Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་མཁའ་འགྲོའི་བསྒྲུབ་པ་མཁའ་འགྲོའི་སྲོག་འདྲེན།
   
   
   
   
   
   
   


 
previousབླ་མ་མཁའ་འགྲོའི་བསྒྲུབ་པ་མཁའ་འགྲོའི་སྲོག་འདྲེན།next

བླ་མ་མཁའ་འགྲོའི་བསྒྲུབ་པ་མཁའ་འགྲོའི་སྲོག་འདྲེན།

༅། །བླ་མ་མཁའ་འགྲོའི་བསྒྲུབ་པ་མཁའ་འགྲོའི་སྲོག་འདྲེན་བཞུགས་སོ། །སྐྱབས་སེམས། མ་རིགས་དྲུག་སྣང་སྲིད་ལྷ་འདྲེ་རྣམས། །སེམས་སྙེམ་ཐག་ཆོད་པར་སྐྱབས་སུ་མཆི། །བཀའ་ཟབ་མོ་གཅོད་ཡུལ་ཉམས་ལེན་གྱིས། །བདུད་ཆོས་སྐུར་གྲོལ་བར་སེམས་བསྐྱེད་དོ། །བསྒོམས་ལ། དངོས་གཞི་ནི། ༀ་མ་ཧཱ་ཤུ་ནྱ༴ རིག་པ་རང་བྱུང་ཀ་དག་ཅིང་། །ལྷུན་གྲུབ་རོལ་རྩལ་གདལ་བ་ལ། །ཀུན་ལ་ཁྱབ་པའི་ཡེ་ཤེས་ཆེ། །དམིགས་བསམ་བྲལ་བ་བཟོ་མེད་ངང་། །རང་ཉིད་ཧྲཱིཿལས་རྣལ་འབྱོར་མ། །རྒྱན་དང་ཆ་ལུགས་ཡོངས་རྫོགས་པར། །གྲི་གུག་ཐོད་པ་ཁ་ཊྭཱྃ་བཅས། །བརྐྱང་བསྐུམ་གར་གྱིས་པད་ཉིར་རོའི། །སྙིང་ཁར་བརྫིས་བཞུགས་ཡེ་ཤེས་དང་། །འཇིག་རྟེན་མཁའ་འགྲོ་གྲངས་མེད་བསྐོར། །སྤྱི་བོར་པད་ཟླར་བླ་མ་དང་། །དབྱེར་མེད་ཡུམ་ཆེན་སྐུ་མདོག་སེར། །ཕྱག་གཉིས་མཉམ་བཞག་རྡོ་རྗེ་ནི། །རྩེ་ལྔ་ལངས་སྟབས་བསྣམས་པ་བསམ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཐུགས་སྟོད་ཨཱཿཡིག་གསེར་འོད་འབར། །འོད་འཕྲོས་རྒྱལ་བ་རྒྱ་མཚོའི་ཚོགས། །རྒྱུད་བསྐུལ་ཡེ་ཤེས་ལྷའི་རྣམ་པ། །ཆར་བཞིན་བབ་སྟེ་ཐིམ་ནས་འདྲེས། །མཆོད་ཚོགས་སྤྲིན་བཞིན་འཁྲིགས་པས་མཆོད། །བསྟོད་དབྱངས་རྒྱ་མཚོས་སྙན་སྒྲ་སྒྲོགས། །དམིགས་པ་མ་ཡེངས་དད་མོས་སྦར། །ཤེར་སྙིང་བཟླ། མཐར་ནི་ཡུམ་ཆེན་རང་ལ་ཐིམ། །གནས་བཞིར་ༀ་དཀར་ཨཱཿདམར་དང་། །ཧཱུྃ་མཐིང་བཾ་དམར་གྱུར་པ་ལས། །བཟླས་བྱའི་སྔགས་ཀྱིས་བསྐོར་བར་བསམ། །ༀ་ཨཱཿཧཱུྃ་གུ་རུ་ཌཱཀྐི་ནི་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་ཕཊཿ འོད་ཟེར་ལུས་ཀུན་བརྡལ་བ་ལས། །མཁའ་འགྲོ་ཏིལ་གང་ལྟ་བུར་གཏམས། །དེ་དག་སྔགས་དབྱངས་ལྡིར་བ་ཡིས། །སྲིད་པ་གསུམ་པོ་དབང་བསྡུས་བསམ། །བཟླས། ཐུན་མཚམས་སུ་ཚོགས་ཀྱི་འཁོར་ལོ་བཅས་མཆོད་མཐར། བསྐྱེད་པར་ལྷ་ཡི་རྣམ་པ་ཀུན། །མེ་ལོང་ཧས་བཏབ་བཞིན་དུ་ཡལ། །གཉུག་མའི་བླ་མ་ལྷག་པའི་ལྷ། །རྒྱལ་བ་རྒྱ་མཚོའི་ཀློང་ཆེན་པོར། །ཇི་སྲིད་བར་དུ་གཡོ་བ་བྲལ། །སྒོ་གསུམ་ཡེ་ནས་རྡོ་རྗེ་གྱུར། །ཞེས་པའི་དོན་ལ་མཉམ་པར་གཞག་ལ་གཉུག་མའི་ངང་སྐྱོང་བ་འདི་ལྟ་བུའི་རྣལ་འབྱོར་གྱིས་ཀྱང་མཆོག་ལ་སྦྱོར་བར་གྱུར་ཅིག །བི་ཛས་སྨྲས་སོ། །ཆོས་དབྱིངས་རྣམ་དག་སྐྱེ་མེད་ཆོས་ཀྱི་སྐུ། །འགག་མེད་རྩ་བྲལ་སེམས་ཉིད་དོན་གྱི་ཡུམ། །མཐའ་དབུས་མེད་པ་མཐའ་བྲལ་སྟོང་པའི་ཡུམ། །མ་ཡུམ་ཆེན་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད།། །།


previousབླ་མ་མཁའ་འགྲོའི་བསྒྲུབ་པ་མཁའ་འགྲོའི་སྲོག་འདྲེན།next