Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
ལི་ཁྲི་འབུམ་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལི་ཁྲི་འབུམ་བསྐུལ།next

ལི་ཁྲི་འབུམ་བསྐུལ།

༅། །ལི་ཁྲི་འབུམ་བསྐུལ་གྱི་དབུའོ། །མ་ཅིག་ཇོ་མོ་ལབ་སྒྲོན་མ། །མ་དྲག་པོའི་ལས་ལ་བསྐུལ་པ་ནི། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དམར་མོ་ལི་ཁྲིའི་མདོག །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས། །སྤྱན་གསུམ་སྡང་མིག་བར་སྣང་ཁམས་སུ་བགྲད། །ཞབས་གཉིས་བརྐྱང་བསྐུམ་གར་ཐབས་སྣ་ཚོགས་མཛད། །དབུ་སྐྲ་དམར་སེར་ལྷ་ཡི་གནས་སུ་འབར། །རིན་པོ་ཆེ་དང་ཐོད་སྐམ་ལྔ་ཡི་བརྒྱན། །ཞལ་ནས་ཕཊ་སྒྲ་འབྲུག་སྒྲ་ཏི་རི་རི། །ཁྲོ་གཉེར་སྨིན་མ་གློག་ལྟར་ཁྱུགས་སེ་ཁྱུག །སྐུ་ལ་ཁྲག་གིས་ཆར་པ་སི་ལི་ལི། །སྙན་ནས་རྡོ་རྗེའི་ཐོ་བ་ཤ་ར་ར། །ཤང་ནས་ཡེ་ཤེས་རླུང་དམར་ཚུབས་སེ་ཚུབ། །ལྗགས་ལ་ཡེ་ཤེས་མེ་འབར་ཏ་ལ་ལ། །ཕྱག་གཡས་མི་ལྤགས་གཡང་གཞི་ལྷབས་སེ་ལྷབ། །ལན་གསུམ་བརྡབ་པས་སྲིད་གསུམ་ཟིལ་གྱིས་གནོན། །ཕྱག་གཡོན་པས་མི་རྐང་གླིང་བུ་འབུད། །ཐང་གསུམ་འབུད་པས་ཁམས་གསུམ་དབང་དུ་བསྡུས། །མ་སྐུ་སྟོད་ཞིང་ཆེན་ཨ་གྷ་ར། །རཀྟ་ཁྲག་གིས་ཐིག་པ་ཤ་ར་ར། །སྐུ་སྨད་སྟག་གིས་ཤམ་ཐབས་ཅན། །གནམ་ལྕགས་ཐོག་གིས་ཆར་པ་སི་ལི་ལི། །ཐོད་ཕྲེང་སྦྲུལ་ཆུན་དོ་ཤལ་ས་ལ་བཤལ། །ཞབས་གཉིས་རྡོ་རྗེ་དམྱལ་བ་གནོན། །མ་གར་ཐབ་ཀྱིས་གློག་དམར་བྲེངས་སེ་བྲེང་། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །བྷནྡྷའི་ཕྲེང་བ་ཁྲི་ལི་ལི། །ཐལ་ཆེན་ཐལ་བ་ཐུ་ལུ་ལུ། །ཞག་གིས་ཟོ་རིས་ཤིགས་སེ་ཤིག །རྡོ་རྗེ་གྲི་གུག་སོ་ཚིག་ཤ་ར་ར། །མི་ནག་ལག་སྦྲེལ་གྱིས་གུར་ཁང་ཤགས་སེ་ཤག །དྲག་པོ་དམིགས་ཐུན་ཤིགས་སེ་ཤིག །ཕཊ་ཀྱི་འབྲུག་སྒྲ་ཏི་རི་རི། །སྟེང་ན་ལྷ་ཚོགས་ཐིབས་སེ་ཐེབ། །བར་ན་མཁའ་འགྲོ་དཔུངས་སེ་དཔུང་། །འོག་ན་ཆོས་སྐྱོང་ཁྲིགས་སེ་ཁྲིག །ཁྱོད་རང་འདྲ་བ་མང་པོས་བསྐོར། །མ་ཁམས་གསུམ་དབང་དུ་བསྡུས་ཅིང་བྱོན། །སྲིད་གསུམ་ཟིལ་གྱིས་གནོན་ཅིང་བྱོན། །སྟོང་གསུམ་ཕཊ་སྒྲའི་ཁེང་ཞིང་བྱོན། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གདོན་མགོ་བསྐོར་བྱེད་པའི་ལྷ་འདྲེ་ཕོ་མོ་རྣམས། །ཞབས་ལྕགས་ཁང་ནག་པོ་ནང་དུ་ཆུག །མི་ལྤགས་གཡང་གཞིའི་ཁ་ཁོབ་ལ། །མི་མགོ་ཕྲེང་བའི་མཐའ་ནས་ནོན། །སྟེང་ནས་ཁྲོ་བོ་ཁྲོ་མོའི་ཟིལ་གྱིས་གནོན་པར་མཛོད། །ཕཊ། ལི་ཁྲི་འབུམ་བསྐུལ་རྫོགས་སོ།། །།


previousལི་ཁྲི་འབུམ་བསྐུལ།next