའི་བདུད་རྩིའི་ཆར་རྒྱུན་འབེབས། །མེ་ཏོག་ཆར་པ་སྣ་ཚོགས་འབབ། །དྲི་ངད་ལྡན་པའི་དུད་པ་བཏང་། །རོལ་མོ་བྱེ་བྲག་ཏུ་སྒྲོག །གར་དང་དབྱངས་ཀྱི་མཆོད་པ་འབུལ། །མ་ཅིག་སེངྒེ་ཆིབ་ནས་སུ། །འཁོར་ཚོགས་རིགས་བཞི་མཁའ་འགྲོ་དང་། །འབུམ་ཚོ་བཅུ་ཡི་འཁོར་གྱི་བསྐོར། །ནམ་མཁའི་དབྱིངས་ནས་གཤེགས་ནས་ཀྱང་། །སྤྲུལ་པའི་འགྲོ་དོན་མཛད་གྱུར་ན། །ཆོས་ཉིད་ངང་ལས་གཤེགས་སུ་གསོལ། །མ་ཅིག་ལབ་སྒྲོན༴ འགྲོ་དོན་མཛད་པའི༴ ཆོས་ཀྱི་དབྱིངས་མའི༴ སྐྱེ་མེད་སྟོན་མའི་ཐུགས་དམ༴ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུྃ། མ་གཏི་མུག་དག་ནས་ཆོས་དབྱིངས་ངང་། །སངས་རྒྱས་མཁའ་འགྲོའི༴ ཞེ་སྡང་དག་ནས་མེ་ལོང་ངང་། །རྡོ་རྗེ་མཁའ་འགྲོའི༴ ང་རྒྱལ་དག་ནས་མཉམ་ཉིད་ངང་། །རིན་ཆེན་མཁའ་འགྲོའི༴ འདོད་ཆགས་དག་ནས་སོར་རྟོག་ངང་། །པདྨ་མཁའ་འགྲོའི༴ ཕྲག་དོག་དག་ནས་བྱ་གྲུབ་ངང་། །ལས་ཀྱི་མཁའ་འགྲོའི༴ ཡེ་ཤེས་མཁའ་འགྲོ་སྡེ་ལྔའི༴ འཁོར་མཁའ་འགྲོ་བྱེ་བ་འབུམ་གྱི་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཅེས་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་བཀའ་བབ་ཕ་དམ་པ་རྒྱ་གར་དང་། བདུད་བཞི་ཚར་གཅོད་ཀྱི་བཀའ་བབ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་བཅས་ཀྱི་རྣམ་ཐར་དང་འབྲེལ་བའི་བསྐང་བ་འདི་ཡང་ལྔ་ཚོ་ཀུན་དགའ་འབུམ་པས། མ་དང་མཁའ་འགྲོ་འདུ་བའི་གནས་མཆོག་ཀཿཐོག་རྡོ་རྗེ་གདན་གྱི་དབེན་གནས་སུ་བྲིས་པ་རྫོགས་སོ།། །།


previousམ་ཅིག་ལབ་ཀྱི་སྒྲོན་མའི་བསྐང་བ།next