Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་རིན་པོ་ཆེའི་རྟགས་བསྟོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་རིན་པོ་ཆེའི་རྟགས་བསྟོད།next

རྗེ་རིན་པོ་ཆེའི་རྟགས་བསྟོད།

རྗེ་རིན་པོ་ཆེའི་རྟགས་བསྟོད་ཞེས་བྱ་བ་བཞུགས་སོ། །སྤྱི་བོར་ཕ་གཅིག་དམ་པར་གསལ་བའི་སྐུ་ལས། བྱིན་རླབས་མེ་ཡི་ཚྭ་ཚྭ་ཕྲོམ་ཕྲོམ་འཕྲོས་པས། གདོན་ལུས་དང་བཅས་པ་ཐལ་བ་བུན་གྱི་བསྲེག །བྱིན་རླབས་རྒྱུད་ལ་ཞུགས་སྐྱེ་བ་མེད་པའི་དོན་མངོན་སུམ་རྟོགས་པར་བསམ་ན། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །དགོས་བཀའ་དྲིན་ཅན་གྱི་བྱིན་གྱིས་རློབས། །རྗེ་མཚན་ལྡན་བླ་མས་ལམ་སྣ་དྲོངས། །གནས་ཡ་གི་ཡ་ཀིའི་དགོན་པ་ནས། །ཕྱི་སྐོར་ཅིག་བསྐོར་གཉིས་བསྐོར་དང་གསུམ། །ཕྱི་བསྐོར་བ་ལྕགས་རི་མུ་ཁྱུད་བསྐོར། །བར་བསྐོར་བ་ལྷོ་རྒྱལ་འཛམ་བུ་གླིང་། །ནང་བསྐོར་བ་དེང་རིའི་བླ་བསྐོར་ནས། །རི་མཁན་པ་ཁྲོད་ཀྱི་གནས་མཆོག་ཏུ། །ཌཱཀྐི་ཉི་ཟླའི་གདན་སྟེང་ནས། །གནས་དེ་རུ་སུ་བཞུགས་སུ་མ་བཞུགས། །གནས་དེ་རུ་དམ་པ་རྒྱ་གར་བཞུགས། །སྐུ་འཁྲུངས་ས་རྒྱ་གར་ཡུལ་དུ་འཁྲུངས། །གསུང་བསྒྲགས་པ་བོད་ཡུལ་དབུས་སུ་བསྒྲགས། །ཆགས་ཕེབས་པ་དེང་རིའི་དགོན་དུ་ཕེབས། །འགྲོན་པོ་ཕྱོགས་རིས་མི་མངའ་བ། །རྗེ་འགྲོ་བའི་མགོན་པོ་རྡོ་རྗེ་འཆང་། །མི་ཕམ་མགོན་པོ་བཅོམ་ལྡན་འདས། །སྨྲ་བའི་སེང་གེ་མཚུངས་པ་མེད། །དཔལ་ཆེན་བིར་བ་དྲོད་ཚད་མཁས། །ཨརྱ་དེ་ཝ་སྒྲ་ཚད་མཁས། །དམ་པ་མུ་སྟེག་རྒྱུད་སྡེ་མཁས། །འཇམ་བུ་གླིང་གི་རྒྱན་གཅིག་པོ། །བླ་མ་བརྒྱུད་པའི་བརྩེ་བ་ཅན། །མཉམ་བཞག་ཀུན་གྱི་སྙིང་པོ་མཛད། །སངས་རྒྱས་ཀུན་གྱི་སྲས་གཅིག་པོ། །མཁའ་འགྲོ་སྡེ་ལྔའི་བུ་གཅིག་པོ། །འགྲོ་བ་ཀུན་གྱི་སྐྱབས་གནས་མཆོག །ཕ་དེར་བཞུགས་པ་ལ་གསོལ་བ་འདེབས། །དེར་བཞུགས་དམ་པས་བྱིན་གྱིས་རློབས། །སྟེང་དེར་ལྷ་ཚོགས་དཔུངས་སེ་དཔུང་། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །གཡས་དེར་དཔའ་བོ་གར་དང་ཆས། །དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །གཡོན་དེར་དཔའ་མོ་མདངས་དང་ལྡན། །མཁའ་འགྲོའི་ཉམས་མྱོང་འུ་རུ་རུ། །སྐབས་དེར་ཌཱཀྐི་ཤིགས་སེ་ཤིག །དངོས་གྲུབ་རྣམ་གཉིས་སྤུངས་སེ་སྤུང་། །མདུན་དེར་དམ་ཅན་དཔུངས་སེ་དཔུང་། །འོ་དེར་གདོན་ཚོགས་མྱ་ལ་ལ། །རྗེ་རྒྱང་དེར་བཞུགས་ན་མོས་ཕྱག་འཚལ། །མདུན་དེར་བཞུགས་ན་གུས་ཕྱག་འཚལ། །སེམས་མོས་གུས་ཕྱག་ལ་ཉེ་རིང་མེད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་ཞུགས། །སྐུ་ཡི་བྱིན་རླབས་ལུས་ལ་འཇུག །ལུས་ལ་བདེ་དྲོད་འབར་བ་དང་། །ལུས་ཀྱི་སྡིག་སྒྲིབ་དག་ནས་ཀྱང་། །ལུས་སྤྲུལ་སྐུར་གྲོལ་བ་བྱིན་གྱིས་རློབས། །གསུང་གིས་བྱིན་རླབས་ངག་ལ་འཇུག །ངག་ལ་ནུས་པ་འབར་བ་དང་། །ངག་གི་སྡིག་སྒྲིབ་དག་ནས་ཀྱང་། །ངག་ལོངས་སྐུ་གྲོལ་བར་བྱིན་གྱིས་རློབས། །ཐུགས་ཀྱི་བྱིན་རླབས་ཡིད་ལ་འཇུག །ཡིད་ལ་ནུས་པ་འབར་བ་དང་། །ཡིད་ཀྱི་སྡིག་སྒྲིབ་དག་ནས་ཀྱང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་ངང་གི་ཞི་རུ་གསོལ། །རྐྱེན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་རྣམ་རྟོག་ཡལ་དུ་གསོལ། །ནད་རླུང་མཁྲིས་བད་ཀུན་འདུས་པ་བཞི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཡལ་དུ་གསོལ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་གསུམ་མངོན་དུ་དབྱུང་དུ་གསོལ། །གཞན་དོན་དཔག་མེད་འབྱུང་དུ་གསོལ། །རྗེ་དེར་བཞུགས་དམ་པ་ལ་གསོལ་བ་འདེབས། །དེར་བཞུགས་དམ་པས་བྱིན་གྱིས་རློབས། །ཕ་ནག་པོ་ཆེན་པོ་གཟི་མདངས་ཅན། །སྐུ་སྟོད་སེང་གེ་འགྱིང་བ་འདྲ། །དེ་བདུད་བཞི་ཟིལ་གྱིས་གནོན་པའི་རྟགས། །སྐེད་པ་རྡོ་རྗེ་འགྲིལ་བ་འདྲ། །དེ་འཁྲུལ་གཞི་རྩད་ནས་གཅོད་པའི་བརྡའ། །ཞབས་གཉིས་སྦ་བྲན་བཤིབ་པ་འདྲ། །དེ་བྱང་ཆུབ་ལམ་ལ་བཞུགས་པའི་བརྡའ། །སྐུ་དམོག་ནག་ལ་སྨུག་པ་ནི། །དེ་ཆོས་དབྱིངས་ངང་ལ་ཞུགས་པའི་བརྡ། །དབུ་སྐྲ་ཁམས་ནག་གྱེན་དུ་འཁྱིལ། །དེ་མཐོ་རིས་ཐར་ལམ་བསྒྲོད་པའི་བརྡ། །སྤྱན་རྩ་དམར་ལ་འཁྲུག་པ་ནི། །སྟོང་གསུམ་ཀུན་ཏུ་གཟིགས་པ་པའི་བརྡ། །