Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བར་དོའི་ཆོས་བཤད་བརྗོད་བདེར་སྤེལ
   
   
   
   
   
   
   
   
   
   
   
   
   
   
   


 
previousབར་དོའི་ཆོས་བཤད་བརྗོད་བདེར་སྤེལnext

བར་དོའི་ཆོས་བཤད་བརྗོད་བདེར་སྤེལ

བར་དོའི་ཆོས་བཤད་བརྗོད་བདེར་སྤེལ་བ་བཞུགས་སོ། །ༀ་མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཀུ་རུ་ཥཱ་མོ། རྣམ་འགྱུར་འཁོར་བའི་སྡུག་བསྔལ་ཉེས་བརྒྱའི་རི། །འཕོ་མེད་བདེ་ཆེན་རྡོ་རྗེས་རབ་བཅོམས་ནས། །རྣམ་གྲོལ་ལམ་བཟང་སྟོན་མཛད་བླ་མ་ལ། །ཕྱག་བྱས་བར་དོའི་ཆོས་བཤད་མདོ་ཙམ་སྤེལ། །དེ་ལ་འདིར་འཇིག་རྟེན་ཕ་རོལ་ཏུ་སོང་བའི་འགྲོ་བ་རྣམས་ངན་འགྲོའི་སྡུག་བསྔལ་ལས་སྐྱོབ་པའི་ཐབས་མཆོག་གནས་ལུང་གི་ཆོ་ག་དང་འབྲེལ་བར་བར་དོའི་ཆོས་བཤད་བྱེད་པར་སྤྲོ་ན། སྤྱིར་སྡུག་བསྔལ་ཆུའི་གཉེར་མ་དང་འདྲ་བར་གཅིག་རྗེས་གཅིག་ནོན་གྱིས་མནར་བའི་སེམས་ཅན་ཐམས་ཅད་དང་། སྒོས་དམིགས་ཡུལ་ཚེ་ལས་འདས་པས་གཙོས་བར་དོའི་འགྲོ་བ་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ལ། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་དེ་ཁོ་ན་ཉིད་རྟོགས་པའི་རྩལ་སྣང་དམིགས་པ་མེད་པའི་སྙིང་རྗེ་ཚད་མེད་པའི་རང་མདངས་སུ་ལངས་ཏེ་གདམས་ཡུལ་གྱི་གང་ཟག་གི་རྒྱུད་ཚོད་དང་བསྟུན་ནས་དེ་དང་དེར་འཚམས་པའི་གདམས་ངག་གི་ངོ་བོ་ཇི་ལྟར་སྟོན་ཚུལ་དང་། འཇིག་རྟེན་མཐུན་འཇུག་དང་འབྲེལ་བའི་ཞེས་དགོས་མི་དགོས་སོགས་ཚིག་ཟུར་བསྒྱུར་ཚུལ་རྣམས་ཀྱང་མ་འདྲེས་པར་སྐབས་མཚམས་ཕྱེད་པའི་སྒོ་ནས་གསལ་དག་སྙན་པའི་ཚིག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འོ། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སྐུ་གཤེགས་པ་མཚན་འདི་ཞེས་བྱ་བ་ཉིད་རང་གི་ན་བཟའ་བཞུགས་སྟན། ཞེས་སམ། ཚེ་ལས་འདས་པ་མིང་འདི་ཞེས་བྱ་བ་ཁྱོད་རང་གི་གོས་སྟན་ཞེས་བརྗོད་ནས། དྲི་མ་དང་བཅས་པ་འདི་ལ་བག་ཆགས་ཀྱི་རྟེན་འཆོས། མཚན་བྱང་ངམ་མིང་བྱང་འདི་ལ་རྣམ་ཤེས་ཀྱི་རྟེན་བཅས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་དྲག་པོ་དང་བཅས་པས། ཆོ་ག་དང་ངོ་སྤྲོད་མ་ཚར་གྱི་བར་དུ་རིག་པ་སེམས་ཀྱི་རང་སོ་གཟུང་ནས་ལྷན་ནེ་བག་ཕབ་ལ་ཐུགས་སམ་སེམས་གཞན་དུ་ཡེངས་པ་མེད་པར་རྩེ་གཅིག་ཏུ་ལེགས་པར་གསན་འཚལ་ལམ་ཉན་འཚལ། དེ་ཡང་སྔོན་བསོད་ནམས་ཁྱད་པར་ཅན་བསགས་པའི་མཐུ་ལས་ཡུལ་དབུས་དམ་པའི་ཆོས་དར་བའི་ས་ཕྱོགས་སུ་མི་ལུས་རིན་པོ་ཆེ་རྙེད། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ཀུན་གྱིས་བཀུར་བའི་གནས་དང་། འཇིག་རྟེན་གྱི་རྒྱན་དུ་འགྲོ་བ་ཞིག་ཡོད་ནའང་། ཞེས་སམ། ཆོས་པ་ཡིན་ན། མི་ལུས་རིན་པོ་རྙེད་བླ་མ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་གཟུང་དམ་པའི་ཆོས་ཀྱི་སྒོར་ཞུགས་བླ་ན་མེད་པའི་གདམས་ངག་ཕྱིན་ཅི་མ་ལོག་པར་མཁྱེན་པས་ཐར་ལམ་སྒྲུབ་པའི་མཐུན་རྐྱེན་དད་བརྩོན་སྙིང་སྟོབས་དང་ལྡན་པ་ཞིག་ཡོད་ནའང་། ཞེས་བརྗེས་ལ། སྤྱིར་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། འདུས་བྱས་མི་རྟག་པའི་རང་བཞིན་ཅན་དུ་གསུངས་པ་དེ་ཉིད་ད་རེས་ཁྱེད་ཀྱི་ཐོག་ཏུ་བབས་ཏེ་མདང་ཞག་འཇིག་རྟེན་ཕ་རོལ་ཏུ་ཐལ་གདའ། འོན་ཀྱང་འཇིག་རྟེན་ན་མི་སྲིད་པ་ཞིག་བྱུང་བ་མ་ཡིན་གྱི་འདུས་བྱས་ཐམས་ཅད་ཀྱི་མཚན་ཉིད་དེ་ལས་མ་འདས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་བ་བདེ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་བཞིན། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་ཀྱང་དེ་དང་འདྲ། །ཞེས་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེས་སྤྱིར་འདུས་བྱས་ཀྱི་ཆོས་མི་རྟག་པ་དང་། སྒོས་སྐྱེས་བུའི་ཚེ་མི་རྟག་པར། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་། མི་རྟག་པའི་ཚོམས་ལས། སྐྱེས་ནས་གང་ཞིག་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །འོན་ཏེ་ཐོས་སམ་ཐེ་ཚོམ་ཟ། །འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་ཡིན། །ཞེས་གསུངས། དེས་ན་གང་ལ་བསམས་ཀྱང་མི་རྟག་པ་སྟེ། ཕྱི་ཡུལ་སྣང་ལ་བལྟས་པས་ནམ་ཟླ་དུས་བཞིའི་འགྱུར་བ་མི་རྟག །ཉིིན་མཚན་ཡུད་ཙམ་འགྱུར་བས་སྐད་ཅིག་མི་རྟག །སྐྱེ་འཆི་རིམ་པར་བསམས་པས་བཤེས་མི་རྟག །ཚོང་ཁང་མགྲོན་པོ་བསམས་པས་འདུ་འབྲལ་མི་རྟག་པ་བཞིན་དུ། ཁྱོད་ཉིད་ཀྱང་སྔོན་གྱི་ལས་ཟད་པ་འཕྲལ་རྐྱེན་གྱིས་བསྐུལ་བས། ད་ལྟ་འཇིག་རྟེན་འདིའི་སྣང་བ་ལས་ནི་འདས། མིའི་ནང་ནས་ནི་ཤི་འཕོས། འཇིག་རྟེན་ཕྱི་མའི་སྲིད་པ་ནི་མ་བླངས་པས། བར་དོའི་སྲིད་པ་ཞེས་བྱ་བའི་སྐབས་དེར་སླེབས་པ་ཡིན། དེའི་ཚེ་ན་གལ་ཆེ་བ་བར་དོའི་གདམས་ངག་སྟེ། ཞེས་མཚམས་སྦྱར། བླ་མ་དགེ་བའི་བཤེས་གཉེན་ལྟ་བུ་ཡིན་ན། །དེ་རྣམས་མ་བརྗོད་པར་ཐོག་མ་ནས་འདི་སྐད་ཅེས། འོ་ལགས། འདི་ལྟར་ལྷག་པའི་བསམ་པ་རྣམ་པར་དག་པས་གདུལ་བྱའི་ཡུལ་ལ་ཉིད་ཀྱི་ཐུགས་རྗེའི་འཇུག་པ་བསྐུལ་བའི་སླད་དུ་ཅུང་ཟད་ཅིག་ཞུ་ཞིང་གསོལ་ན་ལེགས་པར་དགོངས་ཏེ་གསན་པར་ཞུ་འཚལ། དེ་ཡང་། རྒྱལ་ཚབ་མི་ཕམ་མགོན་པོས། འཕགས་པས་ན་དང་འཆི་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར། དམ་པ་རྣམས་ལ་ལས་ཀྱིས་འཆི་བ་མ་མཆིས་ནའང་། གདུལ་བྱ་རྟག་འཛིན་ཅན་རྣམས་མི་རྟག་པའི་ཆོས་ཀྱི་འདུལ་བའི་ཕྱིར་འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་སྟོན་པའང་ཐབས་ལ་མཁས་པའི་མཛད་པ་ལགས་པས་སྐབས་དེར་གཞན་སྟོབས་ཀྱི་གདམས་ངག་གསལ་འདེབས་ལ་རག་མ་ལས་ཀྱང་། འཇིག་རྟེན་མཐུན་འཇུག་དང་སྦྱར་ནས་བར་དོའི་ཆོས་ལས་བརྩམས་པའི་ཐུགས་དམ་བསྐུལ་བའི་གསལ་འདེབས་མདོ་ཙམ་ཞིག་ཞུ་བའི་དབང་དུ་བྱས་ན། ཞེས་མཚམས་སྦྱར་ལ། དེ་གཉིས་གང་ལྟར་ཡང་། དེ་ལ་བར་དོའི་སྤྱིའི་རྣམ་བཞག་མདོར་བསྟན་པ་དང་། སྐབས་དོན་བྱེ་བྲག་གི་རང་བཞིན་རྒྱས་པར་བསྟན་པ་གཉིས་མཆིས་པ་ལས། དེའི་དང་པོ་སྤྱིའི་རྣམ་བཞག་ལ་ཡང་། བར་དོའི་ངོ་བོ། བར་དོའི་སྒྲ་དོན། བར་དོའི་དབྱེ་བ། དབྱེ་བ་སོ་སོའི་ལམ་ཁྱེར་རྣམས་སུ་གནས་པ་ལས། དང་པོ་བར་དོའི་ངོ་བོ་དེ་གང་ཞེ་ན། གཞི་དབྱིངས་ཀ་དག་ལ་བར་དོ་མེད་དེ། དེ་ཉིད་ཆོས་གཞན་སྔ་ཕྱི་ལ་མ་ལྟོས་ཤིང་གང་གི་བར་ན་ཡང་འཇུག་མི་སྲིད་དེ། འཕོ་འགྱུར་སྣང་སྟོང་གི་མཐའ་ལས་འདས་པའི་ཕྱིར། དེ་ལྟར་ཡང་ཐལ་འགྱུར་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་གཞི་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །ཞེས་གསུངས་པས་ན། ནང་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་སྐུ་དང་ཡེ་ཤེས་སུ་སྣང་བའི་རང་གདངས་གཟུགས་སྐུ་གཉིས་ཀྱི་མཛད་པ་འཆར་བའི་རང་ངོའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་ཡིན་ལ། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བར་དོ་ཡིན་ཏེ། ནང་དབྱིངས་ཀ་དག་ལས་ཕྱིར་ཤར་ཞིང་། སླར་ཀ་དག་གི་དབྱིངས་སུ་ནུབ་དགོས་པས་གཤིས་ཀ་དག་གི་བར་ན་ཡོད་པའི་སེམས་པ་ས་བོན་དང་བཅས་པ་ནི་བར་དོའི་ངོ་བོ་ཡིན་ལ། གཉིས་པ་སྒྲ་དོན་ཡང་། གོང་འོག་སྔ་ཕྱི་གང་རུང་གི་བར་གྱི་ཆ་ལས་བཏགས་ཏེ། རང་བཞིན་དང་འཆི་ཁའི་བར་དོའི་དབང་དུ་བྱས་ན་སྔ་མས་འཕགས་ཤིང་ཕྱི་མ་མ་གྲུབ་པའི་བར་གྱི་ཆ་དང་། ཆོས་ཉིད་བར་དོ་དང་སྲིད་པ་བར་དོའི་དབང་དུ་བྱས་ན། མཛོད་ལས། འདི་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དོ་འབྱུང་དེའོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ། ཞེས་གསུངས་པ་ལྟར་འདི་ནས་འཕོས་ཏེ། ཕྱི་མའི་སྐྱེ་སྲིད་མ་གྲུབ་པའི་བར་དེ་སྲིད་པ་བར་དོ་ཞེས་གྲགས་སོ། །གསུམ་པ་བར་དོའི་དབྱེ་བ་ལ་བཞིར་གསུངས་ཏེ། རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པའི་བར་དོའོ། །དེ་ལྟར་ཡང་། ཐལ་འགྱུར་ལས། བར་དོའི་ཆོས་ཉིད་འདི་ལྟ་བུ། །རབ་ཏུ་གསང་བའི་ཆོས་ཉིད་བཤད། །དབྱེ་བ་རྣམ་པ་ཞི་དག་ལས། །ཞེས་གསུངས་ཤིང་། དེ་བཞིའི་སྣང་ལུགས་དང་ས་མཚམས་ཀྱང་། རང་བཞིན་གནས་པའི་བར་དོའི་སྣང་བ་ནི། ཕུང་པོ་ལྔ། ཁམས་དང་སྐྱེ་མཆེད་ལས་ཉོན་རྣམས་ཀྱིས་བཅིངས་པས། སྐུ་ལྔ། འོད་དང་ཁ་དོག །ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བ་རྣམས་རང་འགགས་ཏེ། སྣང་ཡུལ་ལ་འཛིན་པའི་སེམས་ཞེན་པས། འཁོར་བའི་འཁྲུལ་སྣང་ལ། རྟག་པ། བདེན་པ། བདེ་བ། མཚན་མར་འཛིན་པའི་ཕྱིན་ཅི་ལོག་བཞིའི་ཀློང་ན་རྟག་ཏུ་ལས་དང་བག་ཆགས་ལ་སྤྱོད་པ་ཡིན་ལ། ས་མཚམས་ནི། མའི་མངལ་ལས་ཐོན་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །འཆི་ཁ་བར་དོའི་སྣང་བ་ནི། ལུས་ཀྱི་འབྱུང་བ་འཁྲུགས་ཤིང་། སེམས་ཀྱི་བྱུང་ཚོར་སྟོར་བས་ལུས་སེམས་ཀྱི་ཐོག་ཏུ་སྡུག་བསྔལ་མྱོང་ཞིང་། ཚེ་འདིའི་སྣང་བ་ལ་ཆགས་པ་དང་། ཕྱི་མ་ངན་སོང་དུ་ལྷུངས་ཀྱི་དོགས་པ་སོགས་བེམ་རིག་འབྲལ་བའི་སྡུག་བསྔལ་ལ་གནས་པ་ཡིན་ཅིང་། ས་མཚམས་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །ཆོས་ཉིད་བར་དོའི་སྣང་བ་ནི། སྐུ་དང་ཡེ་ཤེས་ཀྱི་ཆོས་ཉིད། རང་བཞིན་བསམ་གཏན་གྱི་ཆོས་ཉིད། རང་སྣང་འོད་གསལ་གྱི་ཆོས་ཉིད་གསུམ་ལ་སྤྱོད་པ་ཡིན་ལ། ས་མཚམས་ནི། ནང་དབུགས་ཆད་ནས་འོད་གསལ་གྱི་སྣང་བ་ཤར་ཏེ། ལྷུན་གྲུབ་ཀྱི་སྣང་བ་མ་ནུབ་ཀྱི་བར་ཚུན་ཆད་དོ། །སྲིད་པ་བར་དོའི་སྣང་བ་ནི། ཡིད་ཀྱི་ལུས་དང་དྲི་ཙམ་གྱི་ཟས་ལ་བརྟེན་ཞིང་གནས་མེད་དུ་འཁྱམས་པ་ཡིན་ལ། ས་མཚམས་ནི། ལྷུན་གྲུབ་ཀྱི་སྣང་བ་ནུབ་ནས་ཕྱི་མའི་སྐྱེ་གནས་སུ་ཚུད་པ་ཚུན་ཆད་དོ། །བཞི་པ་དབྱེ་བ་སོ་སོའི་ལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་ཏེ། རང་བཞིན་གྱི་བར་དོ་ལ། ཤེས་བྱའི་གྲོས་ཐག་བཅད་པ། དཔེ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་སྟེ། དོན་བླ་མ་དམ་པ་ལ་བརྟེན་ནས། དེས་བསྟན་པའི་གདམས་ངག་ལ། དང་པོར་ཐོས་པས་བློ་སྦྱང་། བར་དུ་བསམ་པས་ཐག་བཅད། ཐ་མར་སྒོམ་པས་དོན་རྣལ་དུ་ཕབ་སྟེ། སྒྲོ་འདོགས་ཆོད་པར་བྱེད་པའོ། །འཆི་ཁ་མའི་བར་དོ་ལ། འོད་གསལ་གྱི་སྣང་བ་མི་གསལ་བ་གསལ་གདབ་པ་དཔེ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་ནི། སྔར་གོམས་པའི་གདམས་པ་རྣམས་སྐབས་འདིར་གསལ་འདེབས་པ་སྟེ། གོམས་པ་རབ་ཀྱིས་དབྱིངས་རིག་རང་སོ་ལ་འཇོག་པ། འབྲིང་གིས་འཕོ་བ་སྦྱང་བ། ཐ་མ་བླ་མའམ་མཆེད་གྲོགས་ལྟ་བུའི་གཞན་རྐྱེན་ལ་ལྟོས་པས་གསལ་འདེབས་པའོ། །ཆོས་ཉིད་བར་དོ་ལ། རང་སྣང་ལ་ཡིད་ཆེས་པས། དཔེ་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་རིག་པ་འོད་གསལ་གྱི་ཐིམ་ཚུལ་དང་རང་སྣང་གི་འཆར་ཚུལ། དབང་པོའི་གྲོལ་ཚུལ་དང་བཅས་པ་ཉམས་འོག་ཏུ་ཆུད་པས། ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདེང་ཆུབ་པའོ། །སྲིད་པ་བར་དོ་ལ། ལས་ཀྱི་འཕྲོ་མཐུད་པ། དཔེ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུ་ནི། བདེན་པ་མཐོང་བ་རྣམས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བར་བྱེད་ལ། སྔར་ཆོས་ལ་གོམས་པ་རྣམས་འཁྲུལ་སྣང་འཇིགས་སྐྲག་ཤར་བ་འཆད་འགྱུར་ལྟར་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་དུ་མཚམས་སྦྱོར་བར་བྱེད་པའོ། །དེ་དག་ཀྱང་དབང་པོའི་རིམ་པས་གྲོལ་ཚད་མུ་གསུམ་དུ་འགྱུར་བར་གསུངས་སོ། །གཉིས་པ་སྐབས་དོན་བྱེ་བྲག་གི་རང་བཞིན་རྒྱས་པར་བསྟན་པ་ནི། འདིར་བར་དོ་ཕྱི་མ་གསུམ་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། དེ་ལ་ལུས་ཅན་རྣམས་འཆི་འཕོ་བའི་ཚེ། ལུས་ཀྱི་ཆུ་མེ་རླུང་གསུམ་འཁྲུགས་པས་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཚེ་སྲོག་གཅོད་པ་ཡིན་ལ། དེ་ཡང་རྟེན་ཐིམ་པ་ན་བརྟེན་པ་ངེས་པར་ཐིམ་པ་ཡིན་པས། མན་ངག་རྣམས་སུ་ཁམས་ཐིམ་ཚུལ་ཙམ་རེ་གསུངས་པ་མང་ཡང་། ཇི་སྐད་དུ། སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡི། །རང་བཞིན་གྱི་ནི་འོད་གསལ་འཆར། །ཞེས་གསུངས་པ་ལྟར། འདིར་ཕྲ་རགས་ཀྱི་ཐིམ་ལུགས་སོགས་རྒྱས་པའི་ཕྱོགས་ནས་འཆད་པའི་དབང་དུ་བྱས་ན། ཐོག་མར་རགས་པའི་རང་བཞིན་ཉི་ཤུ་ཐིམ་པར་འགྱུར་ཏེ། དེ་ཡང་རྣམ་སྣང་གི་རིགས། གཟུགས་ཕུང་པོ་འོད་གསལ་དུ་འཇུག་པའི་རྟགས་སུ་ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམས་ཞན་ཞིང་ནུས་པ་མེད་པར་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། སའི་ཁམས་ཐིམ་པས་ཐམས་ཅད་བསྐམ་པར་འགྱུར། མིག་གི་དབང་པོ་ཐིམ་པས་མིག་མི་འགྱུར་ཞིང་ཟུམ་པར་འགྱུར། ཡུལ་གྱི་གཟུགས་ཐིམ་པས་ལུས་ཀྱི་མདངས་མེད་པས་ཉམས་སྨད་པར་འགྱུར་ཏེ། དེ་ལྟར་རྣམ་སྣང་གི་རིགས་རྣམས་དོན་དམ་པར་འཇུག་པའོ། །དེ་ནས་རིན་པོ་ཆེའི་རིགས། ཚོར་བའི་ཕུང་པོ་ཐིམ་པས་ཚོར་བ་ཉམས་སུ་མི་མྱོང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་དྲན་པར་མི་འགྱུར། ཆུའི་ཁམས་ཐིམ་པས་རང་ལུས་ཀྱི་ཁ་ཆུ་དང་རྡུལ་དང་གཅིན་དང་ཁུ་ཁྲག་སོགས་བསྐམ་པར་འགྱུར། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་ཐོས། ཡུལ་གྱི་སྒྲ་ཐིམ་པས་རང་ལུས་ཀྱི་སྒྲ་མི་ཐོས་སོ། །དེ་ནས་པདྨའི་རིགས། འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་མི་དྲན། སོ་སོར་རྟོག་པའི་ཡེ་ཤེས་ཐིམ་པས་ཕ་མ་བུ་སྲིང་ལ་སོགས་པའི་མིང་མི་དྲན། མེའི་ཁམས་ཐིམ་པས་ཟས་མི་འཇུ། སྣའི་དབང་པོ་ཐིམ་པས་སྟེང་གི་རླུང་དལ་གྱིས་འགྲོ། ཡུལ་གྱི་དྲི་ཐིམ་པས་རང་གི་ལུས་ལ་དྲི་མི་བྲོ་བའོ། །དེ་ནས་ལས་ཀྱི་རིགས། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་ཐིམ་པས་འཇིག་རྟེན་གྱི་བྱ་བ་དང་དགོས་པ་དྲན་པར་མི་འགྱུར། རླུང་གི་ཁམས་ཐིམ་པས་རླུང་བཅུ་རང་གི་གནས་ནས་འཕོ། ལྕེའི་དབང་པོ་ཐིམ་པས་ལྕེ་སྦོམ་ཞིང་ཐུང་ལ་རྩ་བ་སྔོན་པོར་འགྲོ། ཡུལ་གྱི་རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་སྟེ། དེ་ལྟར་རགས་པའི་རང་བཞིན་ཉི་ཤུ་ཐིམ་ནས། ཕྲ་བ་ནང་གི་འབྱུང་བའི་ཐིམ་ལུགས་ནི། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིིམ། །ཆུ་ཡང་མེ་ལ་ཐིམ་འགྱུར་སྟེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་ཏེ། དེ་ཡང་ས་ཆུ་ལ་ཐིམ་པ་ཞེས་པ་ནི་ལུས་ཀྱི་སའི་གནས་སུ་ས་མེད་པར་གྱུར་པའམ་གནས་འཕོས་ནས་ཆུའི་ནང་དུ་ས་འཇུག་པའི་དོན་མ་ཡིན་གྱི། དབུ་མའི་ཡེ་ཤེས་ཀྱི་རླུང་སྟོབས་སུ་གྱུར་པས་སའི་ལས་རླུང་བཅོམས་ཏེ། རྟེན་ཐིམ་པ་ན་བརྟེན་པ་ངེས་པར་ཐིམ་པས་སྲ་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ། རྒྱུས་པ་སོགས་སྲ་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་བྲལ་བར་བྱས་ཏེ། སའི་དྭངས་མ་དེ་ཉིད་ཆུའི་དྭངས་མ་ལ་ཐིམ་པར་གྱུར་པས་ལུས་སྒུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད། ནང་རྟགས་སྨིག་རྒྱུ་ལྟ་བུ་སྔོ་མེར་མེར་བ་དང་སྔོ་ཧྲིབ་ཧྲིབ་པ་དང་ཆར་ཟིམ་དང་ཆུ་གཡོ་བའི་རྣམ་པ་ལྟ་བུ་འབྱུང་། དེ་བཞིན་དུ་དབུ་མའི་ཡེ་ཤེས་ཀྱི་རླུང་སྟོབས་སུ་གྱུར་པས་ཆུའི་ལས་རླུང་བཅོམས་ཏེ་གཤེར་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ། ཁྲག་དང་ཆུ་སེར་སོགས་གཤེར་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་དང་བྲལ་བས་ཆུའི་དྭངས་མ་དེ་ཉིད་མེའི་དྭངས་མར་ཐིམ་པས་ཁ་སྣ་བསྐམས་ཤིང་ལྕེ་རྐན་ཕུགས་སུ་འགྲོ། ནང་རྟགས་སུ་དུ་བ་ལྟ་བུ་འཕྱུར་བ་དང་དུ་ཐང་ཆགས་པ་ལྟ་བུ་འབྱུང་། དབུ་མའི་མེ་རླུང་གིས་མེའི་ལས་རླུང་བཅོམས་ཏེ་ཚ་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ་དྲོད་སོགས་ཚ་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་དང་བྲལ་བས་མེའི་དྭངས་མ་དེ་ཉིད་རླུང་གི་དྭངས་མ་ལ་ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་སྡུད་ཅིང་འཕོ་བའི་མེ་དྲོད་ཉམས། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཙག་ཙག་དང་དམར་ཕྲ་ཕྲ་བ་འབྱུང་། རླུང་རྣམ་ཤེས་ལ་ཐིམ་པའི་དོན་ཡང་ལུས་ཀྱི་རླུང་གི་གནས་སུ་རླུང་མེད་པར་གྱུར་པའམ་སྡོད་ས་འཕོས་ནས་རླུང་ཉིད་རྣམ་ཤེས་ཀྱི་ནང་དུ་འཇུག་པའི་དོན་ཡང་མ་ཡིན། རྣམ་ཤེས་ལ་རླུང་དྭངས་མའི་བག་ཆགས་བཞག་ནས་རླུང་འགགས་པའི་དོན་ཡང་མ་ཡིན་གྱི། རླུང་གི་དྭངས་མས་སྲོག་རྩ་རགས་པའི་བར་གྱི་ལུས་ཐམས་ཅད་དོར་ནས། སྲོག་རྩའི་ནང་གི་འོད་ལྔའི་སྦུ་གུ་ཅན་གྱི་རྩ་ལྔ་ལ་ཞུགས་ནས་ཡིད་ཀྱི་སྣང་བ་དང་རོ་གཅིག་ཏུ་གྱུར་པས། དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཤེས་པས་རགས་པའི་རྒྱུ་བ་ཆད། ནང་རྟགས་སུ་མར་མེ་འབར་བའི་སྣང་བ་དང་སྒྲོན་མེའི་ཕྲེང་བ་སྒྲིགས་པ་ལྟ་བུ་འབྱུང་། རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ནི། རྣམ་ཤེས་དངོས་མེད་དུ་གྱུར་པའི་དོན་མ་ཡིན་གྱི་ནམ་མཁའ་ལྟར་དྭངས་ཤིང་ཐོགས་པ་མེད་ལ་མཚོན་པར་དཀའ་བའི་དབུ་མ་ལ་ཐིམ་པ་སྟེ། དེ་ཡང་གསང་འདུས་འཕགས་སྐོར་གྱི་གཞུང་རྣམས་སུ། ནམ་མཁའི་ཁམས་ཐིམ་ཚུལ་གྱི་ཐ་སྙད་གསལ་བར་མ་གསུངས་པ་ནི་ཁམས་ཕྲ་བ་དེ་རླུང་གི་ནང་དུ་སྦས་ཏེ་བཤད་པ་ཡིན་པས་ན། མཁའ་ཁམས་ཐིམ་པ་ལོགས་སུ་མི་ཕྱེད་པར་རྣམ་ཤེས་ཐིམ་རིམ་གྱི་སྐབས་སུ་ནམ་མཁའ་སྤྲིན་མེད་ཀྱི་རྟགས་སྣང་འཆར་གཞིར་བཞག་པ་ལ་དཀར་དམར་ནག་གསུམ་གྱི་སྣང་བ་འཆར་བར་བཞེད་དོ། །རྟོག་པ་ཐིམ་པ་ནི། རླུང་ནམ་མཁའ་ལ་ཐིམ་པ་ཡན་ཆད་དུ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འདུ་བྱེད་ཀྱི་བྱ་བ་བྱེད་ནུས་པ་རྣམས་རླུང་དང་བཅས་པ་ཐིམ་པ་ཡིན་ལ། ལས་མི་བྱེད་པའི་རྟོག་པ་ཕྲ་མོ་རྣམས་ནི་སྣང་གསུམ་ཉིད་ལ་འདྲེས་ཏེ་གནས་པས་སྐབས་དེ་དང་དེར་ཐིམ་པར་འགྱུར་བ་ཡིན་ནོ། །དེས་ན་སྣང་བ་ཐིམ་པ་ཞེས་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབས་འདིར་སེམས་ཉིད་སྟོང་པའི་ངང་ལས་ཆོས་སྐུའི་འོད་གསལ་རྣམ་པ་བཞི་འཆར་ཏེ། སྤྱིར་སྣང་བ་གསུམ་ལ་དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་དང་། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་གཉིས་ལས། དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་ནི། རྩ་བ་ཆོས་ཀྱི་དབྱིངས་རང་སེམས་བདེ་ཆེན་རྟག་པ་འགྱུར་མེད་དོན་དམ་རང་རིག་ཆེན་པོ་དེ་ཡིན་ལ། ངོ་བོ་བདེ་ཆེན་དེ་ཉིད་རང་གི་སྣང་ཆའམ་རང་གཟུགས་འཆར་ཚུལ་རྡོ་རྗེ་གསུམ་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ། སྐུའི་གསང་བ་སྣང་བ། གསུང་གི་གསང་བ་མཆེད་པ། ཐུགས་ཀྱི་གསང་བ་ཐོབ་པ། སྔར་བཤད་པའི་ཀུན་ཁྱབ་བདེ་བ་ཆེན་པོ་དེ་ནི་ཐམས་ཅད་སྟོང་པ་འོད་གསལ་བ་ཡིན་ནོ། །ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ལ་རང་བཞིན་དང་བཅས་པའམ། རང་བཞིན་དང་བྲལ་བའི་སྣང་བ་གཉིས་ཀྱི། འདིར་རང་བཞིན་དང་བཅས་པའང་། གཞི་དུས་དང་། ལམ་དུས་གཉིས་ལས། འདིར་གཞི་དུས་དེ་ལའང་རྒྱུན་ཆགས་པ་དང་། ཁྱད་པར་གྱི་དུས་སུ་འབྱུང་བ་གཉིས་ལས། ཕྱི་མ་ལའང་ཆེས་རགས་ཤིང་གསལ་བར་འབྱུང་བ་འཆི་བའི་དུས་དང་། འབྲིང་དུ་འབྱུང་བ་གཉིད་དང་འཁྲིག་པའི་དུས་དང་། ཕྲ་ཞིང་མི་གསལ་བར་འབྱུང་བ་ཚོགས་དྲུག་གི་སྣང་བ་རགས་པ་ཤར་བའི་དུས་ཏེ། དེ་ལས་འདིར་འཆི་དུས་ཀྱི་སྔ་རོལ་དུ། ཕྲ་རགས་ཉེར་ལྔ་ཡོངས་རྫོགས་ཐིམ་རྗེས། དང་པོའི་སངས་རྒྱས་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དེས། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་གསུངས་པ་ལྟར་ནམ་མཁའ་འོད་གསལ་ལ་འཇུག་དུས་རོ་རྐྱང་གི་དྭངས་མ་ཐམས་ཅད་དབུ་མའི་ཡས་མར་གྱི་ཨ་ཧཾ་ལ་འདུས། དེ་ཉིད་སྙིང་གའི་ཡེ་ཤེས་འོད་གསལ་གྱི་དྭངས་མ་ཆེན་པོའི་ནང་དུ་ཐིམ་པས་ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་འགགས་ནས་འོད་གསལ་རྣམ་པ་བཞིའི་ཡེ་ཤེས་འཆར་ཏེ། དེ་ཡང་དབུ་མའི་ཡས་སྣའི་ཁམས་དཀར་ཆའི་དྭངས་མ་ཐུར་དུ་བབས་ནས་སྙིང་གར་སོན་པ་སེམས་སྣང་བ་དང་པོའི་དུས་སུ་ཤེས་རབ་ཀྱི་ཡེ་ཤེས་ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་འགག་སྟེ། འཕགས་པ་ལྷས་མཛད་པའི་སྤྱོད་བསྡུས་ལས། འདོད་ཆགས་དང་བྲལ་བ་༡དང་། འདོད་ཆགས་དང་བྲལ་བ་བར་མ་༢དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་༣དང་། གང་ཡིད་ཀྱི་འགྲོ་བ་དང་འོང་བ་༤དང་། མྱ་ངན་༥དང་། མྱ་ངན་བར་མ་༦དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་༧དང་། ཞི་བ་དང་རྣམ་པར་རྟོག་པ་༨དང་། འཇིགས་པ་༩དང་། འཇིགས་པ་བར་མ་༡༠དང་། ཤིན་ཏུ་འཇིགས་པ་༡༡དང་། སྲེད་པ་༡༢དང་། སྲེད་པ་བར་མ་༡༣དང་། ཤིན་ཏུ་སྲེད་པ་༡༤དང་། ཉེ་བར་ལེན་པ་༡༥དང་། མི་དགེ་བ་༡༦དང་། བཀྲེས་པ་༡༧དང་། སྐོམ་པ་༡༨དང་། ཚོར་བ་༡༩དང་། ཚོར་བ་བར་མ་༢༠དང་། ཤིན་ཏུ་ཚོར་བ་༢༡དང་། རིག་པ་པོ་༢༢དང་། རིག་པ་༢༣དང་། འཛིན་པའི་གཞི་༢༤དང་། སོ་སོར་རྟོག་པ་༢༥དང་། ངོ་ཚ་ཤེས་པ་༢༦དང་། སྙིང་རྗེ་༢༧དང་། བརྩེ་བ་༢༨དང་། བརྩེ་བ་བར་མ་༢༩དང་། ཤིན་ཏུ་བརྩེ་བ་༣༠དང་། དོགས་པ་དང་བཅས་པ་༣༡དང་། སྡུད་པ་༣༢ དང་། ཕྲག་དོག་༣༣སྟེ་མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཞེས་གསུངས། དེའི་ཚེ་ནང་གི་ཁམས་དཀར་པོ་དང་འབྲལ་བའི་དབང་གིས། ཕྱི་རྟགས་སུ་སྣང་བ་ཐམས་ཅད་སྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུ་དཀར་ལམ་པ་འབྱུང་། གཟུང་བའི་རྣམ་པར་རྟོག་པ་རགས་པ་སྟོང་པས་སྟོང་པའི་འོད་གསལ་དང་། ཤེས་པའི་རང་གདངས་གསལ་བར་སྣང་བས་སྣང་བའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་དང་པོ་སྟེ། གཉིས་མེད་རྣམ་རྒྱལ་ལས། སྣང་བ་ཞེས་བྱ་རྣམ་པར་མི་རྟོག་པ། །གསལ་བའི་ཆ་དེ་གཟུང་རྟོག་སྤངས་པ་ལས། །འབྱུང་བ་མི་མངོན་རླུང་དང་བཅས་པ་གང་། །ལྷང་ངེར་གནས་པ་སྐད་ཅིག་དང་པོ་ཡིན། །ཞེས་གསུངས་སོ། །དབུ་མའི་མས་སྣའི་ཁམས་དམར་ཆའི་དྭངས་མ་གྱེན་དུ་སོང་བའི་ཚེ་སྣང་བའི་ཡེ་ཤེས་མཆེད་པ་ལ་ཐིམ་པས་ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བཞི་བཅུ་འགགས་ཏེ། སྤྱོད་བསྡུས་ལས། ཆགས་པ་དང་༡། ཀུན་ཏུ་ཆགས་པ་དང་༢། དགའ་བ་དང་༣། དགའ་བ་བར་མ་དང་༤། ཤིན་ཏུ་དགའ་བ་དང་༥། རངས་པ་པ་དང་༦། རབ་ཏུ་མགུ་བ་དང་༧། ངོ་མཚར་བ་དང་༨། རྒོད་པ་དང་༩། ཚིམ་པ་དང་༡༠། འཁྱུད་པ་དང་༡༡། འོ་བྱེད་པ་དང་༡༢། འཇིབས་པ་དང་༡༣། བརྟན་པ་དང་༡༤། བརྩོན་པ་དང་༡༥། ཁེངས་པ་དང་༡༦། བྱ་བ་དང་༡༧། དབྲོག་པ་དང་༡༨། སྟོབས་དང་༡༩། སྤྲོ་བ་དང་༢༠། དགའ་བ་ལ་སྦྱོར་བ་དང་༢༡། དགའ་བ་ལ་སྦྱོར་བ་བར་མ་དང་༢༢། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་༢༣། སྒེག་པ་དང་༢༤། རྣམ་པར་སྒེག་པ་དང་༢༥། འགྲས་པ་དང་༢༦། དགེ་བ་དང་༢༧། ཚིག་གསལ་བ་དང་༢༨། བདེན་པ་དང་༢༩། མི་བདེན་པ་དང་༣༠། ངེས་པ་དང་༣༡། ཉེ་བར་མི་ལེན་པ་དང་༣༢། སྦྱིན་པ་པོ་དང་༣༣། བསྐུལ་བ་དང་༣༤། དཔའ་བ་དང་༣༥། ངོ་ཚ་མེད་པ་དང་༣༦། སྒྲིན་དང་༣༧། གདུག་པ་དང་༣༨། མི་བསྲུན་པ་དང་༣༩། གྱ་གྱུ་ཆེ་བ་༤༠སྟེ་མཚན་ཉིད་བཞི་བཅུ་ཐམ་པའོ། །ཞེས་གསུངས། དེའི་ཚེ་ནང་གི་ཁམས་དམར་པོ་དང་འབྲེལ་བའི་དབང་གིས་ཕྱི་རྟགས་སུ་སྤྲིན་མེད་ཀྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