Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཟབ་དོན་གྱིས་ལྷན་ཐབས་བསྒྲུབ་ཐབ་དངོས་གྲུབ་སྒོ་འབྱེད་ཀྱིས་མཆོད་འབུལ།
   
   
   
   
   
   
   
   
   
   
   
   


 
previousགཅོད་ཟབ་དོན་གྱིས་ལྷན་ཐབས་བསྒྲུབ་ཐབ་དངོས་གྲུབ་སྒོ་འབྱེད་ཀྱིས་མཆོད་འབུལ།next

གཅོད་ཟབ་དོན་གྱིས་ལྷན་ཐབས་བསྒྲུབ་ཐབ་དངོས་གྲུབ་སྒོ་འབྱེད་ཀྱིས་མཆོད་འབུལ།

གཅོད་ཟབ་དོན་གྱིས་ལྷན་ཐབས་བསྒྲུབ་ཐབ་དངོས་གྲུབ་སྒོ་འབྱེད་ཀྱིས་མཆོད་འབུལ་བཞུགས་སོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །མཁའ་འགྲོའི་མཆོད་འབུམ་ཐུགས་དམ་བསྐང་བྱེད་ནི། །སྦྱོར་བ་དངོས་གཞི་རྗེས་གསུམ་བསྟན་པར་བྱ། །སྦྱོར་བ་སྔོན་དུ་འགྲོ་བའི་ཆོས་གསུམ་ནི། །སྐྱབས་འགྲོ་སེམས་བསྐྱེད་བསྲུང་འཁོར་བསྒོམ་པའོ། །སྐྱོབས་འགྲོ་དཀོན་གསུམ་མདུན་དུ་བསམ་བྱས་ལ། །སྒོ་གསུམ་བག་ལྡན་གུས་གདུང་དད་པ་ཡིས། །སྐུ་གསུམ་མངོན་གྱུར་ཕྱོགས་བཅུ་དུས་གསུམ་གྱིས། །སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞི་བ་འདོད་ཆགས་ཀུན་དང་བྲལ་བ་ཡིས། །དམ་ཆོས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །མ་ནོར་ལམ་མཆོག་ཕྱིར་མི་ལྡོག་པ་ཡིས། །དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །སྨིན་ཅིང་གྲོལ་མཛད་རྩ་བ་བརྒྱུད་པ་ཡིས། །བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །མཆོག་ཐུན་དངོས་གྲུབ་མ་ལུས་སྟེར་མཛད་པའི། །ཡི་དམ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ལེགས་པར་བྱིན་རླབས་ཕྱི་ནང་བར་ཆད་སེལ། །མཁའ་འགྲོ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །སངས་རྒྱས་བསྟན་པ་སྲུང་ཞིང་དགྲ་བོ་སྒྲོལ། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཉིས་པ་འགྲོ་བའི་དོན་དུ་སེམས་བསྐྱེད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་དགོངས་སུ་གསོལ། །བདག་ནི་རྒྱལ་སྲས་རྣམས་ཀྱི་རྗེས་སློབ་ཅིང་། །སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་བར། །མཁའ་མཉམ་འགྲོ་བ་ཀུན་གྱིས་དོན་བྱེད་ཤོག །ཀུན་གྱི་སྐྱབས་མགོན་དཔལ་དུ་བདག་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་ཀུན་བསྒྲལ་ཏེ། །བདེ་བ་བླ་མེད་བྱང་ཆུབ་མཆོག་ལ་འགོད། །དེ་དག་ཐམས་ཅད་བྱང་ཆུབ་གྱུར་པ་ལ། །མྱ་ངན་མི་མདའ་ཆོས་འཁོར་བསྐོར་བ་དང་། །དམ་ཆོས་བཟུང་ཞིང་བརྟན་པ་བརྟན་པར་གྱིས། །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག་བསྒྲུབ་ཅིང་། །དེ་སྙེད་ཡོན་ཏན་མ་ལུས་རྫོགས་པར་བྱའོ། །ༀ་ཨཱཿཧཱུྃ། གསུམ་པ་བསྲུང་བའི་འཁོར་ལོ་བསྒོམ་པར་བྱ་བ་སྟེ། ཧཱུྃ། ལས་མཁའ་དབྱིངས་དག་པའི་ཀློང་དཀྱིལ་ནས། །རིན་ཆེན་སྣ་ཚོགས་རྡོ་རྗེ་དབུས་མཐིང་ནག །ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་ཁུ། །རྒྱ་གྲམ་མཐའ་ཡས་རྡོ་རྗེའི་ས་གཞིར་གྱུར། །སྣ་ཚོགས་རྡོ་རྗེའི་ལྟེ་བར་པད་ཉིའི་སྟེང་། །ཧཱུྃ། བསམ་འོད་འཕྲོས་རྡོ་རྗེའི་རྭ་བ་དང་། །རི་བོ་ལྟ་བུར་བརྟན་ཅིང་ཡངས་པ་ཡིས། །རྡོ་རྗེ་ཡང་པའི་གུར་ཁང་ཆེན་པོར་གྱུར། །རྃཿ ཞེས་བརྗོད་པས་ཕྱི་རོལ་རྣམས། །འུར་འུར་ཚིག་ཚིག་ཡེ་ཤེས་མེ་ཆེན་འབར། །ཁ་དོག་སྣ་ཚོགས་བདུད་དཔུང་ངེས་པར་བསྲེག །ས་གཞི་མེ་དཔུང་འབར་བའི་གུར་ཁང་གྱུར། །དེ་དབུས་པད་ཉིའི་སྟེང་དུ་ཧཱུྃ་ལས་ནི། །རིན་ཆེན་ས་གཞི་ལས་གྲུབ་སྲ་བརྟན་ཞིང་། །ཡངས་ཞིང་རྒྱ་ཆེ་འཁོར་ལོ་རྩིབ་སྟོང་བར། །དགྲ་བགེགས་ཕྱེ་མར་བརླག་ཞིང་འཁོར་བའི་ཚུལ། །རྩིབ་སྟོང་ནང་དུ་ཧཱུྃ་སྟོང་འཕྲོས་པ་ལས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །མཁའ་འགྲོ་གྱུར་པས་ཕྱོགས་བཅུར་མ་ལུས་ཁྱབ། །འཇིགས་གཟུགས་ཅན་གྱིས་སྐུ་མདོག་སྣ་ཚོགས་པ། །ཞལ་གདངས་མཚེ་གཅིག་སྤྱན་གསུམ་གློག་ལྟར་འཁྱུག །དུར་ཁྲོད་ཆས་བརྒྱད་སྐུ་ལ་མེ་དཔུང་འབར། །ཕྱག་མཚན་སྣ་ཚོགས་རབ་ཏུ་གདེང་པ་ཡིས། །དགྲ་བགེགས་འབྱུང་པོ་གནོད་བྱེད་མ་ལུས་པ། །རྒྱལ་འབོག་སྔང་ཞིང་རབ་ཏུ་ཞི་བར་བྱེད། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་སྭཱ་ཧཱ། དངོས་གཞི་རྒྱལ་བ་མཉེས་བྱེད་ཡན་ལག་བདུན། །དམ་ཚིག་བསྐྱེད་དང་ཡེ་ཤེས་སྤྱན་དྲངས་བཞུགས། །ཕྱི་ནང་གསང་མཆོད་བསྟོད་པ་བྱ་བ་དང་། ཚོགས་གཏོར་འབུལ་དང་བསྐྱེད་རྫོགས་ངང་ལ་གནས། དང་པོ་སེམས་བསྐྱེད་རྒྱལ་བ་མཉེས་བྱེད་ནི། ཕྱི་སྣོད་འཇིག་རྟེན་ཁམས་ནི་གཞལ་ཡས་ཁང་། །ནང་བཅུད་སེམས་ཅན་ལྷ་དང་ལྷ་མོར་གསལ། །རང་ལུས་ལྷ་བསྐྱེད་རྒྱལ་བའི་ད་ལ་རུ། །ཡེ་ནས་ལྷུན་གྲུབ་གཞལ་ཡང་ཁང་གི་དབུས། །དབུས་དང་ཕྱོགས་བཞིར་ཟླ་པད་རོའི་སྟེང་། །ངོ་བོ་བླ་མ་མ་ཅིག་ལབ་སྒྲོན་ནི། །རྣམ་པ་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་། །ཞལ་ཅིག་ཞི་ཁྲོ་སྤྱན་གསུམ་དབུ་སྐྲ་གྲོལ། །ཕྱག་གཡས་ཅང་ཏེའུ་གཡོན་པས་ཐོད་ཁྲག་བསྣམས། །ཁ་ཊྭཱྃ་རྩེ་གསུམ་མཆན་ཁུང་གཡོན་ན་འགྱིང་། །རིན་ཆེན་རུས་པ་དུར་ཁྲོད་ཆས་ཀྱི་བརྒྱན། །གར་དགུའི་ཉམས་ལྡན་ཞབས་གཉིས་བརྐྱང་བསྐུམ་བཞུགས། །ཤར་དུ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་ཁྲག་བསྣམས། །ཞལ་གཅིག་ཞི་ཁྲོ་སྤྱན་གསུམ་དབུ་སྐྲ་གྲོལ། །ཁ་ཊྭཱྃ་རྩེ་གསུམ་མཆན་ཁུང་གཡོན་ན་འགྱིང་། །རིན་ཆེན་རུས་པ་དུར་ཁྲོད་ཆས་ཀྱི་བརྒྱན། །གར་དགུའི་ཉམས་ལྡན་ཞབས་གཉིས་བརྐྱང་བསྐུམ་བཞུགས། །ལྷོ་རུ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར། །ཕྱག་གཡས་རིན་ཆེན་གཡོན་པ་ཐོད་ཁྲག་བསྣམས། །ཞལ་གཅིག་ཞི་ཁྲོ་སྤྱན་གསུམ་དབུ་སྐྲ་གྲོལ། །ཁ་ཊྭཱྃ་རྩེ་གསུམ་མཆན་ཁུང་གཡོན་ན་འགྱིང་། །རིན་ཆེན་རུས་པ་དུར་ཁྲོད་ཆས་ཀྱིས་བརྒྱན། །གར་དགུའི་ཉམས་ལྡན་ཞབས་གཉིས་བརྐྱང་བརྐུམ་བཞུགས། །ནུབ་ཏུ་པདྨ་མཁའ་འགྲོ་སྐུ་མདོག་དམར། །ཕྱག་གཡས་པདྨ་གཡོན་པས་ཐོད་ཁྲག་བསྣམས། །ཞལ་གཅིག་ཞི་ཁྲོ་སྤྱན་གསུམ་དབུ་སྐྲ་གྲོལ། །ཁ་ཊྭཱྃ་རྩེ་གསུམ་མཆན་ཁུང་གཡོན་ན་འགྱིང་། །རིན་ཆེན་རུས་པ་དུར་ཁྲོད་ཆས་ཀྱིས་བརྒྱན། །གར་དགུའི་ཉམས་ལྡན་ཞབས་གཉིས་བརྐྱང་བསྐུམ་བཞུགས། །བྱང་དུ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་། །ཕྱག་གཉིས་རལ་གྲི་གཡོན་པས་ཐོད་ཁྲག་བསྣམས། །ཞལ་གཅིག་ཞི་ཁྲོ་སྤྱན་གསུམ་དབུ་སྐྲ་གྲོལ། །ཁ་ཊྭཱྃ་རྩེ་གསུམ་མཆན་ཁུང་གཡོན་ན་འགྱིང་། །རིན་ཆེན་རུས་པ་དུར་ཁྲོད་ཆས་ཀྱིས་བརྒྱན། །གར་དགུའི་ཉམས་ལྡན་ཞབས་གཉིས་བརྐྱང་བསྐུམ་བཞུགས། །རང་རང་འཁོར་གྱིས་ས་གཞི་གང་བར་བསམ། །ༀ་ཨཱཿཧཱུྃ། གཉིས་པ་སྤྱན་འདྲེན་རྒྱལ་མཉེས་བྱེད་ནི། ཆོས་དབྱིངས་རྣམ་དག་ཕོ་བྲང་ནས། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །བདག་ཉིད་ཆེན་མོ་མ་ཅིག་ལབ་སྒྲོན་ནི། །ཕག་མོར་སྐུ་བཞེངས་རིགས་བཞིར་མཁའ་འགྲོས་བསྐོར། །དཔའ་བོས་བྲོ་བརྡུང་ཕཊ་སྐད་སངས་སེ་སང་། །དཔའ་མོས་གར་བྱེད་ཧཱུྃ་གླུ་ཀྱུ་རུ་རུ། །རིན་ཆེན་རུས་བརྒྱན་སྒྲ་སྙན་ཁྲོ་ལོ་ལོ། །གནས་མཆོག་འདི་རུས་སྤྱན་འདྲེན་གཤེགས་སུ་གསོལ། །བསྒྲུབ་མཆོག་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མི་མཐུན་རྐྱེན་དང་བར་ཆད་བཟློག་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མེ་ལོང་ཡེ་ཤེས་དག་པའི་ད་ལ་ནས། །ཞི་བའི་ལས་མཛད་རྡོ་རྗེ་མཁའ་འགྲོ་ནི། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡོངས་ཀྱིས་བསྐོར། །དཔའ་བོས་བྲོོ་བརྡུང་ཕཊ་སྐད་སངས་སེ་སང་། །དཔའ་མོས་གར་བྱེད་ཧཱུྃ་གླུ་ཀྱུ་རུ་རུ། །རིན་ཆེན་བརྒྱན་ཆ་སྒྲ་སྐད་ཁྲོ་ལོ་ལོ། །གནས་མཆོག་འདི་རུ་སྤྱན་འདྲེན་གཤེགས་སུ་གསོལ། །བསྒྲུབ་མཆོག་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མི་མཐུན་རྐྱེན་དང་བར་ཆད་བཟློག་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མཉམ་ཉིད་ཡེ་ཤེས་དག་པའི་ད་ལ་ནས། །རྒྱས་པའི་ལས་མཛད་རིན་ཆེན་མཁའ་འགྲོ་ནི། །རིན་ཆེན་རིགས་ཀྱི་ལྷ་ཚོགས་ཡོངས་ཀྱི་བསྐོར། །དཔའ་བོས་བྲོ་བརྡུང་ཕཊ་སྐད་སངས་སེ་སང་། །དཔའ་མོས་གར་བྱེད་ཧཱུྃ་གླུ་ཀྱུ་རུ་རུ། །རིན་ཆེན་རུས་རྒྱན་སྒྲ་སྙན་ཁྲོ་ལོ་ལོ། །གནས་མཆོག་འདི་རུ་སྤྱན་འདྲེན༴ བསྒྲུབ་མཆོག་བདག་ལ༴ མི་མཐུན་རྐྱེན་དང་བར་ཆད༴ མཆོག་དང་ཐུན་མོང་༴ སོར་རྟོག་ཡེ་ཤེས་དག་པའི་ད་ལ་རུ། །དབང་གི་ལས་མཛད་པདྨ་མཁའ་འགྲོ་ནི། །པདྨ་རིགས་ཀྱི་ལྷ་ཚོགས༴ དཔའ་བོའི་བྲོ་བརྡུང་ཕཊ་སྐད༴ དཔའ་མོས་གར་བྱེད་ཧཱུྃ༴ རིན་ཆེན་རུས་བརྒྱན་སྒྲ༴ གནས་མཆོག་འདི༴ བསྒྲུབ་མཆོག་བདག༴ མི་མཐུན་རྐྱེན་དང་བར་ཆད༴ མཆོག་དང་ཐུན་མོང་༴ བྱ་གྲུབ་ཡེ་ཤེས་དག་པའི་ད་ལ་ནས། །དྲག་པོའི་ལས་མཛད༴ ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཡོངས༴ དཔའ་བོ་བྲོ་བརྡུང་ཕཊ་སྐད༴ དཔའ་མོའི་གར་བྱེད་ཧཱུྃ༴ རིན་ཆེན་རུས་བརྒྱན་སྒྲ༴ གནས་མཆོག་འདི་རུ༴ བསྒྲུབ་མཆོག་བདག་ལ༴ མི་མཐུན་རྐྱེན་དང་བར་ཆ ད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྐུལ། །ༀ་བཛྲ་ས་མ་ཡ་ཛ་ཛཿ གསུམ་པ་བཞུགས་གསོལ་རྒྱལ་བ་མཉེས་བྱེད་ནི། གཟུགས་ཚོར་ལ་སོགས་ཕུང་པོ་རྣམ་ལྔ་ནི། །ཡེ་ནས་ལྷུན་གྲུབ་རྒྱལ་བའི་ད་ལ་རུ། །ཉོན་མོངས་སྐྱོན་བྲལ་ཉི་ཟླའི་ད་རོའི་སྟེང་། །སྐུ་ལྔ་རབ་རྫོགས་བླ་མ་ལབ་སྒྲོན་བཞུགས། །ཡེ་ཤེས་ལྔ་ལྡན་ཡི་དམ་ལབ་སྒྲོན་བཞུགས། །ཕྲིན་ལས་བཞི་མཛད་མཁའ་འགྲོ་ལབ་སྒྲོན་བཞུགས། །རང་བྱུང་སྤྲུལ་སྐུ་གར་དགུའི་ཉམས་དང་ལྡན། །བདག་སོགས་ལུས་ངག་ཡིད་གསུམ་བྱིན་རློབས་ཅིང་། །འགྲོ་བའི་དོན་དུ་གཉིས་མེད་བརྟན་པར་བཞུགས། །ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད། །རྣམ་ཤེས་ཕུང་པོ་དག་པའི་ད་ལ་རུ། །ཉོན་མོངས་སྐྱོན་བྲལ་ཉི་ཟླ་པད་རོའི་སྟེང་། །གར་དགུའི་ཉམས་ལྡན་མེ་ལོང་ཡེ་ཤེས་ཅན། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་མ་ལུས་པ། །འགྲོ་བའི་དོན་ཕྱིར་གཉིས་མེད་བརྟན་པར་བཞུགས། །མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བར་མཛོད། །ཚོར་བའི་ཕུང་པོ་དག་པའི་ད་ལ་རུ། །ཉོན་མོངས་སྐྱོན་བྲལ་ཉི་ཟླ་པད་རོའི་སྟེང་། །གར་དགུའི་ཉམས་ལྡན་མཉམ་ཉིད་ཡེ་ཤེས་ཅན། །རིན་ཆེན་མཁའ་འགྲོ་འཁོར་བཅས་མ་ལུས་པ། །འགྲོ་བའི་དོན་དུ་གཉིས་མེད་བརྟན་པར་བཞུགས། །ཤེས་རབ་ཚེ་དབང་ལོངས་སྤྱོད་རྒྱས་པར་མཛོད། །འདུ་ཤེས་ཕུང་པོ་དག་པའི་ད་ལ་རུ། །ཉོན་མོངས་སྐྱོན་བྲལ་ཉི་ཟླ་པད་རོའི་སྟེང་། །གར་དགུའི་ཉམས་ལྡན་སོར་རྟོག་ཡེ་ཤེས་ཅན། །པདྨ་མཁའ་འགྲོ་འཁོར་བཅས་མ་ལུས་པ། །འགྲོ་བའི་དོན་ཕྱིར་གཉིས་མེད་བརྟན་པར་བཞུགས། །ཁམས་གསུམ་མ་ལུས་བདག་གི་དབང་དུ་བསྡུད། །འདུ་བྱེད་ཕུང་པོ་དག་པའི་ད་ལ་རུ། །ཉོན་མོངས་སྐྱོན་བྲལ་ཉི་ཟླ་པད་རོའི་སྟེང་། །གར་དགུའི་ཉམས་ལྡན་བྱ་གྲུབ་ཡེ་ཤེས་ཅན། །ཀརྨ་མཁའ་འགྲོ་བཅས་མ་ལུས་པ། །འགྲོ་བའི་དོན་ཕྱིར་གཉིས་མེད་བརྟན་པར་བཞུགས། །དྲག་པོའི་ལས་རྣམས་མྱུར་དུ་འགྲུབ་