Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནམ་མཁའ་གོ་འབྱེད་བསྡུས་པ།
   
   
   
   
   
   
   
   
   


 
previousནམ་མཁའ་གོ་འབྱེད་བསྡུས་པ།next

ནམ་མཁའ་གོ་འབྱེད་བསྡུས་པ།

ནམ་མཁའ་གོ་འབྱེད་བསྡུས་པ་བཞུགས། ཐུན་མོང་མ་ཡིན་པ་ཟབ་པའི་དབང་བཀའ་ནི། བཅའ་བཞི་གསུམ་གྱིས་བཀའ་ཐོག་ན་བཞག །བཅོས་བསླད་མེད་པར་རིག་པ.ངོས་བཟུང་། །ཅེས་གསུངས་པས། དང་པོ་ལུས་ཀྱི་བཅའ་གཞི་ནི། ཡར་ལང་ལ་རྐང་པ་གཉིས་ཤིབ་ཀྱི་གཤིབ། ལག་པ་གཉིས་ཤད་ཀྱིས་བརྐྱང་ལ་ཐལ་མོ་སྦྱར། ངག་གི་བཅའ་གཞི་ནི། སྟེང་རླུང་འོག་རླུང་གཉིས་ཁ་སྦྱར་ལ་བཟུང་། སེམས་ཀྱི་བཅའ་གཞི་ནི། རང་གི་སྤྱི་བོ་མདའ་གང་ཙམ་གྱི་ནམ་མཁའ་ལ། མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ། དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། གཡས་ན་ཌཱ་མ་རུ་འཁྲོལ་བ། གཡོན་ན་དྲིལ་བུ་གཡེར་ཁ་འཁྲོལ་བ་གཅིག་བསམ། དེ་ལ་སངས་རྒྱས་ཤཱཀྱ་ཐུབ་པས་གཙོ་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བརྒྱུད་པའི་བླ་མས་བསྐོར་བར་བསྒོམ། རང་གི་ལུས་འདི་ཡང་སྨྱུག་དུང་ལྟ་བུའི་སྤྱི་གཙུག་ནས་གསང་གནས་ཡན་ཆད་སྟོང་སང་ངེ་བ་གཅིག་བསམ། རང་གི་རྣམ་པར་ཤེས་པ་མི་འགྱུ་དགུ་འགྱུ། དྲན་རིག་ཏུར་ཏུར་པོ་འདི་ཡང་རྐང་མཐིལ་རྒྱུ་ཞབས་གཉིས་སུ། བྱ་དམར་སར་གྱི་སྒོང་ང་ཙམ། གསལ་ལ་དང་པ། དཀར་ལ་འཚེར་བ། སྣུམ་ལ་དྲིལ་བ། མནན་གྱིས་མི་ནོན་པ། འཕར་ལ་ཁད་པར་བསམ། དེ་ནས་སྤྱི་བོའི་མ་ཅིག་ལབ་ཀྱི་སྒྲོན་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་ཕུལ་ལ། བདག་ལ་དབང་བསྐུར་ཞིང་བྱིན་གྱིས་རླབས་པར་མཛད་དུ་གསོལ། ཅེས་གསོལ་བ་གདབ་བོ། །ཡང་རང་གི་ལྟེ་བ་འདིར། སྣ་ཚོགས་པདྨ་སྟོང་དང་ལྡན་པའི་དབུས་ན། མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་སྣ་ཚོགས་སུ་འདུག་པ། གཡས་ན་ཌཱ་མ་རུ་སྒྲ་དང་བཅས་པ། གཡོན་ན་དྲིལ་བུ་གཡེར་ཁ་དཀྲོལ་བ། རུས་པའི་རྒྱན་དྲུག་གིས་བརྒྱན་པ་གཅིག་བསམ། དེ་ལ་མོས་གུས་དུང་གིས་བྱས་པ་དང་། གདན་པདྨ་དེ་གཡས་ཕྱོགས་སུ་སྒ་ར་ར་འཁོར། མ་ཅིག་དེ་ཡང་གཡས་ཕྱོགས་སུ་ཞལ་སྒ་ར་ར་འཁོར་བ་ལས། འོད་ཟེར་སྣ་ཚོགས་བྱུང་ནས་ཁོང་པའི་ནང་གི་ཐམས་ཅད་འོད་ཀྱིས་ཁེང་པ་དང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་བསམ། མ་ཅིག་དེ་ཡང་ཌཱ་མ་རུའི་སྒྲ་དང་རུ་ལུའི་སྒྲ་འུ་རུ་རུ་སྒྲོག་ཅིང་། རྐང་མཐིལ་ན་ཡོད་པའི་རྣམ་ཤེས་དེ་ལ། རིགས་ཀྱི་བུ་ཡར་ཤོག་བདེ་བར་འོང་། ལེགས་པར་འོང་། བདག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་བཀོད་པར་བྱའོ། །གསུངས་པར་བསྒོམ་ནས། སློབ་དཔོན་གྱིས་ཚིགས་སུ་བཅད་ཅིང་རོལ་མོའི་སྒྲ་སྒྲོག །དེ་ནས་མ་ཅིག་དེ་འོད་ཡལ་གྱི་སོང་བར་བསྒོམ་མོ། །དེ་བཞིན་དུ་སྙིང་ཁར་པདྨ་སྟོང་ལྡན་གྱི་སྟེང་དུ། མ་ཅིག་ལབ་སྒྲོན་སྐུ་མདོག་སྔོན་མོ་ལས། འོད་ཟེར་སྔོན་མོ་བྱོན་པ་དང་། དག་བྱ་དང་རིགས་ཀྱི་བུ་ལ་སོགས་བརྗོད་པ་གོང་དང་འདྲའོ། །མགྲིན་པར་པདྨ་དམར་པོ་དེ་ལས། འོད་འཕྲོས་པར་བསྒོམ་སྤྱི་བོར་ཀླད་རྒྱའི་སྟེང་དུ་དཀར་པོའོ། །དེ་ནས་མ་ཅིག་དེའི་སྤྱི་བོ་མདའ་གང་གི་ནམ་མཁའ་ལ་བཞུགས་པར་བསམ། རིགས་ཀྱི་བུ་ཡར་ཤོག །བདེ་བར་འོང་། ལེགས་པར་འོང་། བདག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་བཀོད་པར་བྱའོ། །ཞེས་བརྗོད་པར་བསམ། རྣམ་ཤེས་དེ་ནར་གྱིས་བྱུང་ནས། དང་བརླ་ཡི་རྩ་བོ་ཆེ་བརྒྱུད་ནས། ལྟེ་བ་ན་འོད་ཀྱི་ལི་ལི་འདུག་པ་ལ་ཡང་། གོང་ལྟར་བརྗོད། ཡར་སྙིང་ཁར་དྲངས། དེ་ནས་མགྲིན་པ། དེ་ནས་ཀླད་རྒྱའི་སྟེང་དུ། དེ་ནས་ཚང་བུག་ནས་བཏོན་སྟེ། མ་ཅིག་གིས་ཐུགས་ཀར་ཐིམ་པ་དང་། མ་ཅིག་འོད་དུ་གྱུར་ཏེ། ཡར་ནམ་མཁའ་ལ་སངས་ཀྱིས་སོང་སྟེ། ནམ་མཁས་གར་ཁྱབ་རིག་པས་ཁྱབ་ནས། དབྱིངས་དང་རིགས་འདྲེས་པར་བསམ། དེ་ཡང་ཡུམ་རྒྱས་མ་ལས། སྤྱི་གཙུག་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནམ་མཁའ་རྣམ་པར་འགེང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནམ་མཁའ་རྣམ་པར་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཞེས་གསུངས་པའི་དོན་ཡང་དེ་ཡིན་ནོ། །ཡང་མ་ཅིག་ལབ་ཀྱི་སྒྲོན་མའི་ཞལ་ནས། གྲིམ་གྱིས་སྒྲིམ་ལ་གློད་ཀྱིས་གློད། །རིག་པའི་བཞག་ས་གཅིག་དེ་ན་གདའ། །མཐར་ཐུག་གི་སངས་རྒྱས་ཞིག་དེ་ན་གདའ། །ཅེས་པའི་དོན་ཡང་ཡིན་པས། ལུས་ཀློད་ཀྱིས་ལྷོད། ངག་རླུང་བཏང་། སེམས་གསལ་སྟོང་འཛིན་མེད་བཅོས་སླད་མེད་པའི་ངང་དུ་ཞོག་ཅིག །ཅེས་ངོ་སྤྲོད་དོ། །དེ་ནས་སྤྱི་བོར་མ་ཅིག་དཀར་མོ་དེས་བུམ་དབང་བསྐུར་བྱ་ལུས་ལ་བསྐུར། དག་བྱ་ལུས་ཀྱི་སྒྲིབ་པ་དག་གོ། །དེ་བཞིན་མགྲིན་པར་གསང་དབང་། བསྐུར་བྱ་ངག་ལ་བསྐུར། དག་བྱ་ངག་གིས་སྒྲིབ་པ་དག །སོགས་འདྲེས་སོ། །དེའི་ངང་ལ་གསལ་སྟོང་འཛིན་མེད་བསྒོམ། དེ་བས་བསྡུས་པ་བྱེད་ན་མ་ཅིག་བཞི་ཀ་དཀར་པོ་བྱེད་གསུངས། ཡེ་ཤེས་ལྔའི་དབང་བསྐུར་དང་། ཚོགས་བྱིན་གྱིས་རླབས་ཅིང་རོལ་པ་དང་། རྗེས་ཀྱི་ཆོ་ག་རྣམས་གཞན་དུ་ཤེས་པར་བྱའོ། །ཐུན་མོང་མ་ཡིན་པའི་བཀའ་དབང་འདི་གསང་བར་བྱའོ། །ནམ་མཁའ་གོ་འབྱེད་རྫོགས་སོ།། །།བཀྲ་ཤིས།


previousནམ་མཁའ་གོ་འབྱེད་བསྡུས་པ།next