Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་དོན་གཅོད་ཀྱི་བསྲེགས་པའི་ལས་མཐའ་དུས་མཐའི་མེ་ཆེན།
   


 
previousཟབ་དོན་གཅོད་ཀྱི་བསྲེགས་པའི་ལས་མཐའ་དུས་མཐའི་མེ་ཆེན།next

ཟབ་དོན་གཅོད་ཀྱི་བསྲེགས་པའི་ལས་མཐའ་དུས་མཐའི་མེ་ཆེན།

ཟབ་དོན་གཅོད་ཀྱི་བསྲེགས་པའི་ལས་མཐའ་དུས་མཐའི་མེ་ཆེན་དབུ་ཕྱོགས་བཞུགས་སོ། །སྐྱེ་མེད་དབྱིངས་ལས་འགགས་མེད་སྒྱུ་མའི་འཕྲུལ། །མི་བཟད་གར་དགུའི་ཉམས་ཀྱི་ཡེ་ཤེས་མེས། །བདུད་དཔུང་སྲེག་མཛད་རྡོ་རྗེ་རྣལ་འབྱོར་མ། །བླ་མ་མཆོག་དང་དབྱེར་མེད་དེར་ཕྱག་འཚལ། །དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་ཟབ་དོན་གཅོད་ཀྱི་སྒོ་ནས་སྦྱིན་སྲེག་བྱེད་པར་འདོད་ན། ཟླ་བ་མར་ངོ་དུས་ཚོད་འཕྲོད་སྦྱོར་ངན་པའི་དུས་སུ། གདུག་པའི་ས་སྣ་གསུམ་གྱི་སྟེག་བུ་དུག་ཁྲག་གིས་བྱུག་པ་མདའ་གང་གི་ཁར་མ་ཊཾ་གི་ཁོག་པར་གྲུ་གསུམ་བང་རིམ་སུམ་ལྡན། ཁ་ཁྱེར་ལ་རལ་གྲིས་མཚན་པ་མི་རིས་བསྐོར་བའི་དབུས་སུ་པདྨ་འདབ་བཞི་མཁའ་འགྲོ་སྡེ་ལྔའི་ལྷ་གནས་ཚོམ་བུ་དང་བཅས་པ་བྲིས། སྟེང་དུ་སྐྱེར་པ་སོགས་དུག་ཤིང་གྲུ་གསུམ་དུ་བརྩིག་ཚིལ་ཆེན་གྱིས་སྦག་པའི་མར་མེ་དབུས་སུ་བཞག །གཡས་ངོས་སུ་མེ་སྲོག་འཛིན་པའི་རྫས་ཡམ་ཤིང་གྲུ་གསུམ་པ་སོར་བཅུ་གཉིས་པ་ཚིལ་ཞུན་གྱིས་བྱུག་པ་རྩ་བའི་རྫས་གནོད་བྱེད་ཀྱི་ལིངྒ་གྲངས་ལྡན། དྲག་པོའི་རྫས་ཤ་སྣ་བག་ཕྱེ་དང་བསྲེས་པའི་རྫས་རིལ་བུ་མིང་རུས་ཅན། གནད་ཀྱི་རྫས་སྦལ་སྦྲུལ་ཉྭ་ཕྱིས་སོགས་ཀྱི་ཤ་དུག་སྣ་དང་བསྲེས་པ། གསོད་པའི་རྫས་ཟངས་ལྕགས་རྡོའི་ཕྱེ་མ། མྱོས་པའི་རྫས་དམར་ནག་དམེ་མནོལ་གྱི་ཁྲག་སྦྱར་བ། ཚ་བའི་རྫས་ཏིལ་དང་ཡུངས་དཀར་ལྕེ་ཚ་དབྱི་མོ་སྲུབ་ཀ་གསུམ། དེ་ལྟར་རྫས་བདུན་པོ་ལྕགས་སམ་ཐོད་པའི་སྣོད་དུ་གྲལ་རིམ་གྱིས་བཀོད། གཡོན་ངོས་སུ་ཆུ་གཉིས་ཉེར་སྤྱོད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་སྨན་རག་དང་བཅས་པ་བཤམས། མདུན་དུ་ལས་བུམ་རྡོ་དྲིལ་ཌཱ་མ་རུ། དགོང་བླུག་མེ་ཏོག་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་བར་བྱས་ལ། བདག་ཉིད་སྐྱབས་སེམས་ནས་བཟུང་ཚོགས་ལྷག་མའི་བར་བཏང་། རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་བསྐྱེད་ཅིང་། སྐབས་འདིར་ཀུན་སློང་ཞེ་སྡང་དྲག་པོའི་ཚུལ་དུ་དགྲ་བགེགས་བསྒྲལ་བའི་ཆས་སུ་ཞུགས་ནས། ཁ་ལྷོར་ཕྱོགས་པའི་གདན་ལ་འཁོད། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་སྟེ་མཆོད་བསྟོད་བཟླས་པ་སྔོན་དུ་འགྲོ་བའི་མཆོད་རྫས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཤ་ཁྲག་རུས་གསུམ་ཕུང་ཁམས་སྐྱེ་མཆེད། དེ་ལས་བྱུང་བའི་མཆོད་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱིས་བདུད་རྩིའི་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པའི་ནམ་མཁའ་གང་བར་བསམ་ལ། ༀ་བཛྲ་ཨརྒྷཾ་སོགས་ནས། ཤཔྡའི་བར་མཆོད་རྫས་དང་། ༀ་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ནྲྀ་ཏྲི་མ་ར་ཡ་ཛ་ཛ། ལན་གསུམ་གྱིས་བསྲེག་རྫས་རྣམས་བྱིན་གྱིས་བརླབ་བོ། །དེ་ནས་དེམ་མགར་སོགས་ཀྱིས་མེ་སྦར་ལ། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡི། །ཐུགས་ཀའི་འོད་ཀྱི་གོང་བུ་ནས། །ཡི་གེ་རཾ་གྱི་འཕྲོ་འདུ་ལས། །ཡེ་ཤེས་ལྔ་ཡི་མེ་འབར་བའི། །དུག་ལྔ་ཉོན་མོངས་གཏན་ནས་བསྲེགས། །ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ། །ༀ་ཨགྣེ་ཡེ་ཧ་བྱ་ཀ་བྱ་ཛཿགནོད་བྱེད་མ་ར་ཡ་ཛྭ་ལ་རཾ། ཞེས་རླུང་གཡབ་དང་བཅས་པས་མེ་སྤར། ༀ་ཨགྣེ་ཡེ་ཛྭ་ལ་རཾ། ཞེས་མར་ནག་བླུག་གཟར་བདུན་གྱིས་གསོ། མེ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་དྲག་པོའི་ཐབ་ཁུང་ནག་པོ་གྲུ་གསུམ་བང་རིམ་སུམ་ལྡན། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་ར་སྐྱེས་ཁམ་པའི་སྟེང་དུ་རང་ཉིད་ཀྱི་ཐུགས་ཀ་ནས་འཕྲོས་པའི་རཾ་ཡིག་ཡོངས་སུ་གྱུར་པ་ལས་དྲག་པོའི་མེ་ལྷ་མཐིང་ནག་ཁྲོ་གཏུམ་འཇིག་པའི་ཉམས་ཅན། ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་རྡོ་རྗེ་དང་བགྲང་ཕྲེང་། གཡོན་གཉིས་དབྱུག་པ་དང་གྷནྡྷེ་བསྣམས་པ། མེ་འབར་བའི་དབུས་ན་བཞུགས་པར་གྱུར། རང་གི་ཐུགས་ཀ་ནས་ཛཿཧཱུྃ་བཾ་ཧོ་བཞི་འཕྲོས་པས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་པར་གྱུར། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མེ་ལྷ་དྲང་སྲོང་ཆེ། །རང་གི་དམ་ཚིག་ཚུལ་བཞིན་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ༀ་ཨགྣེ་ཡེ་དེ་བ་རི་ཥི་ག་ན་ཛ་ཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབ་ཅིང་། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ༀ་ཨགྣེ་ཡེ་དེ་བ་རྀ་ཥི་ག་ན་སརྦ་ས་མ་ཡ་ཏིཥྛན་ཏུ། ཞེས་གདན་འབུལ། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཞི་རྒྱས་དབང་དྲག་སྣ་ཚོགས་པའི། །ཕྲིན་ལས་ཀུན་གྱི་དཔང་པོ་མཛོད། །ཏིང་ངེ་འཛིན་ལྷ་ལ་ཕྱག་འཚལ་ལོ། །ༀ་ཨགྣེ་ཨ་ལ་ལ་པྲ་ཏིཙྪ་ཧོ། ཕྱག་འཚལ་བའོ། །ཧཱུྃ། ཡེ་ཤེས་མེ་ཡི་དཀྱིལ་འཁོར་དུ། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །འདོད་ཡོན་བསྲེག་རྫས་མེ་མཆོད་འབུལ། །ཕྲིན་ལས་རྣམ་བཞི་སྒྲུབ་ཏུ་གསོལ། །ༀ་ཨགྣེ་ཡེ་དེ་བ་ས་པ་རི་ཝ་ར་ཨརྒྷཾ་སོགས་ནས། ཤཔྡའི་བར་དང་། པཉྩ་ཀརྨ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིངྟ་པུ་ཙ་ཁ་ཧིཿ ཞེས་མཆོད། ཧཱུྃ། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །ལོ་ཀའི་རྒྱལ་པོ་ཆེན་པོར་མངའ་གསོལ་ལོ། །ཤེས་རབ་མཆོག་གི་ཉོན་མོངས་ཐམས་ཅད་བསྲེག །འཇིག་རྟེན་མེ་ལྷ་མཆོག་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་བྱོན་ཟན་ནི། མེ་ལྷའི་ལྗགས་རྡོ་རྗེ་རྩེ་གཅིག་པར་རཾ་དང་དགངས་བླུག་གི་ཁར་ཧཱུྃ་མཐིང་ནག་འབར་བ་རེས་མཚན་པར་གྱུར། ༀ་ཨགྣེ་ཡེ་དེ་བྱ་དེ་བྱ་བྷི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་མ་ར་ཡ་རྦད། ཅེས་ལན་གསུམ་གྱིས་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པའི་བསྲེག་རྫས་ལྷ་ཡི་ཞལ་དུ་བསྟབ་པ་དང་མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས་བདག་གི་ཕྲིན་ལས་མ་ལུས་པར་མཛད་དུ་གསོལ། ཞེས་བརྗོད་ནས་ཡམ་ཤིང་ལ། ༀ་ཨགྣེ་ཡེ་ཛྭ་ལ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་མ་ར་ཡ་རྦད། ཅེས་པའི་བར་འབུལ། མར་ཁུ། ༀ་ཨགྣེ་ཡེ་བདག་ཅག་སོགས། སྔ་མ་ལྟར་རྫས་གཞན་རྣམས་ལ། ༀ་ཨགྣེ་ཡེ་ཀྲོ་ཏ་ཡེ་དགྲ་བགེགས་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊཿ ཅེས་རྩ་བའི་རྫས་ནས་ཚ་བའི་རྫས་ཀྱི་བར་ཉེར་གཅིག་སོགས་སྐབས་དང་སྦྱར་ཏེ་འབུལ། བསྟོད་པ་སྔར་ལྟར་བྱས་ལ་འདོད་དོན་གསོལ། ༈ དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། དམ་ཚིག་གི་མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཞིང་ཁམས་རྣམ་པར་དག་པ་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཅེས་སོགས་ནས། མ་ཡུམ་ཆེན་སྐུ་ལྔ་ལྷུན་གྲུབ་མ་ལ་ཕྱག་འཚལ་བསྟོད། ཞེས་པའི་བར་ལས་བྱང་བཞིན་བྱའོ། །དེ་ནས། ལྷ་ཚོགས་རྣམས་སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བྱིན་ཅན་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམ་པར་བསམ་ལ། བྱོན་ཟན་ནི། ཡེ་ཤེས་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་རཾ་དང་དགངས་བླུག་གི་ཁར་ཧཱུྃ་མཐིང་ནག་འབར་བ་རེས་མཚན་པར་གྱུར། ཞེས་པའི་བར་གཡོན་བསྐོར་བཞིན། ཁྱད་པར་འདི་ལྟར། ༀ་བཛྲ་ཌཱཀྐི་ནི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཧཱུྃ་ཕཊཿ ལན་བདུན་གྱིས་དགངས་གཟར་བཀང་ནས། ༀ་ཨགྣེ་ཡེ་དེ་བྱ་མ་ཧཱ་ཤྲི་ཧ་བྱ་ཀ་བྱ་བ་ཧ་ན་ཡེ་དགྲ་བགེགས་གནོད་བྱེད་མ་ར་ཡ་རྦད། ཅེས་པའི་བར་འཇིག་རྟེན་པའི་སྐབས་བཞིན་ནོ། །དེ་ནས་བསྒྲལ་མཆོད་ནི། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། ཞེས་པ་ནས་བཟུང་བསྟབ་པའི་བར་བཏང་། དེ་ནས། ཧཱུྃ། གདུབ་རྩུབ་དྲག་པོའི་ཧོམ་ཁུང་དུ། །ཁྲོས་མ་ནག་མོའི་ལྷ་ཚོགས་ལ། །སྡང་དགྲ་གནོད་བྱེད་བགེགས་ཚོགས་ཀྱི། །ཕྱི་ཡི་ཕུང་ཁམས་སྐྱེ་མཆེད་འབུལ། །ནང་གི་བླ་ཚེ་སྲོག་དབུག་འབུལ། །ཁ་རྗེ་དབང་ཐང་རླུང་རྟ་འབུལ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁ་ཧི། །གནོད་བྱེད་དམ་སྲི་ལས་ངན་འདི། །ཁྲོས་མ་ནག་མོའི་ཞལ་དུ་བསྟབས། །རིགས་བཞིའི་མཁའ་འགྲོའི་ཞལ་དུ་བསྟབས། །འཁོར་ཚོགས་ཌཱཀྐའི༴ བཀའ་སྲུང་དམ་ཅན༴ བཞེས་ཤིག་རོལ་ཅིག་ཁ་རཾ་ཁ་ཧི། །འཁོར་བཅས་དགྱེས་ཤིང་ཚིམ་གྱུར་ནས། །དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད། །ཛཿ སྲིད་པའི་བཙོན་ཁང་དྲག་པོའི་ཨེ། །བསྐལ་པའི་མེ་དཔུང་འབར་བའི་ཀློང་། །གདུག་པའི་ཡམ་ཤིང་མར་ནག་ཚིལ། །དམིགས་པའི་གཟུགས་རྟེན་དྲག་པོའི་རྫས། །གནད་འབེབས་མྱོས་བྱེད་གསོད་པའི་མཚོན། །ཚ་བའི་ནད་བསྐྱེད་རྫས་རྒོད་རྣམས། །བསྲེགས་པས་གནོད་བྱེད་དམ་སྲིའི་ཚོགས། །ལུས་ངག་རྡུལ་དུ་བསྲེག་ནས་ཀྱང་། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །ༀ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀྲོ་ཏི་ཀ་ལི་རྩ་སྔགས་མཐར། གནོད་བྱེད་དགྲ་བགེགས་འབྱུང་པོ་ཨགྣེ་ཡེ་ཛྭ་ལ་རཾ་ཁ་ཧི། ཅེས་མེ་སྲོག་འཛིན་པའི་རྫས་ནས་ཚ་བའི་རྫས་ཀྱི་བར་སྔགས་བསྟུན་བརྒྱ་རྩའམ་ཉེར་གཅིག་སོགས་སྐབས་དང་བསྟུན་ལ་འབུལ། དེ་ནས་མེའི་འཁྲུལ་འཁོར་བྱེད་ན་ཐོག་མར་ཁྲོས་མའི་འབུམ་བསྐུལ་བྱེད་པ་ནི། མ་ཤར་ན་བཞུགས་པའི་མཁའ་འགྲོ་མ། སོགས་ནས། ཕཊཿ དེ་ནས་མེ་མཆོད་དང་ཧམ་མཆོད་གང་རུང་བརྒྱབ། དེ་མཐར་བྱོན་ཟན་ཇི་ལྟ་བ་བཞིན་གཤེགས་སྐྱེམས་འབུལ། སླར་ཡང་ཕྱི་ནང་གི་ཉེར་སྤྱོད་སྨན་རག་གཏོར་མ་དང་བཅས་པས་མཆོད་ཅིང་། ༀ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། སོ་རྩི་དང་། ༀ་བཛྲ་ཝ་ཏྲ་ཡེ་སྭཱ་ཧཱ། གོས་ཟུང་ཕུལ་ནས། བསྟོད་པ་ལས་བྱང་བཞིན་བྱ། འདོད་དོན་གསོལ་བ་ནི། ཧོ། བདུད་འདུལ་ཁྲོས་མ་ནག་མོའི་ལྷ་ཚོགས་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ཕྲིན་ལས་སུ་བཅོལ་བའི་མདོ་ནི་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་ཀྱི་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛོད་ཅིག །ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པ་དང་། ཁྱད་པར་དགྲ་ཡི་ཞིང་དུ་གྱུར་པའི་དགྲ་བགེགས་གནོད་བྱེད་གདུག་པ་ཅན་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། རྗེ་བཙུན་མཁའ་འགྲོའི༴ སོགས་ཀྱིས་བཟོད་གསོལ་བྱ། ༀ། ཁྱེད་ཀྱི་སེམས་ཅན་སོགས་ནས། བཛྲ་མུཿ ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་བདག་ལ་བསྟིམ་ནས། སླར་ཡང་འཇིག་རྟེན་པའི་མེ་ལྷའི་བཏང་རག་བྱ་བ་ནི། ༀ་ཨགྣེ་ཡེ་དེ་བ་ས་པ་རི་ཝ་ར་ཨརྒྷཾ། ནས་ཤཔྡའི་བར་དང་བསྲེག་རྫས་བདུན་རེ་སྔར་བཞིན་གཤེགས་སྐྱེམས་བྱོན་ཟན་གོང་ལྟར་འབུལ་འདོད་དོན་གསོལ། ཏམྦུ་ལའི་སོ་རྩི་དང་། ཝ་སྟྲས་གོས་ཟུང་འབུལ། དམར་གཏོར་ལ། ༀ་ཨགྣེ་ཡེ་དེ་བ་ས་པ་རི་ཝ་ར་མ་ཧཱ་པ་ལིངྟ་ཁ་ཧི། ལན་གསུམ་གྱིས་འབུལ་ལ་འདོད་དོན་གསོལ་བ་ནི། མཆོད་སྦྱིན་གཏོར་མ་འདི་ཞེས་ལ། །སོགས་བྱའོ། །སླར་ཡང་མཆོད་ཅིང་བསྟོད་ལ་ནོངས་པ་བཤགས་པ་ནི། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱེད་ཀྱི་སྒྲུབ་ཀྱིས་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གིས་འདོད་པ་ཐམས་ཅད་བསྒྲུབ། །བཛྲ་མུཿ ཡེ་ཤེས་པ་རང་གནས་སུ་གཤེགས། །དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། །པར་བསམ་ལ། ཤིས་བརྗོད་དང་བསྔོ་སྨོན་བྱ། མེ་དུག་ཁྲག་གིས་གཞིལ་ལ་བྲོ་བརྡུང་བྱ་བ་ནི། ཧཱུྃ། བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་ཕ་བརྒྱུད་དཔའ་བོའི་བྲོ། །ཕ་རྒྱུད་དཔའ་བོའི་བྲོ་བརྡུང་བས། །ཕྱི་སྟོང་ཉིད་ངང་དུ་ཟིངས་སེ་ཟིང་། །བར་མཉམ་པ་ཉིད་དུ་ཕྲི་ལི་ལི། །ནང་ཡེ་ཤེས་ངང་དུ་ཡ་ལ་ལ། །གདོན་འདྲེ་གདོན་མགོ་ལ་ཆེམས་སེ་ཆེམ། །ཧཱུྃ། བྲོ་འདི་གང་དང་གང་གི༴ བྲོ་འདི་མ་རྒྱུད་དཔའ་མོའི་བྲོ། །མ་རྒྱུད་དཔའ་མོའི་སོགས། ཧཱུྃ། བྲོ་འདི་གང་དང་༴ བྲོ་འདི་རྡོ་རྗེ་མཁའ་འགྲོའི་བྲོ། །སོགས། ཧཱུྃ། བྲོ་འདི་གང་དང་༴ བྲོ་འདི་རིན་ཆེན༴ རིན་ཆེན་མཁའ་འགྲོའི༴ ཧཱུྃ། བྲོ་འདི་གང་དང་༴ བྲོ་འདི་པདྨ༴ པདྨ་མཁའ་འགྲོའི་སོགས། ཧཱུྃ། བྲོ་འདི་གང་༴ བྲོ་འདི་ལས་ཀྱི་མཁའ༴ ལས་ཀྱི་མཁའ་སོགས། ཧཱུྃ། བྲོ་འདི་གང་དང་༴ བྲོ་འདི་སངས་རྒྱས༴ སངས་རྒྱས་མཁའ་འགྲོའི་བྲོ་བརྡུང་པས། །སོགས་འདྲེས་སོ། །ༀ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། ཅེས་བརྗོད་ལ་བསྲེགས་ཐལ་མནན་པའམ། ལམ་རྒྱ་གྲམ་ལམ་ལྷ་འདྲེ་རྒྱུ་བའི་གནས་སུ་གཏོར་ལ། ལས་རྗེས་མི་མངོན་པར་བྱའོ། །ཟབ་དོན་གཅོད་ཀྱི་བསྲེགས་པའི་ལས་མཐའ་དུས་མཐའ་མེ་ཆེན་ཞེས་བྱ་བ་འདི་ནི་གཞུང་ཚིག་རྣམས་གཞིར་བཞག་སྟེ་ལག་ལེན་འཇུག་བདེའི་ཕྱིར་དུ་ཚུལ་ལྡན་གྱི་སྦྱིན་བསྲེག་གཞན་ནས་ཁ་བསྐང་སྟེ། དགེ་སློང་པདྨ་ཆོས་དབྱིངས་ཀྱི་འཕྲལ་དུ་བྲིས་པའོ། །མངྒ་ལཾ།། །།


previousཟབ་དོན་གཅོད་ཀྱི་བསྲེགས་པའི་ལས་མཐའ་དུས་མཐའི་མེ་ཆེན།next