པར་མཛོད། །ༀ་ཨཱཿཧཱུྃ་ཏིཥྛ་བཛྲ་ལྷན། བཞི་པ་མཆོད་པ་རྒྱལ་བ་མཉེས་བྱེད་ནི། །མཆོད་པའི་བྱེ་བྲག་ཇི་སྙེད་མ་ལུས་པ། ༀ་ཨཱཿཧཱུྃ་ཞེས་བརྗོད་བྱིན་བརླབ་པས། ཀུན་བཟང་བླ་མེད་མཆོད་སྤྲིན་ཆེན་པོར་བསམ། རབ་འབྱམས་འཇིག་རྟེན་ཁམས་འདི་དཔག་མེད་ན། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་སྒྲ་སྙན་མཆོད་སྤྲིན་རྣམས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །ཐུགས་རྗེ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བདག་སོགས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ཚོགས་གཉིས་རྫོགས་ནས་སྐུ་གཉིས་མྱུར་ཐོབ་ཤོག །རབ་འབྱམས་འཇིག་རྟེན་ཁམས་འདི༴ འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང་། །གླང་པོ་རྟ་མཆོག་དམག་དཔོན་རིན་ཆེན་རྣམས། །བླ་མ་ཡི་དམ་མཁའ་འགྲོའི༴ ཐུགས་རྗེས་འགྲོ་བའི་དོན་དུ༴ བདག་སོགས་འགྲོ་བ་སེམས་ཅན༴ ཚོགས་གཉིས་རྫོགས་ནས༴ རབ་འབྱམས་འཇིག་རྟེན༴ སྒེག་མོ་འཕྲེང་བ་གླུ་མ་གར་མ་དང་། །མེ་ཏོག་བདུག་སྤོས་མར་མེ་དྲིའི་ལྷ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ༴ ཐུགས་རྗེ་འགྲོ་བའི༴ བདག་སོགས་འགྲོ་བ༴ ཚོགས་གཉིས་རྫོགས༴ རབ་འབྱམས་འཇིག་རྟེན༴ གཏེར་ཆེན་བུམ་པ་ཉི་ཟླ་རྒྱ་ཆེན་གདུག །རི་རབ་རི་བདུན་གླིང་བཞི་གླིང་ཕྲན་རྣམས། །བླ་མ་ཡི་དམ་མཁའ་འགྲོའི༴ ཐུགས་རྗེ་འགྲོ་བའི་དོན་དུ༴ བདག་སོགས་འགྲོ་བ༴ ཚོགས་གཉིས་རྫོགས་ནས༴ རབ་འབྱམས་འཇིག་རྟེན༴ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །ཤ་ལྔ་བདུད་རྩི་ལྔ་དང་སྨན་རཀ་སོགས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །ཐུགས་རྗེ་འགྲོ་བའི་དོན༴ བདག་སོགས་འགྲོ་བ༴ ཚོགས་གཉིས་རྫོགས༴ རབ་འབྱམས་འཇིག་རྟེན་ཁམས་འདི་དཔག་མེད་ན། །བདེ་བ་ཆེན་པོ་ཡང་དག་མཉམ་སྦྱོར་བཞིས། །གཉིས་མེད་ཆུ་བོའི་ཐིག་ལེ་ཆེན་པོ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ༴ ཐུགས་རྗེ་འགྲོ་བའི་དོན་ལ༴ བདག་སོགས་འགྲོ་བ༴ ཚོགས་གཉིས༴ རབ་འབྱམས་འཇིག་རྟེན༴ ཕྱི་ནང་གསང་བའི་མཆོད་རྫས་ཇི་སྙེད་རྣམས། །བླ་མ་ཡི་དམ་མཁའ་འགྲོ་རྒྱ་མཚོའི་དྲུང་། །ཀུན་བཟང་མཆོད་སྤྲིན་རྒྱུན་མི་ཆད་གྱུར་ཅིག །ༀ་ཨཱཿཧཱུྃ་པཱུ་ཙ་ཧོཿ ལྔ་པ་བསྟོད་པ་རྒྱལ་བ་མཉེས་བྱེད་ནི། ཡོན་ཏན་མི་ཟད་རྒྱ་མཚོའི་དབྱངས་ཀྱི་བསྟོད། སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །འགགས་མེད་ལོངས་སྐུ་མཚན་དཔེ་རབ་ཏུ་བརྒྱན། །གཉིས་མེད་སྤྲུལ་སྐུ་འགྲོ་བ་འདུལ་བ་ཡིས། །སྐུ་གསུམ་ལྷུན་གྲུབ་མ་ཅིག་ལབ་སྒྲོན་ནི། །བདུད་བཞི་འཇོམ་མཛད་ཞལ་གདང་མཆེ་བ་གཙིག །དུས་གསུམ་གཟིགས་ཕྱིར་སྤྱན་གསུམ་ཕྱོགས་བཅུར་གཟིགས། །གཟུགས་མཛེས་གཟི་བརྗིད་དབུ་སྐྲ་ལྕང་ལོ་ཁྲོལ། །ཁམས་གསུམ་དབང་སྡུད་སྤྱི་གཙུག་ཕག་ཞལ་ངུར། །ཆོས་ཀྱི་སྒྲ་སྒྲོག་གཡས་པ་ཅང་ཏིའུ་འཁྲོལ། །དངོས་གྲུབ་སྟེར་ཕྱིར་ཕྱག་གཡོན་ཐོད་ཁྲག་བསྣམས། །ཐབས་ཤེས་ཟུང་འཇུག་ཁ་ཊྭཱྃ་མཆན་ཁུང་གཡོན། །རྟག་ཆད་མཐའ་འདས་ཞབས་གཉིས་བརྐྱང་བསྐུམ་བཞུགས། །ཕ་རོལ་ཕྱིན་རྫོགས་རིན་ཆེན་རུས་པས་བརྒྱན། །ཡོན་ཏན་རབ་རྫོགས་གར་དགུའི་ཉམས་དང་ལྡན། །རྡོ་རྗེ་ཕག་མོའི་སྐུ་དང་གཉིས་སུ་མེད། །མ་ཅིག་ལབ་སྒྲོན་སྐུ་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་ཟིལ་གནོན་ཉི་ཟླ་པད་རོའི་སྟེང་། །ཞེ་སྡང་དག་པ་མེ་ལོང་ཡེ་ཤེས་ཅན། །རྣམ་ཤེས་གནས་དག་རྡོ་རྗེ་མཁའ་འགྲོ་ནི། །ཞི་བའི་ལས་མཛད་སྐུ་མདོག་དཀར་མོར་སྤྲུལ། །བདུད་བཞི་འཇོམ་མཛད་ཞལ་གདངས་མཆེ་བ་གཙིག །དུས་གསུམ་གཟིགས་ཕྱིར་སྤྱན་གསུམ་ཕྱོགས་བཅུར་གཟིགས། །གཟུགས་མཛེས་གཟི་བརྗིད་དབུ་སྐྲ་ལྕང་ལོ་ཁྲོལ། །སྟོང་ཉིད་མཚོན་ཕྱིར་ཕྱག་གཡས་རྡོ་རྗེ་བསྣམས། །དངོས་གྲུབ་སྟེར་ཕྱིར་ཕྱག་གཡོན་ཐོད་ཁྲག་བསྣམས། །ཐབས་ཤེས་ཟུང་འཇུག་ཁ་ཊྭཱྃ་མཆན་ཁུང་གཡོན། །རྟག་ཆད་མཐའ་སྤོང་ཞབས་གཉིས་བརྐྱང་བསྐུམ་བཞུགས། །ཕ་རོལ་ཕྱིན་རྫོགས་རིན་ཆེན་རུས་པས་བརྒྱན། །ཡོན་ཏན་རབ་རྫོགས་གར་དགུའི་ཉམས་དང་ལྡན། །རྡོ་རྗེ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་ཟིལ་གནོན་ཉི་ཟླ་པད་རོའི་སྟེང་། །ང་རྒྱལ་དག་པ་མཉམ་ཉིད་ཡེ་ཤེས་ཅན། །ཚོར་བའི་གནས་དག་རིན་ཆེན་མཁའ་འགྲོ་ནི། །རྒྱས་པའི་ལས་མཛད་སྐུ་མདོག་སེར་མོར་བཞུགས། །བདུད་བཞི་འཇོམས་མཛད་ཞལ་གདངས་མཆེ་བ་གཙིག །དུས་གསུམ་གཟིགས་ཕྱིར་སྤྱན་གསུམ་ཕྱོགས་བཅུར་གཟིགས། །གཟུགས་མཛེས་གཟི་བརྗིད་དབུ་སྐྲ་ལྕང་ལོ་ཁྲོལ། །ཡོན་ཏན་རྒྱས་ཕྱིར་ཕྱག་གཡས་ནོར་བུ་བསྣམས། །དངོས་གྲུབ་སྟེར་ཕྱིར་ཕྱག་གཡོན་ཐོད་ཁྲག་བསྣམས། །ཐབས་ཤེས་ཟུང་འཇུག་ཁ་ཊྭཱྃ་མཆན་ཁུང་གཡོན། །རྟག་ཆད་མཐའ་སྤོང་ཞབས་གཉིས་བརྐྱང་བསྐུམ་བཞུགས། །ཕ་རོལ་ཕྱིན་རྫོགས་རིན་ཆེན་རུས་པས་བརྒྱན། །ཡོན་ཏན་རབ་རྫོགས་གར་དགུའི་ཉམས་དང་ལྡན། །རིན་ཆེན་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་ཟིལ་གནོན་ཉི་ཟླ་པད་རོའི་སྟེང་། །འདོད་ཆགས་དག་པ་ཀུན་རྟོགས་ཡེ་ཤེས་ཅན། །འདུ་ཤེས་གནས་དག་པདྨ་མཁའ་འགྲོ་ནི། །དབང་གི་ལས་མཛད་སྐུ་མདོག་དམར་མོར་བཞུགས། །བདུད་བཞི་འཇོམས་མཛད་ཞལ་གདངས་མཆེ་བ་གཙིག །དུས་གསུམ་གཟིགས་ཕྱིར་སྤྱན་གསུམ་ཕྱོགས་བཅུར་གཟིགས། །གཟུགས་མཛེས་གཟི་བརྗིད་དབུ་སྐྲ་ལྕང་ལོ་ཁྲོལ། །འཁོར་བར་མ་གོས་ཕྱག་གཡས་པདྨ་བསྣམས། །དངོས་གྲུབ་སྟེར་ཕྱིར་ཕྱག་གཡོན་ཐོད་ཁྲག་བསྣམས། །ཐབས་ཤེས་ཟུང་འཇུག་ཁ་ཊྭཱྃ་མཆན་ཁུང་གཡོན། །རྟག་ཆད་མཐའ་སྤོང་ཞབས་གཉིས་བརྐྱང་བསྐུམ་བཞུགས། །ཕ་རོལ་ཕྱིན་བཅུས་རིན་ཆེན་རུས་བརྒྱན་སྤྲས། །ཡོན་ཏན་རབ་རྫོགས་གར་དགུའི་ཉམས་དང་ལྡན། །པདྨ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་ཟིལ་གནོན་ཉི་ཟླ་པད་རོའི་སྟེང་། །ཕྲག་དོག་དག་པ་བྱ་གྲུབ་ཡེ་ཤེས་ཅན། །འདུ་བྱེད་གནས་དག་ཀརྨ་མཁའ་འགྲོ་ནི། །དྲག་པོའི་ལས་མཛད་སྐུ་མདོག་ལྗང་གུར་སྤྲུལ། །བདུད་བཞིར་འཇོམས་མཛད་ཞལ་གདངས་མཆེ་བ་གཙིག །དུས་གསུམ་གཟིགས་ཕྱིར་སྤྱན་གསུམ་ཕྱོགས་བཅུར་གཟིགས། །གཟུགས་མཛེས་གཟི་བརྗིད་དབུ་སྐྲ་ལྕང་ལོ་ཁྲོལ། །ཉོན་མོངས་གཅོད་མཛད་ཕྱག་གཡས་རལ་གྲི་བསྣམས། །དངོས་གྲུབ་སྟེར་ཕྱིར་ཕྱག་གཡོན་ཐོད་ཁྲག་བསྣམས། །ཐབས་ཤེས་ཟུང་འཇུག་ཁ་ཊྭཱྃ་མཆན་ཁུང་གཡོན། །རྟགས་ཆད་མཐའ་སྤོང་ཞབས་གཉིས་བརྐྱང་བསྐུམ་བཞུགས། །ཕ་རོལ་ཕྱིན་རྫོགས་རིན་ཆེན་རུས་པས་བརྒྱན། །ཡོན་ཏན་རབ་རྫོགས་གར་དགུའི་ཉམས་དང་ལྡན། །ཀརྨ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །རིགས་བཞིའི་འཁོར་ནི་ཕྲིན་ལས་བཞི་བསྒྲུབ་པའི། །མ་མོ་མཁའ་འགྲོ་བྱེ་བའི་ཚོགས་ཀྱིས་བསྐོར། །རང་རང་སྐུ་མདོག་ཕྱག་མཚན་སྣ་ཚོགས་པ། །མཐུ་དང་རྫུ་འཕྲུལ་དཔག་མེད་ལྡན་པ་ཡི། །རྣལ་འབྱོར་ཕྲིན་ལས་རྣམ་བཞི་མྱུར་བསྒྲུབ་པའི། །མ་མོ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་བསྟོད། །ༀ་ཨཱཿཧཱུྃ། དྲུག་པ་ཚོགས་གཏོར་རྒྱལ་བ་མཉེས་བྱེད་ནི། །བདུད་རྩི་ཚོགས་གཏོར་བྱིན་བརླབ་སྟེ། །ཤ་ཟན་ཆང་སོགས་གཏོར་མ་མདུན་དུ་བཤམ། །རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །ཡྃ་འཕྲོས་ཡཾ་ལས་རླུང་བྱུང་བག་ཆགས་གཏོར། །རྃ་འཕྲོས་རྃ་ལས་མེ་བྱུང་བག་ཆགས་སྲེག །ཁཾ་འཕྲོས་ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས། །རཾ་ཡཾ་ཁཾ། ༀ་ལས་འོད་འཕྲོས་ཡངས་ཆེན་སྣོད་དུ་གྱུར། །ཨཱཿལས་འོད་འཕྲོས་འདོད་ཡོན་རྣམ་ལྔ་གང་། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ། ཐེབ་སྲིན་དཀོན་མཆོག་རྩ་བ་གསུམ་སོགས་མཆོད། །ཚོགས་ཕུད་གཏོར་མར་བྲན་ལ་ཕུལ་བ་ནི། །རི་རབ་གླིང་བཞི་གླིང་ཕྲན་ལྟར། །རྒྱ་ཆེན་བཀོད་ལེགས་བརྗིད་པའི་ཚོགས་གཏོར་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །རྩ་བ་གསུམ་གྱིས་ཐུགས་དམ་བསྐང་གྱུར་ཅིག །རྣལ་འབྱོར་ཉེས་ལྟུང་སྒྲིབ་གཉིས་མཐོལ་ལོ་བཤགས། །མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་དུ་གསོལ། །སངས་རྒྱས་བསྟན་པ་བཤིག་པ་དང་། །རྣལ་འབྱོར་བདག་ལ་སྡང་བ་ཡིས། །དགྲ་བོའི་ཤ་ཁྲག་ལ་ཁ་རཾ་ཁ་ཧི། །རྒྱ་མཚོར་ནོར་བུ་ཉི་ཟླ་གཟའ་སྐར་ལྟར། །ཟག་མེད་གསལ་མདངས་རྒྱས་པའི་གཏོར་མ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །རྩ་བ་གསུམ་གྱི་ཐུགས་དམ་བསྐང་༴ རྣལ་འབྱོར་ཉེས་ལྟུང་སྒྲིབ་གཉིས་མཐོལ་ལོ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སངས་རྒྱས་བསྟན་པ་བཤིག་པ་དང་། །རྣལ་འབྱོར་བདག་ལ་སྡང་བ་ཡིས། །དགྲ་བོའི་ཤ་ཁྲག་ཁ་རཾ་ཁ་ཧི། །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་རོ་བརྒྱ་ལྡན། །རེག་འཇམ་འདོད་ཡོན་ལྔ་ལྡན་ཚོགས་གཏོར་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །རྩ་བ་གསུམ་གྱི་ཐུགས་དམ་བསྐང་གྱུར་ཅིག །རྣལ་འབྱོར་ཉེས་ལྟུང་སྒྲིབ་གཉིས་མཐོལ་ལོ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སངས་རྒྱས་བསྟན་པ་བཤིག་པ་དང་། །རྣལ་འབྱོར་བདག་ལ་སྡང་བ་ཡི། །དགྲ་བོའི་ཤ་ཁྲག་ལ་ཁ་རཾ་ཁ་ཧི། །ཤ་ཁྲག་བདུད་རྩི་ལྔ་དང་སྨན་རག་སོགས། །རབ་འབྱམས་འཇིག་རྟེན་ཁམས་ཀྱི་མཆོད་འོས་རྣམས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །རྩ་བ་གསུམ་གྱིས་ཐུགས་དམ་བསྐང་གྱུར་ཅིག །རྣལ་འབྱོར་ཉེས་ལྟུང་སྒྲིབ་གཉིས་མཐོལ་ལོ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་བརྩལ་དུ་གསོལ། །སངས་རྒྱས་བསྟན་པ་བཤིགས་པ་དང་། །རྣལ་འབྱོར་བདག་ལ་སྡང་བ་ཡིས། །དགྲ་བོའི་ཤ་ཁྲག་ལ་ཁ་རཾ་ཁ་ཧི། །ༀ་ཨཱཿཧཱུྃ་མ་ཧཱ་པུ་ཙ་ཁ་ཧི། དེ་ནས་དམ་ཚིག་དྲངས་ལ་ཚོགས་ལ་རོལ། ལྷག་གཏོར་བཏང་ལ། བདུན་པ་བསྐྱེད་རྫོགས་ཟུང་འཇུག་རྣལ་འབྱོར་ནི། སྣང་སྲིད་འཁོར་འདས་མ་ལུས་རང་གི་སེམས། །སེམས་ཉིད་སྤྲོས་བྲལ་སྐྱེ་མེད་ཆོས་སྐུར་རྫོགས། །སྐྱེ་མེད་འགགས་མེད་གཟུགས་སྐུ་བསྐྱེད་རིམས་སོགས། །བསྐྱེད་དང་རྫོགས་པ་ལྷན་ཅིག་སྐྱེས་པའི་ངང་། །གཉིས་མེད་ངང་ནས་སྤྱོད་ལམ་རྣམ་བཞི་སྐྱོངས། །རྗེས་སུ་བཀྲ་ཤིས་བསྔོ་བ་སྨོན་ལམ་ནི། བཀྲ་ཤིས་ཚོགས་པ་རྣམས་ཀྱི་མཐུན་པ་རུ། །སྤྱི་དང་མཐུན་པའི་བཀྲ་ཤིས་བརྗོད་པར་བྱ། བསྔོ་བ་སྨོན་ལམ་དམིགས་མེད་ངང་ལས་ནི། བླ་མ་ཡི་དམ་མཁའ་འགྲོ་དགོངས་སུ་གསོལ། །བདག་གིས་དུས་གསུམ་བསགས་པའི་དགེ་བ་མ་ལུས་རྣམས། །མཁའ་མཉམ་སེམས་ཅན་དོན་དུ་བྱང་ཆུབ་ཆེན་པོར་བསྔོ། །དགེ་བ་འདི་ཡི་འགྲོ་ཀུན་རྣམ་མཁྱེན་མྱུར་ཐོབ་ཤོག །ཚེ་རབ་ཀུན་ཏུ་དལ་འབྱོར་ལྡན་པ་དང་། །རྒྱལ་སྲས་བླ་མ་ཡི་དམ་མཉེས་བྱེད་ཅིང་། །དེ་དག་རྣམས་ཀྱིས་རྗེས་སུ་སློབ་པ་དང་། །འཕགས་མཆོག་རྣམས་ཀྱི་དགོངས་པ་བླ་མེད་ཡོངས་རྫོགས་ཤོག །མཁའ་འགྲོའི་མཆོད་འབུམ་ཐུགས་དམ་བསྐང་བྱེད་ཞེས་བྱ་བ་རྫོགས་སོ།། །།བྱ་བྲལ་བ་ཀུན་དགའ་འབུམ་གྱིས་བྲིས་པ་རྫོགས་སོ།། །།ཤུ་བྷཾ།


previousགཅོད་ཟབ་དོན་གྱིས་ལྷན་ཐབས་བསྒྲུབ་ཐབ་དངོས་གྲུབ་སྒོ་འབྱེད་ཀྱིས་མཆོད་འབུལ།next