ཤང་རྒྱུད་རིང་ལ་ཤང་རྩེ་རྣོ། །དེ་ཐེག་ཆེན་གྱིས་རྒྱུད་དོན་རྟོགས་པའི་བརྡ། །ཚེམས་མདོག་དཀར་ལ་ཚེམ་རྩེ་རྣོ། །དེ་སྐྱེ་ཤི་རྩད་ནས་གཅོད་པའི་བརྡ། །ཕྱག་སོར་རིང་ལ་ཕྱག་སེན་རྣོ། །དེ་སེར་སྣའི་མདུད་པ་གྲོལ་བའི་བརྡ། །ཞབས་གཉིས་སེང་འབྲུག་བཀྲམ་པ་འདྲ། །སྐལ་ལྡན་ཐུགས་རྗེ་འདྲེན་པའི་བརྡ། །རྗེ་དེར་བཞུགས་དམ་པ་ལ་གསོལ་བ་འདེབས། །དེར་བཞུགས་དམ་པས་བྱིན་གྱིས་རློབས། །རྗེ་རེས་འགའ་ཉིན་མཚན་བར་མེད་གཟིམས། །ཉིན་མཚན་འཁོར་བར་གཟིམ་ཙ་ན། །ཆོས་སྐུ་གཉུག་མ་རྒྱུན་ཆད་མེད་པའི་བརྡ། །རྗེ་རེས་འགའ་རྟེན་འབྲེལ་སྣ་ཚོགས་མཛད། །རྟེན་འབྲེལ་སྣ་ཚོགས་མཛད་ཙ་ན། །བཀའ་འཁོར་གྱི་བར་ཆད་སེལ་བའི་བརྡ། །རྗེ་རེ་རེས་སྨྱོན་པའི་བརྟུལ་ཞུགས་མཛད། །སྨྱོན་པའི་བརྟུལ་ཞུགས་མཛད་ཙ་ན། །རྐྱེན་ཕོ་གདོན་མོ་གདོན་འདུལ་བའི་བརྡ། །རྗེ་རེ་རེ་རྒྱ་གྲམ་སྲོང་དུ་གཟིམ། །རྒྱ་གྲམ་སྲོང་དུ་གཟིམ་ཙ་ན། །དེ་ཐེག་དམན་ཟིལ་གྱིས་གནོན་པའི་བརྡ། །རྗེ་རེ་འགའ་རས་གོས་རྐྱང་ཅིག་མནབ། །རས་གོས་རྐྱང་གཅིག་མནབ་ཙམ་ན། །བདེ་དྲོད་ལུས་ལ་འབར་བའི་བརྡ། །རྗེ་དེར་བཞུགས་དམ་པ་ལ༴ དེར་བཞུགས་དམ་པས་བྱིན༴ བདག་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །ལུས་ལ་བདེ་དྲོད་འབར་དུ་གསོལ། །ངག་ལ་ནུས་པ་སྦར་དུ་གསོལ། །སེམས་ལ་རྟོགས་པ་འཆར་དུ་གསོལ། །རྗེ་དྲུང་ན་བཞུགས་ན་དྲུང་ཕྱག་འཚལ། །རྒྱང་ན་བཞུགས་ན་རྒྱང་ཕྱག་འཚལ། །མོས་གུས་ཕྱག་ལ་ཉེ་རིང་མེད། །མཁའ་སྤྱོད་གནས་སུ་ལམ་སྣ་དྲོངས། །རྐྱེན་ཕྱི་ཡི་བར་ཆད་ཕྱི་ནས་སེལ། །ནང་གི་བར་ཆད་ནང་ནས་སེལ། །རྐྱེན་ངན་པ་གྲོགས་སུ་འཆར་གྱུར་ཅིག །འགལ་རྐྱེན་མཐུན་རྐྱེན་དག་པ་བསྒྱུར་དུ་གསོལ། ཕཊཿ ཕ་དམ་པ་རིན་པོ་ཆེའི་རྟགས་བསྟོད་སྨ་ར་སེར་པོས་བསྐུལ་ནས་མ་ཇོ་མོས་མཛད་པ་རྫོགས་སོ།། །། ༈ མ་བརྒྱུད་གསོལ་འདེབས་བཞུགས་སོ། །སྤྱི་བོར་མ་ཅིག་ལབ་སྒྲོན་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་བྱུང་། རང་གི་གནས་གསུམ་དུ་ཐིམ། སྒྲིབ་གསུམ་བག་ཆགས་རྣམས་ཉི་མས་བ་མོ་ཞུ་བ་ལྟར་དག་བྱིན་རླབས་སེམས་ལ་ཞུགས་ནས་འཁྲུལ་མེད་ཀྱི་རྟོགས་པ་སེམས་ལ་འཆར་བར་བསམ། མ་དམན་པའི་ལུས་ལ་རྒྱལ་བའི་མ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །རང་རིག་ནང་ནས་ཤར་བའི་མ། །ལུས་སྲོག་གཟན་དུ་བོར་བའི་མ། །ལུས་ལ་བདེ་དྲོད་འབར་བའི་མ། །ངག་ལ་ནུས་པ་ཐོན་པའི་མ། །སེམས་ལ་རྟོགས་པ་ཤར་བའི་མ། །བུ་སྒོ་གསུམ་གུས་པས་གསོལ་བ་འདེབས། །མ་ཐུགས་རྗེས་དགོངས་ལ་བྱིན་གྱིས་རླབས། །མ་ལབ་ནི་ས་ལམ་གཅིག་ཆོད་ལབ། །སྒྲོན་ནི་མ་རིག་མུན་པ་སེལ། །མ་ནི་འགྲོ་བ་ཀུན་གྱིས་མ། །མཚན་དོན་དང་ལྡན་མ་ཅིག་མ། །བུ་སྒོ་གསུམ་གུས་པས་གསོལ་བ་འདེབས། །མ་ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །མ་རྟག་ཆད་གཉིས་ལ་མི་འཇིག་པ། །བཀའ་རྫོགས་པ་ཆེན་པོའི་སྒོ་རུ་ཞུགས། །ཐེག་ཆེན་གྱི་ལམ་རྟོགས་ཟིལ་གྱིས་གནོན། །ཆོས་ལྟ་བ་དབྱིངས་སུ་གྲོལ་བའི་མ། །བུ་སྒོ་གསུམ་གུས་པས་གསོལ༴ མ་ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །མ་བྱིང་རྒོད་རྐྱེན་གྱིས་མི་འཇིག་པ། །ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྒོ་རུ་ཞུགས། །ཉོན་མོངས་རྣམ་རྟོག་ཟིལ་གྱིས་གནོན། །ཆོས་སྒོམ་པ་ཀློང་དུ་གྱུར་པའི་མ། །བུ་སྒོ་གསུམ༴ མ་ཐུགས་རྗེས༴ མ་བར་ཆད་རྐྱེན་གྱིས་མི་འཇིགས་པ། །བདུད་ཀྱི་གཅོད་ཡུལ་སྒོ་རུ་ཞུགས། །ལོག་འདྲེན་གྱི་གདོན་བགེགས་ཟིལ་གྱིས་གནོན། །ཆོས་སྤྱོད་པ་ལམ་དུ་སློང་བའི་མ། །བུ་སྒོ་གསུམ༴ མ་ཐུགས༴ མ་བདག་འཛིན་གྱིས་འཁྲུལ་པས་མི་འཇིགས་པ། །ཆོས་དུ་མ་རོ་གཅིག་སྒོ་རུ་ཞུགས། །རེ་དོག་གི་འཇིགས་པ་ཟིལ་གྱིས་གནོན། །ཆོས་འབྲས་བུ་ལྷུན་གྱིས་གྲུབ་པའི་མ། །བུ་སྒོ་གསུམ༴ མ་ཐུགས་རྗེས༴ མ་འཁོར་བ་ངན་སོང་ལ་མི་འཇིགས་པ། །ཆོས་དགེ་བ་བཅུ་ཡི་སྒོ་རུ་ཞུགས། །མི་དགེ་བཅུ་པོ་ཟིལ་གྱིས་ནོན། །ལས་དགེ་སྡིག་རང་སར་གྲོལ་བའི་མ། །བུ་སྒོ་གསུམ༴ མ་ཐུགས་རྗེས༴ མ་བག་ཆགས་ལས་ཀྱི་མི་འཇིགས་པ། །ཆོས་བསྡུ་དངོས་བཞི་ཡི་སྒོ་རུ་ཞུགས། །སྐལ་ལྡན་གྱིས་སེམས་ཅན་ཟིལ་གྱིས་གནོན། །གདུལ་བྱ་སྨིན་གྲོལ་མཛད་པའི་མ། །བུ་སྒོ་གསུམ༴ མ་ཐུགས༴ གདོན་ཡམ་བདག་ཕོ་མོའི་བར་ཆད་སེལ། །བགེགས་ལོག་འདྲེན་འབྱུང་པོ་རྡུལ་དུ་བཟློག །ནད་འདུ་བ་རྣམ་བཞི་གཞོམ་དུ་གསོལ། །བདག་མོས་པའི་བུ་ལ་བྱིན་ལ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །རྟོགས་པ་གཤའ་མ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཕཊཿ མ་ཅིག་གསོལ་འདེབས་ཐོད་སྨྱོན་བསམ་འགྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཌཱཀྐི་འབུམ་བསྐུལ་འདིར། ༈ ཧཱུྃ། མ་ཡུམ་ཆེན་དེ་ཡི་ཐུགས་ཀྱི་སྲས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པས་གཟི་བརྗིད་ཆེ། །གསུང་གི་བྱིན་རླབས་ངག་ལ་ཞུགས་པས་ནུས་པ་ཆེ། །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པས་རྟོགས་པ་ཆེ། །ཡོན་ཏན་བྱིན་རླབས་ཞུགས་པས་ཐུགས་རྗེ་ཆེ། །ཕྲིན་ལས་བྱིན་རླབས་ཞུགས་པས་འགྲོ་དོན་ཆེ། །རྗེ་མཁྱེན་པ་ཀུན་ལྡན་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །རྗེ་ཐོག་བཅས་བདུད་ཀྱི་དོན་རྟོགས་པས། །དངོས་སྣང་སྒྱུ་མ་ལྟ་བུར་མཁྱེན། །ཐོག་མེད་བདུད་ཀྱི་དོན་རྟོགས་པས། །ཉོན་མོངས་རང་སར་གྲོལ་བ་མཁྱེན། །དགའ་བྲོད་བདུད་ཀྱིས་དོན་རྟོགས་པས། །ཡོན་ཏན་སེམས་སུ་མཉམ་པར་མཁྱེན། །སྙེམ་བྱེད་བདུད་ཀྱི་དོན་རྟོགས་པས། །འཁོར་བ་དབྱིངས་སུ་གྲོལ་བར་མཁྱེན། །རྗེ་ཐམས་ཅད་མཁྱེན་པ་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །ཡུམ་ཆེན་སྲས་སུ་གྱུར་པའི་རིགས་བརྒྱུད་ཅན། །ལྟ་སྒོམ་དམིགས་པ་བྲལ་བའི་རྟོགས་པ་ཅན། །སྒྲོ་འདོགས་སེམས་སུ་ཆོད་པའི་མཁྱེན་པ་ཅན། །རྒྱ་བོད་ཧོར་གསུམ་ཐོས་པའི་གྲགས་པ་ཅན། །རྗེ་ཡོན་ཏན་ཀུན་ལྡན་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །ཕཊཿ ཅེས་སྲས་བརྒྱུད་རྣམས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བྱུང་། བདག་གི་ཁར་ཞུགས་པས་འགགས་མེད་གསུང་གི་བྱིན་རླབས་ངག་ལ་ཞུགས་པར་བསམ། སྲས་བསྟོད་གཉེན་ཆུང་ལོ་ཙ་བས་མཛད་པའོ།། །།


previousརྗེ་རིན་པོ་ཆེའི་རྟགས་བསྟོད།next