Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་བསྐུར་ཆོས་ཀྱི་སྒོ་འབྱེད།
   
   
   
   
   
   
   
   
   
   


 
previousདབང་བསྐུར་ཆོས་ཀྱི་སྒོ་འབྱེད།next

དབང་བསྐུར་ཆོས་ཀྱི་སྒོ་འབྱེད།

དབང་བསྐུར་ཆོས་ཀྱི་སྒོ་འབྱེད་བཞུགས་སོ། །དབང་བསྐུར་ཆོས་ཀྱི་སྒོ་འབྱེད་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་གསུམ་མོ། །དང་པོ་སྦྱོར་བའི་ཆོས་ལ་གཉིས་སྟེ། སྟ་གོན་དང་མཇུག་ཆོག་གཉིས་སོ། །དང་པོ་སྟ་གོན་ལ་ལྔ་སྟེ། དཀྱིལ་འཁོར་སྟ་གོན། མཆོད་པ་སྟ་གོན། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་ནོ། །དང་པོ་དཀྱིལ་འཁོར་སྟ་གོན་ནི། མཎྜལ་གྲུ་བཞི་དྲི་བཟང་གིས་བྱུག་ལ། ཆང་དང་བདུད་རྩིའི་ཆག་ཆག་གདབ་ལ། ཆོས་འབྱུང་བསྣོལ་མར་བྲི། དེའི་དབུས་སུ་པདྨ་འདབ་བཞི། ཆོས་འབྱུང་གིས་ཕྱི་རོལ་དུ་མུ་ཁྱུད་གྲུ་ཆད་ལྷ་རྣམ་དང་ལྡན་པ་བྲི། དེ་རྒྱབ་སྒོ་བཞི་སྒོ་རྒྱན་ལྡན་པ་བྲི། དེ་རྒྱབ་རྡོ་རྗེ་རྭ་བ་མེ་རིས་བསྐོར། ཆོས་འབྱུང་གིས་མཚམས་སུ་གཡུ་དྲུང་འཁྱིལ་པ་བྲི། ཚོན་ཁ་དོག་ནི་ཆོས་འབྱུང་དམར་པོ། རེ་ཁ་སྔོན་པོ། པད་འདབ་ཕྱོགས་མཚོན། ལྟེ་བ་སྔོན་པོ། གྲུ་ཆད་ལྗང་ཀུ། ལྷ་རྣམ་དང་སྒོ་བཞི་ཕྱོགས་མཚོན་ནོ། །སྒོ་རྒྱན་ལ་སོགས་སྤྱི་མཐུན་ནོ། །ཡང་ན་དྲ་ཕྱི་ནང་གཙང་མའི་སྟེང་དུ། དྲི་བཟང་གི་ཆུ་གཏོར་ཞིང་། སྭ་བྷ་ཝས་སྟོང་པར་སྦྱངས། དེའི་སྟེང་དུ་ཚོམ་བུ་བཀོད་པ་ནི། ༀ་བཛྲ་ཌཱཀྐི་ནི་ཧཱུྃ་ཕཊ། པཾ་པདྨ་མཎྜལ། ཨ་ཙནྡྲ་མཎྜལ། མ་སུ་རྱ་མཎྜལ། ཀ་ཡ་ཝཀ་ཙིཏྟ། ཏི་ཏ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་པ་དང་སྤྲད་ཅིང་། དབུས་སུ་ཚོམ་བུ་བཀོད་ལ། རྡོ་རྗེ་མཁའ་འགྲོ་མོས། དེ་བཞིན་ཕྱོགས་བཞིར་ཚོམ་བུ་བཞི། སྔགས་དང་བཅས་པ་བཀོད་ལ། མཁའ་འགྲོ་སྡེ་བཞིར་མོས། དེས་དཀྱིལ་འཁོར་སྟ་གོན་སོང་། གཉིས་པ་མཆོད་པ་སྟ་གོན་ནི། རྡུལ་ཚོན་ནམ། ཚོམ་བུའི་ཐ་མར་མཆོད་པ་རྣམས་ལྔ་དཔུང་ཆེ་བ་བསྐོར། དཀྱིལ་འཁོར་ཤར་དུ་ཚངས་ཐིག་གིས་སྟེང་དུ། རྐང་གསུམ་ཁར་བཞག་ལ། རྣམ་རྒྱལ་བུམ་པ་ཁ་རྒྱན་ཚང་བ་བཤམས་ལ། ཀ་པཱ་ལར། སྦྲང་ཆང་ལ་སིནྡྷུ་ར་བདལ། དེའི་ཁར་མེ་ལོང་གིས་སྟེང་དུ་དར་གྱིས་བཀབ་ནས་བུམ་པའི་ཁར་བཤམས། ལས་བུམ་བྱང་ཤར་མཚམས་སུ་བཤམ། དེ་ནས་མ་ཅིག་གིས་གཏོར་མ་ནི། གདན་ཟླ་གམ་གྱི་སྟེང་དུ་གཏོར་མ་ཟླུམ་པོ་ཆེ་བ་གཅིག་ལ། བཤོས་བྲན་ཟླུམ་པོ་བཞི་བསྐོར། ཡང་ན་ཡུམ་ཆེན་གྱི་གཏོར་མ་ནི། གཏོར་མ་ཟླུམ་པོ་ཆེ་བ་གཅིག་ལ། བཤོས་བྲན་བཅུའི་བསྐོར། དེ་དག་ཀྱང་དར་འཕེན་དང་། ཡུམ་ཆེན་ལ་སོགས་གྲུབ་ཐོབ་གཅོད་བརྒྱུད་ཀྱིས་ཙཀ་ལིས་བརྒྱན་ནས་ནུབ་ཏུ་བཤམས། ཤར་དུ་བླ་མའི་གཏོར་མ་བཤམས། ཡང་ན་དབང་གཏོར་དང་གཉིས་ཀ་གཅིག་ལ་བསྡུ་བས་ཆོག་གསུངས། ཟུར་བཞིར་གཏོར་ཆེན་བཞི་གཡོན་བསྐོར་དུ་བཤམས། མགོན་པོ་ཤར། མ་མོ་ལྷོ། རྣམ་སྲས་བྱང་། མགར་གཏོར་ནུབ། ཡང་ན་གྲལ་ཐབས་སུ་བཤམས། སྔོན་འགྲོའི་གཏོར་མ་བཤོས་བུ་སྙིང་འདྲ་བ་ཟུར་ཟླུམ་ཅིག་གང་བདེར་བཤམས། ཡང་ན་བླ་མ་དང་ཞི་བ་དབྱེར་མེད་གཅིག །ཡི་དམ་ཁྲོ་བོ་ལ་གཅིག །ཆོས་སྐྱོང་གཏོར་མ་གཉིས། མཁའ་འགྲོ་སྤྱི་གཏོར་གཅིག་དང་ལྔ། དབང་གཏོར་དང་སྔོན་འགྲོ་གཏོར་མ་གོང་དང་མཐུན། གང་ལྟར་ཡིན་ཀྱང་ཚོགས་གཏོར་རིན་ཆེན་དཔུང་པ་ནི། གདན་ཟླུམ་པོའི་སྟེང་དུ་ནོར་བུ་བཞི་ཚོམ་གཅིག་བཞག །དེ་ལ་རུ་ལུ་མང་པོས་བསྐོར་བ། སྤུང་ཆེ་བ་གཅིག་ལ་ཤ་ཆང་བཟའ་བཅའ་བཅས་ཤར་ལྷོར་བཤམས། ནང་མཆོད་སྨན་ཆང་མདུན་དུ་བཤམ། དེས་མཆོད་པ་སྟ་གོན་སོང་། གཞན་ཡང་གྲིབ་གཏོར་རྫས་བཞི་འཚག་བྱའོ། །གསུམ་པ་ལྷ་སྟ་གོན་ནི། མཁའ་འགྲོ་སྡེ་ལྔའི་མངོན་རྟོགས་ཚོགས་ལས་ཀྱི་ནང་ན་ཡོད་པ་ལྟར་བྱེད་ཅིང་། ཞོར་ལ་བདག་འཇུག་ལེན་པ་ནི། གཞན་ལ་དབང་ཅི་ལྟར་བཀུར་བ་བཞིན་དུ། རང་གི་ཡང་དེ་ལྟར་ལེན་པ་ཡིན་ནོ། །དེའི་ལྷ་སྟ་གོན་སོང་། བཞི་པ་བུམ་པ་སྟ་གོན་ནི། རྣམ་རྒྱལ་དང་ལས་བུམ་གཉིས། མཁའ་འགྲོ་སྡེ་ལྔའི་མངོན་རྟོགས་ཚོགས་ལས་ཀྱི་ནང་ན་ཡོད་པ་ལྟར་བུམ་པ་གཉིས་བསྐྱེད་པར་བྱའོ། །དེས་བུམ་པ་སྟ་གོན་སོང་། ལྔ་པ་སློབ་མ་སྟ་གོན་ལ་དྲུག་སྟེ། དང་པོ་གྲིབ་ཆོག་བྱེད་པ། གཉིས་པ་ལས་རྒྱུ་འབྲས་དང་ལོ་རྒྱུས་བཤད་པ། གསུམ་པ་མཎྜལ་ཕུལ་ཤིང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པ། བཞི་པ་གསོལ་བ་གདབ་ཅིང་ལེན་མོ་བྱིན་པ། ལྔ་པ་རང་གཞུང་གི་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་ཞུ་བ་དང་། དྲུག་པ་རྫས་བཞི་གཏད་པའོ། །དང་པོ་གྲིབ་ཆོག་ནི། དབང་བསྐུར་སྤྱི་དང་མཐུན་ནོ། །གཉིས་པ་ལས་རྒྱུ་འབྲས་དང་ལོ་རྒྱུས་རྒྱས་པ་གཞན་དུ་ཤེས་སོ། །འདིར་བསྡུས་པ་ནི། དུས་ད་རེས་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ལ་རྟེན་མི་ལུས་གཙང་མ་ཐོབ། དབང་པོ་སྒོ་ལྔ་ཚང་། རྒྱུད་ལ་དད་པ་རྟེན་པོ་སྐྱེས། ཡུལ་བླ་མ་མཚན་ལྡན་དང་མཇལ། ཆོས་ཕ་རོལ་ཕྱིན་མ་བདུད་ཀྱི་གཅོད་ཡུལ་འདི་ཉིད་ཉམས་སུ་བླང་རྒྱུ་ཡོད་པ་འདི། འོ་སྐོལ་རྣམས་ཀྱིས་བསོད་ནམས་བསགས་པ་ཡིན། དེ་ལྟ་བུའི་ཆོས་ཉམས་སུ་ལེན་པར་བྱེད་པ་ལ། ཕྱི་ལྟར་ན་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ཡིན། ནང་ལྟར་ན་གསང་སྔགས་ཀྱི་ལྟ་བ་ཡིན། གསང་བ་ལྟར་ན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཉམས་སུ་ལེན་པ་ནི། འདིར་ངོ་སྤྲོད་འབོག་པའི་སྔོན་དུ་རྒྱུད་སྨིན་པར་བྱེད་པའི་ཐབས་ཟབ་མོ། སྣོད་དུ་རུང་བར་བྱེད་པའི་ཕྱིར། དབང་བསྐུར་དགོས་པས། དབང་ཐོབ་པ་བྱེད་པ་ཡིན། གསུམ་པ་མཎྜལ་འབུལ་ཞིང་ཐུན་མོང་གི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པ་སྤྱི་དང་མཐུན་པ་གཞན་དུ་ཤེས་སོ། །བཞི་པ་གསོལ་བ་གདབ་པ་ཅིང་ལན་མོ་སྦྱིན་པ་ནི། སློབ་མས་མཎྜལ་འབུལ་ཞིང་དེ་ནས་གསོལ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །སྐྱབས་གསུམ་དག་ཀྱང་བདག་ལ་རྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོའི་བདག་ཉིད་བཞུགས་སུ་གསོལ། །ཅེས་ལན་གསུམ་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས། བུ་ཁྱོད་སུ་ཡིན་ཅི་ལ་དགའ། སློབ་བུས། སྐལ་བཟང་བདག་ལ་བདེ་ཆེན་འཚལ། སློབ་དཔོན་གྱིས། བུ་ལ་ཅི་ཞིག་བྱ། སློབ་བུས། སངས་རྒྱས་མཆོག་གིས་དམ་ཚིག་གོ། །ཅེས་བརྗོད་དོ། །ལྔ་པ་རང་གཞུང་གི་སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་ཞུ་བ་ལས། དང་པོ་སྐྱབས་སུ་འགྲོ་བ་འདིའི་རྗེས་བཟློས་མཛོད། སངས་རྒྱས་ཆོས་དང་དགེ་འདུན་ཚོགས་བཅས་ལ། །བྱང་ཆུབ་མ་ཐོབ་པར་དུ་བདག་ནི་སྐྱབས་སུ་མཆི། །འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར། །དཀོན་མཆོག་གསུམ་གྱི་རྗེས་སུ་བཟུང་དུ་གསོལ། །ལན་གཉིས་པ་དང་གསུམ་པའི་རྗེས་ཟློས་བརྗོད། དེ་ནས་སེམས་བསྐྱེད་ནི། སློབ་དཔོན་གྱིས། རིགས་ཀྱི་བུ་ཁྱེད་རང་རྣམས་སོ་སོར་ཐར་པའི་རིགས་བདུན་ལས་གང་ཡང་རུང་བའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་པ་སྔགས་ཀྱིས་དམ་ཚིག་ལས། སྔར་བརྟེན་ནམ། ད་བརྟན་ནམ། ད་བཟོད་བརྟན་པ་སྤྲོའམ། བརྗོད། སློབ་བུས་སྤྲོ་ལགས། བརྗོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། །འཁོར་བ་སྡུག་བསྔལ་བསྒྲལ་བའི་ཕྱིར། །མི་དགེ་སྤང་བའི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་བསྡུད་ཚུལ་ཁྲིམས་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱིས། །དེང་ནས་བཟུང་སྟེ་མི་སྤང་བཞིན། །གུས་པའི་ཚུལ་གྱིས་བསླབ་པར་བགྱིའོ། །ལན་གསུམ། ལྔ་པ་རང་གི་སྐྱབས་འགྲོ་སེམས་བསྐྱེད་སོང་ནས། དྲུག་པ་རྫས་བཞི་གཏད་པ་ནི། དེ་ནས་རྫས་བཞིའི་མཎྜལ་ནི། དཀྱིལ་འཁོར་ལྷོ་ཕྱོགས་སུ་ཚོམ་བུ་ལྔ་བཀོད་ལ། དང་པོ་བཟང་ཤིང་འབྲས་བུ་དང་། མེ་ཏོག་བདུད་རྩི་ཅན་སོར་བཅུ་གཉིས་པ། རྩེ་ལ་དྲི་བཟང་གིས་བྱུག་པ་ཐོག་ལ། དང་པོ་ཚེམ་ཤིང་གླིང་གཞི་བརྗོད་པ་ནི། ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞད་པ་ལམ་ལ་གནས་ནས། བྱང་ཆུབ་སེམས་དཔའི་མཛད་པ་མཛད་པའི་དུས་སུ། མངོན་པར་ཤེས་པ་སེམས་ཅན་ལ་གཟིགས་ནས། སེམས་ཅན་གྱི་སྐྱེ་བ་སྔ་མ་ལ། ཕ་དང་། མ་དང་། མཁན་སློབ་དང་། སློབ་དཔོན་དུ་གྱུར་པ་ལས་ཀྱི་ཁ་ལོ་བསྒྱུར་ནས། འདིར་སེམས་ཅན་དུ་སྐྱེས་པའི་ཤ་ཟོས་ནས། དེའི་རྣམ་པར་སྨིན་པ་དེ་ནི་ཤིན་ཏུ་ལྕི་བས། དེ་དག་པར་བྱ་བ་དང་། ངག་ལ་བྱུང་བའི་ཉེས་པ་ཐམས་ཅད་དག་པར་བྱ་བའི་ཕྱིར། ངའི་མིང་དང་སྔགས་ཀྱིས་སོ་ཤིང་ལ་བཏབ་ནས། ཡི་གེ་བརྒྱ་པ་བརྗོད་ཅིང་སོ་ཤིང་གིས་སོའི་རྩ་བ་བྲུས་ནས། ཉེས་པ་དག་པར་འགྱུར་རོ། །ཞེས་ལུང་བསྟན་ནས། དེའི་རྗེས་སུ་འཇུག་པ་ཡིན། བཞད་པ་རྡོ་རྗེ་དགྱེས་པའི། ཚེམ་ཤིང་དག་གིས་མནོས་ནས་ནི། །བསྐང་པ་གྲངས་མེད་འཁོར་བའི་འཁོར། །ཕྱིན་ཅི་ལོག་བཞིས་དབང་བསྒྱུར་བས། །དགེ་བཤེས་ཕ་མ་གཉེན་འདུན་གྱིས། །ལས་ཀྱི་འཁོར་བའི་ཤ་ཟོས་པ། །ཚིམ་ཤིང་དམ་ཚིག་མནོས་པ་འདི། །སྐད་ཅིག་ཡུད་ལ་བྱང་བར་ཤོག །བཛྲ་ཧ་ས་ཏྲཾ་སརྦ་པ་པཾ་བྷི་ཤྭ་དྷ་ཡེ་སྭཱ་ཧཱ། ཅེས་བཀྲམ། ཡིག་བརྒྱ་བརྗོད་ལ་སོ་བྲུས། ཚེ་རབ་སྔ་མ་ལ་ཕ་མ་གཉེན་བཤེས་མཁན་སློབ་དུ་གྱུར་པ་ཐམས་ཅད་འདིར་ལས་ཀྱི་ཁ་ལོ་བསྒྱུར་བས། དུད་འགྲོར་སྐྱེས་པའི་ཤ་ཟོས་པའི་རྣམ་པར་སྨིན་པ་དང་ཁྱད་པར་དུ་ངག་ལས་བྱུང་བའི་སྡིག་པ་དག་པར་བསམ་ལ་ཚོམ་བུའི་སྟེང་དུ་དོར་བས། ལྟས་ནི་ཕྱོགས་བཞིན་ལས་བཞི། མཚམས་བཞི་ལ་ཕྲིན་ལས་བཞི། སྟེང་མཁའ་སྤྱོད། མཐུར་དུ་བསྟན་ན་ས་འོག་གི་དངོས་གྲུབ་ཐོབ་པའི་ལྟས་ཏེ། འོན་ཀྱང་དང་པོ་པས། ལྷོ་ཕྱོགས་སུ་བསྟན་ན་གཤིན་རྗེའི་བར་ཆད་འོང་དོག་ཡོད་པས་དཀྱིལ་འཁོར་ལ་གཏོར་མ་རེ་འབུལ་བས་བཟློག་པར་བཤད་དོ། །དེ་ནས་དྲི་བཟང་གིས་ཆུས་སྭ་བྷ་ཝས་དག་བྱེད་ཀྱིས་ཆུ་ནུས་པ་ཅན་དུ་བྱིན་གྱིས་རླབ་ལ། དྲི་ཆབ་ཀྱི་གླིང་བཞི་ནི། འདི་ཡང་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་གནོན་པ་ཞེས་བྱ་བ། ལམ་ལ་གནས་ནས་བྱང་ཆུབ་སེམས་དཔའི་མཛད་པ་མཛད་པའི་དུས་སུ། མངོན་པར་ཤེས་པས་སེམས་ཅན་ལ་གཟིགས་ནས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལུས་ངག་ཡིད་གསུམ་བག་ཆགས་བཅས་ལ་ཐུགས་རྗེ་སྐྱེས་ནས། དྲི་ཆབ་ལ་ང་ཡི་མིང་དང་སྔགས་བཏབ་ལ། ཁྲུས་བྱས་ཁོང་དུ་འཐུང་ན། ལུས་ངག་ཡིད་གསུམ་གྱི་བག་ཆགས་དག་པར་འགྱུར་རོ། །ཞེས་ལུང་བསྟན་པས་དེའི་རྗེས་འཇུག་པ་ཡིན། རྡོ་རྗེ་རྣོན་པོ་ཐོག་མེད་ཀྱིས། དག་བྱེད་དམ་ཚིག་མནོས་ནས་ནི། ལུས་ངག་ཡིད་ལས་བྱུང་བ་ཡིས། །བག་ཆགས་མ་ལུས་དག་པར་ཤོག །ༀ་བཛྲ་ཏིག་སྣ་ཧྲཱི་བྷི་ཤྭ་དྷ་ཡ་པ་པཾ་ཙ་པ་ཤོ་དྷ་ཡ་སྭཱ་ཧཱ། ཅེས་ཁྱོར་བར་བླུག་ལ། ཧུབ་གཅིག་ཕྱིར་ཕོ། དེ་ནས་ཧུབ་གསུམ་འཐུང་པས། ལུས་ངག་ཡིད་གསུམ་གྱིས་བག་ཆགས་ཐམས་ཅད་དག་པར་བསམ། ལག་གིས་གདོང་བྱུག་གོ། །དེ་ནས་སྲུང་སྐུད་དམར་པོ་ལུས་ངག་ཡིད་གསུམ་གྱི་རྟགས་སུམ་བསྒྲིལ་གཉིས་སྟེབ་ལ་གཙོ་བོའི་སྔགས་དང་། ༀ་བཛྲ་ཡཀྵ་ཧཱུྃ། བརྗོད་ཅིང་མདུད་པ་གསུམ་མཾ་བདུན་མདུད་ཅིང་། རྡོ་རྗེ་ལུག་བརྒྱུད་དུ་བརླབ་པ་ཐོག་སྟེ། བསྲུང་སྐུད་ཀྱིས་གླིང་བཞི་ནི། བྱང་ཕྱོགས་ཀྱིས་དེ་བཞིན་གཤེགས་པ་རྡོ་རྗེ་བསྲུང་བ་ལམ་ལ་གནས་ནས། བྱང་ཆུབ་སེམས་དཔའི་མཛད་པ་མཛད་པའི་དུས་སུ་མངོན་པར་ཤེས་པའི་སེམས་ཅན་ལ་ལམ་གྱིས་བར་ཆད་མང་བར་གཟིགས་ནས། དེ་ལ་ཐུགས་རྗེ་སྐྱེས་ནས་རྒྱུ་རུང་བའི་བསྲུང་སྐུད་ལ། ངའི་མིང་དང་སྔགས་ཀྱིས་བཏབ་ནས། དཔུང་གཡོན་ལ་བཏག་ནས། བར་ཆད་ལས་གྲོལ་བར་འགྱུར་རོ། །ཞེས་ལུང་བསྟན་ནས། དེའི་རྗེས་སུ་འཇུག་པ་ནི། བསྲུང་བ་རྡོ་རྗེ་གོ་ཆ་ཡི། །བསྲུང་སྐུད་དམ་ཚིག་མནོས་ནས་ནི། །བདུན་ནམ་ཉི་ཤུ་རྩ་གཅིག་གིས། བར་དུ་སྔགས་སྟེ་མདུད་བོར་ནས། །འཆི་བདག་བདུད་ལས་རྒྱལ་བར་འགྱུར་རོ། །རྩ་སྔགས་དང་། ༀ་བཛྲ་ཡཀྴ་ཧཱུྃ་གིས་ཕོའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་ལ་བཏག་སྟེ། རྡོ་རྗེ་ལུ་གུ་རྒྱུད་ཀྱིས་གོ་ཁྲབ་དང་ལྡན་པར་བསམ། བདུན་ནམ་ཉེར་གཅིག་གིས། ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་དུ་གྱུར་ཅིག །ཚེ་དབང་ཕུན་ཚོགས་པའི་སྐལ་པར་ལྡན་པར་གྱུར་ཅིག །ཅེས་དེ་ནས་ཀུ་ཤ་གཞན་གྱིས་ལོང་ལ་སྤྱད་པ་ཆེ་ཆུང་གཉིས་ཐོག་ལ། ཀུ་ཤའི་གླིང་བཞི་བརྗོད་པ་ནི། འདི་ཡང་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་ལེགས་པ་ལམ་ལ་གནས་ནས་བྱང་ཆུབ་སེམས་དཔའི་མཛད་པ་མཛད་པའི་དུས་སུ། མངོན་པར་ཤེས་པས་སེམས་ཅན་རྣམས་ལ་གཟིགས་ནས། སེམས་ཅན་ཐམས་ཅད་མ་རིག་པའི་གཏིབ་འོག་ལ། ངའི་མིང་དང་སྔགས་ཀྱིས་བཏབ་ནས། སྔས་དང་སྟན་དུ་བྱས་ནས་རྨི་ལམ་རྣོ་བ་དང་ལེགས་ཉེས་དགེ་སྡིག་རྣམས་ཤེས་པར་འགྱུར་རོ། །ཞེས་ལུང་བསྟན་ནས། དེ་དང་རྗེས་མཐུན་པ་ཡིན། རྡོ་རྗེ་ལེགས་པ་དགྱེས་པ་ཆེ། །རབ་དགྱེས་རྒྱལ་པོ་སངས་རྒྱས་མཆོག །ཀུ་ཤ་འདི་ནི་ཁྱོད་ཀྱི་ལོང་། །ཁྱོད་ཀྱིས་ཉལ་བའི་སྔས་སྟན་གྱིས། དགེ་དང་མི་དགེའི་ཆོས་རྣམས་ཀུན། རྨི་ལམ་དུ་ནི་ཅི་རྨིས་པ། སང་ནི་བདག་ལ་སྙད་པར་བྱོས། ༀ་བཛྲ་ས་ཏྭ་ཧཱུྃ། ཙི་ལི་མི་ལི་ཧཱུྃ། ༀ་ཨཱཿཧཱུྃ། མང་བ་ལ་སྟན་གྱིས། ཉུང་བ་ལ་སྔས་གྱིས། སེངྒེའི་ཉལ་སྟབས་ཀྱིས་བླ་མ་དང་དཀྱིལ་འཁོར་གྱིས་ཕྱོགས་སུ་མགོ་སྟོན་ལ་ཉོལ་དང་། སང་ནང་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་གྱིས། ནང་པར་རྨི་ལམ་བཟང་ངན་བརྟག་ལ་བཤད་པ་གྱིས། བཟང་ན་བྲོད་པ་བསྐྱེད་དང་། ངན་ན་ཞི་བའི་སྦྱིན་སྲེག་བྱེད། དེ་ཡན་ཆད་ཀྱིས་སྟ་གོན་སོང་། སྤྱི་དོན་གསུམ་པ་འཇུག་ཆོག་ལ་བཅུ་གཅིག་སྟེ། དང་པོ་གདོང་གཡོག་བཅིང་བ། གཉིས་པ་ཕྲེང་བ་འཛིན་པ། གསུམ་པ་གསོལ་བ་གདབ་པ། བཞི་པ་ཡེ་ཤེས་དབབ་པ། ལྔ་པ་མེ་ཏོག་ཕུལ་བ། དྲུག་པ་སྔགས་ཕྲེང་དུ་བྱིན་གྱིས་རླབས་ནས་སློབ་མ་ལ་གཏད་པ། བདུན་པ་སྤྱན་དར་དབྱེ་བ། བརྒྱད་པ་དཀྱིལ་འཁོར་བསྟན་པ། དགུ་པ་དམ་ཆུ་བླུད་པ། བཅུ་པ་བླ་མའི་བཀའ་ལ་ཉན་པ། བཅུ་གཅིག་པ་དབང་ཐོབ་མ་ཐོབ་ཀྱི་སྐྱོན་ཡོན་ནོ། །དང་པོ་ནི། དར་དམར་པོ་ལ་རྡོ་རྗེ་དཀར་པོ་མིག་མང་རིས་སུ་བྲིས་པ་རེས། གདོང་གཡོག་བཅིང་པའི་མོས་པ་གྱིས། །ཅེས་བརྗོད་ལ་དར་དམར་པོའི་གདོང་གཡོག་བཅིང་བའོ། །གཉིས་པ་མེ་ཏོག་གི་ཕྲེང་བ་འཛིན་ལ། ཨུ་དུམ་ཝ་རིའི་མ་དྷ་ལ། །ཡུང་དུ་དང་ནི་མ་ཀི་ཏ། །ཀ་ནི་ཀ་ཡི་ཕྲེང་བ་འདི། །ལེགས་པར་ལོང་ལ་བུས་ཟུང་ཞིག །ༀ་བཛྲ་ཨ་འདི་ཏི་ཤ་ཧཱུྃ། གསུམ་པ་གསོལ་བ་གདབ་པ་ནི། སློབ་མས་གསོལ་བ་གདབ་པ། ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ། སྙམ་པའི་མོས་པ་གྱིས་ལ་ངའི་རྗེས་ཟློས་མཛོད། །འགྲོ་བའི་བླ་མ་སྟོན་པ་པོ། །སྡུག་བསྔལ་རྒྱ་མཚོ་བྱིང་བ་ལས། །མགོན་པོ་ཁྱོད་ནི་དཔལ་དུ་བྱོན། །དེང་འདིར་བཀའ་དྲིན་གནང་དུ་གསོལ། །ཅེས་ལན་གསུམ་བརྗོད། བཞི་པ་ཡེ་ཤེས་དབབ་པ་ལ། སློབ་དཔོན་གྱིས་འདི་སྐད་དུ། འོ་ན་ཐུགས་ལ་ཅི་ལྟ་བ་བཞིན་དུ་བཞག་པར་ཞུ། སློབ་བུ་རྗེས་སུ་འཇུག་པའི་ཕྱིར། བདུད་ཀྱི་གཅོད་ཡུལ་ངོ་སྤྲོད་འདེབས་པའི་སྔོན་དུ་རྒྱུའི་སྣོད་དུ་རུང་བའི་ཕྱིར། དབང་བསྐུར་བའི་ཐོག་མར་ཡེ་ཤེས་དབབ་པ་ནི། འདི་ལྟར་དུ་བསྒོམ་ཅིག །སྟེང་གི་ནམ་མཁའ་ལ་མ་ཅིག་ལབ་ཀྱི་སྒྲོན་མ་བརྒྱུད་པའི་བླ་མ་རྣམས་དང་ཐ་དད་མེད་པར། སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། ཐོད་རློན་གྱིས་དོ་ཤལ་བྱས་པ། གཡས་པས་གསེར་གྱི་ཌཱ་མ་རུ་སྟོང་གསུམ་ཁྱབ་པར་དཀྲོལ་ནས། གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀྲོལ་བ། མཆན་ཁུང་དུ་ཁ་ཏྲཾ་ག་བསྣམས་པ། ཞབས་གཡོན་བརྐྱང་པས་རོ་ཡི་སྙིང་གནོན་པ། གཡས་བསྐུམ་པ་རྟིང་པའི་བླ་ལ་གཏད་པ། ཁམས་གསུམ་ཟིལ་གྱིས་གནོན་ནུས་པའི་བདག་ཉིད་དོ། །འཁོར་དུ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ། ལ་ལས་རྡོ་རྗེའི་གླུ་ལེན། ལ་ལས་རྡོ་རྗེའི་གར་བྱེད། ལ་ལས་རྡོ་རྗེའི་བྲོ་འཁྲབ་པའི་དབུས་ནས་མ་ཅིག་སྤྱན་གསུམ་སྟེང་གིས་ནམ་མཁའ་ལ་གཟིགས་པ། གར་ཐབ་ལིང་ལིང་བྱེད་ཅིང་བྲོ་འཁྲབ་པའི་ལུགས་བཞིན་བསྒོམ། མོས་གུས་ཏོང་ཏོང་བྱེད་ལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ལ་ༀ་ཨཱཿཧཱུྃ་གསུམ་བྱུང་ནས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིབ་པར་བསྒོམ་མཛོད་ལ། ཌཱ་རུ་དང་དྲིལ་བུ་འཁྲོལ་ལ་སྤོས་བསྲེགས་བརྒྱུད་པའི་གསོལ་འདེབས་བྱེད་ཚར་ནས། སྤྱི་བོ་ནས་དེ་རྣམས་མར་བྱོན་ནས་སློབ་མ་རྣམས་ཀྱི་སྤྱི་བོར་ཐིམ་པས་སློབ་མའི་ལུས་ངག་ཡིད་གསུམ་ལ་ཟག་མེད་ཀྱི་བདེ་བས་ལྟེམ་ལྟེམ་སྐྱེས་པར་བསྒོམ་མོ། །རྫས་རྒོད་གུ་གུལ་དུད་པས་བདུག་གོ། །འོ་དེ་ལྟར་བྱས་པས་སྐུ་ཕེབ་ན་གར་བྱེད་པ་འཁྲབ་ཅིང་ཕྱག་རྒྱ་བསྒྱུར་བའོ། །གསུང་ཕེབ་ན་སྔགས་བཟླ་བའོ། །རྒྱ་གར་སྐད་དང་ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཏུ་འོང་། ཐུགས་ཕེབ་ན་གསལ་སྟོང་འཛིན་མེད་ཀྱིས་ཉམས་སུ་ལེན་པ་འཆར། བློ་བདེ་འབོལ་ལེ་བ་འོང་། ཉམས་དགའ་ཡ་ལེ་བར་འོང་ངོ་། །ལྔ་པ་མེ་ཏོག་འབུལ་བ་ནི། སྔོན་གྱི་ཡི་དམ་གྱི་ལྷ་གང་ཡིན་པ་དེ་ལ་མེ་ཏོག་ཕྲེང་བ་ཕོག་པར་གྱུར་ཅིག །སྙམ་པའི་མོས་པ་གྱིས་ལ་ངའི་རྗེས་ཟློས་མཛད། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་རྗེ་བརྩེར་དགོངས་ནས། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །ༀ་པྲ་ཏི་ཛ་བཛྲ་ས་མ་ཡ་ཧོ། བརྗོད་ལ་མེ་ཏོག་དཀྱིལ་འཁོར་ལ་གཏོར་རོ། །དྲུག་པ་སྔགས་ཕྲེང་གཏད་པ་ནི། ལྷ་ཚོགས་ཀྱི་སྔགས་ཕྲེང་དུ་བྱིན་གྱིས་བརླབ་ནས། སློབ་མ་རང་ལ་གནང་བར་བསམ། མེ་ཏོག་རིན་ཆེན་ལ་སོགས་ཏེ། །གང་ལ་ཕོགས་པར་རིགས་ཀྱི་ལྷ། །གཙོ་བའི་རིགས་དེ་འགྲུབ་ནས་ནི། །དངོས་གྲུབ་བྱུང་སྟེ་ཐེ་ཚོམ་མེད། །ༀ་པྲ་ཏི་གྷྲི་རྣ་ཧཱུྃ། བདུན་པ་སྤྱན་དར་དབྱེ་བ་ནི། མ་རིགས་པའི་ལིང་ཏོག་དང་སྤྱན་དར། ལྷན་ཅིག་ཏུ་བསལ་སྙམ་པའི་མོས་པ་མཛོད། རྡོ་རྗེ་མཁའ་འགྲོ་དེང་ཁྱོད་ཀྱིས། །མིག་འབྱེད་པ་ནི་བརྩོན་པར་མཛོད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་ཙཀྵུ་པྲ་ཝེ་ཤ་ཡ་ཧཱུྃཿ སྤྱན་དར་བླང་ལ། མིག་དང་མི་ཤེས་པའི་རབ་རིབ་བསལ་བར་བསམ། བརྒྱད་པ་དཀྱིལ་འཁོར་བསྟན་པ་ནི། ད་ཁྱེད་རང་རྣམས་སྔོན་མ་མཐོང་བའི་དཀྱིལ་འཁོར་བཟང་མཐོང་སྙམས་པའི་མོས་པ་གྱིས། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེ། །ཁྱེད་ནི་སངས་རྒྱས་དངོས་གྲུབ་ཐོབ། །དཀྱིལ་འཁོར་ཁ་དོག་ཅི་འདྲ་དྲི་དོན་བཤད་དོ། །དགུ་པ་དམ་ཆུ་བླུད་པ་ནི། གཅོད་ཀྱི་གཞུང་དུ་བཤད་པ་བཞིན་དུ། དམ་ཚིག་དང་སྡོམ་པ་བསྲུང་སྙམ་པའི་མོས་པ་གྱིས། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ནས་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེའི་བདུད་རྩི་ཆུ་འདི་འགྲུབ། །ༀ་བཛྲ་པཉྩ་ཨ་མྲྀ་ཏ་ཨུ་ཏྲ་ཀ་ཐཱ་ཐཱ། བཅུ་པ་བླ་མའི་བཀའ་ཉན་པའི་སྒོ་ནས། དམ་བཞག་པ་ནི། བླ་མས་ཅི་ལྟར་གསུངས་པ་བཞིན་དུ་བཀའ་དང་དམ་ཚིག་ལ་མི་འདའ་སྙམ་པའི་མོས་པ་གྱིས། རྡོ་རྗེ་སྤྱི་བོར་བཞག་ལ། དུས་འདི་ཉིད་ལ་ཁྱོད་ཉིད་ཀྱིས། །མཁའ་འགྲོ་སྡེ་ལྔ་ང་ཡིན་གྱིས། །ང་ཡི་ཅི་ལྟར་བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་གྱིས། །གང་ཡང་ང་ལ་བརྙས་པ་མིན། །དེ་བཞིན་མོས་པ་མ་བྱས་ན། །བདུད་ཀྱིས་བཅོམ་ནས་དམྱལ་བར་འགྲོ། །དེ་བས་དམ་ཚིག་བུས་ཟུང་ཅིག །ཅེས་བརྗོད་དོ། །བཅུ་གཅིག་པ་དབང་ཐོབ་མ་ཐོབ་ཀྱིས་སྐྱོན་ཡོན་ལ་གཉིས་ཏེ། དང་པོ་མ་ཐོབ་པའི་ཉེས་དམིགས་ནི། སྣོད་དུ་མི་རུང་བས་གདམས་པ་གཅིག་ཉན་པ་ལ་མི་དབང་། སྐལ་བ་མེད་པས་ངོ་སྤྲོད་གདབ་ཏུ་མི་རུང་། རྗེས་གནང་བ་མེད་པས་ཉེ་དུ་མི་བཏུབ་བོ། །དཔལ་དུས་འཁོར་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བའི་མར་དང་འདྲ། །དེ་བས་དབང་བསྐུར་དམ་པ་ཡིན། །བར་དུ་འབད་མེད་བླང་བར་བྱས། །ཅེས་སོ། །གཉིས་པ་དབང་ཐོབ་པའི་ཕན་ཡོན་ནི། གནས་སྐབས་སུ་གདམ་པ་ཟབ་མོ་ཉན་པའི་སྣོད་དུ་རུང་བས། ནམ་མཁའ་གོ་འབྱེད་ཀྱིས་ངོ་སྤྲད་བཏབ་ཏུ་གཏུབ། མཐར་ཐུག་སྐུ་ལྔ་ཡེ་ཤེས་ལྔ། ཕྲིན་ལས་བཞིའི་ངོ་བོར་སངས་རྒྱས་པ་ཡིན་ཏེ། དཔལ་དེ་ཉིད་འདུས་པ་ལས། །ཡོངས་སུ་རྫོགས་པའི་དབང་ཐོབ་ནས། །སངས་རྒྱས་གོ་འཕང་རྒྱང་མི་རིང་། །ལག་ན་རིན་ཆེན་ཐོག་པའི་མིས། །ལོངས་སྤྱོད་རྒྱང་མི་རིང་བ་བཞིན། །ཅེས་སོ། །དེ་ཡན་ཆད་སྦྱོར་བའི་དབང་སོང་། སྤྱི་དོན་གཉིས་པ་དངོས་བཞིའི་རིམ་པ་ལ་བཞི་སྟེ། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་དབང་། ཚིག་དབང་ངོ་། །བུམ་དབང་ལ་བདུན་སྟེ། དང་པོ་རྡོ་རྗེ་མཁའ་འགྲོ་བུམ་པའི་དབང་ནི། མཎྜལ་འབུལ་ཞིང་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་ཅི་ལྟར་རྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །རྡོ་རྗེ་མཁའ་འགྲོ་བུམ་པའི་དབང་། །དེ་རིང་བདག་ལ་བསྐུར་དུ་གསོལ། །ཅེས་ལན་གསུམ་བརྗོད། དེ་ནས་སྤྲོས་པ་ལ་དགའ་ན། བཀྲ་ཤིས་ཀྱི་གླེང་བཞི་དང་། བཀྲ་ཤིས་དབང་སྤྱི་དང་མཐུན་པར་བརྗོད། མདུན་འདིར་མཎྜལ་གྱི་སྟེང་དུ། པདྨ་དམར་པོ་འདབ་མ་བཞི་བསམ། དབུས་ཀྱི་ལྟེ་བ་ལ་མ་ཅིག་ལབ་ཀྱི་སྒྲོན་མ། ངོ་བོ་བླ་མ་དང་དབྱེར་མེད་པ། རྣམ་པ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་གཅེར་བུ་མཐིང་ནག་དུར་ཁྲོད་ཀྱི་རྒྱན་དྲུག་གསོལ་བ། མི་མགོའི་དོ་ཤལ། ཐོད་པའི་དབུ་རྒྱན་མཛད་པ། ཕྱག་གཡས་ན་ཐོད་པ་བདུད་རྩིའི་བཀང་བ་བསྣམས་པ། མཆན་ཁུང་ན་ཁ་ཊྭཱྃ་ཁ་བསྣམས་པ། གདན་མི་རོའི་སྟེང་ན་བཞུགས་པ། ཞལ་ཅིག་ཕྱག་གཉིས་སྤྱན་གསུམ་པ། སྙན་ཆ་རུས་པའི་རྒྱན་འང་མིག་བཅུག་པ། ཞབས་གཡས་བསྐུམ་པའི་རྟིང་བ་བྷ་ག་ལ་གཏད་པ། གཡོན་བརྐྱང་པ། སྐུ་ལ་མེ་རི་དང་མེ་དཔུང་འབར་བ་གཅིག་བསམ། དེའི་ཤར་གྱི་པད་འདབ་ལ། སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་མོ། རྒྱན་ཆ་ལུག་གཙོ་མོ་དང་མཐུན་པར་བསྒོམ། ལྷོ་ཡི་པད་འདབ་ལ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་སེར་མོ། ནུབ་ཀྱི་པད་འདབ་ལ་པདྨ་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ། བྱང་གིས་པད་འདབ་ལ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་ལྗང་གུ། དེ་ཐམས་ཅད་ཕྱག་མཚན། ཆ་ལུགས་བཞུགས་ཚུལ་གཙོ་མོ་ལྟར་བསྒོམ། དེ་ནས་གཙོ་མོས་མ་པ་བདུད་རྩིའི་བཀང་པ་ཕྱག་ན་བསྣམས་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམ་ལ། ཞལ་ནས་འདི་སྐད་གསུང་པར་སྒོམ། བླ་མས་བུམ་པ་མགོ་ཐོག་ཏུ་བཟུང་ལ། རྡོ་རྗེ་མཁའ་འགྲོ་ཆུའི་དབང་། དེ་རིང་ཁྱོད་ལ་བསྐུར་བར་བྱ། སངས་རྒྱས་ཐུགས་ནི་རབ་བསྒྲུབ་ཕྱིར། རྡོ་རྗེ་མཁའ་འགྲོ་ཁྱེད་གྱུར་ཅིག །ༀ་བཛྲ་ཌཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུྃ། ཅེས་བརྗོད་པ་ནི། སློབ་དཔོན་གྱིས་ཀྱང་བརྗོད། ཏིང་ངེ་འཛིན་ནི་དབུས་ཀྱི་གཙོ་མོའི་བརྗོད་པར་བསྒོམ། ཁྱེད་རང་རྣམས་རྡོ་རྗེ་མཁའ་འགྲོ་མར་གྱུར་པར་བསྒོམ་ལ། སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཔའ་བོ་དཔའ་མོ་ཐམས་ཅད་ཀྱིས་བདུད་རྩིའི་ཆར་ཕབ། རོལ་མོའི་སྒྲ་སྒྲོགས། བཀྲ་ཤིས་ཀྱི་དབྱངས་ལེན། འདོད་ཡོན་གྱི་མཆོད་པ་འབུལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རླབས། མཆོག་ཐུན་མོང་གིས་དངོས་གྲུབ་ཐོབ་པར་སྒོམས་ཤིག །བུམ་ཆུ་བླུད་ནས། ཅི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། དབང་བསྐུར་བས་དྲི་མ་དག །ལུས་གང་དབང་ཐོབ། ཆུའི་ལྷག་མ་ཡར་སྤྱི་གཙུག་ཏུ་ལུད་པ་ལས། མི་སྤྱོད་པས་དབུ་བརྒྱན་པར་བསྒོམས་ཤིག །གྱིས་ལ། ཨརྒྷཾ་ལ་སོགས་ཀྱིས་མཆོད་ལ། རོལ་མོའི་སྒྲ་ཐུང་བ་ཅིག་བསྒྲགས་ཚར་བའི་རྗེས་སུ་བཤད་པ་ནི། དེའི་དག་པ་ནི། རྡོ་རྗེ་མཁའ་འགྲོ་ཆུའི་དབང་བསྐུར་བས། རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་ལྷ་ཚོགས་སུ་དག །ཉོན་མོངས་པ་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་གནས་པར་འགྱུར། འབྱུང་བ་ཆུའི་ངོ་བོ་ལྷ་མོ་མ་མ་ཀིའི་སྐུ་ཐོབ་པའི་བག་ཆགས་དང་། ས་བོན་རྒྱུད་ལ་བཞག་པའོ། །གཉིས་པ་རིན་ཆེན་མཁའ་འགྲོ་ཅོད་པན་གྱི་དབང་བསྐུར་ལ། དང་པོ་གསོལ་བ་གདབ་པ་ནི། ཀྱཻ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་ཅི་ལྟར་བཙལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱིས་ཕྱིར། །རིན་ཆེན་མཁའ་འགྲོ་ཅོད་པན་དབང་། །དེ་རིང་ཁྱོད་ལ་བསྐུར་དུ་གསོལ། །ཅེས་བརྗོད་དོ། །དེ་ནས་རིན་ཆེན་མཁའ་འགྲོ་ཅོད་པན་གྱིས་དབང་ནི། ལྷོ་ཕྱོགས་ཀྱི་པད་འདབ་ཀྱིས་སྟེང་ན་བཞུགས་པའི་རིན་ཆེན་མཁའ་འགྲོའི་རིགས་ལྔའི་དབུ་རྒྱན་གྱིས་ཁྱེད་རང་རྣམས་ཀྱིས་དབུ.ལ་བརྒྱན་པར་བསྒོམ་ལ། ཞལ་ནས་ཚིག་འདི་གསུངས་པར་བསྒོམ་ཞིག །རིན་ཆེན་མཁའ་འགྲོ་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བ་བྱ། །སངས་རྒྱས་ཡོན་ཏན་རབ་བསྒྲུབ་ཕྱིར། །རིན་ཆེན་མཁའ་འགྲོར་ཁྱོད་གྱུར་ཅིག །ༀ་རཏྣ་ཌཱཀྐི་ནི་ཨ་བྷི་ཥིཉྩ་ཨཱཿ ཚིག་དེ་སློབ་དཔོན་གྱིས་བརྗོད་ཀྱང་། ཏིང་ངེ་འཛིན་ནི་རིན་ཆེན་མཁའ་འགྲོའི་བརྗོད་པར་བསྒོམ་ལ། ཁྱེད་རང་རྣམས་རིན་ཆེན་མཁའ་འགྲོ་མར་གྱུར་པ་ལ། སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཔའ་བོ་ཐམས་ཅད་ཀྱིས་བདུད་རྩིའི་ཆར་ཕབ། རོལ་མོའི་སྒྲ་སྒྲོགས། བཀྲ་ཤིས་ཀྱི་དབྱངས་ལེན། འདོད་ཡོན་གྱི་མཆོད་པ་འབུལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རླབས། མཆོག་ཐུན་མོང་གིས་དངོས་གྲུབ་ཐོབ་པར་གྱུར་ཅིག །བུམ་ཆུ་བླུད་ནས། ཇི་ལྟར་བལྟམ་པ་ཙམ་གྱིས་ནི། ལྷ་རྣམས༴ ལྷའི་ཆུ༴ དེ་བཞིན༴ ༀ་ན་མ༴ དབང་བསྐུར་ནས་དྲི་མ་དག །ལུས་གང་། དབང་ཐོབ། ཆུའི་ལྷག་མ་སྤྱི་གཙུག་ཏུ་ལུད་པ་ལས། མི་བསྐྱོད་པས་དབུ་རྒྱན་པར་བསྒོམ་ཞིག །གྱིས་ལ། ཨརྒྷཾ་ལ་སོགས་ཀྱིས་མཆོད་ལ། རོལ་མོའི་སྒྲ་ཐུང་བ་གཅིག་བསྒྲགས་ཚར་ནས་དོན་བཤད་པ་ནི། དེའི་དག་པ་ནི། རིན་ཆེན་མཁའ་འགྲོའི་དབུ་རྒྱན་གྱིས་དབང་བསྐུར་བས། ཚོར་བའི་ཕུང་པོ་རིན་ཆེན་རིགས་ཀྱི་ལྷ་ཚོགས་སུ་དག །ཉོན་མོངས་པ་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་འགྱུར། འབྱུང་བ་སའི་ལྷ་མོ་སངས་རྒྱས་སྤྱན་མའི་དབང་ཐོབ་ཅིང་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པའོ། །གསུམ་པ་པདྨ་མཁའ་འགྲོའི་དབང་ལ། དང་པོ་གསོལ་བ་གདབ་པ་ནི། ཀྱཻ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། མཆོད༴ བདག་ཀྱང་༴ པདྨ་མཁའ་འགྲོ་རྡོ་རྗེའི་དབང་། །དེ་རིང་༴ ནུབ་ཕྱོགས་པད་འདབ་སྟེང་ན་བཞུགས་པའི་པདྨ་མཁའ་འགྲོས། གསེར་གྱི་རྡོ་རྗེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམ་ལ། ཞལ་ནས་གསུང་བར་བསྒོམ་ཞིག །པདྨ་མཁའ་འགྲོའི་རྡོ་རྗེའི་དབང་། །དེ་རིང་༴ སངས་རྒྱས་གསུང་ནི་རབ་བསྒྲུབ་ཕྱིར། །པདྨ་མཁའ་འགྲོར་ཁྱོད་གྱུར་ཅིག །པདྨ་ཌཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུྃ། ཚིག་དེ་སློབ་དཔོན་གྱིས་བརྗོད་ཀྱང་། ཏེང་ངེ་འཛིན་ནི་པདྨ་མཁའ་འགྲོས་བརྗོད་པར་བསྒོམ། ཁྱེད་རང་པདྨ་མཁའ་འགྲོར་གྱུར་པ་ལ། །སྟེང་གིས་ནམ་མཁའ་བརྒྱུད་པའི་བླ་མ་སོགས་འགྲེའོ། །དེས་དག་པ་ནི། པདྨ་མཁའ་འགྲོའི་རྡོ་རྗེའི་དབང་བསྐུར་བས། འདུ་ཤེས་ཀྱི་ཕུང་པོ་པདྨ་རིགས་ཀྱི་ལྷ་ཚོགས་སུ་དག །ཉོན་མོངས་པ་འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་གནས་པར་འགྱུར། འབྱུང་བ་མེའི་ལྷ་མོ་གོས་དཀར་མོའི་དབང་ཐོབ། བག་ཆགས་དང་ས་བོན་རྒྱུད་ལ་བཞག་པའོ། །བཞི་པ་ལས་ཀྱི་མཁའ་འགྲོའི་དྲིལ་བུའི་དབང་སྟེ། དང་པོ་གསོལ་བ་གདབ་པ་ནི། ཀྱཻ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད༴ བདག༴ ལས་ཀྱི་མཁའ་འགྲོའི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ༴ ཅེས་བརྗོད། དེ་ནས། བྱང་གི་པད་འདབ་སྟེང་ན་བཞུགས་པའི་ལས་ཀྱི་མཁའ་འགྲོའི་དངུལ་གྱི་དྲིལ་བུ་ཁྱོད་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམ་ལ། ཞལ་ནས་གསུང་ཚིག་གསུང་པའི་བསྒོམ་ཅིག །ལས་ཀྱི་མཁའ་འགྲོ་དྲིལ་བུའི་དབང་། དེ་རིང་ཁྱོད༴ སངས་རྒྱས་ཕྲིན་ལས་རབ་བསྒྲུབ་ཕྱིར། ལས་ཀྱི་མཁའ་འགྲོ་ཁྱོད་གྱུར་ཅིག །ༀ་ཀརྨ་ཌཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུྃ། ཚིག་དོན་སློབ་དཔོན་བརྗོད་ཀྱང་། ལས་ཀྱི་མཁའ་འགྲོས་བརྗོད་པར་བསམ། ཁྱེད་རང་རྣམས་ལས་ཀྱི་མཁའ་འགྲོ་མར་གྱུར་པར་བསྒོམ་ལ། སྟེང་གིས་ནམ་མཁའ་ཅེས་སོགས་གོང་གིས་འདྲེས་སོ། །དེས་དག་པ་ནི། ལས་ཀྱི་མཁའ་འགྲོའི་དྲིལ་བུའི་དབང་བསྐུར་བས། འདུ་བྱེད་ཀྱིས་ཕུང་པོ་ལས་ཀྱི་རིགས་ཀྱི་ལྷ་ཚོགས་སུ་དག །ཉོན་མོངས་པ་ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་དག་པར་གྱུར། འབྱུང་བ་རླུང་གིས་ལྷ་མོ་དམ་ཚིག་སྒྲོལ་མའི་དབང་ཐོབ་ཅིང་། བག་ཆགས་དང་ས་བོན་རྒྱུད་ལ་བཞག་པའོ། །ལྔ་པ་སངས་རྒྱས་མཁའ་འགྲོ་མིང་གི་དབང་ལ་དང་པོ། གསོལ་བ་གདབ་པ་ནི། ཀྱཻ། བྱང་ཆུབ་རྡོ་རྗེ༴ མཆོད༴ བདག་ཀྱང་༴ སངས་རྒྱས་མཁའ་འགྲོ་མིང་གིས་དབང་། །དེ་རིང་ཁྱོད་ལ༴ ཅེས་བརྗོད། ཤར་ཕྱོགས་ཀྱི་པད་འདབ་སྟེང་ན་བཞུགས་པའི་སངས་རྒྱས་མཁའ་འགྲོས། རྡོ་རྗེ་དྲིལ་བུ་ཁྱེད་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམ་ལ། ཞལ་ནས་གསུང་བར་སྒོམས་ཤིག །སངས་རྒྱས་མཁའ་འགྲོ་མིང་གིས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་བསྒྲུབ་ཕྱིར། །སངས་རྒྱས་མཁའ་འགྲོ་ཁྱོད་གྱུར་ཅིག །ༀ་བུདྡྷ་ཌཱཀྐི་ནི་ཧཱུྃ། གསང་མཚན་སྐབས་འདིར་བཏགས་ཀྱང་ཉན། མེད་ཀྱང་བཟོད། ཚིག་སློབ་དཔོན་གྱིས་བརྗོད་ཀྱང་། སངས་རྒྱས་མཁའ་འགྲོས་བརྗོད་པར་བསམ་ལ། སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ་རྣམས་དང་། ཅེས་སོགས་གོང་དང་འདྲ། དེའི་དག་པ་ནི། སངས་རྒྱས་མཁའ་འགྲོ་མིང་གི་དབང་བསྐུར་བས། གཟུགས་ཕུང་དེ་བཞིན་རིགས་ཀྱི་ལྷ་ཚོགས་སུ་དག །ཉོན་མོངས་པ་གཏི་མུག་ཆོས་ཀྱི་དབྱིངས་སུ་ཡེ་ཤེས་སུ་གནས་གྱུར་ཅིག །འབྱུང་བ་ལྷ་མོ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའི་དབང་ཐོབ་ཅིང་། བག་ཆགས་དང་ས་བོན་རྒྱུད་ལ་བཞག་པའོ། །དེ་རྣམས་ཀྱི་མ་རིག་པ་རིགས་ལྔར་བསྒྱུར་བས་རིག་པའི་དབང་ལྔའོ། །དྲུག་པ་གཙོ་མོའི་བདག་པོའི་དབང་ནི། མཎྜལ་འབུལ། གསོལ་བ་འདེབས་པའི་རྗེས་ཟློས་མཛོད་ཅིག །བླ་མའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །གཙོ་མོ་བདག་གིས་དབང་མཆོག་འདི། །བདག་ཅག་རྣམས་ལ་བསྐུར་དུ་གསོལ། །ཅེས་ལན་གསུམ་བརྗོད། འོ་མཁའ་འགྲོ་སྡེ་ལྔའི་ཐང་སྐུ་དང་། བསྒྲུབ་ཐབས་ཀྱི་དཔེ་དང་། མེ་ལོང་རྣམས་བླ་མས་སྤྱི་བོར་བཞག་པར་བསྒོམ་ལ། བྱས་ལ་ཚིག་འདི་བརྗོད། སངས་རྒྱས་ཀུན་གྱི་བྱིན་རླབས་པས། རྡོ་རྗེ་མཁའ་འགྲོ་སྐུ་གསུང་ཐུགས། བློ་ཆེན་ཁྱོད་ཀྱིས་བཟུང་བར་གྱིས། སངས་རྒྱས་རྣམས་དང་མཉམ་པར་འགྱུར་རོ། །ༀ་བཛྲ་ཌཱཀྐི་ནི་ཀ་ཡ་ཝཀ་ཙིཏྟ་དྷ་ར་ཧཱུྃ། དེས་དག་པ་ནི། གཙོ་མོའི་བདག་པོའི་དབང་ནི་ཐོབ་པ་ཡིན་པས། གཅོད་ཀྱི་སྐོར་ཉན་པ་དང་འཆང་བ་དང་། ཉམས་སུ་ལེན་པ་ལ་དབང་བར་བྱེད་དོ། །བདུན་པ་རྡོ་རྗེའི་སློབ་དཔོན་གྱི་དབང་ནི། སློབ་མས་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་གཅིག །ཁྱེད་ཞབས་པདྨའི་བཀའ་དྲིན་གྱིས། །བདག་ལ་རང་དང་གཞན་གྱི་དོན། །རྫོགས་ཕྱིར་རྡོ་རྗེ་སློབ་དཔོན་དབང་། །ཐུགས་རྗེའི་གཏེར་ཕྱེས་བདག་ལ་སྩོལ། །ཅེས་ལན་གསུམ་བརྗོད། ངས་ཁྱེད་རང་གིས་གཡས་རྡོ་རྗེ་གཏད། གཡོན་དུ་དྲིལ་བུ་གཏད། མགོ་རྒྱན་དབུ་ལ་བཀོན། མཆན་དུ་ཁ་ཊྭཱྃ་གཏད་པར་བསྒོམ་ཞིག །བྱས་ལ། རྡོ་རྗེ་མཁའ་འགྲོ་ལེགས་བྱིན་པའི། །རྡོ་རྗེ་སློབ་དཔོན་དབང་བསྐུར་སྟེ། རྡོ་རྗེ་འཛིན་པ་ཁྱེད་གྱུར་ཏོ། །སློབ་མ་ཡོངས་སུ་སྡུད་པར་གྱིས། །ༀ་བཛྲ་ཌཱཀྐི་ནི་མ་ཧཱ་གྷུ་རུ་ཧཱུྃ། དག་པ་ནི་སློབ་མའི་ཚོགས་སྡུད་ནས་གཞན་དོན་ལ་དབང་བ་ཡིན་ནོ། །དེ་བདུན་གྱིས་བུམ་དབང་སོང་། གཉིས་པ་གསང་བའི་དབང་བསྐུར་བ་ནི། མཎྜལ་འབུལ་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་ཅིག །བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས། །གསང་བའི་དབང་མཆོག་རིན་པོ་ཆེ། །བདག་ཅག་རྣམས་ལ་བསྐུར་དུ་གསོལ། །ལན་གཉིས་པ་དང་གསུམ་པའི་རྗེས་ཟློས་མཛོད་ཅིག །ཡང་འདི་ལྟར་དུ་བསྒོམ། ཕྱོགས་བཞིའི་མཁའ་འགྲོ་སྡེ་ལྔ། དབུས་ཀྱི་གཙོ་མོ་རྡོ་རྗེ་མཁའ་འགྲོ་མ་ལ་ཐིམ། ཁ་ཊྭཱྃ་ག་ཡབ་དུ་གྱུར་ནས་ཡབ་ཡུམ་གཉིས་སྙོམ་པར་ཞུགས་པས། ཐིག་ལེ་དཀར་དམར་གཙོ་མོའི་བྷ་གའི་ནང་དུ་བབ་སྟེ། ཚུར་འཕྲོས་པས་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བྱུང་བར་བསྒོམ་ཞིག །བྱས་ལ་ཚིག་འདི་བརྗོད། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཐབས་དང་ཤེས་རབ་གཉིས་མེད་པས། །གསང་བའི་གནས་ལ་ལེགས་བྱུང་བས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ༀ་ཤུ་ཏྲ་རག་ཏྲ་ཨ་མྲྀ་ཏ་ཧཱུྃ། དེ་ལྟར་བརྗོད་པས། སངས་རྒྱས་ཐམས་ཅད་ཐིག་ལེ་དཀར་དམར་གྱི་རྣམ་པར་ཞུ་ནས། རང་གིས་མགྲིན་པར་ཐིམ་པར་བསམ་པ་ནི་གསང་བའི་དབང་ངོ་། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། མཎྜལ་འབུལ། གསོལ་བ་གདབ་པའི་རྗེས་ཟློས་མཛོད་ཅིག །བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཤེས་རབ་ཡེ་ཤེས་དབང་མཆོག་ནི། །བདག་ཅག་རྣམས་ལ་བསྐུར་དུ་གསོལ། །ལན་གཉིས་པ་དང་གསུམ་པའི་རྗེས་ཟློས་མཛོད་ཅིག །རྗེ་བཙུན་མའི་ཙཀ་ལི་གཏད་ལ། འདི་ལྟར་བསྒོམ་མཛོད། གཙོ་མོ་ཕོ་བྲང་གི་དབུས་ནས་བྱོན་ཏེ། སྐྱེས་པ་རྣམས་ཀྱི་དོན་དུ་རྡོ་རྗེ་མཁའ་འགྲོར་གྱུར། བུད་མེད་རྣམས་ཀྱི་དོན་དུ་བཛྲ་ཧེ་རུ་ཀར་གྱུར་སྟེ། རང་རང་ལ་ཞལ་སྦྱོར་བར་སྒོམས་ཤིག །བྱས་ལ། སློབ་དཔོན་གྱིས་འདི་བརྗོད་ཅིག །སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །བདེ་ཆེན་ཐབས་དང་ཤེས་རབ་འདི། །ཁྱོད་ཀྱིས་རྟག་ཏུ་བརྟེན་གྱུར་ཅིག །སངས་རྒྱས་རྣམས་དང་མཉམ་པར་གྱུར། །ༀ་བཛྲ་མ་ཧཱ་སུ་ཀ་ཤུ་ཛྙཱ་ན་ཧཱུྃ། ཅེས་བརྗོད་པས་སྙོམ་པར་ཞུགས་པས། བདེ་སྟོང་དབྱེར་མེད་པའི་ཉམས་རྒྱུད་ལ་སྐྱེ་བར་བསྒོམ་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ནོ། །བཞི་པ་ཚིག་དབང་བསྐུར་བ་ནི། མཎྜལ་འབུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས། །བཞི་པ་ཚིག་དབང་རིན་པོ་ཆེ། །བདག་ཅག་རྣམས་ལ་བསྐུར་དུ་གསོལ། །ལན་གཉིས་པ་དང་གསུམ་པའི་རྗེས་ཟློས་མཛོད། ད་འདི་ལྟར་དུ་བསྒོམ། ཡུམ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དེ་རང་ལ་ཐིམ། དབང་བསྐུར་མཁན་པོ་སློབ་དཔོན་ཀྱང་རང་ལ་ཐིམ། རྟེན་སྣོད་བཅུད་ཐམས་ཅད་རང་བཞིན་འཇའ་ཡལ་བ་བཞིན་སྟོང་པ་ཉིད་དུ་སོང་། དབང་བསྐུར་མཁན་གྱི་སློབ་དཔོན། ལེན་པའི་སློབ་མ་དབང་རྫས་དང་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པར་བསྒོམ་ཅིག་བྱས་ལ། སློབ་དཔོན་གྱིས་ཚིག་འདི་བརྗོད། འདི་ལྟར་འདས་དང་བརྟན་གཡོའི་ཚོགས། །སྒྱུ་མ་ཆེན་པོ་རང་བཞིན་ཆེ། །ཐམས་ཅད་ཆོས་སྐུ་མཉམ་པ་ཉིད། །རིགས་ཀྱི་བུ་ཁྱོད་དབང་བསྐུར་རོ། །ༀ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧོ། ཅེས་བརྗོད་པས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་སེམས་ཀྱི་ཆོ་འཕྲུལ་དག་པ་གསུམ་གྱི་ངོ་བོ་དབྱེར་མེད་སྟོང་པ་རང་བཞིན་ཡིན་སྙམ་དུ་བསམ་མོ། །དེ་རྣམས་ནི་དབང་བཞི་གདན་ཐོག་གཅིག་ཏུ་བསྡུས་པའི་ཆོ་གའོ། །དེ་དངོས་གཞི་སོང་། སྤྱི་དོན་གསུམ་པ་རྗེས་ལ་གསུམ་སྟེ། ཡུམ་ཆེན་གྱི་གཏོར་དབང་དང་། མ་ཅིག་གི་གཏོར་དབང་དང་། དམ་པའི་གཏོར་དབང་ངོ་། །དང་པོ་མཎྜལ་འབུལ། གསོལ་བ་གདབ་པ་ནི། བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས། །གཏོར་མའི་དབང་ཆོག་དམ་པ་ནི། །བདག་ཅག་རྣམས་ལ་བསྐུར་དུ་གསོལ། །ཅེས་ལན་གསུམ་དབང་གཏོར་སློབ་མའི་སྤྱི་བོར་བཞག་ལ། འོ། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཏོར་མ་འདི་དང་ཐ་དད་མེད་པར་ཆོས་སྐུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུ་སངས་རྒྱས་དང་། བླ་མ་བརྒྱུད་པ་དང་བཅས་པས་བསྐོར་ནས་བཞུགས་པར་བསྒོམ་ལ། བརྒྱུད་པའི་གསོལ་འདེབས་བྱེད་ཚར་ནས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །མ་ཅིག་ལབ་སྒྲོན་མས་བྱིན་གྱིས༴ ཡུམ་ཆེན་མོ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་མས་བྱིན་གྱིས༴ ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །ཚར་ནས། ཆོས་སྐུ་ཡུམ་ཆེན་མོ་འཁོར་དང་བཅས་པ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་བསྒོམ་མཛོད། གཏོར་ཆུ་བླུད། མ་ཅིག་ལབ་སྒྲོན་གྱི་གཏོར་དབང་ནི། དབང་གཏོར་ལ་སྐྱེམས་མཆོད་བྱ། མཎྜལ་འབུལ་ལ་གསོལ་བ་གདབ་པ་ནི། བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས། །གཏོར་མའི་དབང་མཆོག་དམ་པ་འདི། །བདག་ཅག་རྣམས་ལ་བསྐུར་དུ་གསོལ། །ཅེས་ལན་གསུམ། སློབ་མའི་སྤྱི་བོར་གཏོར་མ་བཞག་ལ། འོ། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཏོར་མ་དང་ཐ་དད་མེད་པར་མ་ཅིག་སྐུ་མདོག་དཀར་མོ་གཞུང་ལྟར་བསྐྱེད་ལ། དེའི་ཕྱི་རོལ་ཤར་རྡོ་རྗེ་མཁའ་འགྲོ་ལ་རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར་བ། དེ་བཞིན་དུ་ལྷོ་རིན་ཆེན་མཁའ་འགྲོ་ལ༴ ནུབ་པདྨ་མཁའ་འགྲོ་ལ་པདྨ༴ བྱང་ལས་ཀྱི༴ ལས་ཀྱི༴ ཅེས་དེ་དང་། དེའི་ཕྱི་རོལ་དུ་ཤ་ཟའི་མཁའ་འགྲོ་དང་། འཇིག་རྟེན་མཁའ་འགྲོས་སྤྲིན་དཔུང་གཏིབ་པ་ལྟར་བསྒོམ། གསོལ་འདེབས་ལན་མོ་བྱེད་དུ་གཞུག །ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །ཞེས་སོགས། མཁའ་འགྲོ་འབུམ་བསྐུལ་ཚངས་བར་བྱེད། དེ་ནས་མ་ཅིག་འོད་དུ་ཞུ་ནས་གཏོར་ཆུ་བླུད་པའོ། །དམ་པའི་གཏོར་དབང་བྱེད་པ་ནི། གཏོར་ཆུ་བླུག་ལ། གཏོར་མ་མི་དམིགས་པ་ལས་པད་ཟླའི་སྟེང་དུ་དམ་པ་རྒྱ་གར་སྐུ་མདོག་སྨུག་ནག་སེང་ལྡེང་གིས་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ཌཱ་མ་རུ་དང་གཡོན་པས་མི་རྐང་གིས་གླིང་བུ་ཚག་ཚག་འབུད་པ། སྤྱན་ཁྲ་ཧྲིག་ཧྲིག་མཛད་པ། དེའི་སྤྱི་བོར་བཀའ་རྒྱུད་ཀྱི་བླ་མ་བཞུགས་པ། གཡས་སུ་དཔའ་བོ། གཡོན་དུ་མཁའ་འགྲོ་མདུན་དུ་དམ་ཅན། རྒྱབ་ཏུ་ཆོས་སྐྱོང་། སྐབས་ན་ཌཱཀྐི་མ་རྣམས་ཀྱིས་བསྐོར་བར་དམིགས་ལ། སློབ་མས་གསོལ་འདེབས་ཀྱི་ལན་མོ་བྱེད་ཅིང་། རྗེ་བླ་མ་རྣམས་ལ་སོགས་དམ་པའི་རྟག་བསྟོད་བྱེད་ཅིང་། དེ་ཚར་ནས། དམ་པ་འཁོར་དང་བཅས་པ་འོད་དུ་ཞུ་ནས། ཁྱེད་རང་རྣམས་ལ་ཐིམ་པར་བསྒོམ། །ཅེས་བརྗོད་ལ་གཏོར་ཆུ་བླུད། དེས་རྗེས་ཀྱི་བྱ་བ་སོང་། དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་དབང་བསྐུར་ཆོས་ཀྱི་གོ་འབྱེད་ཀུན་དགའ་འབུམ་པས་བྲིས་པའོ།། །།གཅོད་དབང་ནམ་མཁའ་གོ་འབྱེད་རྒྱས་སྤྲོས་ཅན་བཞུགས། ༀ་སྭཱ་སྟི། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བའི་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིན། །སྐྱེ་འགག་མཐའ་བྲལ་དེ་ལ་གུས་བཏུད་ནས། །འགྲོ་ལ་ཕན་ཕྱིར་སྐྱེ་མེད་གཅིག་ཆོད་ཀྱིས། །ཆོས་དབང་སེམས་ལ་བསྐུར་བ་བྲི་བར་བྱ། །དེ་ལ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་སྐྱེ་མེད་གཅིག་ཆོད་དུ་བསྟན་པ། བཀའ་བརྒྱུད་དོན་གྱི་མན་ངག །བཀའ་དངོས་ཀྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི། རྗེས་དང་གསུམ་མོ། །དང་པོ་ལ་བཅུ་གཉིས་སྟེ། མཎྜལ་དང་། མཆོད་གཏོར་བཤམ་པ་དང་། བགེགས་གཏོར་བཏང་ཞིང་བཟླས་པ་བྱ་བ་དང་། དམ་ཚིག་པ་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་དང་། མཆོད་ཡོན་འབུལ་བ། ཁྲུས་གསོལ་བ། གདན་འབུལ་བ། མཆོད་པ་བྱིན་གྱིས་རླབས་ཅིང་འབུལ་བ། བསྟོད་པ་བྱ་བ། སློབ་མའི་བློ་བཅོས་པ། སྐྱབས་འགྲོ་སེམས་བསྐྱེད་བྱེད་པ། ཡན་ལག་བརྒྱད་པ་བྱའོ། །དང་པོ་མཎྜལ་དང་མཆོད་གཏོར་བྱ་བ་ནི། གནས་ཤིང་གཅིག་གམ། དུར་ཁྲོད་དམ། བས་མཐའ་ལ་སོགས་བླ་གབ་མེད་པར། དབེན་པའི་གནས་སུ། བླ་རེ་དང་ཡོལ་བ་བྲེས་ནས། སྐུ་གསུང་ཐུགས་ཀྱིས་རྟེན་བཀྲམ། དེ་ལ་མཎྜལ་གྲུ་བཞི་ལ་བ་ཡི་རྣམ་ལྔས་བྱུག །ཐིག་གདབ་པདྨ་འདབ་བཅུ་ཕྱོགས་མཚོན་བྱ། ལྟེ་བ་སེར་པོ་གྲུ་ཆད་ལྗང་ཀུ་ཁྱམས་ཕྱོགས་མཚོན་བྱའོ། །དེ་ནས་པདྨའི་ལྟེ་བ་དང་འདབ་མ་ལ། མེ་ཏོག་ཚོམ་བུ་བཅུ་གཅིག་བཀོད། ཁྱམ་གྱི་ཕྱོགས་བཞིར་བཞི། གྲུ་ཆད་ལ་བཞི་སྟེ་བཅུ་དགུ་བཀོད། ལྷ་བཤོས་དང་གཏོར་མ་ལྷ་གྲངས་དང་མཉམ་པར་བཀོད། གཏོར་མ་བཟང་པོ་གཅིག་ལ། ཤ་དང་ཁུར་བ་ལ་སོགས་པའི་ཚོགས་རྫས་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་པདྨའི་ལྟེ་བར་སྟེག་གི་སྟེང་དུ་བཞག་གོ། །དེ་ལ་མཆོད་པ་འབྱོར་ཚད་ཀྱིས་བསྐོར་བར་བྱའོ། །གཉིས་པ་བགེགས་གཏོར་བཏང་ཞིང་བཟླས་པ་བྱ་བ་ནི། སློབ་མ་དུ་ཡོད་པའི་གྲངས་དང་མཉམ་པའི་གླུད་གཏོར་བྱས་ལ། ལན་ཆགས་ཀྱིས་མགྲོན་ལ་སྦྱིན་ལ་བཀའ་བསྒོ་བྱའོ། །སློབ་མ་རྣམས་ཀྱིས་བརྒྱད་སྟོང་ངམ། སྡུད་པ་འདོན། ཡུམ་གྱིས་བསྐྱེད་རིམས་བསྟན་ནས་ག་ཏེ་བཟླས་སུ་བཞུགས་ལ་ཆུ་གཏོར་བཏང་། དེས་ནི་དཔོན་སློབ་རྣམས་ལ་བར་ཆད་མི་འོང་བ་ཡིན་ནོ། །གསུངས་སོ། །གསུམ་པ་དམ་ཚིག་པ་བསྐྱེད་པ་ནི། མཎྜལ་མི་དམིགས་པ་ལས། རིན་ཆེན་སྣ་བཞི་ལས་གྲུབ་པའི་ཕོ་བྲང་གིས་དབུས་སུ། པདྨའི་སྡོང་པོ་ཆེན་པོ་ཡལ་ག་ལོ་འདབ་རྒྱས་པ། ནམ་མཁའ་ཐམས་ཅད་ཁེངས་པར་བསམ། དེའི་དབུས་སུ་པདྨ་འདབ་མ་བཅུའི་ལྟེ་བ་ལ། སེངྒེ་དང་པད་ཟླའི་སྟེང་དུ་ཡུམ་ཆེན་མོ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་མ། སྐུ་མདོག་གསེར་གཙོ་མ་ལྟ་བུ་ཞལ་གཅིག་ཕྱག་བཞི་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་དུ་བཞུགས་པ། གཡས་དང་པོ་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། འོག་མ་ཤེས་རབ་ཀྱི་རལ་གྲི། གཡོན་དང་པོ་མཉམ་བཞུགས། འོག་མ་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་པོ་ཏི་བསྣམས་པ། ལང་ཚོ་དར་ལ་བབ་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །འོད་ཀྱིས་རང་བཞིན་ཅན། ཉི་མ་འབུམ་གྱི་གཟི་བརྗིད་ཅན་དུ་བསྒོམ། དེའི་གཡས་སུ་མར་མེ་མཛད་ལ་སོགས་པའི་སངས་རྒྱས་རྣམས་བསམ། གཡོན་དུ་བྱམས་པ་ལ་སོགས་པའི་མ་བྱོན་པའི་སངས་རྒྱས་རྣམས་བསམ། སྟེང་གི་ནམ་མཁར་ཤཱཀྱ་ཐུབ་པ་ལ་སོགས་ད་ལྟར་བཞུགས་པའི་སངས་རྒྱས་རྣམས་དང་། བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་མབཞུགས་པར་བསམ། དེ་ནས་ཤར་ཕྱོགས་ཀྱིས་འདབ་མ་ལ་ཐུགས་ལས་འཁྲུངས་པའི་སྲས་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་མཆོག་འབྱུང་གནས་བཞུགས་པར་བསམ། དེ་བཞིན་དུ་ལྷོར་མྱ་ངན་མེད་པའི་དཔལ། ནུབ་ཏུ་རིན་ཆེན་འོད་འཕྲོ། བྱང་དུ་རྒྱལ་བའི་དབང་པོ། བྱང་ཤར་དུ་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ། ལྷོ་ནུབ་ཏུ་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ། ནུབ་བྱང་དུ་གདུག་དམ་པའི་དཔལ། ཡང་ཤར་གྱི་འདབ་མ་ལ་དགའ་བའི་དཔལ། ནུབ་ཀྱིས་འདབ་མ་ལ་པདྨའི་དཔལ་བཞུགས་པར་བསམ། དེ་དག་ཀྱང་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། སྤྲུལ་སྐུའི་ཆ་ལུགས་སྐུ་མདོག་མ་ངེས་སོ། །རང་རང་གིས་འཁོར་གྱིས་བསྐོར་བར་བསམ། པདྨའི་ཡལ་ག་ཕྲ་མོ་རྣམས་གྱེས་པ་ལ། ལྷའི་བུ་དང་བུ་མོ་རྣམས་ཀྱི་མེ་ཏོག་གི་ཆར་འབེབས་པ། སྤོས་ཀྱི་དུད་པ་འཐུལ་པ། ལ་ལས་ཕེག་རྡོབ་པ། དུང་འབུད་པ་དང་། གླུའི་མཆོད་པ་འབུལ་བ་ལ་སོགས་པ་དཔག་ཏུ་མེད་པར་བསམ། པད་འདབ་བཅུའི་འོག་གིས་འདབ་མ་ལ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཀུན་དགའ་བོ་ལ་སོགས་ཉན་ཐོས་དཔག་ཏུ་མེད་པ་རྣམས་ཀྱང་བཞུགས་པར་བསམ། དེའི་འོག་གིས་པད་འདབ་རྣམས་ལ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་པ་རྣམས་ཡུམ་ལ་འདུད་པའི་ཚུལ་དུ་བསམ། གྲུ་ཆད་ལ་མཆོད་པའི་ལྷ་མོ་རྣམས་བསམ། འཁྱམས་ཀྱི་ཕྱོགས་བཞིར། ཤར་དུ་འཕགས་སྐྱེས་པོ་དཀར་པོ། ལྷོར་ཡུལ་འཁོར་སྲུང་སེར་པོ། ནུབ་ཏུ་སྤྱན་མི་བཟང་དམར་པོ། བྱང་དུ་རྣམ་ཐོས་སྲས་ལྗང་གུ། དེ་རྣམས་ཀྱང་རང་རང་གིས་འཁོར་དཔག་ཏུ་མེད་པས་བསྐོར་ནས། མཆོད་པ་དཔག་ཏུ་མེད་པ་འབུལ་ནས་བསྟན་པ་བསྲུང་བར་བསམ། དེ་ལྟར་གནས་དེ་ཉིད་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་བལྟ་བར་བྱའོ། །བཞི་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། རང་གིས་སྙིང་ཁ་ནས་འོད་འཕྲོས་པས། ཡུམ་ཆེན་མོ་འཁོར་དང་བཅས་པ་སྤྱན་འདྲེན་པར་བྱ་སྟེ། མ་ལུས་སེམས་ཅན་ཀུན་གྱིས་མགོན་གྱུར་ཅིག །བདུད་སྡེ་དཔུང་བཅས་མི་བཟད་འཇོམ་མཛད་ལྷ། །དངོས་རྣམས་མ་ལུས་ཅི་བཞིན་མཁྱེན་གྱུར་པས། །ཡུམ་ཆེན་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཐུགས་ལས་སྐྱེས་པའི་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཉན་ཐོས་ཚོགས་རྣམས་དང་། །ཚངས་པ་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི། །བསྟན་པ་སྲུང་མཛད་འཁོར་བཅས་གཤེགས་སུ་གསོལ། །ཨེ་ཧྱ་ཧི་བྷ་གྷ་ཝན་མ་ཧཱ་ཀ་རུ་ནི་ཀ་ཏྲི་ཤ་ས་པ་རི་ཝ་ར་ས་མ་ཡ་སྟྭཾ། བཛྲ་ས་མ་ཡ་ཛ་ཛཿ ཅེས་པས་སྤྱན་འདྲེན་ལ། དམ་ཚིག་པ་ལ་བསྟིམ། ལྔ་པ་མཆོད་ཡོན་འབུལ་བ་ནི། ཡུམ་ཆེན་འདིར་ནི་བྱོན་པ་ལེགས། །བདག་བསོད་ནམས་སྐལ་བར་ལྡན། །བདག་གིས་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་ག་ག་ན་པུ་ཙ་མེ་ག་ས་མ་ཡེ་ཧཱུྃ། ཅེས་པས་ལྷ་མོ་མཆོད་ཡོན་ཐོག་པ་མང་པོས་འབུལ། དྲུག་པ་སྐུ་ཁྲུས་གསོལ་བ་ནི། ཅི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷའི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་པྲ་བྷི་སད་ཀ་ར་པྲ་ཏི་ཛ་ཧཱུྃ། ཞེས་ལྷ་མོས་བུམ་ཆུ་ཐོག་པས་ཁྲུས་གསོལ། བདུན་པ་གདན་འབུལ་བ་ནི། སེངྒེ་པདྨའི་གདན་སྟེང་དུ། །ཡུམ་ཆེན་བདག་ལ་བརྩེ་དགོངས་སྟེ། །ཅི་སྲིད་མཆོད་པ་བདག་བགྱིས་པ། །དེ་སྲིད་ཡུམ་ཆེན་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟྭཾ། ཅེས་ཕུན་སུམ་ཚོགས་པའི་གདན་འབུལ་ལོ། །བརྒྱད་པ་མཆོད་པ་སྦྱིན་པ་བྱེད་ཅིང་འབུལ་བ་ནི། ག་ཏེའི་སྔགས་ལན་བདུན་བརྗོད་པས། མཆོད་རྫས་ཀྱི་ཉེས་སྐྱོན་དང་དྲི་མ་དག་ནས་གཙང་བར་བྱས་པར་བསམ། ༀ་ཨཱཿཧཱུྃ། ལན་བདུན་བརྗོད་པ། མཆོད་པ་རྣམས་ལྔས་འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པར་བསམ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཅི་སྙེད་ཡོད་པ་དང་། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་དགོངས་ཏེ་བཞུགས་སུ་གསོལ། །ༀ་ན་མ་སརྦ་ཏ་ཐ་ག་ཏ་ཨརྒྷཾ་པྲ་ཏི་ཙ་པུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ན་ས་མ་ཡེ་ཧཱུྃ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མེ་ཏོག་ཇི་སྙེད༴ ཡུམ་ཆེན༴ ཐུགས་རྗེ༴ པུཥྤེ་སོགས་དེ་བཞིན་དུ། བདུག་སྤོས། དྷུ་པེ༴ སྣང་གསལ༴ ཨ་ལོ་ཀེ༴ དྲི་མཆོག༴ གྷནྡྷེ༴ ཞལ་ཟས༴ ནེ་ཝེ་དྱེ༴ སྒྲ་སྙན༴ ཤཔྡ་སོགས་སྦྱར་ལ་སྤྲོས་པ་ལ་དགའ་ན། འདོད་ཡོན་ལྔ་རཏྣ་ལ་སོགས་པ་མཆོད་པར་བྱའོ། །ཡུམ་གཏོར་ནི་སྔར་གཏོར་མ་གཞན་དང་དུས་གཅིག །བྱིན་རླབས་བྱས་ལ། ག་ཏེའི་སྔགས་ཤམ་དུ་ཁ་ཧི་ཅེས་འབུལ་ལོ། །དགུ་པ་བསྟོད་པ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱི་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་བསྟོད། །བླ་མའི་གསུང་ནི་ཚངས་པའི་དབྱངས། །བདག་མེད་སེངྒེའི་སྒྲ་སྒྲོགས་ཤིང་། །མུ་སྟེག་ལོག་ལྟ་འཇོམས་མཛད་པའི། །བླ་མའི་གསུངས་ལ་ཕྱག་འཚལ་བསྟོད། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ཅན། །རྣམ་ཐར་གསུམ་ལ་ངེས་འབྱུང་བའི། །བླ་མའི་ཐུགས་ལ་ཕྱག་འཚལ་བསྟོད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །བལྟ་བས་མི་ངོམ་འགྲོ་བའི་དཔལ་དུ་ཤར། །ཞལ་གཅིག་ཕྱག་བཞི་གཙོ་མ་གསེར་གྱི་མདོག །རིན་ཆེན་རྒྱན་སྤྲས་རྡོ་རྗེའི་དཀྱིལ་ཀྲུང་བཞུགས། །རྒྱལ་བའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་རྣམ་དག་གསེར་གྱི་ས་གཞི་ལ། །རིན་ཆེན་རྣམ་པ་མང་པོ་གཅལ་དུ་བཀྲམ། །མེ་ཏོག་པུནྜ་རི་ཀ་ཆར་དུ་འབེབ། །ཡུམ་གྱུར་དགེ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཚོགས་གཉིས་ལས་འཁྲུངས་ཡིད་བཞིན་དཔག་བསམ་ཤིང་། །འགྲོ་བའི་རེ་སྐོང་གང་ལ་གང་འདུལ་གྱིས། །སེམས་ཅན་མ་ལུས་སྨིན་ཅིང་གྲོལ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བསྟོད། །སྟོང་ཉིད་བཅོ་བརྒྱད་ཆོས་ཀྱི་སྡོང་པོ་ལ། །ཚད་མེད་བཞིའི་ལོ་འདབ་རྒྱས་གྱུར་ཅིག །སྐྱེ་འགགས་མེད་པའི་འབྲས་བུ་སོ་སོར་སྨིན། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་བསྟོད། །དེ་ནས་ཚོགས་མཆོད་དང་གྲིབ་ཆོག་བྱ། བཅུ་པ་སློབ་མའི་བློ་བཅོས་པ་ནི། དལ་འབྱོར་རྙེད་དཀའ་ནས། འཆི་བ་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་རྣམས་བཤད་པར་བྱའོ། །བཅུ་གཅིག་པ་སྐྱབས་འགྲོ་སེམས་བསྐྱེད་ནི། སངས་རྒྱས་ཆོས་ཀྱི་སྐུ། ཆོས་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། དགེ་འདུན་དག་པའི་ས་ལ་གནས་པ་ལ་སྐྱབས་སུ་འགྲོ་སྟེ། རང་གི་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པར་འབུལ་ལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བཞག་ལ། རྗེས་ཟློས་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་དམ་པ་རྣམས་ཀྱི་མཆོག །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་བྲལ་བ་རྣམས་ཀྱི་མཆོག །དོན་དམ་པ་མྱ་ངན་ལས་འདས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །ས་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་དགེ་འདུན་པ་རྣམས་ལ་སྐྱབས་མཆིའོ། །ཅེས་ལན་གསུམ་བརྗོད། མེ་ཏོག་ལན་གཉིས་གཏོར་ལ། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་ལ། དེ་ནས་སེམས་བསྐྱེད་པ་ནི། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ། བདག་གིས་ལུས་དང་ལོངས་སྤྱོད་ཐམས་ཅད་སེམས་བསྐྱེད་པ་ཡོན་དུ་འབུལ་བར་བྱ་སྟེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། བདག་གིས་ལུས་དང་ལོངས་སྤྱོད་རྣམས། །ཕོང་པ་མེད་པར་བཏང་བར་བྱ། །དེ་ནི་མྱ་ངན་འདས་ལ་སྐྱེ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱ་སྟེ། དེའི་ཆེད་དུ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྙམས་དུ་བསམ་ནས། རྗེས་ཟློས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་འཁོར་བ་ཐོག་མ་མེད་པ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ། སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམ་པའི་རང་བཞིན་གྱིས་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཇི་ལྟར་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་ནས། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སེམས་བསྐྱེད་པར་བགྱི་སྟེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །དབུག་མ་དབྱུང་རྣམས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་བརྗོད་ལ་མེ་ཏོག་ལན་གསུམ་གཏོར། ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད་དོ། །དེ་ནས་ཡང་འཇུག་པ་སེམས་བསྐྱེད་པ་ནི། ལུས་ལོངས་སྤྱོད་ཕུལ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས། སེམས་ཅན་ཐམས་ཅད་ཀྱིས་དོན་དངོས་སུ་བྱ་སྙམས་ནས། རྗེས་ཟློས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུངས་ཏེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་མཐར་གྱིས་བསླབ་པ་དང་། མཐར་གྱིས་སྦྱངས་པ་དང་། མཐར་གྱིས་ནན་ཏན་ཏུ་སེམས་རྣམ་པར་བསྐྱེད་པར་བགྱིའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཐར་གྱིས་བསླབ་པ་དང་། མཐར་གྱིས་སྦྱངས་པ་དང་། མཐར་གྱིས་ནན་ཏན་དུ་སེམས་རབ་ཏུ་བསྐྱེད་པར་བགྱིའོ། །ཅེས་ལན་གསུམ་གྱིས་བརྗོད་དོ། །དེ་ལྟར་སེམས་བསྐྱེད་པ་དེ། ཁྱེད་རྣམས་བྱང་ཆུབ་སེམས་དཔའི་རིགས་སུ་གྱུར་ཏེ། རྒྱལ་བའི་ཡུམ་ལས་ཀྱང་། བྱང་ཆུབ་སེམས་དཔའི་ཁྱིམ་པའི་སྤྱོད་པ་དང་། རབ་ཏུ་བྱུང་བ་དང་ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་ཞེས་པའི་དོན་ཡིན་ནོ། །སེམས་བསྐྱེད་པ་དེས་སངས་རྒྱས་ཀྱི་རིགས་དང་། སྲས་ཀྱི་ཐུ་བོར་གྱུར་པ་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། དེང་འདིར་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པ་ཐོབ། །དེང་འདིར་སངས་རྒྱས་རིགས་སུ་སྐྱེ། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་གསུངས་སོ། །བཅུ་གཉིས་པ་ཡན་ལག་བརྒྱད་པ་བྱ་བ་ནི། ཚར་གཉིས་རྗེས་ཟློས་བྱ། ཚར་གཅིག་བཤད་པར་བྱའོ། །གཉིས་པ་དངོས་གཞི་ལ་བཞི་སྟེ། བཅའ་གཞི་གསུམ་གྱི་བཀའི་ཐོག་ཏུ་བཞག་པ་དང་། བཅོས་སླད་མེད་པར་རིག་པ་ངོས་བཟུང་བ་དང་། ཡེ་ཤེས་ལྔའི་དབང་བསྐུར་བ་དང་། ཚོགས་ལ་ལོངས་སྤྱོད་པའོ། །དང་པོ་བཅའ་གཞི་གསུམ་གྱིས་བཀའི་ཐོག་ཏུ་བཞག་པ་ནི། ཐོག་མར་ལོངས་སྤྱོད་དང་། དངོས་མེད་ཀྱི་མཆོད་པ་ཚོགས་ཚད་འབུལ་བར་བྱའོ། །ཨརྱ་དྷེ་བའི་ཞལ་ནས། དངོས་དང་དངོས་མེད་བློ་ལ་སྣང་བ་ཡི། །མཆོད་པ་རྒྱ་ཆེན་དག་ཀྱང་འབུལ་བར་བྱ། །ཞེས་གསུངས་སོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ་ཞིང་། བླ་མ་ལ་ལོངས་སྤྱོད་ཡོད་པའི་སུམ་ཆ་འབུལ་ལ། ཚོགས་རྫོགས་པར་བྱས་ཏེ། དེ་ལྟར་བྱས་ན། ནད་དང་གདོན་དང་སྡིག་སྒྲིབ་དག་ནས། སྟོང་ཉིད་ཡུམ་གྱི་དོན་རྒྱུད་ལ་སྐྱེས་ཏེ། མདོ་ཚིགས་སུ་བཅད་པ་ལས། ཇི་སྲིད་དགེ་བའི་རྩ་བར་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་རྟོགས་མི་འགྱུར། །ཅེས་གསུངས་པས། མཎྜལ་ཡང་གླིང་བཞི་བརྒྱན་པ་འབུལ། དེ་ནས་བཅའ་གཞི་ནི། ཡར་ལངས་ལ་རྐང་པ་གཤིབ་ལ། །ཐལ་མོ་སྤྱི་བོར་བཞག་ལ། རིག་པ་བསྒྲིམ་སྟེ། ངག་གིས་རླུང་གཉིས་ཁ་སྦྱར་ལ་བཟུང་ངོ་། །སེམས་ཀྱིས་རྐང་མཐིལ་དུ་རྣམ་པར་ཤེས་པ་བྱ་ངང་པའི་སྒོང་ང་ཙམ་འོད་ཀྱིས་རང་བཞིན་ཅན་དུ་བསམ། སྤྱི་གཙུག་ནས་གསང་གནས་བར་དུ་སྨྱུག་ཟམ་ལྟ་བུ་སྟོང་སང་ངེ་བ་ཅིག་བསྒོམ། སློབ་དཔོན་གྱིས་རོལ་མོའི་སྒྲ་སྒྲོགས་གུ་གུལ་གྱིས་བདུག །རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་བྱིན་གྱིས་རློབས་ཤིག །མ་ཅིག་ཇོ་མོ་ལབ་སྒྲོན་མས་བྱིན་གྱིས་རློབས་ཤིག །ཅེས་དྲག་ཏུ་བརྗོད་པས། རྐང་མཐིལ་གྱི་རྣམ་ཤེས་འཕུར་ལ་ཁད་པ་དེ། སྒྱིད་མོ་ཁུག་ནས་ཡར་ནར་གྱི་བྱུང་ནས། གསང་གནས་སུ་སླེབ་པ་དང་། འོད་ཀྱི་ལི་ལི་འདུག་པ་ལ་ཤེས་པ་གཏད། བྱིན་གྱིས་རློབས་ཤིག་གོང་དང་འདྲ། ཡར་ལྟེ་བར་བྱུང་བ་ལ་ཤེས་པ་གཏད། བྱིན་རློབ་ཅིག་གོང་དང་འདྲ། ཡར་ལྟེ་བར་བྱུང་བ་ལ་ཤེས་པ་གཏད། དེ་ན་སྙིང་གར་གཏད། དེ་ནས་མགྲིན་པ་དེ་ནས་སྤྱི་བོར་སླེབ་པ་དང་། དཀར་མོའི་ཐུགས་ཀར་ཐིམ། དཀར་མོ་དེ་འོད་འཇའ་བཞིན་དུ་ནམ་མཁའ་ལ་ཡལ། སོང་བ་དང་། ནམ་མཁའི་གར་ཁྱབ་རིག་པས་ཁྱབ་སྟེ། དབྱིངས་དང་རིག་པ་འདྲེས་པར་བསམ། དེ་ཡང་ཡུམ་ལས། སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནམ་མཁར་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཅེས་གསུངས་པའི་དོན་ནོ། །གཉིས་པ་བཅོས་སླད་མེད་པར་རིག་པ་ངོས་བཟུང་བ་ནི། མ་ཅིག་ལབ་སྒྲོན་མའི་ཞལ་ནས། གྲིམ་གྱིས་གྲིམ་ལ་ཀློད་ཀྱིས་ཀློད། །རིག་པའི་བཞག་ས་གཅིག་དེ་ན་གདའ། །མཐར་ཐུག་ལྟ་བ་ཅིག་དེ་ན་གདའ། །མཐར་ཐུག་གིས་སངས་རྒྱས་གཅིག་དེ་ན་གདའ། །ཞེས་གསུངས་པས། ལུས་ཀློད་རླུང་བཏང་ལ། སེམས་གསལ་སྟོང་འཛིན་མེད་བཅོས་སླད་མེད་པའི་ངང་ལ་བཞག་གོ། །གསུམ་པ་ཡེ་ཤེས་ལྔའི་དབང་བསྐུར་བ་ནི། བླ་མ་ལ་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། བླ་མ་ཡུམ་ཆེན་འཁོར་བཅས་ཀྱི། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །དུག་ལྔ་གདོན་ལྔ་གནས་དག་ཕྱིར། །ཡེ་ཤེས་ལྔའི་དབང་བསྐུར་གསོལ། །ཅེས་གསོལ་བ་ལན་གསུམ་གདབ་པ་དང་། གཏོར་མ་སློབ་མའི་སྤྱི་བོར་བཞག་ལ། གཏོར་མ་སློབ་མའི་སྤྱི་བོར་བཞག་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བསྒོམ། དེ་རང་གིས་རྒྱུད་ལ་ཐིམ་པས། གཏི་མུག་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བསྒོམ། དེ་བཞིན་དུ་གཏོར་མ་དཔྲལ་བར་བཞག་པས། མི་སྤྱོད་པ་རྒྱུད་ལ་ཐིམ་པས་ཞེ་སྡང་དག་ནས། མེ་ལོང་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ། རྣ་བ་གཡས་པར་བཞག་པས། རིན་འབྱུང་རྒྱུད་ལ་ཐིམ་ནས། ང་རྒྱལ་དག་ནས་མཉམ་ཉིད་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ། ལྟག་པར་བཞག་པས་སྣང་བ་མཐའ་ཡས་རྒྱུད་ལ་ཐིམ་པར་བསྒོམ། འདོད་ཆགས་དག་ནས་སོ་སོར་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ། རྣ་བར་གཡོན་པར་བཞག་པས། དོན་ཡོད་གྲུབ་པར་ཐིམ། ཕྲག་དོག་གནས་སུ་དག་ནས། བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བསྒོམ། དེ་ལྟར་དུག་ལྔ་དག་པས་དེ་བསྐྱེད་པའི་རླུང་རིག་ལྔ་འཁོར་དང་བཅས་པ་དག་ནས། ཡེ་ཤེས་ལྔ་ལས་གྲུབ་པའི་ལུགས་སུ་གྱུར་པར་བསྒོམ་པར་བྱའོ། །དེ་ནས་གཏོར་མ་དེ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་དང་བརྒྱུད་པའི་བླ་མས་བསྐོར་བར་བསམ་ལ། སྤྱི་གཙུག་ཏུ་བཞག་ལ། བདག་གིས་ནད་གདོན་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་དག་པར་མཛད་དུ་གསོལ། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བྱས་ནས་སློབ་མས་གསོལ་བ་གདབ་པར་བྱའོ། །སློབ་དཔོན་གྱིས། རྩ་བ་དང་རྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་བྱིན་གྱིས་རློབས་ཤིག །མ་ཅིག་ལབ་ཀྱི་སྒྲོན་མས་བྱིན་གྱིས་རློབས་ཤིག །ནད་གདོན་ཞི་བར་བྱིན་གྱིས་རློབས་ཤིག །རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སྤྱི་བོར་ནས་མར་ཐིམ་པར་བསམ་པ་དང་། ཡུམ་ཆེན་མོའི་བྱིན་རླབས་ཞུགས་ཏེ་ཡུམ་ཆེན་མོ་དང་དབྱེར་མེད་དུ་བསམ། ཐུན་མོང་མ་ཡིན་པའི་ཟབ་པའི་དབང་བཀའ་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ། །བཞི་པ་ཚོགས་ལ་ལོངས་སྤྱོད་པ་ནི། རྫས་ཀྱི་སྟེང་དུ་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཁ་དོག་ལྔ་བསམ་ལ་ཚོགས་ལ་ཐིམ་པས་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ། ཡང་། ༀ་ཨཱཿཧཱུྃ་བསམ་ནས། ག་དེ་བཟླས་པས། ཡི་གེ་གསུམ་འོད་དུ་ཞུ་ནས་སྐྱེ་མེད་ཀྱིས་བདུད་རྩིར་གྱུར་པར་བསམ་ལ། དེ་ནས་ཚོགས་ཕུད་གཏོར་མར་བཅུག་ལ། ལྷ་ཚོགས་རྣམས་དང་གཞི་བདག་དང་གནོད་སྦྱིན་ལ་ཕུལ་ལོ། །དེ་ནས། རང་གི་མགྲིན་པར་བརྒྱུད་པའི་བླ་མ། སྙིང་གར་ཡུམ་ཆེན་མོ། ལྟེ་བར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསམ་ནས། ཚོགས་ལ་ལོངས་སྤྱོད་པས་ཡེ་ཤེས་ཀྱི་བདུད་རྩི་གནས་གསུམ་གྱིས་ལྷ་ཚོགས་མཆོད་པས་མཉེས། མཆོག་ཐུན་མོང་གིས་དངོས་གྲུབ་ཐོབ་པར་བསམ། དེ་ནས་གསང་སྔགས་ཀྱི་ལྷ་ཚོགས་མ་ལ་བཀྲ་ཤིས་ལ་སོགས་བྱ། གསུམ་པ་རྗེས་ལ་བཞི་སྟེ། བཀྲ་ཤིས་བརྗོད་པ་དང་། གཟོད་པར་གསོལ་བ་དང་། གཤེགས་སུ་གསོལ་བ་དང་། བསྔོ་བ་བྱའོ། །དང་པོ་ནི། བཅོམ་ལྡན་ཐུབ་པར་སེམས་བསྐྱེད་ནས། །ལབ་སྒྲོན་བྱང་ཆུབ་མཆོག་ཐོབ་པའི། །སྐྱེ་འགྲོ་ཀུན་ལ་བཀྲ་ཤིས་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་བ་མེད་ལ་གཟུགས་སྐུར་ཤར། །འགྲོ་རྣམས་བདེ་ལ་བཀོད་པ་ཡི། །ཡུམ་ཆེན་ཕ་རོལ་ཕྱིན་མ་ཡི། །བཀྲ་ཤིས་དེས༴ ཚངས་དང་བརྒྱ་བྱིན་ལ་སོགས་བཞི། །མཆོད་པའི་ཚོགས་ཀྱི་རབ་ཏུ་མཆོད། །ཉིན་མཚན་ཀུན་ཏུ་སྲུང་མཛད་པའི། །བར་ཆད་མེད་པའི་བཀྲ་ཤིས་ཤོག །ཅེས་བརྗོད། གཉིས་པ་ནི། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །གཙོ་བོ་ནུས་པ་མ་མཆིས་དང་། །ལྷག་པ་དང་ནི་མ་ཚང་བ། །དེ་འདྲའི་བྱ་བ་གང་བྱས་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །གསུམ་པ་ནི། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཅེས་པས། ཡེ་ཤེས་པ་གཤེགས་སུ་གསོལ། །དམ་ཚིག་པ་རང་ལ་བསྡུ། གཏོར་མ་གཙང་སར་དོར། བཞི་པ་ནི། བདག་གིས་དགེ་བའི་རྩ་བ་དེས། །ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཅེས་བྱང་ཆུབ་ཆེན་པོར་བསྔོ་བར་བྱའོ། །ཡུམ་གྱུར་ཕ་རོལ་ཕྱིན་མ་འདི། །བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །རྒྱས་པར་འགྱུར་ཞེས་ལུང་བསྟན་ནས། །དོན་གཉིས་ཉམས་ལེན་དབང་གིས་བཀའ། །བཤེས་གཉེན་དམ་པས་གསོལ་བཏབ་ངོར། །བླ་མས་གསུང་བཞིན་ཡི་གེར་བཀོད། །དེ་ལ་ཡུམ་ཆེན་བཟོད་པར་གསོལ། །དགེ་དེས་བྱང་ཆུབ་མྱུར་ཐོབ་ཤོག །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྲུལ་པས་རྗེས་སུ་བཟུང་བའི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མཆོག་གི་དགེ་སློང་བརྩོན་འགྲུས་སེང་གེས་བླ་མའི་ཕྱག་ལེན་ལྟར་གཞན་ཕན་གྱིས་བློ་ཁོ་ནས། ཡི་གེར་བཀོད་པ་རྫོགས་སོ།། །།


previousདབང་བསྐུར་ཆོས་ཀྱི་སྒོ་འབྱེད།next