Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
གཅོད་ཀྱི་འབུམ་བསྐུལ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ཀྱི་འབུམ་བསྐུལ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་མ།next

གཅོད་ཀྱི་འབུམ་བསྐུལ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་མ།

༅། །གཅོད་ཀྱི་འབུམ་བསྐུལ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་མ་བཞུགས་སོ། །མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་ཅིག་ཇོ་མོ་རྣལ་འབྱོར་མ། །ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །སྐལ་མེད་ཐར་པའི་ལམ་འདྲེན་མ། །ཛཿཧཱུྃ་བཾ་ཧོ་གནས་འདིར་བྱོན། །མཐོ་སྤྱི་གཙུག་རྒྱན་དེར་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབས་དུ་གསོལ། །མ་ཆོས་དབྱིངས་ནམ་མཁའ་ཡོངས་པའི་ཕོ་བྲང་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །ཤེས་རབ་ཉི་འོད་ཏ་ལེ་བ། །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབ་ཆུ་རྒྱུན་སི་ལི་ལི། །བྱིན་གྱིས་རློབས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །དབང་མཆོག་བསྐུར་ཞིག་མ་ཅིག་མ། །དངོས་གྲུབ་སྩོལ་ཞིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་ཁྱོད་ལ་ཕྱག་འཚལ་བསྟོད། །འོག་མིན་གནས་སུ་ལམ་སྣ་དྲོངས། །མཁའ་སྤྱོད་གནས་སུ་ལམ་སྣ་དྲོངས། །ཨུ་རྒྱན་གནས་སུ་ལམ་སྣ་དྲོངས། །མ་ཤར་ནས་གོམ་བདུན་བྱོན་པའི་ཚེ། །སྐུ་ལུས་ཆུང་ལ་སྐུ་མདོག་དཀར། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །ཛཿཧཱུྃ་བྃ་ཧོཿསོགས་གང་ལྟར་འདྲེས། མ་ལྷོ་ནས་གོམ་བདུན་བྱོན་པའི་ཚེ། །སྐུ་ལུ་ཆུང་ལ་སྐུ་མདོག་སེར། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །ཛཿཧཱུྃ་སོགས། མ་ནུབ་ནས་གོམ་བདུན་བྱོན་པའི་ཚེ། །སྐུ་ལུས་ཆུང་ལ་སྐུ་མདོག་དམར། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །ཛཿཧཱུྃ༴སོགས། མ་བྱང་ནས་གོམ་བདུན་བྱོན་པའི་ཚེ། །སྐུ་ལུས་ཆུང་ལ་སྐུ་མདོག་ལྗང་། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །ཛཿཧཱུྃ་སོགས། མ་དབུས་ནས་གོམ་བདུན་བྱོན་པའི་ཚེ། །སྐུ་ལུས་ཆུང་ལ་སྐུ་མདོག་སྔོ། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །ཛཿཧཱུྃ་བཾ་ཧོས་གནས་འདིར་བྱོན། །མཐོ་སྤྱི་གཙུག་རྒྱན་དེར་བཞུགས་སུ་གསོལ། །བཞུགས་ནས་སོགས་ནས། ཨུ་རྒྱན་གནས་སུ་ལམ་སྣ་དྲོངས། །འབུམ་བསྐུལ་བྱིན་རླབ་བདུད་རྩིའི་ཆུ་རྒྱུན་གླང་ལུང་པས་གསུངས་པ་རྫོགས་སོ།། །།


previousགཅོད་ཀྱི་འབུམ་བསྐུལ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་མ།next