་དམར་མཐིང་ངེ་བའམ་དམར་ལམ་པ་འབྱུང་། འཛིན་པའི་རྣམ་པར་རྟོགས་པ་རགས་པ་ཆེས་སྟོང་པས་ན་ཤིན་ཏུ་སྟོང་པའི་འོད་གསལ་དང་། སེམས་ཤིན་ཏུ་གསལ་བར་སྣང་བས་སྣང་བ་མཆེད་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་གཉིས་པ་སྟེ། རྣམ་རྒྱལ་ལས། མཆེད་པ་སྣང་བ་རབ་ཏུ་མི་རྟོག་སྟེ། །ཆེས་གསལ་བ་ལ་འཛིན་རྟོག་མ་ཞུགས་ཏེ། །ཡེ་ཤེས་ཕྲ་བ་རྡུལ་བྲལ་མི་རྟོག་པ། །ལྷན་ནེར་གནས་པ་སྐད་ཅིག་གཉིས་པ་ཡིན། །ཞེས་གསུངས་སོ། །དྭངས་མ་དཀར་དམར་སྙིང་གར་འཕྲད་པའི་དུས་སུ་མཆེད་པའི་ཡེ་ཤེས་ཐོབ་པ་ལ་ཐིིམ་པས་སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་བདུན་འགགས་ཏེ། སྤྱོད་བསྡུས་ལས། ཆགས་པ་བར་མ་དང་༡། བརྗེད་ངས་པ་དང་༢། འཁྲུལ་པ་དང་༣། མི་སྨྲ་བ་དང་༤། སྐྱོ་བ་དང་༥། ལེ་ལོ་དང་༦། ཐེ་ཚོམ་དང་༧བཅས་པ་སྟེ། འདིའི་རང་བཞིན་གྱི་མཚན་ཉིད་ནི་བདུན་པོ་དག་གོ། །ཞེས་གསུངས། དེའི་ཚེ་དཀར་དམར་གྱི་ནུས་པ་ཡང་དབྱིངས་སུ་ཡལ་ཏེ་སྲོག་རླུང་གི་ཆ་ཤས་འགའ་ཞིག་ལུས་པ་དེས་དབང་བྱས་ནས་ཕྱི་རྟགས་སུ་ནམ་མཁའ་ལ་མུན་ནག་གིས་ཁྱབ་པ་ལྟར་ནག་ཐིབ་ཀྱིས་འགྲོ་བའི་ནག་ལམ་པ་འབྱུང་། ཤིན་ཏུ་ཕྲ་བའི་གཟུང་འཛིན་གྱི་རྟོག་པ་ཆེས་ཆེར་སྟོང་པས་ན་སྟོང་པ་ཆེན་པོའི་འོད་གསལ་དང་། སྣང་ཆའི་སྟེང་དུ་ཐ་དད་པའི་མཚན་མ་ཐམས་ཅད་ནུབ་པས་སེམས་འགག་པ་ལ་ཕྱོགས་པ་སྣང་བ་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་གསུམ་པ་སྟེ། རྣམ་རྒྱལ་ལས། ཐོབ་པའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ། །གསལ་བ་ཙམ་དུའང་མི་གནས་ཤིན་ཏུ་ཕྲ། །རླུང་སེམས་མི་ཕྱེད་གསལ་བར་འཆར་བ་སྟེ། །ལྷམ་མེར་གནས་པ་སྐད་ཅིག་གསུམ་པ་ཡིན། །ཞེས་གསུངས་སོ། །དེ་ནས་སྙིང་གའི་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་གི་ཁྲག་དབུགས་ཀྱི་དྭངས་མ་ལ་ཐིག་ལེ་ཨ་ཧཾ་རྫོགས་པར་ཐིམ་པ་ན་ཐོབ་པའི་ཡེ་ཤེས་ཀྱང་འཆི་བ་འོད་གསལ་ལ་ཐིམ་པས་སྲིད་པའི་ཆོས་ཐམས་ཅད་བག་ཆགས་ཀྱི་ཚུལ་དུ་ཡོད་པའི་རྒྱུན་དེ་ག་ལ་གནས་པ་ཡིན་ཀྱང་། བག་ཆགས་དེ་རྣམས་ནི་འདིར་མི་མངོན་ལ། ཚེ་འདིས་བསྡུས་པའི་རྣམ་རྟོག་དང་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་འོད་གསལ་དུ་ཐིམ། ཚེ་རབས་གཞན་གྱིས་བསྡུས་པ་རྣམས་ད་ལྟ་མ་ཤར་བས། རེ་ཞིག་གཟུང་འཛིན་གྱི་སྣང་བ་ཐམས་ཅད་དང་སྣང་བ་གསུམ་ཡང་འགགས་པས། ཕྱི་རྟགས་སུ་སྤྲིན་དང་བྲལ་བའི་ནམ་མཁའ་གཡའ་དག་པ་ལྟ་བུ་དྭངས་གསལ་མཐའ་དབུས་མེད་པའི་སྣང་བ་དང་། ནང་རྟགས་སུ་རྣམ་པར་མི་རྟོག་པ་ལྷན་ཅིག་སྐྱེས་པ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁོ་ན་ལ་ཡུད་ཅིག་གནས་པ་ཐམས་ཅད་སྟོང་པ་འོད་གསལ་གྱི་ཉམས་འཆར་བས་སེམས་དྲི་མ་དང་བྲལ་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་བཞི་པ་སྟེ། རྣམ་རྒྱལ་ལས། ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ། །རང་བྱུང་རང་གསལ་བདེ་བ་དམིགས་སུ་མེད། །ཕྲ་རགས་རབ་ཞི་ཏིང་འཛིན་མཆོག་ཏུ་གྱུར། །སྐད་ཅིག་བཞི་པར་མི་འགྱུར་ཁྱབ་བྱེད་ཡིན། །ཞེས་གསུངས་སོ། །དེ་ལྟར་ཉེ་བར་ཐོབ་པ་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་དེས་ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་དང་། རྡོ་རྗེ་ཕྲེང་བ་ལས། རྣམ་ཤེས་དང་པོ་འཇུག་པ་ནི། །སྣང་བ་མཆེད་པ་མིང་དུ་སྟེ། །དེ་ནི་སྟོང་པ་ཆེར་འཇུག་ལ། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་སྣང་བ་གསུམ་ཀ་འོད་གསལ་དུ་ཐིམ་ནས་འགགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པའི་ཡེ་ཤེས་ཞེས་བྱ་སྟེ། རྣམ་རྒྱལ་ལས། ཇི་སྲིད་སྤྲིན་ནི་སྣ་ཚོགས་པ། །ཁ་དོག་དབྱིབས་ནི་ཐ་དད་དེ། །མཁའ་དབྱིངས་དག་ལས་འབྱུང་འགྱུར་ཞིང་། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ཀྱང་། །སྣང་བ་གསུམ་གྱི་རྒྱུ་ཅན་དངོས། །མ་ལུས་ཡུལ་ལ་ཞུགས་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །སྣང་བ་གསུམ་པོ་དག་པའི་ལམ། །སྣང་བ་དག་པའི་ཡུལ་གྱུར་པ། །ཐམས་ཅད་འོད་གསལ་ལ་གནས་པའོ། །ཞེས་དང་། འཕགས་པ་ལྷའི་ཞལ་ནས་ཀྱང་། ཇི་ལྟར་སྤྲིན་ནི་སྣ་ཚོགས་པ། །མདོག་དང་དབྱིབས་ནི་ཐ་དད་ཀྱང་། །ནམ་མཁའི་དབྱིངས་ལས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་གྱུར། །དེ་བཞིན་རང་བཞིན་ཐམས་ཅད་ཀྱང་། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བ་ལ་འཇུག་པར་འགྱུར། །ཞེས་གསུངས་ཤིང་། དེ་ངོས་ཟིན་པ་ལ་སྣང་བ་ནི་གོམས་པའི་འོད་གསལ། མཆེད་པ་ནི་བསམ་གཏན་གྱི་འོད་གསལ། ཐོབ་པ་ནི་རྡུལ་བྲལ་ཟག་པ་མེད་པའི་འོད་གསལ། ཉེ་བར་ཐོབ་པ་ནི་ལྷན་ཅིག་སྐྱེས་པ་ཆོས་སྐུ་རང་བཞིན་གྱི་འོད་གསལ་ཏེ། རྣམ་རྒྱལ་ལས། འོད་གསལ་བ་ནི་བསམ་གཏན་ཟག་པ་མེད། །རྡུལ་མེད་ས་བོན་མེད་པ་མི་གཡོ་བ། །ལྷན་ཅིག་སྐྱེས་པ་ཆོས་སྐུའི་སྙིང་པོ་ནི། །ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཅེས་གསུངས། དེ་ཡང་འོད་གསལ་བཞི་རིམ་གྱིས་ཤར་བས་སྣང་མཆེད་ཐོབ་པའི་སྣང་བ་གསུམ་གྱི་སྐབས་སུ་སྒྲིབ་པ་རགས་པ་རྣམས་དབྱིངས་སུ་ཐིམ་ལ། ཉེར་ཐོབ་ཐམས་ཅད་སྟོང་པའི་འོད་གསལ་ཤར་དུས་སྒྲིབ་པ་ཕྲ་བ་རྣམས་ཐིམ་པས་སྒྲིབ་པ་མཐའ་དག་དང་བྲལ་བ་ལྟ་བུའི་སྐབས་ཤིག་དུས་དེར་འབྱུང་བས། གདོད་ནས་བཞུགས་པའི་མི་ཤིགས་པ་ཆེན་པོ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀ་དག་ཡེ་ཐོག་ཏུ་གྲོལ་བའི་འཐད་པ་སྟེ། སངས་རྒྱས་མངོན་དུ་བྱེད་དུས་བཞིན་ནོ། །འོན་ཀྱང་སངས་རྒྱས་ཀྱི་སྤངས་པ་ནི་མིི་ལྡོག་ལ། འདི་ངོ་མ་ཤེས་ན་ལྡོག་པ་ནི། སངས་རྒྱས་ཀྱིས་ས་ལམ་དུ་སྤངས་པ་ཡིན་ལ། འདི་སྤངས་པ་མེད་པས་ལྡོག་པར་འགྱུར་ཞིང་། ངོ་ཤེས་ན་མི་ལྡོག་པ་ནི། ངོ་ཤེས་པའི་སྐད་ཅིག་ལ་གྲོལ་ནས་མངོན་པར་ཤེས་པ་ལ་སོགས་པ་ཟག་མེད་ཀྱི་ཡོན་ཏན་བརྙེས་པའི་ཕྱིར་ལྡོག་པའི་གནས་མེད་པ་ཡིན་ནོ། །དེ་ལྟ་བུའི་གཞིའི་འོད་གསལ་ཀ་དག་ཆོས་ཀྱི་སྐུ་དེ། སེམས་ཅན་ཐམས་ཅད་ལ་གདོད་མ་ནས་རང་ཆས་སུ་བཞུགས་པའི་སྟེང་དུ་སྔར་བླ་མ་དམ་པས་གདམས་ངག་གི་གནད་བསྟན་པ་ལ་གོམས་ཤིང་འདྲིས་པར་བྱས་པའི་སྟོབས་ཀྱིས་སྐབས་འདིར་འོད་གསལ་མ་བུ་འདྲེས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་དེ་ཉིད་ཀྱི་ངང་ལ་བཞག་པས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པའི་ཚུལ་གྱིས་འཆི་བ་འོད་གསལ་ཆོས་ཀྱི་སྐུར་སངས་རྒྱས་པ་ཞེས་བྱ་སྟེ། ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཡིན་ནོ། །ཞེས་སྔར་གདམས་ངག་གི་གནད་མཐོང་བའི་ཆོས་པ་རྣམས་ལ་ངོ་སྤྲོད་འདེབས་ལུགས་སོ། །ཡང་བླ་མ་དགེ་བའི་བཤེས་གཉེན་ལྟ་བུ་ཡིན་ན། ལྡོག་པའི་གནས་མེད་པ་ཡིན་ནོ། །ཞེས་པ་ཡན་འདྲ་བ་ལས། དེ་ནས་འདི་སྐད་ཅེས་སྦྱར་ཏེ། དེས་ན། ཞི་བའི་དབྱིངས་སུ་མཛད་པ་ཐ་མ་བསྟན་པ་ཉིད་ཀྱང་སྔོན་ཞལ་བཞུགས་པའི་དུས་སུ་ཟབ་མོའི་གདམས་ངག་ཐུགས་ཉམས་སུ་བཞེས་པས་ཉིན་པར་སད་དུས་སུ་བདེ་སྟོང་གི་ཉམས་མྱོང་དང་ལྷ་སྐུ་རབ་འབྱམས་ཀྱི་དག་པའི་སྣང་བ་རྒྱུན་མི་ཆད། མཚན་མོ་མནལ་འོད་གསལ་དུ་ཆུབ། དེ་ལས་རྨི་ལམ་སྤྲུལ་བསྒྱུར་གྱི་རྩལ་སྦྱོང་ཟད་པ་མེད་པར་ལྷ་སྐུ་རང་ཤར་བ་ལགས་པས་ད་རེས་འདིར་ཡེ་ཤེས་རོལ་པ་ལ་སོགས་པ་རྒྱུད་མང་པོར། འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །གཞན་དོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། །ཞེས་གསུངས་པ་ལྟར་འོད་གསལ་མ་བུ་འདྲེས་པའི་ཡེ་ཤེས་འཆི་སེམས་བདེ་སྟོང་གི་འོད་གསལ་དུ་གནས་གྱུར་པས་དོན་གྱི་འོད་གསལ་མངོན་དུ་མཛད་དེ་ལུགས་ལྡོག་གི་སྣང་གསུམ་ཡེ་ཤེས་ཀྱི་རླུང་དང་བཅས་པ་ལས་སྐད་ཅིག་གིས་སློབ་པ་འཕགས་པའི་ལམ་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་བཞེངས་པའི། དེ་ལས་སྤངས་རྟོགས་ཀྱི་ཡོན་ཏན་མཐོང་བས་སྔར་སློབ་པའི་ཟུང་འཇུག་བརྙེས་ཟིན་པ་ཞིག་ལགས་ན་ད་རེས་འདིར་ཡང་དག་པའི་མཐའ་མངོན་དུ་མཛད་དེ། མི་སློབ་པའི་ཟུང་འཇུག་ཡང་དག་པར་རྫོགས་པའི་སགས་རྒྱས་རང་སྣང་གི་སྐུ་གསུམ་མངོན་དུ་བརྙེས་ནས། དེ་ལས་མ་གཡོས་བཞིན་དུ་གཞན་སྣང་གི་གཟུགས་སྐུ་གཉིས་འགགས་མེད་རང་ཤར་ལྷུན་གྲུབ་ཏུ་བསྟན་ནས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དེ་སྲིད་དུ་གང་ལ་གང་འདུལ་གྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་པ་དང་། ཡང་སྒོས་འོས་སུ་གྱུར་པའི་གདུལ་བྱ་ཞམ་རིང་དང་ཞལ་སློབ་ཡོན་བདག་དང་བཅས་པ་འདི་དག་ལ་ཐུགས་རྗེའི་འཇུག་པ་དུས་ལས་མི་ཡོལ་བར་ཞིང་འདིར་མཆོག་གི་སྤྲུལ་པའི་སྐུ་གསལ་པོར་བསྟན་ཏེ་གོང་མའི་མཛད་ཕྲིན་རྣམ་པར་དཀར་བའི་འཕྲོ་མཐུད་ནས་གདུལ་བྱའི་མོས་པ་དང་སྐལ་བའི་ཁྱད་པར་འཚམས་པར་འདུལ་བར་གསོལ་བ་འདེབས་ལགས་ན་དེ་ལྟ་བུའི་རེ་བ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་དགོངས་པ་ལས་ནམ་ཡང་གཡེལ་བ་མེད་པར་རྗེས་སུ་འཛིན་པར་མཛད་དུ་གསོལ། ཞེས་སྦྱར་རོ། །དེ་ལྟར་གདམས་ངག་གི་གནད་མཐོང་བ་སྤྱི་དང་། ཁྱད་པར་བླ་མ་དགེ་བའི་བཤེས་གཉེན་ལྟ་བུར་སྒྱུར་ཁའི་ཚིག་གི་འཁྱོག་འཚམས་གང་ལྟར་ཡང་། དེ་ནས་འདི་སྐད་ཅེས། དེ་ཡང་སྔར་རང་བཞིན་གནས་པའི་བར་དོའི་སྐབས་སུ་བར་དོ་དང་གཅིག་ཏུ་བྱེད་པའི་བསམ་གཏན་གྱིས་འོད་གསལ་དུ་འཇུག་ཅིང་ལྡང་བའི་གདམས་པའི་གནད་ལ་གོམས་འདྲིས་ཐོབ་པའི་དབང་དུ་བྱས་ཏེ། སེམས་ཉིད་སྟོང་པའི་ངང་ལས་ཆོས་སྐུའི་འོད་གསལ་རྣམ་པ་བཞི་ཇི་ལྟར་འཆར་བའི་དོན་ལ་གསལ་འདེབས་ལུགས་རྒྱས་པར་སྨོས་པ་ཡིན་ལ། གཞན་དུ་གདམས་ངག་ཉམས་ལེན་གྱི་འཇུག་སྒོ་མི་འདྲ་བའི་གནད་ཀྱིས། སྔར་སེམས་ཉིད་ཡེ་སྟོང་རྩ་བྲལ་དུ་གཏན་ལ་ཕབ་ནས་ཁྲེགས་གཅོད་ཀྱི་གདམས་པས་ཉམས་སུ་བླངས་པ་དང་། ཡེ་ཤེས་འོད་གསལ་ལྷུན་གྲུབ་གཞི་གནས་སུ་གཏན་ལ་ཕབ་ནས་ཐོད་རྒལ་གྱི་གདམས་པས་ཉམས་སུ་བླངས་པས་ལམ་གྱི་གནད་ལ་གོམས་འདྲིས་རང་བྱན་ཆུབ་པ་རྣམས་ལ་བར་དོའི་འཆར་ཚུལ་ཡང་གསང་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་རྒྱུད་ཟབ་མོ་རྣམས་ལས་ཇི་སྐད་གསུངས་པ་ལྟར་གནང་བས་དེ་དང་རྗེས་སུ་མཐུན་པར་གསལ་འདེབས་པའི་དབང་དུ་བྱས་ན། འཆི་ཀའི་འབྱུང་བ་ཐིམ་རིམ་གྱི་སྐབས་སུའང་། རིག་པ་རང་ཤར་ཆེན་པོ་ལས། ཀྱེ་གྲོགས་པོ་དག །སེམས་ཅན་རྣམས་དབུགས་འཕོ་བའི་ཚེ་ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ། ནང་གི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ལ་ཐིམ། གསང་བའི་འབྱུང་བ་ལྔ་ཡོངས་སུ་རྫོགས་པའི་འབྱུང་བ་ལྔ་ལ་ཐིམ་ནས་ལམ་ཆེན་པོར་འཇུག་པའི་ཚེ་འདི་ལྟར་ཤེས་པར་བྱའོ། །ཞེས་ཕྱི་ནང་གསང་བ་ཡོངས་སུ་རྫོགས་པའི་འབྱུང་བ་དང་བཞིའི་ཐིམ་ཚུལ་རྒྱས་པར་གསུངས་ཀྱང་། ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་ཐིམ་པ་དང་། །དེ་བཞིན་ཆུ་དང་མེ་དང་རླུང་། །སོ་སོ་རང་ལ་ཐིམ་པ་ནི། །སྐྱེས་བུའི་ལུས་ལ་འདི་ལྟར་འོངས། །ས་ནི་རང་ལ་རང་ཐིམ་པས། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལྡང་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་སྣའི་ཆུ་ནི་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་བསྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་འཕྲ། །མིག་ཀྱང་གྱེན་ལ་ལྡོག་པའོ། །ཞེས་འབྱུང་བ་བཞི་རང་ལ་རང་ཐིམ་པའི་རྟགས་སུ་གསུངས་ནས། རླུང་རྣམ་ཤེས་ལ་ཐིམ་པའི་ཚེ་ནང་གི་ཁྲག་དང་། དྭངས་མ་སྙིང་གར་འདུས་པས་གདངས་སྙིང་གར་ཐིམ་ཏེ་རགས་པའི་རྒྱུ་བ་རྩ་འདབ་ནང་གི་རླུང་ཆད་པས་དར་གཅིག་བརྒྱལ་བར་འགྱུར་ཏེ། དེ་དག་གི་སྐབས་སུ་འཆི་ཁ་བར་དོའི་གདམས་ངག་རང་སྣང་ལ་ཡིད་ཆེས་པར་བྱ་བ་དང་། རང་གསལ་མི་རྟོག་པའི་ངང་ལས་གཞན་དུ་མ་ཡེངས་པར་བསྐྱང་བ་གནད་ཀྱི་གདམས་པའོ། །གཉིས་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ནི། ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོ་བཤད། །འཆི་ཁ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་དང་གྲིབ་མ་བཞིན་དུ་འགྱུར། །དེ་ཚོ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་གཟུངས། །གཡོ་བ་རླུང་དག་མཆེད་པ་ཡིས། །ཁ་དོག་ལྔ་ལྔའི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིས་སུ་སྣང་། །ཞེས་གསུངས་པ་ལྟར་ནང་དབུགས་ཆད་ནས་རྣམ་ཤེས་ནམ་མཁར་ཐིམ་པས་ལུས་སེམས་ཀྱི་འབྲེལ་ཆད། རིག་པ་སྙིང་ནང་ནས་རྩ་དར་དཀར་གྱི་སྐུད་པ་འདྲ་བ་ལ་ལམ་བྱས་ཏེ། སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ལས་འཐོན་དུས་རྡོ་རྗེ་སེམས་དཔའི་སྣ་ཐག་ཞེས་བྱ་བ་འོད་ལྔའི་སྣ་གཉིས་ནམ་མཁའི་དཀྱིལ་དུ་ཟུག་པར་སྣང་དུས་རང་སྣང་དུ་རིག་པས་གྲོལ་ཞིང་། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ཏེ། ཕྱི་ས་རྡོ་རི་བྲག་གི་སྣང་བ་ནི་འགགས། ནང་ཆོས་ཉིད་འོད་གསལ་གྱི་སྣང་བ་ནི་ཤར། སྣང་བ་ཐམས་ཅད་ཡེ་ཤེས་ལྔའི་འོད་དུ་འབར་ཏེ། འོད་ལྔའི་རྣམ་པར་ལྡེམ་པ། མེར་བ། འབར་བ། མེར་གྱིས་ནམ་མཁའ་ཁྱབ་པར་འཆར་བས། འདིའི་དུས་སུ་རང་ལུས་འོད་སྣང་བ་ཤེལ་གྱི་ཁང་བུ་ལས་འོད་ལྔའི་སྣང་བ་ཕྱིར་འཆར་བ་དེ་རང་སྣང་དུ་ཤར་དུས། ཤེས་པ་རང་བཞིན་བབས་ཀྱི་བསམ་གཏན་ལ་གནས་པས་སྣང་བ་མཆེད་པ་རང་གདངས་སུ་ངོ་ཤེས་པའི་གནད་ཀྱིས་གྲོལ་བར་འགྱུར་ཏེ། སྐད་ཅིག་དང་པོར་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གྲོལ། གསུམ་པར་གྲོལ་ཐོག་ནས་ཀ་དག་ཏུ་ཐིམ་པར་འགྱུར་པའོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་སྙིང་གའི་འོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁམས་ཡོད་པའི་གནད་ཀྱིས་སྙིང་ནང་གི་གདངས་ལས་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་བརྒྱ་སྟོང་འབུམ་ཕྲག་གྲངས་ལས་འདས་པ་སྣང་བར་འགྱུར་ཏེ། ཐལ་འགྱུར་ལས། གཡོ་བ་རླུང་དག་མཆེད་པ་ཡི། །ཁ་དོག་ལྔ་ཡི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིས་སུ་སྣང་། །འཇུག་ཅིང་སྨིན་པའི་རླུང་ལས་ཀྱང་། །ཕྱོགས་བཞི་མཚམས་དང་བླ་འོག་གྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་རྣམ་པར་སྣང་། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང་། །འདི་ལ་མཆོད་དང་འཛིན་ཤེས་ན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་རྫོགས། །ཁམས་གསུམ་འཇུག་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་འདི་དུས་རང་གི་ལུས་ཀྱང་འོད་དུ་གསལ་ཞིང་། ཡེ་ཤེས་ཀྱི་རླུང་གཡོས་པ་ལས་སྣང་བ་ཐམས་ཅད་འོད་ལྔའི་འཇའ་ཚོན་རིས་ལས་ཡེ་ཤེས་འཇུག་པའི་རླུང་གིས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ལྷུན་སྡུག་པའི་ཐིག་ལེ་ཐིག་ཕྲན་ལྔ་འབྲེལ་དུ་ཤར་བའི་སྣང་བའི་ནང་ན་འོད་ཀྱི་སྐུ་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་ཟ་འོག་གི་བར་ཁྱམས་ལྟར་འཆར་བར་འགྱུར་ཏེ། ཉི་ཟླ་ཁ་སྦྱོར་ལས། དེ་ཡང་སྐྱེས་བུའི་འོད་གསལ་དེ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། ཡང་སྣང་བ་དེ་དག་སྐུའི་རྣམ་པར་རང་ཤར་ཏེ། སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ། རྒྱན་དང་ཁ་དོག་དང་བཞུགས་ཚུལ་དང་གདན་ཁྲི་དང་རང་རང་གི་ཕྱག་རྒྱ་དང་བཅས་པ་སྟེ། སྐུ་དེ་དག་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་ཚན་རེ་ལ་འོད་ཀྱི་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་དང་། ཡུམ་གྱི་ཆ་འཛིན་པའི་རིགས་དང་། སེམས་དཔའ་དང་། སེམས་མ་དང་། དཀྱིལ་འཁོར་ཐམས་ཅད་གཅིག་ལ་རྫོགས་པར་གནས་སོ། །ཞེས་གསུངས་སོ། །དེ་ཡང་དུས་གསུམ་གནད་ཀྱི་གདམས་ངག་ལས། འདིའི་དུས་སུ་འཇུག་པ་ཤེས་པའི་གནས་ཀྱི་གདམས་ངག་དྲན་པར་བྱ་སྟེ། དང་པོ་རིག་པ་འོད་ལ་འཇུག་པ་ནི། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་སྐུ་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་བར་འཆར་རོ། །དེ་ལ་རང་གི་ཤེས་པ་ཟིན་ན་མི་རྟོག་པའི་བསམ་གཏན་ལ་རང་བཞིན་དུ་གནས་སོ། །དེ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ལྷ་དེ་དག་ཀུན་གྱི་ཐུགས་ཀར་ཟུག་པ་ཤར་བ་ལ་སེམས་ཟིན་པས་རང་བཞིན་གྱི་བསམ་གཏན་ལ་ཞག་ལྔར་གནས་པར་འབྱུང་སྟེ། དེའི་སྣང་བ་དུས་གཅིག་ལ་ཤར་ཀྱང་ངེས་པའི་ཤེས་རབ་རིམ་གྱིས་རྙེད་པས། བསམ་གཏན་གྱི་ཞག་དང་པོ་ལ་སྟོན་ཀའི་ནམ་མཁའ་སྤྲིན་མེད་ལྟ་བུའི་གཞིར་འོད་མཐིང་ག་ལས་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར། དེ་བཞིན་དུ་ཞག་གཉིས་པ་ལ་འོད་དཀར་པོ་ལས་མི་བསྐྱོད་པ། ཞག་གསུམ་པ་ལ་འོད་སེར་པོ་ལས་རིན་ཆེན་འབྱུང་ལྡན། ཞག་བཞི་པ་ལ་འོད་དམར་པོ་ལས་སྣང་བ་མཐའ་ཡས། ཞག་ལྔ་པ་ལ་འོད་ལྗང་ཁུ་ལས་དོན་ཡོད་གྲུབ་པ་རྣམས་རང་རང་གི་ཡུམ་དང་མཉམ་པར་སྦྱོར་ཞིང་། སེམས་དཔའ་སེམས་མ་དང་། སྒོ་བ་ཡབ་ཡུམ་སྟེ་རིགས་ཀྱི་ཚོམ་བུའི་དཀྱིལ་འཁོར་དུ་འཆར་རོ། །དེ་ཡི་དུས་སུ་རང་སྣང་དུ་ངོ་ཤེས་ནས་དེ་ཐོག་ཏུ་མཉམ་པར་བཞག་པས་གང་དུ་རང་ངོ་ཤེས་པའི་རིགས་དེ་ལ་གྲོལ་བ་ཐོབ་ནས་སྤྲུལ་པས་སེམས་ཅན་གྱི་དོན་བྱས་ཏེ་ཀ་དག་གི་དབྱིངས་སུ་ཐིམ་པའོ། །གཉིས་པ་འོད་རིག་པ་ལ་འཇུག་པ་ནི། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་སྙིང་གར་འོད་ཀྱི་ཟེར་ཐག་ཚོན་སྐུད་བསྒྲིལ་བ་ཙམ་ཞིག་འཆར་རོ། །དེ་ནས་སྐུ་དེ་དག་ཐམས་ཅད་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རིག་པ་ལ་འཇུག་པ་ཞེས་བྱའོ། །དེའི་ཚེ་སྐྱེས་བུ་རྣམས་ཀྱིས་རང་སྣང་ལ་ཡིད་ཆེས་པས་མ་པང་དུ་བུ་འཇུག་པ་ལྟ་བུ་ཐབས་མཆོག་ཏུ་དྲན་པར་བྱའོ། །ཞེས་གསུངས་པ་ལྟར་ཚོམ་བུའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཀྱི་ཟེར་ཐག་རང་གི་སྙིང་གར་ཟུག་པ་ལས་ཚོམ་བུ་རྣམས་རང་ལ་འདུས་ཤིང་ཐིམ་པ་ནི། ཕྱིའི་སྣང་བ་བུ་དང་འདྲ་བའིི་འོད་རྣམས། རང་གི་རིག་པ་མ་དང་འདྲ་བའི་སྙིང་གར་ཐིམ་པས་པང་དུ་འཇུག་པ་ལྟ་བུའི་གདམས་ངག་སྟེ། དེ་ཉིད་དུ་རང་ངོ་ཤེས་པས་བྱ་རྫོགས་ཀྱི་སྐད་ཅིག་མ་ལྔས་གདོད་མའི་དབྱིངས་སུ་གྲོལ་བ་ལ་དཀའ་ཚེགས་མེད་དེ། ལུས་འོད་དུ་གསལ་ཞིང་མངོན་ཤེས་དང་བསམ་གཏན་རང་ཆས་སུ་ཡོད་པའི་གནད་ཀྱིས་སོ། །དེ་ཡང་སྐད་ཅིག་དང་པོ་ལ་རང་སྣང་དུ་ངོ་ཤེས། གཉིས་པ་ལ་ཤེས་ཐོག་ཏུ་གནས། གསུམ་པ་ལ་གནས་ཐོག་ནས་གྲོལ། བཞི་པ་ལ་གྲོལ་ཐོག་ནས་སེམས་ཅན་གྱི་དོན་དུ་སྤྲུལ་པ་འཆར། ལྔ་པ་ལ་གདོད་མ་ཀ་དག་གི་དབྱིངས་སུ་ཐིམ་ནས་ནང་གསལ་དུ་བཞུགས་པའོ། །དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་སྣང་བ་ནི། ཉི་ཟླ་ཁ་སྦྱོར་ལས། ཡང་རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་བ་འོང་ངོ་། །དེ་ལ་རང་གི་མིག་གིས་མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་མཐིང་གའི་སྣམ་བུའི་སྟེང་དུ་ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ་ཤིན་ཏུ་གསལ་བ་འཚེར་བ། དེ་ལའང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུ། ཞེས་སོགས་གསུངས་པ་ལྟར། རང་གི་སྙིང་ག་ནས་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འཆར་ཏེ། མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོའི་འོད་ཟེར་ཕྲ་མོ་རེ་ཤར་བ་རྒྱ་ཆེར་མཆེད་པས་དབང་པོའི་ཡུལ་དུ་སྣང་ཚད་ཁྱབ་པ་ནི་སྣམ་བུའི་ཚུལ་ཏེ་སྟེང་ནས་སྟེང་དུ་འབྱར་ལ་མ་རེག་པའི་རྣམ་པར་བརྩེགས་པ་སོ་སོའི་སྟེང་དུ་རང་རང་དང་ཁ་དོག་མཐུན་པའི་ཐིག་ལེ་ལ་ཐིག་ཕྲན་བཞི་བཞིས་བརྒྱན་པའི་ལྔ་ཚོམས་སུ་འཆར་བ་ནི་ཡེ་ཤེས་སོ་སོའི་རང་གདངས་སོ། །ལྗང་ཁུའི་སྣམ་བུ་མི་སྣང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ས་བོན་གྱི་ཆ་ལས་རྩལ་མ་རྫོགས་པས་ཀ་དག་ལ་རྫོགས་པ་སྟེ། འདིར་ད་དུང་ཀ་དག་ཏུ་གྲོལ་མ་ཟིན་པ་དང་སྦྱར་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བར་བཞག་གོ། །དེ་རྣམས་ཀྱི་སྟེང་དུ་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་དབུས་མཐིང་ག་ཁ་དོག་ལྔའི་མུ་ཁྱུད་ཀྱིས་སྐོར་བའི་འོད་ཟླུམ་པོ་རྨ་བྱའི་གདུགས་འཁོར་བ་ལྟ་བུ་ལྷུན་གྲུབ་འཆར་བའི་ས་བོན་དུ་སྐབས་འདིར་འབྱུང་ཞིང་འདིའི་དུས་སུ་ཕུང་པོ་བདག་འཛིན་ལས་གྲོལ་བས་ལུས་འོད་གསལ་དུ་གྲོལ་བའི་ཆོས་ཉིད་རང་ངོ་ལ་གནས། འབྱུང་བ་ཕྲ་རགས་ཀྱི་རྟོག་པ་ལ་གྲོལ་བས་སྣང་བ་འོད་གསལ་བདེ་བ་ཆེན་པོར་གྲོལ། ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རིག་པ་ཉིད་མ་ལ་བུ་ཐིམ་དུ་གྲོལ་བའི་རང་ངོ་ཤེས་པར་བྱ་བ་ནི་གྲོ་བ་དུས་ཀྱི་གནད་ཅེས་བྱ་སྟེ། སྣང་བ་དེ་དག་ཀུན་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱ་བས་སྣང་བ་དེ་རྣམས་ལ་ཤེས་པ་མི་འགྱུར་བར་རང་སྣང་དུ་ཤེས་ཐོག་དེར་ཆེ་རེ་མཉམ་པར་འཇོག་པ་སྟེ། སྨན་པ་མཁས་པས་གསེར་གྱི་ཐུར་མས་སྙིང་ཆུ་འདྲེན་པ་ལྟར་བར་དོའི་གདམས་ངག་གིས་རང་སྣང་གཏན་ལ་ཕེབས་ནས་གྲོལ་བའོ། །དེ་ལྟར་ཡང་། ཉི་ཟླ་ཁ་སྦྱོར་ལས། དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཞེས་བྱའོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་དྲན་པར་བྱའོ། །ཞེས་གསུངས་སོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་ཐིམ་པ་ནི། ཡེ་ཤེས་བཞི་ཡི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་དེ་ལ་འདུས་ནས་རང་དང་དབྱེར་མེད་པའི་ངང་ལས། སྟེང་གི་ཆར་ཆོས་ཟད་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་དབུས་སུ། ཀུན་བཟང་ཡབ་ཡུམ་མཐིང་གར་འདྲེས་པས་ངོ་བོ་མེད་པ། དེའི་འོག་བར་གྱི་ཆའི་སྟེང་མར་ལོངས་སྐུ་ཁྲོ་བོའི་དཀྱིལ་འཁོར་རྒྱ་ཆེ་ལ་ལྷུན་སྡུག་པ་དང་། འོག་མར་ལོངས་སྐུའི་ཞི་བའི་སྣང་བ་འོད་གསལ་ལ་བཀོད་ལེགས་པ། དེའི་ཕྱོགས་མཚམས་རྣམས་སུ་རང་བཞིན་སྤྲུལ་པའི་ཞིང་སྣང་ཡིད་དུ་འོང་ལ་ལྟ་ན་སྡུག་པ། འོག་གི་ཆར་འགྲོ་དྲུག་འཁྲུལ་པའི་སྣང་བ་འདུལ་བྱེད་སྟོན་པ་དང་བཅས་པ་སྣང་བ་དུས་གཅིག་ལ་འཆར་ཏེ། འདིའི་ཚེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །ཞེས་གསུངས་པ་ལྟར། ཤར་ལུགས་དྲུག་དང་སྒོ་གཉིས་ཏེ་བརྒྱད་སྐད་ཅིག་སྔ་ཕྱི་མེད་པར་འཆར་བ་ནི་ཐུགས་རྗེ་ལྟར་ཤར་བས་སེམས་ཅན་ལ་ཐུགས་རྗེ་ངང་གི་འབྱུང་། འོད་ལྟར་ཤར་བས་འོད་ལྔའི་སྣང་བས་འཇིག་རྟེན་ཁྱབ། སྐུ་ལྟར་ཤར་བས་ལྷའི་སྐུ་གྲངས་མེད། ཡེ་ཤེས་ལྟར་ཤར་བས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་རང་སྣང་། གཉིས་མེད་ལྟར་ཤར་བས་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས། མཐའ་གྲོལ་ལྟར་ཤར་བས་ཆོས་ཉིད་ཟང་ཐལ་དུ་རྟོག་པའོ། །སྒོ་གཉིས་ནི་མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་རང་ངོ་མ་ཤེས་ན་ལྡོག་པའི་སྒོ་འབྱེད། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་རང་ངོ་ཤེས་ན་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་ཆ་ནང་དུ་གསལ་བས་གདོད་མའི་གྲོལ་གཞི་བྱེད་པའོ། །འདིའི་དུས་སུ་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་སྟེ། རང་ངོ་ཤེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམས་ངག་གིས་རང་སྣང་ལྷུན་གྲུབ་ཏུ་ཐག་བཅད། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་ཀྱིས་རང་ངོ་ཤེས་ཐོག་གི་ངང་ལ་མི་གཡོ་བར་གནས། ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་གི་རང་གསལ་གྲོལ་ཐོག་ཏུ་ཤེས་པས་རང་སྣང་ལ་སྒྲོ་འདོགས་ཆོད་དེ་ནང་དབྱིངས་ཀ་དག་གི་དབྱིངས་སུ་སྐད་ཅིག་གིས་གྲོལ་བའོ། །དེ་ཡང་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་ཡེ་ནས་རང་ཆས་སུ་ཡོད་པའི་གནད་ཀྱིས་འཆར་ལུགས་བརྒྱད་སྣང་བ་ཡང་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ཏེ། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །ཞེས་གསུངས་སོ། །དེ་ལྟར་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་གྱིས་གྲོལ་བའི་ཚེ་སྐྱེས་བུ་དེ་ལ་མངོན་པར་ཤེས་པ་དྲུག་དང་། རྗེས་སུ་དྲན་པ་དྲུག་ཀྱང་འབྱུང་སྟེ། མཚན་བརྗོད་ལས། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་གསུངས་པ་ལྟར་དབང་པོའི་མངོན་པར་ཤེས་པས་སངས་རྒྱས་ཀྱི་ཞིང་མཐོང་། ཤེས་རབ་ཀྱི་མངོན་པར་ཤེས་པས་རང་སྣང་དུ་ངོ་ཤེས། ཡེ་ཤེས་ཀྱི་མངོན་པར་ཤེས་པས་ཡེ་གདངས་སུ་ཡིད་ཆེས། ཏིང་ངེ་འཛིན་གྱི་མངོན་པར་ཤེས་པས་སྣང་ཐོག་ཏུ་མི་གཡོ་བར་གནས། ཟག་པ་མེད་པའི་མངོན་པར་ཤེས་པས་ལས་དང་བག་ཆགས་ལས་གྲོལ། ཡེ་ཤེས་སུ་གཟིགས་པའི་མངོན་པར་ཤེས་པས་ཐམས་ཅད་མཁྱེན་པའི་ཡོན་ཏན་ལ་སྤྱོད་ཅིང་། མཁྱེན་པ་ཡོངས་སུ་རྫོགས་པའི་མངོན་པར་ཤེས་པས་སེམས་ཅན་གྱི་དོན་མཛད་ནས་ཡེ་ཤེས་ཀྱི་དབྱིངས་སུ་ཐིམ་པར་འགྱུར་པ་སྟེ། རྒྱས་པར་ཕྱེ་ན་མངོན་པར་ཤེས་པ་ཆིག་བརྒྱ་སུམ་ཅུ་རྩ་བཞི། དེ་བསྡུས་ན་དྲུག་ཚན་དྲུག་སྟེ་སུམ་ཅུ་རྩ་དྲུག །དེ་ཡང་བསྡུས་ན་རྩ་བ་དྲུག་ཁོ་ནར་འདུས་སོ། །ཡང་དེའི་ཚེ་རྗེས་སུ་དྲན་པ་དྲུག་འབྱུང་བ་ནི་ལམ་རྗེས་སུ་དྲན་པས་མཐར་ཕྱིན་མི་སློབ་པའི་ས་མཚམས་སུ་ཤེས། ལྟ་བ་རྗེས་སུ་དྲན་པས་རིག་སྟོང་འོད་གསལ་དུ་རྟོགས། བསམ་གཏན་རྗེས་སུ་དྲན་པས་ངང་གདངས་ཆོས་ཉིད་ལ་གནས། ལྷ་རྗེས་སུ་དྲན་པས་རིགས་ལྔ་ཡེ་ཤེས་དྲུག་ཏུ་གསལ། སྐྱེ་གནས་རྗེས་སུ་དྲན་པས་གདོད་མའི་ཟད་སར་སྙེགས། གདམས་ངག་རྗེས་སུ་དྲན་པས་རང་སྣང་རང་ངོ་ཤེས་པའི་གནད་ཀྱིས་མར་མ་དག་པ་འཁོར་བའི་སྣང་བ་མཐོང་ཡང་འཁྲུལ་སྣང་དུ་མི་འཇུག །ཐད་ཀར་འོད་གསལ་ལོངས་སྐུའི་སྣང་བ་མཐོང་བས་རིག་གདངས་ལྷུན་གྲུབ་ཏུ་རྟོགས། ཡར་ཆོས་ཟད་ཀ་དག་གི་སྣང་བ་མཐོང་བས་གྲོལ་གཞིར་བཙན་ས་ཟིན་ལ། དེའི་ཚེ་ཆོས་ཉིད་ཀྱི་ངང་ལས་སེམས་ཅན་གྱི་དོན་མཛད་པར་འཆར་རོ། །དེ་ལྟར་མངོན་ཤེས་དྲུག་དང་རྗེས་དྲན་དྲུག་གི་སྟེང་དུ་མི་བརྗེད་པའི་གཟུངས་དང་། རྒྱུན་གྱི་ཏིང་ངེ་འཛིན་ཏེ་བཅུ་བཞི་ལ་རང་ངོ་ཤེས་སྟོབས་ཀྱིས་དབང་བསྒྱུར་བར་བསྟན་ཅིང་། དེ་ནས་དབྱིངས་སུ་ཐིམ་དུས། ཕྱིར་སྣང་གི་ལུས་མི་མངོན། ངག་མི་སྣང་། སེམས་གསལ་བྱེད་མ་ཡིན་ཏེ་འགགས་ནས། འཕོ་འགྱུར་མེད་པའི་ངང་ལས་མ་གཡོས་བཞིན་དུ་འགྲོ་བའི་དོན་མཛད་པས་ཀུན་ཏུ་འགྲོ་ཞིང་ཁྱབ་པ་ཞེས་བྱའོ། །དེ་ཡང་དབྱིངས་སུ་ཐིམ་པ་ཞེས་པ་ནི་སྔར་ལྷུན་གྲུབ་ཀྱི་སྣང་བ་ཤར་བ་རྣམས་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་སྟེ། ཕྱིར་གསལ་ནང་གསལ་དུ་ཐིམ་པ་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་ཡིན་ནོ། །དེ་ལྟར་ཡང་། རང་ཤར་ལས། ཀྱེ་གྲོགས་པོ་དག །ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས། བདེན་པ་མཐོང་བའི་ཚེ་ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར། ཐིིམ་ལུགས་བརྒྱད་ནི། འོད་འོད་ལ་ཐིམ་པས་གསལ་བ་རིས་མེད་འཇའ་ཚོན་ནམ་མཁར་ཡལ་བའམ་ཤེལ་འོད་ནང་དུ་ཐིམ་པ་ལྟ་བུ། སྐུ་སྐུ་ལ་ཐིམ་པས་མཁྱེན་ཆ་ནང་གསལ་དུ་བཞུགས་པའི་བུམ་པའི་སྐུ་ལྟ་བུ། ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་རིག་པ་གཞི་ཐོག་ཏུ་གྲོལ་བ་མ་པང་དུ་བུ་འཇུག་པ་ལྟ་བུ། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆོས་ཅན་དང་ཆོས་ཉིད་འདྲེས་པ་ཆུ་ལ་ཆུ་ཐིམ་པ་ལྟ་བུ། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ཆོས་ཉིད་རང་ངོ་ལ་གནས་པས་བུམ་ནང་གི་ནམ་མཁའ་ཕྱིའི་ནམ་མཁའ་ལ་ཐིམ་པ་ལྟ་བུ། ཐུགས་རྗེ་ཐུགས་རྗེ་ལ་ཐིིམ་པས་གདུལ་བྱ་དང་འདུལ་བྱེད་དབྱིངས་སུ་ནུབ་པ་ཉི་མ་ནུབ་པའི་ཟེར་ལྟ་བུ། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པས་འཁོར་འདས་དབྱིངས་སུ་འདུས་པ་སྦྲའི་ཆོན་ཐག་བསྡུས་པ་ལྟ་བུ། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་གདོད་མའི་དབྱིངས་ཀ་དག་ལ་གཏན་ས་ཟིན་པ་སེང་གེས་གངས་ཟིན་པ་ལྟ་བུའོ། །སྤྱིར་འཁོར་འདས་ཐམས་ཅད་རང་སྣང་དུ་གསུངས་པའི་གནད་ནི། གཞི་སྣང་གིས་རང་སྣང་ལ་མར་གདུལ་བྱ་འཁོར་བ་ལྟར་སྣང་བ། ཡར་འདུལ་བྱེད་མྱང་འདས་ལྟར་སྣང་། དབྱིངས་གྲོལ་གཞི་འཁོར་འདས་གཉིས་མེད་དུ་སྣང་བ་ལ་ལྟོས་ནས་གསུངས་པ་ཡིན་ལ། བར་དོར་སྤྲུལ་པས་དོན་བྱེད་ཚུལ་ནི། ཐད་ཀར་ལོངས་སྤྱོད་རྫོགས་པ་སྐུའི་ཞལ་གྱི་དཀྱིལ་འཁོར་འོད་མཐའ་ཡས་པར་འཕྲོས་པ་མར་རིགས་དྲུག་གི་ཞིང་དུ་སོང་བས་སོ་སོར་སྟོན་པར་སྣང་ནས་གང་ལ་གང་འདུལ་གྱི་སྒོ་ནས་དོན་མཛད་པའོ། །དེ་ཡང་སྦྱོར་བ་གསུམ་གྱིས་སྤྲུལ་པ་འབྱིན། །ཞེས་གསུངས་པས། ལོངས་སྐུ་ཞལ་གྱི་སྦྱོར་བ། རིགས་དྲུག་ལས་མཐུན་གྱི་ལྷུམས་སུ་སྦྱོར་བ། རང་སྣང་དང་མཐུན་པར་དོན་མཛད་པའི་སྦྱོར་བ་གསུམ་དུ་སྣང་ནས་དབྱིངས་སུ་གྲོལ་བའོ། །དབང་པོའི་གྲོལ་ལུགས་ནི། དབང་པོ་རབ་འབྲིང་ཐ་གསུམ་པོ་རེ་རེ་ལ་བདུན་བདུན་ཏེ་ཉི་ཤུ་རྩ་གཅིག་ཏུ་ཕྱེ་ནའང་བསྡུས་ན་དབྱེ་གཞིའི་རྩ་བ་གསུམ་དུ་འདུས་པས་འདི་ལྟར་གོམས་པ་རབ་རྣམས་ནི། ལུས་བོར་བ་དང་འོད་གསལ་ཤར་བ་དུས་མཉམ་པའི་ཚེ་གྲོལ། འབྲིང་རྣམས་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་ལ་གྲོལ། ཐ་མ་རྣམས་ལྷུན་གྲུབ་ཀྱི་སྣང་བ་ལ་གྲོལ། དེ་ཡང་གང་དུ་གྲོལ་བ་ཡན་ཆད་ཀྱི་སྣང་བ་ཤར་ནས་དབྱིངས་སུ་ནུབ་པས་དེ་མན་ཆད་ཀྱི་སྣང་བ་མི་འཆར་བ་ཡིན་ལ། འདི་དག་གང་དུ་གྲོལ་ཡང་དབང་པོའི་བྱེ་བྲག་ཐ་དད་པས་རབ་རྣམས་སྐད་ཅིག་གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང་། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། །གཉིས་པ་ལ་རང་གདངས་སུ་ཤེས། །གསུམ་པ་ལ་ཤེས་ཐོག་ཏུ་གནས། །བཞི་པ་ལ་གནས་ཐོག་ནས་གྲོལ་བའོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་གྲོལ་བའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་ཡོད་པར་གསུངས་ཤིང་། བསམ་གཏན་གྱི་ཞག་གི་ཚད་ནི་སྔར་ཏིང་ངེ་འཛིན་གཅིག་ལ་མཉམ་པར་བཞག་པས་ཕྱི་མའི་རྣམ་རྟོག་མ་ལངས་པའི་བར་གྱི་གོམས་ཆ་ལ་འཇོག་པ་ཡིན་པས། བསམ་གཏན་གོམས་པ་རྣམས་ལ་འོད་གསལ་གྱི་སྣང་བ་ཡུན་རིང་དུ་འཆར་བས་སྐབས་དེར་ངོ་ཤེས་ཏེ་གྲོལ་ལ། གོམས་འདྲིས་མེད་ན་ཡུད་ཙམ་རེ་ལས་མི་འཆར་བས་ངོ་འཕྲོད་པར་དཀའ་བར་འགྱུར་རོ། །གསུམ་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བརྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། འདི་ལའང་ཆོས་ཉིད་བར་དོར་གྲོལ་མ་ནུས་པས་དབང་པོ་ཐ་མར་སོང་ཡང་གསང་ཆེན་རྫོགས་པ་ཆེན་པོའི་ལམ་འདིར་བརྩོན་པ་དང་སྦྱངས་པ་ཅན་རྣམས་ནི་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ནུབ་པ་དང་ལྷན་ཅིག་ཏུ་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་བརྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱ་བར་འགྱུར་ལ། དེ་ལས་གཞན་དུ་ཆོས་ཉིད་བར་དོ་ལ་རང་སྣང་ངོས་མ་ཟིན་པས་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བར་ལམ་བྱུང་དུས་རང་ཤི་འདུག་སྙམ་ངོས་ཟིན་ནས། སྲིད་པ་བར་དོར་ལམ་འཕྱན་པར་ཤེས་ཏེ། བླ་མ་དང་དེའི་གདམས་པ་དྲན་པས། ད་ནི་རང་བཞིན་སྤྲུལ་སྐུའི་ཞིང་དུ་འགྲོ་བར་བྱའོ་སྙམ་དུ་བསམ་པ་ཙམ་གྱིས། སྔར་གྱི་ཆོས་ཉིད་བདེན་པའི་བྱིན་རླབས་དང་། སྲིད་པ་བར་དོ་ལ་རང་གར་འཛིན་པའི་དྲི་མ་མེད་པས་སྲིད་པ་ཕྱི་མར་བརྒྱུད་པའི་བག་ཆགས་ཟད་དེ། རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་དེར་པདྨོ་ལ་བརྫུས་ཏེ་སྐད་ཅིག་གིས་སྐྱེས་ནས་དབུགས་འབྱིན་པར་འགྱུར་ཏེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་དེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་བྱུང་སྟེ། །བར་དོ་མེད་པར་སངས་རྒྱས་རྙེད། །ཅེས་གསུངས། ཞིང་དེ་དག་གི་རང་བཞིན་ནི། རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཞེས་པ་ནས། གཞལ་ཡས་ཁང་དེ་ནི་འདི་ནས་བྱང་ཕྱོགས་ན་དཔག་ཚད་ལྔ་བརྒྱའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་གཟུགས་ཁམས་ཀྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །བྱང་ཕྱོགས་ཀྱི་སྤྲུལ་པའི་ཞིང་ཁམས་ན་དེ་བཞིན་དུ་ཡོད་དོ། །ཞེས་པའི་བར་གྱི་ལོངས་སྐུ་དང་རྣམ་པ་འདྲ་རུང་དུ་སྣང་བའི་ཞི་བའི་ཞིང་ཁམས་བཞི་ཕྱོགས་བཞིར་སྣང་ལ། དེ་རྣམས་ཀྱི་དབུས་ཀྱི་སྟེང་གི་ཆ་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི། དེ་ཉིད་ལས། ཞིང་ཁམས་དེ་དག་གི་མདུན་གྱི་བར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་འདི་ལྟ་བུ་ཡོད་དོ། །ཐོད་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། ཞེས་པ་ནས། གཞལ་ཡས་ཁང་དེའི་ནང་ན་བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ་ཐུགས་ཞི་བ་ལས་མ་གཡོས་ཀྱང་སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ་མཁའ་འགྲོ་མ་དང་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་དོ། །ཞེས་སོགས་གསུངས་པ་ལྟར་སྤྱིར་ཞིང་བཅུ་དབུས་དུར་ཁྲོད་མེ་རི་འབར་བ་དང་བཅས་པས་ཞིང་བཅུ་གཅིག་ཡོད་ཀྱང་། འདིར་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་གཟུང་བར་བྱ་བ་སྟེ། དེ་ཡང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་རིན་པོ་ཆེ་ཤེལ་ལས་གྲུབ་པ། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་གསེར་ལས་གྲུབ་པ། ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་པདྨ་རཱ་ག་ལས་གྲུབ་པ། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་མརྒད་ལས་གྲུབ་པ་སྟེ། བཞི་ཀའང་རིན་པོ་ཆེའི་གཞལ་ཡས་ཁང་སྒོ་བཞི་དང་ལྡན་པ། རྟ་བབས་དང་ཐེམ་སྐས་སོགས་ཡིད་དུ་འོང་བའི་རྒྱན་ལྟ་ན་སྡུག་པས་སྤྲས་པ་མཚོ་དང་མཚེའུ་དང་པདྨས་གང་ཞིང་། བཀྲ་ཤིས་པའི་བྱ་སྒྲ་སྐད་སྙན་པར་སྒྲོགས་པ་བསམ་གྱིས་མི་ཁྱབ་པ་གནས་པ། ཟུར་བཞིར་རིན་པོ་ཆེའི་མཆོད་རྟེན་དྲིལ་བུ་གཡེར་ཁའི་དྲྭ་བས་སྦྲེལ་བ། ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རིས་བསྐོར་བ། དེ་རྣམས་ཀྱི་དབུས་ན་ཆོས་འཆད་པའི་ཁྲིའི་བཀོད་པ་ཕུལ་དུ་བྱུང་བ་ལ་སྟོན་པ་དཔལ་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་སྟེ་བཞི་པོ་རང་རིགས་ཀྱི་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་བ་ལ་ཆོས་སྟོན་པ། དེ་བཞིའི་དབུས་ཀྱི་བར་སྣང་ལ་ཁྲོ་བོའི་ཞིང་ཁམས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་འཇིགས་སུ་རུང་བར་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ་འཇིགས་བྱེད་ཧེ་རུ་ཀའི་རྣམ་པ་ཅན་གྱིས་འཁོར་བསམ་གྱིས་མི་ཁྱབ་པ་ལ་ཆོས་སྟོན་པར་མཛད་པ་ཡོད་དོ། །དེ་ལྟ་བུའི་ཤར་ཕྱོགས་ལ་སོགས་པ་ཞི་བའི་ཞིང་ཁམས་བཞིར་སྐད་ཅིག་ལ་བརྫུས་ཏེ་སྐྱེས་ནས་ལོ་བརྒྱ་ཉི་ཤུ་རྩ་ལྔ་རེར་གནས་པས། ཤར་ཕྱོགས་ཀྱི་ཞིང་ཁམས་སུ་སྟོན་པ་རྡོ་རྗེ་སེམས་དཔའ་ཞལ་མཐོང་ནས་ཆོས་ཐོས། ལྷོར་རིན་ཆེན་འབྱུང་ལྡན་ལས་དབང་ཐོབ། ནུབ་ཏུ་སྣང་བ་མཐའ་ཡས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན། བྱང་ཕྱོགས་སུ་དོན་ཡོད་གྲུབ་པས་དབུགས་ཕྱུང་སྟེ། སྟེང་གི་ནམ་མཁའི་མི་མཇེད་བརྩེགས་པར་ཁྲོ་བོའི་ཞིང་ཁམས་མཐོང་མ་ཐག་རང་སྣང་གདོད་མའི་སར་བླ་ན་མེད་པའི་བྱང་ཆུབ་བརྙེས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ངང་ངམ་ཤུགས་ཀྱིས་མཛད་པའོ་ཞེས་ཞི་བའི་ཞིང་ཁམས་བཞིར་རིམ་པར་སྐྱེ་བར་བཞེད་པ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞལ་ནས། དེ་ལྟར་ན་རང་ཤར་ལས། ཞིང་དེ་དག་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་གཅིག་གི་ཐོགས་པ་ཤ་སྟག་ཡིན་པར་བཤད་པས་གནོད་པའི་ཕྱིར་བཤད་འགྲེལ་ཆེན་མོ་ལས་གསུངས་པ་ལྟར་ཞིང་གང་དུ་སྐྱེས་པ་དེར་རྒྱུད་སྨིན་ནས་མདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ལ་ཁྲོ་བོའི་ཞིང་མཐོང་དུས་དེའི་བྱིན་བརླབས་ཀྱིས་ཤེས་བྱའི་སྒྲིབ་པ་མཐའ་དག་སྦྱངས་ཏེ་ཀ་དག་གི་ས་ལ་མངོན་པར་བྱང་ཆུབ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་བླ་མ་དགེ་བའི་བཤེས་གཉེན་ལྟ་བུར། དེ་ལྟར་ཞི་བའི་དབྱིངས་སུ་མཛད་པའི་ཐ་མ་བསྟན་པ་ཉིད་ཀྱང་འཇིག་རྟེན་འདིར་ཞལ་མངོན་དུ་གྱུར་པའི་ཚེ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་གདམས་པ་ཟབ་མོ་ཐུགས་ཉམས་སུ་བཞེས་ནས་སྒྲོ་འདོགས་ཆོད་པར་མཛད་པས་རང་བཞིན་གྱི་བར་དོ་ལ་གྲོལ་བ་བརྙེས་པར་འགྱུར་བའི་ཕྱིར། བར་དོ་ཕྱི་མ་གསུམ་གྱི་གདམས་པ་ལ་ལྟོས་མི་དགོས་ནའང་འཇིག་རྟེན་མཐུན་འཇུག་དང་བསྟུན་ནས་གསལ་འདེབས་ཅུང་ཟད་གསོལ་བ་ལགས་པས། དེ་ཡང་གདམས་ངག་ལ་གོམས་ཤུགས་ཆེ་ཆུང་གི་རིམ་པས་རབ་སྐུ་ལུས་བོར་མ་ཐག་འོད་གསལ་ཤར་བ་དང་དུས་མཉམ་དུ་གྲོལ་བ་བརྙེས་ཤིང་། འབྲིང་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ་ལ། ཐ་མ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་གྲོལ་བ་བརྙེས་པ་འགྱུར་མོད། མངོན་སུམ་གྱི་སྒོ་གཟིགས་ཀྱང་ཉམས་བཞེས་ཚད་དུ་མ་ཕྱིན་པ་རྣམས་རང་བཞིན་སྤྲུལ་པའི་སྐུའི་ཞིང་དུ་དབུགས་དབྱུང་སྟེ་བར་དོ་མེད་པར་འཚང་རྒྱ་བར་ངེས་པའི་ཕྱིར། གྲོལ་བའི་རིམ་པ་གང་ལྟར་ནའང་ཡང་དག་པར་རྫོགས་པའི་སངས་རྒྱས་རང་སྣང་གི་སྐུ་གསུམ་མངོན་དུ་བརྙེས་ནས། དེ་ལས་མ་གཡོས་བཞིན་དུ། ཞེས་པ་ནས། ནམ་ཡང་གཡེལ་བ་མེད་པར་རྗེས་སུ་འཛིན་པར་མཛད་དུ་གསོལ། ཞེས་སྔར་ལྟར་སྦྱར་བ་ལས་འདི་མན་མི་དགོས་ལ། གདམས་ངག་གི་གནད་མཐོང་བའི་ཆོས་པ་གཞན་ཡིན་ན་དགོས་མི་དགོས་རྣམ་དབྱེ་ཕྱེ་བར་བྱའོ། །གཞན་དུ་རྫོགས་པ་ཆེན་པོའི་སྒོར་མ་ཞུགས་ཀྱང་། སྤྱིར་སྔགས་ཀྱི་ཟབ་ལམ་ལ་ཉམས་ལེན་གྱི་གནད་ཟིན་པ་ཡིན་ན། སྔར་འཆི་སྲིད་འོད་གསལ་གྱི་ངོ་སྤྲོད་རྒྱས་པར་བཤད་པའི་སྐབས་ཀྱི་ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཡིན་ནོ། །ཞེས་པའི་རྗེས་སུ། གལ་ཏེ་དེར་གྲོལ་བར་མ་ནུས་ན། སེམས་ཉིད་སྣང་བའི་ཆ་ལས་ལྷུན་གྲུབ་གཟུགས་ཀྱི་སྐུའི་འོད་གསལ་རྣམ་པ་ལྔ་འཆར་བར་འགྱུར་ཏེ། གཉིས་མེད་རྣམ་རྒྱལ་ལས། ལྔ་པ་སྤྲིན་མེད་ནམ་མཁའ་ལ། །མི་རྟོག་མཐའ་དབུས་མེད་པ་འཆར། །ཞེས་གསུངས་པ་ལྟར་སྣང་བ་ཐམས་ཅད་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་གཞི་ལ་སྙིང་གའི་འོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁམས་རང་ཆས་སུ་བཞུགས་པའི་གནད་ཀྱིས་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཏེ། དེ་ཡང་བསམ་གཏན་གྱི་ཞག་དང་པོ་འོད་མཐིང་ག་ལས་རྣམ་པར་སྣང་མཛད། གཉིས་པར་འོད་དཀར་པོ་ལས་རྡོ་རྗེ་མི་བསྐྱོད་པ། གསུམ་པར་འོད་སེར་པོ་ལས་རིན་ཆེན་འབྱུང་གནས། བཞི་པར་འོད་དམར་པོ་ལས་སྣང་བ་མཐའ་ཡས། ལྔ་པར་འོད་ལྗང་གུ་ལས་དོན་ཡོད་གྲུབ་པ་གཙོ་འཁོར་རྣམས་ཚོམ་བུའི་དཀྱིལ་འཁོར་དུ་སྙིང་ནང་གི་གདངས་ལས་རང་ཤར་དུ་སྣང་བར་འགྱུར་ཏེ། སྔར་ངོ་འཕྲོད་ཅིང་བསམ་གཏན་ལ་གོམས་འདྲིས་བརྟན་པ་རྣམས་དུས་དེར་གྲོལ་བར་འགྱུར་ལ། དེར་ངོ་མ་ཤེས་ན་ཆོས་ཉིད་འོད་གསལ་གྱི་སྣང་ཆ་དེ་ཉིད་ནུབ་པའི་སྐད་ཅིག་ལ་ཕྱི་མའི་བག་ཆགས་སད་བྱེད་ཀྱི་རྐྱེན་ཅི་རིགས་པ་དག་གིས་བསྐུལ་ནས་རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པ་རྣམས་ཀྱིས་རྒྱུ་རྐྱེན་བྱས་པ་ལས་རྨི་ལམ་གྱི་སྣང་བ་ལྟར་སྲིད་པ་བར་དོའི་ཡིད་ལུས་སུ་ལྡང་སྟེ། ཞེས་འོག་ནས་འབྱུང་བ་ལྟར་སྦྲེལ་ལོ། །ཡང་གང་ཟག་ཉམས་ལེན་གྱི་གནད་དང་མི་ལྡན་པ་རྣམས་ལ་སྲིད་པ་བར་དོ་ཁོ་ནའི་ངོ་སྤྲོད་འདེབས་པའི་དབང་དུ་བྱས་ན་སྔར་ལྟར་མགོའི་གླེང་བསླང་བ། འོ། འཇིག་རྟེན་འདི་ནས་ཕ་རོལ་ཏུ། ཞེས་པ་ནས། དེའི་ཚེ་ན་གལ་ཆེ་བ་བར་དོའི་གདམས་ངག་སྟེ། ཞེས་པའི་བར་སྐབས་ཀྱི་བརྗོད་པ་དང་། དེ་ལ་བར་དོའི་སྤྱིའི་རྣམ་བཞག་མདོར་བསྟན་པ་དང་། ཞེས་པ་ནས། གཉིས་པ་སྐབས་དོན་བྱེ་བྲག་གི་རང་བཞིན་རྒྱས་པར་བསྟན་པ་ནི། ཞེས་པའི་བར་བརྗོད་རྗེས། དེ་ལྟར་བར་དོའི་དབྱེ་བ་བཞི་ལས། འདིར་སྲིད་པ་བར་དོ་དངོས་འཆད་པའི་དབང་དུ་བྱས་ན། རིགས་ཀྱི་བུ་ཚེ་ལས་འདས་པ་ཁྱོད་འཆི་འཕོ་བའི་ཚེ་ལུས་ཀྱི་ཆུ་མེ་རླུང་གསུམ་འཁྲུགས་པས་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཚེ་སྲོག་གཅོད་པ་ཡིན་ལ། དེ་ཡང་ཕུང་ཁམས་སྐྱེ་མཆེད་སོགས་ཕྲ་རགས་ཀྱི་ཐིམ་ལུགས་རྒྱས་པར་བཤད་ཀྱང་རྟེན་ཐིམ་པ་ན་བརྟེན་པ་ངེས་པར་ཐིིམ་པས་གཙོ་ཆེ་བའི་དབང་དུ་བྱས་ཏེ་ས་ཆུ་མེ་རླུང་བཞི་ཐིམ་པའི་རྟགས་སྨིག་རྒྱུ། དུ་བ་སྲིན་བུ་མེ་ཁྱེར་མར་མེ་ལྟ་བུ་བཞི་འོད་ཟེར་ལྔ་དང་བཅས་པའི་འཇུག་ཏུ། རྡོ་རྗེ་ཕྲེང་བ་ལས། རྣམ་ཤེས་དང་པོ་འཇུག་པ་ནི། །སྣང་བ་མཆེད་པའི་མིང་དུ་སྟེ། །དེ་ནི་སྟོང་པ་ཆེར་འཇུག་ལས། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་གསུངས་པ་ལྟར་དཀར་དམར་ནག་པོའི་སྣང་བས་མཚོན་པར་སྣང་མཆེད་ཐོབ་གསུམ་གྱི་སྣང་བ་མཐའ་དག་ཀུན་གཞི་ལ་ཐིམ་པའི་དུས་དེར་འཆི་བ་འོད་གསལ་ཆོས་སྐུ་ཇི་ལྟ་བ་ཞིག་རང་རྒྱུད་ལ་ཤར་ནའང་། དེ་ལས། རིགས་ཆེན་རང་ཉིད་རྩ་བ་སྟེ། །ལུགས་ལས་ལྡོག་པའི་མ་རིག་པའོ། །མ་རིག་པ་ལས་སེམས་བྱུང་འབྱུང་། དེ་ལས་སྣང་བ་འབྱུང་བའོ། །ཞེས་གསུངས་པ་ལྟར་སྣང་བ་གསུམ་རྣམ་པར་མ་དག་ཅིང་། སྒྱུ་མ་ལྟ་བུའི་རང་བཞིན་ངོ་མ་ཤེས་པའི་དབང་གིས། སྔོན་གྱི་འཕེན་པས་རྒྱུ་བྱས་རྣམ་རྟོག་གི་བཞོན་པ་རླུང་གིས་རྐྱེན་བྱས་ནས་འོད་གསལ་གྱི་ངང་ལ་སྣང་བ་ཉེར་ཐོབ་རང་བཞིན་བདུན་དང་བཅས་པ་འབྱུང་། དེ་ལས་སྣང་བ་མཆེད་པ། དེ་ལས་སྣང་བ། དེ་ལས་རླུང་མེ་ཆུ་ས་སྟེ་འབྱུང་བ་བཞི་ཕྲ་བ་ལས་བྱུང་བ་རྨི་ལམ་གྱི་སྣང་བ་ལྟར་སྲིད་པ་བར་དོའི་ལུས་སུ་ལྡང་སྟེ། དེ་ཡང་གོང་དུ་ཐིམ་རིམ་གྱི་སྣང་བ་མཆེད་པ་ལ་ཐིམ་པ་དམར་ལམ་ཤར་བའི་དུས་སུ། སེམས་ཀྱིས་སྔར་གྱི་ལས་གང་བྱས་པ་དེའི་ཤུགས་ཀྱིས་རིགས་དྲུག་པོའི་སྣང་བའི་བྱེ་བྲག་ཡུད་ཙམ་འབྱུང་སྟེ། མདོ་རྣམས་ལས་ཕྱི་མའི་སྲེད་པའི་ས་བོན་འཇོག་པར་གསུངས་པ་དེ་ཡིན་པས་འདི་ས་བོན་བཏབ་པ་དང་འདྲ་བའི་ཕྱིར་སྐབས་འདིར་མཚམས་སྦྱོར་གལ་ཆེ་བར་འགྱུར་ཏེ། དེའི་དུས་སུ་ཆོས་པ་རྣམས་ལ་དཔའ་བོ་མཁའ་འགྲོའི་བསུན་མ་དང་། སྡིག་ཅན་རྣམས་ལ་གཤིན་རྗེའི་ཕོ་ཉ་འབྱུང་བར་བཤད་ཅིང་། སྔར་གྱི་སྲིད་པ་འཇོག་ལུགས་ཀྱང་། འདིར་དམྱལ་བར་འགྲོ་བའི་སེམས་ཅན་རྣམས་ནི་སྔར་མི་དགེ་བ་ལ་གོམས་དྲག་པས་འདིར་ཡང་དེ་ཉིད་ཀྱི་སྣང་བ་འབྱུང་སྟེ། རང་གི་སྣང་བའི་སྟོང་གཟུགས་སྡུད་པ་ན། སྣང་བ་ལ་འཆར་ལུགས་གཉིས་འོང་སྟེ། སྡིག་ཤས་ཆེ་བ་མནར་མེད་དུ་འགྲོ་བ་ན། གཤིན་རྗེའི་སྐྱེས་བུ་ལ་སོགས་པ་མཐོང་ཞིང་། རང་གི་ཁྲག་མཁྲིས་ལུས་ལ་རླུང་གིས་གཏོར་བས་མིག་ཁྲག་ལྟ་བུར་འགྱུར། ལུས་ཚ་བས་གདུང་། སྲོག་ལ་ཆགས་བཞིན་དུ་འཆི་བས་གནད་གཅོད་དྲག་པོ་འཆར་ཏེ། དེ་སྣང་བའང་མེར་འབར་བ་དང་། མཚོན་ཆ་ལ་སོགས་པ་དང་། རྣ་བའི་རླུང་སྒྲ་ཡང་ལོག་པར་འགྱུར་བས་དེ་ཉིད་དང་འགྲོགས་ཏེ་ཤི་བས་རྣམ་ཤེས་འཕོས་པའི་སྐད་ཅིག་ལ་སྣང་བ་ཅུང་ཟད་བདེ་བར་འགྱུར་ལ་དེ་ནས་བལྟས་པས་ནགས་དང་མེ་ཆུ་སོགས་མཐོང་སྟེ། དེར་དགའ་བས་ཕྱིན་པ་ན་སྔར་གྱི་གཤིན་རྗེའི་གཤེད་མ་དག་འོངས་ནས་ལོག་པར་བྱེད་པ་སྣང་བར་བཤད་དོ། །དེ་བས་ལས་ཆུང་བ་རྣམས་ནི་འཆི་ཁར་དམྱལ་བ་ལ་དམྱལ་བའི་གནས་མཚོན་ཆའི་ནགས་ཚལ་དང་རི་བོ་སྤང་གཤོངས་ལ་སོགས་པར་སེམས་ཅན་གཅིག་གིས་གཅིག་བསད་ནས་ཤ་ཟ་ཞིང་། ས་ཕྱོགས་ཁྲག་གིས་གཏོར་བ་མཐོང་ནས་སྔར་སྲོག་གཅོད་ལ་གོམས་པའི་དབང་གིས། ཀྱེ་མ་བདག་ཀྱང་འདིར་འགྲོའོ་སྙམ་པ་བྱུང་སྟེ། འདི་ནི་སྣང་བ་སྟོབས་ཆུང་བ་ཡིན། སྔ་མ་ནི་ལས་སྨིན་པ་དེ་སྟོབས་ཆེ་བ་ཡིན་ཏེ། རྒྱས་པར་དྲན་པ་ཉེར་བཞག་ཏུ་གསུངས་སོ། །ཡི་དྭགས་སུ་འགྲོ་བར་སེར་སྣའི་སྲེད་པ་ཤས་ཆེ་བ་དང་། དུད་འགྲོར་སྐྱེ་ན་བྱོལ་སོང་མཐོང་བ་ལ་དགའ་བའི་སྲེད་པ་དང་ཆགས་པའི་སེམས་ཀྱིས་དྲན་མེད་རྨུགས་ཏེ་འཆི་ལ། མིར་སྐྱེ་བ་ལ་ནི་མི་ཉིད་ལ་ཤིན་ཏུ་ཆགས་པ་དང་བཅས་པའི་སྣང་བ་འབྱུང་ཞིང་། འདོད་པའི་ལྷར་སྐྱེས་ན་ཕུན་སུམ་ཚོགས་པའི་གནས་དང་ཡོ་བྱད་ཚོགས་པས་ལྷ་དང་ལྷ་མོ་ཁྲིར་འདུག་པ་མཐོང་བ་ལ་དགའ་བའི་སེམས་སྐྱེ་བ་དང་། ལྷ་མིན་རྣམས་ཀྱང་ལྷ་དང་ཕྱོགས་མཐུན་ཡང་ང་རྒྱལ་དང་བཅས་པར་འགྱུར་ལ། གཟུགས་ཁམས་ཀྱི་ལྷར་འགྲོ་བ་ལ་ནི་འདིར་བསམ་གཏན་གོམས་པའི་མཐུས་དེ་ཉིད་ལ་གནས་པ་ན་བསམ་གཏན་གྱི་ཉེར་བསྡོགས་ལས་གཟུགས་ཀྱི་ཁམས་དེར་སྣང་བ་ཉིད་དོ། །འདི་རྣམས་ལ་བར་དོ་ཡུན་རིང་པོ་མེད་པར་བཤད། གཟུགས་མེད་ཀྱི་ལྷ་རྣམས་ནི་གང་དུ་ཤི་བ་དེར་ནམ་མཁའ་མཐའ་ཡས་སོགས་སྔར་གང་གོམས་པ་དེ་ཉིད་ཀྱི་སྟེང་དུ་འགྲོ་བས་བར་དོ་གཞན་མི་སྣང་ངོ་། །དེ་ལྟར་སྣང་བ་དེ་དག་གི་རྒྱུ་ནི་སེམས་ལ་དགེ་མི་དགེ་དང་མི་གཡོ་བའི་ལས་བསགས་པའི་བག་ཆགས་ཀྱི་ས་བོན་ཡོད་པ་དེ། ལུས་ཀྱི་རྩ་རླུང་འཁྲུགས་པའི་ཐིམ་རིམ་གྱི་རྟགས་བྱུང་བས་དེས་རྐྱེན་བྱས་པས་ལྡང་ཞིང་སྣང་བ་དང་། རླུང་གི་སྟོང་པའི་སྒྲ་རྣམས་ཐ་དད་དུ་སྣང་བ་ཉིད་ཀྱིས་ཤར་བ་སྟེ། དེ་ནས་རེ་ཞིག་འཆི་སེམས་འོད་གསལ་ལ་ཞུགས་ཀྱང་གོམས་འདྲིས་མེད་པས་ལུགས་ལྡོག་གི་སྣང་གསུམ་འབྱུང་བ་དང་བཅས་ལངས་པ་ལས་སྲང་མདའི་མཐོ་དམན་ལྟར་འོད་གསལ་ནུབ་མ་ཐག་བར་དོའི་སྣང་བ་འཆར་བར་འགྱུར་བས། དེའི་དུས་སུ་བར་དོ་ལ་བར་དོར་ངོ་ཤེས་པ་གལ་ཆེ། བར་དོར་ངོ་ཤེས་ནས་ཀྱང་དགེ་བ་ལ་འདུན་པ་བསྒྱུར་བ་གལ་ཆེ། འདུན་པ་དེ་ཡང་གནས་ལུགས་དང་འབྱོར་བ་གལ་ཆེ་བས། གསེར་ཕྲེང་ལས། འཁྲུལ་པ་སྲིད་པའི་ཆ་ཙམ་དུ། །རང་སྣང་རང་བཞིན་མེད་སྣང་དུ། །རང་སྣང་རང་བཞིན་མེད་ཤེས་ནས། །སྤྲུལ་པ་དྲན་པས་རང་རྒྱུད་གྲོལ། །ཞེས་གསུངས་པ་ལྟར། འདིར་སྲིད་པ་བར་དོར་གྲོལ་བའི་ཐབས་ཀྱི་གདམས་པ་བསྟན་པ་ལ། བར་དོའི་མཚན་ཉིད། བར་དོའི་རྟགས། བར་དོའི་སྣང་བ། དེའི་གདམས་ངག་ཇི་ལྟར་བསྒོམས་པའི་ཚུལ། དེ་ལས་གནས་ལུགས་ངོ་འཕྲོད་ནས་གྲོལ་བའི་ཚུལ་ཏེ་ལྔར་ཡོད་པ་ལས། དེའི་དང་པོ་བར་དོའི་མཚན་ཉིད་ནི། ཆོས་མངོན་པ་མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་གཟུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་ཤིང་། འདིར་སྔོན་ཞེས་བྱ་བ། སྔར་བྱུང་ཟིན་ཁོ་ན་ལ་མི་ཟེར་གྱི། སཾ་སྐྲྀ་ཏའི་སྐད་དུ། པཱུརྦ་ཞེས་བྱ་བ་བསྒྱུར་ན། སྔོན་དང་ཤར་དང་མདུན་གསུམ་ལ་འཇུག་པ་ལས། འདིར་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་སྔོན་ཞེས་པར་བསྒྱུར་བར་མཛད་ཀྱང་། དོན་ལ་མདུན་ཏེ། མདོ་ལས། ཐམས་ཅད་མཁྱེན་པས་གཟིགས་པ་ན་གར་སྐྱེ་བ་དེའི་རྣམ་པ་ཅན་དུ་གསུངས་པས་ན། ད་ཕྱིན་ཆད་ནས་ཡོངས་རྒྱུའི་དོན་ཡིན་པས་གནས་སྐབས་གཞན་གྱིིས་བར་མ་ཆོད་པར་འཕྲལ་དུ་འབྱུང་རྒྱུ་ལ་ཟེར་བ་ཡིན། ཇི་ལྟར་འཁོར་ཚུལ་གྱི་ཁྱད་པར་ནི། སྔར་ཆོས་ཉིད་འོད་གསལ་གྱི་སྣང་ཆ་ཤར་ཡང་རང་སྣང་དུ་ངོ་མ་ཤེས་པས་སྲིད་པ་བར་དོར་ཡང་དང་ཡང་དུ་འཁོར་ཏེ། ཤ་ཁྲག་རང་ག་མའི་གཟུགས་མེད་ཀྱང་ལུས་ལ་བདག་འཛིན་གོམས་པའི་བག་ཆགས་ཀྱིས་ཡིད་ཀྱི་ལུས་ཅན་ཆུ་ནང་གཟུགས་བརྙན་ལྟ་བུ་ཡོད་ཡོད་འདྲ་བའི་སྣང་བ་འཆར་བ་ནི་ས་བོན་གྱི་ཆ་ཀུན་གཞི་ལ་ཡོད་པར་ལངས་པས་སྲིད་པའི་མིང་དང་འབྱུང་བའི་མིང་གཉིས་འཛིན་པའི་ལུས་ཏེ། ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་འགོ་ནི། །དཔེར་ན་ཟོ་ཆུན་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བའི་མིང་གཉིས་པ། །ཞེས་གསུངས། སྒྲ་དོན་ངེས་ཚིག་གི་ཁྱད་པར་ནི། ཆོས་ཉིད་ཀྱི་སྣང་བ་ནུབ་པ་དང་། ཕྱི་མའི་རིགས་དྲུག་གང་རུང་གི་ལུས་དངོས་མ་བླང་བར་གྱི་སྣང་བ་ཡིན་ཅིང་བདེ་སྡུག་དུ་མ་སྲིད་པས་ན་སྲིད་པ་བར་དོ་ཞེས་བྱ་སྟེ། དེ་ལས། སྔ་མའི་ཤེས་པའི་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །ཞེས་སོ། །ལུས་ཀྱི་རྣམ་པའམ་ཆ་བྱད་ཀྱི་ཁྱད་པར་ནི། གང་དུ་སྐྱེ་བ་ལེན་པར་འགྱུར་བའི་གཟུགས་དང་འདྲ་བ་སྟེ། མིར་སྐྱེ་ན་བར་དོ་ཡང་མིའི་གཟུགས་དང་། དུད་འགྲོར་སྐྱེ་ན་བར་དོ་ཡང་དུད་འགྲོའི་གཟུགས་སུ་འབྱུང་བ་སོགས་ཡིན་ཏེ། གཞན་དུ་སྐྱེ་བ་སྔ་མའི་གཟུགས་ཀྱི་རྣམ་པར་ཡོད་ན། ལྷ་ནས་མིར་འཕོ་བ་ལྟ་བུ་ལ་བར་དོ་ལྷའི་གཟུགས་ཀྱི་རྣམ་པར་ཡོད་པས་མིའི་ཕ་མ་ལ་ཆགས་སྲེད་ཀྱི་འཇུག་པ་མི་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར་གསུངས་ཡང་། རྒྱུད་དེ་ལས། རིགས་ཅན་གང་དུ་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །ཞེས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་གསུང་། ཁྱུང་པོ་རྣལ་འབྱོར་གྱིས་ཡི་གེར་བཏབ་པའི་འཕྱུག་མེད་བར་དོ་གསུམ་གྱི་གདམས་པ་ལས་ཀྱང་བདུན་ཕྲག་དང་པོའི་ཞག་ཕྱེད་དང་བཞི་ཚུན་ཆད་དུ་སྐྱེ་བ་སྔ་མའི་ལུས། ཡུལ་ཁྱིམ་ནོར་རྫས་དང་། གཉེན་བྲེལ་ལ་སོགས་པའི་སྣང་བ་འབྱུང་ཞིང་། ཞེས་པ་ནས། དུས་དེར་བར་དོར་ཤེས་པ་མི་འབྱུང་ངོ་། །དེ་ནས་ཞག་ཕྱེད་དང་བཞི་སོང་མ་ཐག་ནས་ཕྱི་མའི་ལུས་ཀྱི་སྣང་བ་ཡུད་ཙམ་རེ་ཤར་ཞིང་། སྔ་མའི་ལུས་ཀྱི་རྟག་མ་ཐུབ་པ་དང་། ཞེས་སོགས་གསུངས་པ་ལྟར་བདུན་ཕྲག་དང་པོའི་ཕྱེད་དེ་ཞག་ཕྱེད་དང་བཞི་ཡན་ཆད་ལ་སྔ་མའི་བྱད་གཟུགས་ལ་སོགས་པའི་རྣམ་པ་དང་། ཕྱེད་མན་ཆད་ནས་ཕྱི་མ་གར་སྐྱེའི་ལུས་དང་གོས་རྒྱན་ལ་སོགས་པའི་རྣམ་པར་འཆར་བ་ནི་བག་ཆགས་སྔ་མའི་ཕྱི་སྙེགས་དང་ཕྱི་མ་ལྡང་དུ་ཉེ་བའི་འགོ་བརྩམ་པའི་ཁྱད་པར་རོ། །ལུས་ཀྱི་ཁྱད་པར་ནི། འབྱུང་ལུས་རགས་པ་ནི་མེད་མོད། ཤིན་ཏུ་ཕྲ་ཞིང་དྭངས་པའི་འབྱུང་བ་ལ་མིང་བཞིའི་ཕུང་པོ་བརྟེན་པ་ཡིན་པས། གནས་རིགས་མཐུན་པ་དང་ལྷའི་མིག་རྣམ་པར་དག་པས་མ་གཏོགས་གཞན་གྱིས་མི་མཐོང་སྟེ། འཛམ་བུ་གླིང་དུ་སྐྱེ་འགྱུར་གྱི་བར་དོ་གཅིག་གིས་གླིང་དེ་ཉིད་དུ་སྐྱེ་འགྱུར་གྱི་བར་དོ་གཞན་མཐོང་ལ། བ་ལང་སྤྱོད་གླིང་སོགས་གླིང་གཞན་དུ་སྐྱེ་འགྱུར་གྱི་བར་དོ་མི་མཐོང་། དེས་མཚོན་ནས་གནས་དང་རིགས་མཐུན་པའི་བར་དོ་ནང་ཕན་ཚུན་མཐོང་ལ་གནས་རིགས་མི་མཐུན་པའི་བར་དོ་དང་འགྲོ་བ་རིགས་དྲུག་གི་སེམས་ཅན་མངོན་ཤེས་མ་ཐོབ་པ་རྣམས་ཀྱིས་ཀྱང་མི་མཐོང་ཞིང་། ལྷའི་མིག་གི་མངོན་ཤེས་ཀྱང་སྐྱོན་བཅུ་གཅིག་དང་བྲལ་བས་མཐོང་བ་སྟེ། དེ་ལས་གཞན་པའི་མངོན་ཤེས་ཡོད་ཀྱང་མི་མཐོང་ངོ་། །དེས་ན་རྣམ་ཤེས་ཀྱིས་བསྡུས་པའི་ལུས་ལའང་། རགས་པ་ཕྲ་བ་ཤིན་ཏུ་ཕྲ་བ་གསུམ་ལས། རགས་པ་ནི་གསོན་གྱི་དུས་ཀྱི་རྣམ་སྨིན་གྱི་ལུས་ལྟ་བུ། ཕྲ་བ་ནི་གསོན་གྱི་དུས་ཀྱི་རྨི་ལམ་བག་ཆགས་ཀྱི་ལུས་ལྟ་བུ། ཤིན་ཏུ་ཕྲ་བ་ནི་གཟུགས་མེད་པའི་ལྷའི་ལུས་དང་བར་དོའི་ཡིད་ལུས་ལྟ་བུ་སྟེ། རྒྱུ་མཚན་དེས་བར་དོ་ལ་ནི་མིང་གི་ཁྱད་པར་ཡང་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་གཟུགས་ཅན་དང་། ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་འཁོར་དང་། ལུས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་། གཟུགས་དང་དབང་པོ་རགས་པ་མེད་ཀྱང་ལས་དང་བག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་བཞིའོ། །ཤུགས་ཀྱི་ཁྱད་པར་ནི། ཆོ་འཕྲུལ་སྣ་ཚོགས་པ་སྟོན་པའི་རྫུ་འཕྲུལ་མེད་ཀྱང་། རྫུ་འཕྲུལ་ཡིད་མགྱོགས་དང་འདྲ་བར་གང་བསམས་པའི་གནས་དེར་སྐད་ཅིག་གིས་ཕྱིན་པར་ནུས་པའོ། །དབང་པོའི་ཁྱད་པར་ནི། ལས་དང་མཐུན་པའི་གཟུགས་སྒྲ་དྲི་རོ་རེག་བྱ་མཐའ་དག་གསལ་བར་མཐོང་ནུས་པས། དབང་པོ་དྲུག་ཀུན་ཚང་བར་ཡོད་པ་ཡིན་ལ། གང་དུ་སྐྱེ་བ་ལེན་པར་འགྱུར་བའི་ལུས་དེ་དབང་པོ་མ་ཚང་བར་འབྱུང་བ་ཞིག་ཡོད་ཀྱང་། བར་དོའི་སེམས་ཅན་ནི་དབང་པོ་དྲུག་རྟག་ཏུ་ཚང་བ་ཡིན་པས། ཤ་གཟུགས་ཙམ་དབྱིབས་འདྲ་བ་ཡིན་གྱི། དབང་པོ་ཚང་མ་ཚང་གི་སྒོ་ནས་མི་འདྲ་ལ། འོན་ཀྱང་ཤའི་སྲིན་བུ་སོགས་སུ་སྐྱེ་བ་ན་དེའི་བར་དོ་ལ་དེ་དང་གཟུགས་དབྱིབས་འདྲ་བའི་ཕྱིར། མིག་ཁྲ་འབུར་བ་དང་། རྣ་བ་ཀྲོང་པོར་མེད་ཀྱང་གཟུགས་རྣམས་མཐོང་བ་དང་སྒྲ་རྣམས་ཐོས་པའི་དབང་པོ་འབྱུང་ལུས་ཡོད་པས། དེ་ཁོ་ན་མིག་དང་རྣ་བའི་དབང་པོ་ཡིན་ནོ། །རེག་པའི་ཁྱད་པར་ནི། ཤིན་ཏུ་དྭངས་པའི་ལུས་ཡིན་པས་རྟེན་གཉིས་མ་གཏོགས་རི་རབ་སོགས་ཐོགས་བཅས་ཀྱི་དངོས་པོ་ཕྲ་རགས་གང་ལ་ཡང་ཐོགས་མེད་དུ་ཐལ་ལེར་འགྲོ་ནུས་པ་སྟེ། རྟེན་གཉིས་ནི། བྱིན་རླབས་ལས་གྲུབ་པ་རྡོ་རྗེའི་གདན་དང་། མའི་མངལ་གཉིས་སོ། །དེ་ལ་སློབ་དཔོན་ཕལ་ཆེར། རྡོ་རྗེ་གདན་ནི་མཆོག་གི་སྤྲུལ་སྐུ་འཚང་རྒྱ་བའི་གནས་འཕགས་ཡུལ་ན་ཡོད་པ་དེ་ལ་ངོས་འཛིན་པར་མཛད་ཀྱང་མ་ཡིན་ཏེ། འདིར་བསྟན་གྱི་རྡོ་རྗེ་གདན་ནི་སངས་རྒྱས་ཐམས་ཅད་གང་དུ་འཚང་རྒྱ་བའི་གནས་ནང་དབྱིངས་མི་འགྱུར་བའི་ཆོས་ཉིད་དག་པ་མྱ་ངན་ལས་འདས་པའི་སྒོ་དང་། མའི་མངལ་ནི་མ་དག་པ་འཁོར་བའི་སྒོ་འགྲོ་དྲུག་གི་སྐྱེ་གནས་གང་རུང་ལ་འདོད་པ་ཡིན་པས་སྒྲ་ཇི་བཞིན་དུ་བཤད་པར་བྱ་བ་མ་ཡིན་ནོ། །འདི་དག་ཀྱང་། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཡན་ལག་ཡོངས་རྫོགས་པས། །དང་པོ་ཀུན་ལ་ཐོགས་མེད་ཅིང་། །རི་བྲག་ལ་སོགས་ཐོགས་མེད་འཇུག །ཅེས་གསུངས། ཟས་ཀྱི་ཁྱད་པར་ནི། དྲི་ཚོར་བ་ཙམ་གྱིས་དབང་པོ་ཚིམ་པ་དང་། ཚེ་རྒྱས་པ་དང་། འཚོ་བར་འགྱུར་བ་ཡིན་ལ། འཆི་འཕོ་བ་ཇི་ལྟར་འགྱུར་བ་ལུང་བསྟན་པའི་མདོ་སོགས་མདོ་རྣམས་སུ་རིགས་དྲུག་གི་ཟས་རགས་པ་ནི་བསྔོས་ཀྱང་མི་ཐོབ་པར་བཤད་ནའང་། སྔགས་ཀྱི་ཆོ་ག་ལས་ཟས་གཏད་གསུངས་པ་ལྟར་སྔགས་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཤིང་བསྔོ་བའི་མཆོད་པ་ཐོབ་པར་འགྱུར་བ་ནི་སྔགས་ཀྱི་ཆོ་གའི་མཐུ་བྱིན་གྱི་ཆེ་བ་རྨད་དུ་བྱུང་བ་ཡིན་ནོ། །རྟེན་མི་འགྱུར་བའི་ཁྱད་པར་ནི། སྤྱིར་བཏང་ལ་ལྷ་ལྟ་བུ་གང་དུ་སྐྱེ་འགྱུར་གྱི་བར་དོའི་སྲིད་པ་གྲུབ་ཟིན་ནས་ལྷ་ཉིད་དུ་སྐྱེ་བ་ལས་གཞན་མི་ལ་སོགས་པར་བསྒྱུར་དུ་མེད་མོད། དམིགས་བསལ་ནི། མངོན་པ་ཀུན་ལས་བཏུས་ལས། ཅི་སྟེ་ན་ལྡོག་གོ། །ཞེས་དང་། ས་སྡེ་ལས་ཀྱང་། ཡང་ན་ནི་སྐལ་བ་མི་མཉམ་པ་གཞན་དུ་འགྱུར་ཏེ། ཞེས་གསུངས་པ་ལྟར། ངན་སོང་གི་བར་དོ་གྲུབ་ཟིན་པའང་དགེ་བའི་སྟོབས་ཀྱིས་མཐོ་རིས་ཀྱི་བར་དོར་བསྒྱུར་ཐུབ་པ་མི་འགལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པའི་ནུས་མཐུ་དང་ཐུགས་རྗེའི་བྱིན་རླབས་བསམ་གྱིས་མི་ཁྱབ་ཅིང་། སྔགས་དང་ཆོ་ག་ལ་སོགས་པའི་ནུས་མཐུ་ཡང་དཔག་པར་དཀའ་བའི་ཕྱིར་རོ། །ཚེའི་ཁྱད་པར་ནི། མདོ་ལས། དཔེར་ན་སྐྱེས་བུ་ལུས་སྟོབས་དང་ལྡན་པ་གཡུལ་ངོར་རྟ་ལས་ལྷུང་ན་མྱུར་བར་རྟ་དེ་ལ་འཛིན་པ་ལྟར། སྐྱེ་བའི་འདུན་པ་ཕྱོགས་པས་མྱུར་དུ་སྐྱེ་བ་ལེན་པ་དང་སྲིད་པ་སྦྱོར་བར་བཤད་པས་ན། དུས་མཐའི་སྐད་ཅིག་མ་ནས་ཞག་བདུན་གྱི་བར་དུ་རིང་ཐུང་མ་ངེས་པར་སྣང་ཞིང་། དེ་ལས་ལྷག་པ་མེད་པར་བཤད། ཞག་བདུན་ལོན་ནས་ཀྱང་སྐྱེ་བའི་ཚོགས་ལ་མ་རྙེད་ན། སྔར་གྱི་ཤི་བ་དྲན་པས་བར་དོའི་ལུས་སྔ་མའི་ཚེ་ཟད་ནས་འཆི་ལ། ཡང་སྐྱེ་བ་དྲན་པས་བར་དོའི་ལུས་ཕྱི་མ་གཅིག་འགྲུབ་སྟེ། ཚུལ་དེ་ལྟ་བུས་རིང་མཐའ་བདུན་ཕྲག་བདུན་དང་། འབྲིང་དེའི་བར་གྱི་བདུན་ཚན་མ་ངེས་པར་བཤད་དེ། ཉི་ཟླ་ཁ་སྦྱོར་ལས། གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ཞེས་དང་། ས་སྡེ་ལས། བར་དོའི་སེམས་ཅན་དེའང་སྐྱེ་བའི་རྐྱེན་མ་རྙེད་ཀྱི་བར་དུ་ཇི་ལྟར་ཐོགས་ནའང་ཞག་བདུན་གནས་པར་ཟད་དོ། །རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །ཡང་མ་རྙེད་ན་ནི་ལུས་བརྗེས་ནས་ཡང་ཞག་བདུན་དུ་གནས་སོ། །སྐྱེ་བའི་རྐྱེན་མ་རྙེད་ན་ཞག་བདུན་ཕྲག་བདུན་གྱི་བར་དུ་ཡང་གནས་སོ། །དེ་ལས་འདས་ཕན་ཆད་ནི་གདོན་མི་ཟ་བར་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེས་ན་བར་དོར་ཞག་བདུན་ཕྲག་རེ་ན་འཆི་བའི་ཕྱིར། ལུས་བརྗེ་མཚམས་སུ་བདུན་ཚིགས་ཀྱི་དགེ་བའི་སྟོངས་བྱེད་པ་ཡིན་ནོ། །སྐྱེ་གནས་བཞི་ལས་གང་དུ་གཏོགས་པའི་ཁྱད་པར་ནི། བརྫུས་སྐྱེས་སུ་གཏོགས་ཏེ། ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་ཚན་རེ་ལ་སྐྱེ་འཆིའི་སྡུག་བསྔལ་དྲག་པོ་སྤྱོད་པའོ། །མངོན་པ་མཛོད་ལས་ཀྱང་། དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེས། །ཞེས་བཤད་པ་བཞིན་ནོ། །ལས་གསོག་མི་གསོག་གི་ཁྱད་པར་ནི། ལས་རགས་པ་མངོན་འགྱུར་བ་མི་གསོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱི་ཆ་ཅན་ཕྲ་བ་གསོག་སྟེ། རྨི་ལམ་གྱི་ལས་བཞིན་ནོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩྭས་མེ་འཛིན་པ་ལྟར་ལས་དང་བག་ཆགས་ཀྱི་དབང་གིས་མངལ་འཛིན། འདམ་རྫབ་ཀྱིས་ནོར་བུ་ལ་སོག ས་པ་འཛིན་པ་ལྟར་འཁོར་བ་ན་རང་རིག་པའི་ཡེ་ཤེས་འཛིན་པ་དང་། རྙིས་བྱ་འཛིན་པ་ལྟར་སྐྱེ་གནས་ལ་སྲིད་པས་བར་སྲིད་ཀྱི་སེམས་ཅན་འཛིན་པ་ཡིན་ནོ། །གཉིས་པ་བར་དོའི་རྟགས་ལ། འགྲོ་བའི་ལམ་བཞི། ཡ་ང་བའི་གཡང་ས་གསུམ། འཇིགས་པའི་སྒྲ་བཞི། ངེས་པའི་རྟགས་ལྔ། མ་ངེས་པའི་རྟགས་དྲུག་ལ་སོགས་པ་སྟེ། དེ་ལ་དང་པོ་འགྲོ་བའི་ལམ་བཞི་གང་ཞེ་ན། གང་དུ་ཕྱིན་པའི་གནས་ཐམས་ཅད་དུ་འོད་དཀར་པོའི་ལམ་བྱུང་ན་ལྷ་དང་ལྷ་མིན་དུ་སྐྱེ། ནག་པོའི་ལམ་བྱུང་ན་དམྱལ་བར་སྐྱེ། དམར་པོའི་ལམ་བྱུང་ན་ཡི་དྭགས་སུ་སྐྱེ། སེར་པོའི་ལམ་གྱིས་མི་དང་དུད་འགྲོ་ལ་སོགས་པར་འཇུག་པ་ཡིན། དེ་དག་གི་དུས་སུ་བར་དོའི་ལུས་དེ་ཉིད་མགོ་གྱེན་དུ་བལྟས་ཏེ་འགྲོ་ན་ལྷ་དང་མི། འཕྲེད་ལ་བལྟས་ཏེ་འགྲོ་ན་ལྷ་མིན་དང་དུད་འགྲོ། ཐུར་ལ་སྤྱིའུ་ཚུགས་སུ་བལྟས་ཏེ་འགྲོ་ན་ཡི་དྭགས་དང་དམྱལ་བར་སྐྱེ་བར་བཤད། ཡང་ཤེས་པ་གསལ་ལ་དྭངས་ན་ལས་དཀར་ཞིང་བདེ་འགྲོར་སྐྱེ་བ་དང་། ཤེས་པ་རྨུགས་ཤིང་མི་གསལ་ན་མི་དགེ་བའི་ལས་ཀྱིས་ངན་འགྲོར་ལྟུང་བའི་ལྟས་སུ་འགྱུར་བ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། ལྷ་དང་མི་ནི་གྱེན་དུ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་མཐུར་དུ་བལྟ། །ཞེས་དང་། གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང་། །ཞེས་སོ། །གཉིས་པ་ཡ་ང་བའི་གཡང་ས་གསུམ་ནི། ངན་སོང་དུ་ལྷུང་བ་ཞིག་ཡིན་ན། དེའི་བལྟས་དུག་གསུམ་གང་ཤས་ཆེ་བའི་ལས་སྣང་འཇིགས་ཤིང་སྐྱི་གཡའ་བའི་གཡང་ས་ཆེན་པོ་གསུམ་གྱི་འཁྲུལ་སྣང་འཆར་ཏེ། དེ་ཡང་འདོད་ཆགས་ཀྱི་ལས་ཤས་ཆེ་ན་གཡང་ས་ཆེན་པོ་དམར་ཟིང་ངེ་བ་དང་། གཏི་མུག་གི་ལས་ཤས་ཆེ་ན་གཡང་ས་ཆེན་པོ་སྐྱ་ཆད་དེ་བ་དང་། ཞེ་སྡང་གི་ལས་ཤས་ཆེ་ན་གཡང་ས་ཆེན་པོ་ནག་ངམ་མེ་བ་མཐོང་བར་འགྱུར། གསུམ་པ་འཇིགས་པའི་སྒྲ་བཞི་ནི། སྔར་གསོན་གྱི་དུས་སུ་འབྱུང་བ་བཞིའི་རླུང་བྱེད་བཅིངས་ཀྱི་གནད་ཟབ་མོས་མ་འཆིངས་པས་རླུང་དང་རྣམ་རྟོག་ཐ་མལ་པར་བཤོལ་བའི་བག་ཆགས་ཀྱི་མཐུ་ལས། ད་རེས་བར་དོའི་སྐབས་འདིར་འབྱུང་བ་ཕྲ་མོའི་ཁམས་འཁྲུགས་ཤིང་ལོག་པའི་འཁྲུལ་སྣང་འཆར་ཏེ། སའི་ཁམས་ལོག་པས་རི་ཉིལ་བ་དང་བྲག་གཤགས་པ་ལྟ་བུའི་ཐུག་ཆོམ་གྱི་སྒྲ་དང་། ཆུ་ཁམས་ལོག་པས་རྒྱ་མཚོ་འཁྲུག་པའམ་ཆུ་འོད་བརྡོལ་བ་ལྟ་བུའི་ཤྭ་སྒྲ་དང་། མེ་ཁམས་ལོག་པས་ཁང་ཁྱིམ་ནགས་ཚལ་མེས་ཚིག་པ་ལྟ་བུའི་ཚིག་སྒྲའམ་འུར་སྒྲ་དང་། རླུང་གི་ཁམས་ལོག་པས་ས་ཕྱོགས་ཡུལ་ཁམས་ཐམས་ཅད་དྲག་ཏུ་གཡོ་བ་དང་ལྷན་ཅིག་ཏུ་འབྲུག་སྒྲ་ལྟ་བུའི་འུར་ཆོམས་ཀྱིས་འཇིགས་སྐྲག་སྡུག་བསྔལ་མི་བཟོད་པ་སྐྱེ་བའོ། །བཞི་པ་ངེས་པའི་རྟགས་ལྔ་ནི། ད་ལྟ་ཁྱོད་སྔར་ཞེན་གྱི་བག་ཆགས་ལངས་པས་རང་ཤི་བར་ངོ་མ་ཤེས་ཏེ། དེའི་དབང་གིས་སྔར་གྱི་ཉེ་འབྲེལ་ཤུལ་མི་རྣམས་ཀྱིས་མྱ་ངན་དང་ངུ་ཆོམ་བྱེད་པ་ལ་མི་བཟོད་པ་སྐྱེ་ཞིང་། དེ་དག་གི་དྲུང་དུ་ཕྱིན་ཏེ་གཏམ་སྨྲས་ཀྱང་། དེ་རྣམས་ཀྱིས་མི་མཐོང་ཞིང་མ་ཐོས་པས། སྡུག་བསྔལ་དང་ཆགས་སྡང་དྲག་པོ་སྐྱེ་བ་ཡོད་ནའང་། ཁྱོད་སྐྱེ་བ་སྔ་མ་ནི་འདས། སྐྱེ་བ་ཕྱི་མ་ནི་མ་བླངས། ད་ལྟ་བར་དོར་གནས་མེད་དུ་འཁྱམས་ནས་བར་དོའི་འཁྲུལ་སྣང་ལ་སྤྱོད་པར་འདུག །དེ་བདེན་པའི་གཏན་ཚིགས་ནི། ཁྱོད་ལ་སྔར་གསོན་གྱི་དུས་དང་མི་འདྲ་བའི་བར་དོ་ན་ཡོད་ངེས་པའི་རྟགས་རྣམ་པ་ལྔ་འཆར་ཞིང་སྣང་བ་སྟེ། དེ་གང་ཞེ་ན་སྔར་གསོན་གྱི་དུས་ལག་པས་རེག་པ་ལ་ལག་རྗེས། རྐང་པས་ཕྱིན་ཤུལ་ལ་རྐང་རྗེས། ལུས་ལ་གྲིབ་མ་དང་སེ་གོལ་དང་ཐལ་མོ་བརྡབས་པ་ལ་སྒྲ་སོགས་ཡོད་ཀྱང་། ད་ལྟ་རྨི་ལམ་གྱི་ལུས་བཞིན་དུ་ལག་པས་རེག་པ་ལ་ལག་རྗེས་ཀྱང་མེད། རྐང་པས་ཕྱིན་པ་ལ་རྐང་རྗེས་ཀྱང་མེད། ཐལ་མོ་དང་སེ་གོལ་ལ་སྒྲ་མི་འབྱུང་ཞིང་ལུས་ལ་གྲིབ་མ་མེད་པ་འདིས་རང་བར་དོ་ན་ཡོད་པ་ངོ་ཤེས་པར་གྱིས་ཤིག །དེ་བཞིན་དུ་སྔར་གསོན་གྱི་དུས་རྩིག་པ་སོགས་ཐོགས་བཅས་ཀྱི་དངོས་པོ་ཆེ་ཕྲ་གང་ལའང་ཐོགས་པ་ལས། ད་ལྟ་ཆེ་བ་རི་རབ་རྟ་གླང་སོགས་དང་ཆུང་བ་ཁབ་མིག་དང་རྟ་རྔ་སོགས་དངོས་པོ་གང་ལའང་ཐོགས་པ་མེད་པར་ཟང་ཐལ་དུ་འགྲོ་ནུས་པ་འདི་ཡང་བར་དོ་ན་ཡོད་ངེས་པའི་རྟགས་ཡིན། སྔར་གསོན་གྱི་དུས་སུ་གཏམ་སྨྲས་པ་གཞན་གྱི་ཐོས་པ་ལས། ད་ལྟ་ཉེ་འབྲེལ་ཤུལ་མི་ལ་སོགས་པའི་དྲུང་དུ་ཕྱིན་ཏེ་གཏམ་ཇི་ཙམ་ཞིག་སྨྲས་ཀྱང་དེ་རྣམས་ཀྱིས་མི་ཐོས་པ་འདི་ཡང་བར་དོ་ན་ཡོད་ངེས་པའི་རྟགས་ཡིན། སྔར་གསོན་གྱི་དུས་མངོན་ཤེས་མེད་པ་ལས། ད་ལྟ་ཟག་བཅས་ཀྱི་མངོན་ཤེས་རེས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་དབང་པོའི་ཡུལ་དུ་མཐོང་བ་དང་ཕྲ་བ་གཞན་གྱི་སེམས་ཀྱི་འགྱུ་བའང་གསལ་བར་ཤེས་ལ། ཡང་སྐད་ཅིག་གཉིས་པར་འགགས་པས་ཁྲེའུ་རིས་སུ་འཆར་བ་འདི་ཡང་བར་དོ་ན་ཡོད་ངེས་པའི་རྟགས་ཏེ། ངེས་པའི་རྟགས་བཞི་པོ་དེ་ནི་ཐོགས་བཅས་ཀྱི་ལུས་མེད་པའི་རྟགས་ཡིན། སྔར་གསོན་གྱི་དུས་སུ་ཉི་ཟླ་གཟའ་སྐར་མིག་གིས་མཐོང་བ་ལས། ད་ལྟ་ཉི་ཟླ་མི་མཐོང་ཡང་སྣང་མུན་གྱི་སྣང་བ་འཆར་བ་འདི་ནང་ན་ཁམས་དཀར་དམར་མེད་པའི་རྟགས་ཏེ་བར་དོ་ན་ཡོད་ངེས་པའི་རྟགས་སོ། །དེ་ལྟར་ངེས་པའི་རྟགས་རྣམ་པ་ལྔ་པོ་དེ་རང་ལ་འཆར་གིན་འདུག་གམ་མི་འདུག་ལེགས་པར་ལྟོས་དང་། བལྟས་པས་རྟགས་དེ་རྣམས་འཆར་བར་འདུག་ན་ཁྱེད་ཤི་ནས་ད་ལྟ་བར་དོར་ཡོད་ངེས་པ་ཅན་ཡིན་པས་བར་དོའི་གདམས་པ་དྲན་པར་གྱིས་ཤིག །ལྔ་པ་མ་ངེས་པའི་རྟགས་དྲུག་ནི། ཁང་སྟོང་དང་ས་ཕུག་རི་གླིང་བར་སྣང་སོགས་གནས་ལ་ངེས་པ་མེད་པ་དང་། ལྷ་མི་ཡི་དྭགས་འདྲེ་སྲིན་སོགས་གྲོགས་ལ་ངེས་པ་མེད་པ་དང་། རང་དབང་དུ་དཀའ་བའི་རིགས་དྲུག་གི་ཟས་གོས་སྣ་ཚོགས་སྣང་ནས་ཟས་གོས་ལ་ངེས་པ་མེད་པ་དང་། རྩ་བརྒྱད་དང་ཟམ་རྔུར་ངལ་སྟེགས་སོགས་རྟེན་ལ་ངེས་པ་མེད་པ་དང་། སྤྱོད་ལམ་སྣ་ཚོགས་རྟག་མི་ཐུབ་པར་སྐད་ཅིག་རེ་རེ་ལ་འགྱུར་ཞིང་འགྲོ་བས་སྤྱོད་ལམ་ལ་ངེས་པ་མེད་པ་དང་། སེམས་ལ་བདེ་སྡུག་སྣང་བ་སྣ་ཚོགས་བརྟག་མི་བཟོད་པར་སྐད་ཅིག་ཙམ་རེ་ལ་བྱུང་ནས་ཡང་འགགས་ཤིང་ནུབ་སྟེ་སྣང་བ་གཞན་འབྱུང་ལ། ཕྱི་མ་ཤར་དུས་སྔ་མ་སྔ་མ་རྣམས་བརྗེད་ནས་སྣང་བ་སྔ་ཕྱིའི་རྨི་ལམ་ཁུང་དེར་མི་དྲན་པ་ལྟར་སེམས་ཀྱི་འཆར་ཚུལ་ལ་ངེས་པ་མེད་པ་སྟེ། ཕྲལ་ནས་ཕྲལ་དུ་འགྱུར་ཞིང་འགྲོ་ལ། ད་ལྟ་ཐད་དྲང་གི་སྣང་བ་སྔར་ལས་ཆེས་གསལ་ཞིང་། བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་ཤེས་པ་ཕྱད་ཕྱོད་ཡལ་ཡོལ་བན་མ་བུན་དང་། གཞན་ཡང་རི་ཉིལ་བ་དང་། ས་གཡོ་ཞིང་འཁྲུག་པ་དང་། ཕྱོགས་ཐམས་ཅད་མུན་ནག་གིས་འཐིབས་པ་དང་། ཆུ་བོ་རྦ་ཀློང་དྲག་ཏུ་འཁྲུག་ཅིང་ཐོག་སེར་འབབ་པ་དང་། ནགས་ཚལ་མེས་འཚིག་པ་དང་། བར་སྣང་ལ་རྟེན་མེད་དུ་དཔྱངས་པ་དང་། རླུང་དམར་དྲག་པོ་དང་ཁ་ཆར་བུ་ཡུག་འཚུབས་ཤིང་མཚོན་ཆ་སྣ་ཚོགས་ཀྱི་ཆར་བབ་པ་དང་། གཅན་གཟན་དང་གཤེད་མས་བདས་ནས་སྐྱབས་འཚོལ་བ་དང་། གཤིན་རྗེའི་རྒྱལ་པོས་ལས་ཀྱི་མེ་ལོང་སྟོན་ཞིང་ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་ལས་ཀྱི་རྡེའུ་དཀར་ནག་འགྲེམས་པས་དགེ་སྡིག་གི་སྟངས་གཅོད་པ་དང་། གཤིན་རྗེའི་སྐྱེས་བུ་མི་སྡུག་པ་རྣམས་ཀྱིས་རྒྱོབ་སོད་དང་ཧ་དིར་གྱི་སྒྲ་དྲག་པོ་དང་བཅས་ཏེ་མདུན་ནས་བསུ་བ་དང་དབང་མེད་དུ་འཁྲིད་ཅིང་ཕྱི་ནས་འདེད་པ་དང་། སྔོན་གྱི་ཁང་ཁྱིམ་དང་ཉེ་འབྲེལ་སོགས་རྨི་ལམ་གྱི་སྣང་བ་ལྟར་མཐོང་ནས་དེ་དག་གི་རྩར་ཕྱིན་ཏེ་གཏམ་སྨྲས་ཀྱང་མ་ཐོས་པས་ལན་མེད་ཅིང་། མྱ་ངན་གྱི་ངུ་ཆོམ་བྱེད་པ་མཐོང་བས། ཀྱི་ཧུད་ང་ཤི་ནས་འདུག །ད་སུ་ལ་རེ་ཅི་ཙུག་བྱེད་སྙམ་པའི་སྔངས་སྐྲག་དྲག་པོ་འབྱུང་ཞིང་བུ་ཆུང་རྗེན་ལ་བོར་བ་ལྟར་གར་འགྲོའི་གཏད་སོ་མེད་པ་དང་། རང་གི་ཟས་ནོར་རྣམས་ལ་གཞན་གྱིས་སྤྱོད་པར་མཐོང་ནས་ཞེ་སྡང་དྲག་པོ་མེ་ལྟར་འབར་བ་སོགས་མདོར་ན་འཇིགས་སྐྲག་དང་སྡུག་བསྔལ་གྱི་སྣང་བ་ཤས་ཆེ་བའི་འཁྲུལ་སྣང་བསམ་གྱིས་མི་ཁྱབ་པ་ཞིག་འཆར་ཏེ། སྐྱེ་བ་སྔ་མ་ནི་འདས་ཕྱི་མ་མ་བླངས་པས་ད་ལྟ་གནས་མེད་རྟེན་མེད་དུ་བར་དོར་འཁྱམས་ནས་བཟོད་ཐབས་མེད་པའི་སྡུག་བསྔལ་ཆེན་པོས་མནར་ཏེ། ཅི་བྱ་འཚང་བརླག་ཏུ་གྱུར་ཁྱོད་བདེན་མོད་ཀྱི་འོན་ཀྱང་དེ་རྣམས་ཐམས་ཅད་བར་དོའི་འཁྲུལ་སྣང་ཁོ་ནར་ཤར་བ་མ་གཏོགས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དེ། རྨི་ལམ་དུ་འཇིགས་སྐྲག་མྱོང་བ་དང་ཁྱད་པར་མེད་པས། མཐོང་སྣང་ཐམས་ཅད་མེད་བཞིན་དུ་སྣང་བའི་འཁྲུལ་སྣང་ཉིད་དུ་ཐག་ཆོད་ལ་འཇིགས་སྐྲག་གི་བློ་སྤོངས། གང་ལའང་ཆགས་ཞེན་མ་བྱེད་པར་གདམས་པ་ཟབ་མོའི་གནད་ནས་གཟུང་སྟེ། སྐབས་འདིར་གྲོལ་བ་ཞིག་བྱེད་དགོས་སྙམ་པའི་དྲན་པ་རྒྱུན་ཆགས་སུ་བརྟེན་པ་གལ་ཆེ། གསུམ་པ་བར་དོའི་སྣང་བ་ནི། ཁྱེད་ད་ལྟ་རང་གི་ཁང་ཁྱིམ་དང་ཡུལ་འཁོར་ལ་སོགས་པ་རྣམས་སུ་སྡོད་པའི་ལས་ཀྱི་འཕེན་པ་ནི་རྫོགས། མཛའ་བཤེས་ཉེ་འབྲེལ་རྣམས་དང་ལྷན་ཅིག་ཏུ་འགྲོགས་པའི་སྐལ་བ་ནི་ཟད། བསགས་པའི་ཟས་ནོར་ཡོ་བྱད་ལ་སྤྱོད་པའི་ལས་དབང་དང་ནི་བྲལ། ཚེ་ཚད་ཀྱི་འཕེན་པ་མཐར་གཏུགས་པ་ན་རང་རང་གི་སྔོན་གྱི་ལས་བཞིན་འཇིག་རྟེན་ཕྱི་མའི་ལམ་དུ་སོ་སོར་འགྲོ་བ་ནི་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས། ཚེ་ལས་འདས་པ་ཁྱོད་ཀྱང་སྔ་མའི་སྤྱོད་ཡུལ་ཐམས་ཅད་བག་ཆགས་ཀྱི་ཡུལ་ཙམ་དུ་ལུས་ནས། ད་ལྟ་བར་དོའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཞིག་འཆར་བ་འདི་ཐམས་ཅད་རང་སེམས་འཁྲུལ་པའི་སྣང་བ་ལས་འབྱུང་བ་ཡིན་གྱི། ཕྱི་རོལ་ནས་དོན་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་དེ། སྤྱོད་འཇུག་ལས། ལྕགས་སྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་ཤེས་པར་གྱིས་ལ། སྣང་བ་འདི་དག་འཁྲུལ་སྣང་ཙམ་ལས་བདེན་པར་གྲུབ་པ་མེད་པས། གཟུགས་མཛེས་པ་དང་། སྒྲ་སྙན་པ་དང་། དྲི་ཞིམ་པ་དང་། རོ་མངར་བ་དང་། རེག་བྱ་འཇམ་པར་སྣང་བ་ཐམས་ཅད་ཀྱང་འཁྲུལ་སྣང་ཡིན་པས་ཆགས་པ་དང་ཞེན་པར་མ་བྱེད་ཅིག །ཡང་གཟུགས་མི་སྡུག་པ་དང་། སྒྲ་མི་སྙན་པ་སོགས་ཀྱང་རང་སེམས་ཀྱི་འཁྲུལ་སྣང་ཡིན་པས་ཡིིད་མི་བདེ་བས་སྡང་བ་དང་སྤོང་འདོད་མ་བྱེད། དེ་བཞིན་དུ་དགྲ་གཉེན་གྱི་སྣང་བའང་འཁྲུལ་སྣང་ཙམ་དུ་ཟད་པས། དགྲར་སྣང་ལ་ཞེ་སྡང་དང་གཉེན་དུ་སྣང་བ་ལ་ཆགས་པར་མ་བྱེད། ཚ་གྲང་དུ་སྣང་བའང་འཁྲུལ་སྣང་ཡིན་པས། ཚ་བས་གདུངས་པ་ལ་མི་འདོད་པ་དང་གྲང་བ་ལ་ཆགས་པ་དང་འདུན་པ་མ་བྱེད། གྲང་བས་ཉེན་ཡང་སྤོང་འདོད་དང་དྲོ་བ་ལ་ཆགས་སུ་མི་རུང་། རང་མོའི་སྣང་བ་ཤར་ན་ཕོ་ལ་ཆགས་པ་དང་མོ་ལ་སྡང་བའི་སེམས་མ་བྱེད། དེ་བཞིན་དུ་རང་ཕོའི་སྣང་བ་ཤར་ན་མོ་ལ་ཆགས་པ་དང་ཕོ་ལ་སྡང་བའི་སེམས་མ་བྱེད། ཕོ་མོར་སྣང་བ་ལ་ཆགས་སྡང་གི་བློ་སྐྱེས་ན་མངལ་སྐྱེས་དང་སྒོང་སྐྱེས་སུ་འཇུག །བར་དོའི་གནས་སྐབས་ཀྱི་ཕོ་མོར་སྣང་བའང་རང་གི་སེམས་སྣང་ཙམ་སྟེ། ཡུལ་གྱི་དོན་ལ་འཁྲུལ་པ་ཡིན་པས་ཆགས་སྡང་བྱེད་པ་འཁྲུལ་ལོ། །གཞན་ཡང་གནས་ལ་སྲེད་པ་སྐྱེས་ན་བརྫུས་སྐྱེས་དང་། དྲོ་རོ་ལ་སྲེད་པ་སྐྱེ་ན་དྲོད་གཤེར་སྐྱེས་སུ་འཇུག་པས་དེ་དག་ལ་ཆགས་སྲེད་སྤོང་། ས་ཕྱོགས་དང་ཡུལ་ཕྱོགས་དགའ་དགའ་ལྟར་སྣང་བ་དང་། དྲིའི་རྣམ་པ་ཞིམ་པ་ཚོར་ཡང་མེད་བཞིན་དུ་སྣང་བའི་འཁྲུལ་པ་ཡིན་པས་དགའ་གདུངས་དང་ཆགས་སྲེད་མ་བྱེད་ཅིག །གཤེད་མ་དང་གཅན་གཟན་མི་སྡུག་པ་སོགས་སྲོག་ཆགས་འཇིགས་སུ་རུང་བ་མཐོང་ཡང་རྨི་ལམ་ལྟར་འཁྲུལ་སྣང་ཐག་ཆོད་ལ་འཇིགས་སྐྲག་མ་བྱེད། མདོར་ན་ཡུལ་ལེགས་ཉེས་སུ་སྣང་བ་གང་ལའང་ཆགས་སྡང་དང་བླང་དོར་རེ་དོགས་ལ་སོགས་པ་གཉིས་འཛིན་གྱི་བློ་སྤོངས་ལ། ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །བཞིན་གྱི་དཀྱིལ་འཁོར་སྣང་བ་ལྟར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་སྤྲུལ་པའི་གཟུགས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་དྲན་འདུན་དྲག་པོ་རྩེ་གཅིག་ཏུ་སྐྱེད་པར་གྱིས་ཤིག །དེ་ཡང་བར་དོའི་རྟེན་ནི་སྒྱུར་སླ་ཞིང་ཤེས་པ་གསལ་བའི་དབང་གིས། སྐབས་འདིར་ཆགས་སྡང་སྡིག་པའི་སྣང་བ་ཤར་ན་སྔར་གྱི་ལས་ངན་གསོས་ཐེབས་ཏེ། འཇིགས་རུང་ངན་སོང་གི་གཡང་དུ་ལྟུང་བར་ཐེ་ཚོམ་མེད། དད་པ་དང་སྙིང་རྗེ་ལ་སོགས་པ་དགེ་བའི་སེམས་བསྐྱེད་ན་སྔར་གྱི་དགེ་བའི་ལས་རྣམས་གསོས་ཐེབས་ནས་རབ་ཐར་པའི་གོ་འཕང་དང་ཐ་ནའང་མཐོ་རིས་ཀྱི་བདེ་བ་ཐོབ་པར་འགྱུར་པ་གདོན་མི་ཟ་སྟེ། བར་དོའི་གནས་སྐབས་འདིར་ནི་སྲང་མདའི་མཐོ་དམའ་ལྟར་འཁྲུལ་ན་འཁྲུལ་ཚབས་ཆེ་བས་ཆགས་སྣང་གི་རྣམ་རྟོག་ཕྲ་མོ་རེས་ཀྱང་ངན་སོང་དུ་སྐྱུར་ནུས། ལམ་བསྒོམས་ན་གྲོལ་ཚབས་ཡང་ཆེ་སྟེ། གསོན་དུས་ལོ་ཟླར་བསྒོམས་པ་ལས་ཀྱང་འདིར་སྐད་ཅིག་ཙམ་རེ་བསྒོམས་པ་བོགས་ཆེ་བས། ད་ནི་སེམས་ཉོན་མོངས་པའི་དབང་དུ་མ་གཏོང་བར། བར་དོའི་སྣང་བ་འདི་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཟབ་མོའི་གདམས་པ་བསྒོམས་པ་ལ་ནན་ཏན་དུ་འབད་པར་བྱས་ན། རབ་ཏུ་དུས་ད་ལྟ་རང་གྲོལ་བར་འགྱུར་ཞིང་། ཐ་ནའང་མཐོ་རིས་ལྷ་དང་མི་གང་རུང་དུ་འགྲོ་བར་ཐེ་ཚོམ་མེད་དོ། །དེས་ན་ཁྱེད་རང་ཤུལ་དུ་ལུས་པའི་གཉེན་ཉེ་བ་ས་ཞིང་བང་ཁང་ནོར་ལོངས་སྤྱོད་སོགས་གང་ལའང་ཆགས་པ་དང་ཞེན་པའི་སེར་སྣའི་བློ་མ་བྱེད། འདི་རྣམས་ལ་ཆགས་ཞེན་བྱས་ཀྱང་བྲལ་ཟིན་པས་ད་འགྲོགས་པའི་སྐལ་བ་མེད། ཆགས་ཞིང་ཞེན་ན་འཁོར་བར་སྒྱུར་བ་ཡིན་པས་བློ་ཐག་ཆོད་ཅིག་འདི་ལྟར་ཉེ་དུ་ཁང་ཁྱིམ་ལོངས་སྤྱོད་དཔལ་འབྱོར་ཐམས་ཅད་ཆམས་ཀྱིས་བཞག་ནས་འཇིག་རྟེན་ཕ་རོལ་དུ་ཐལ་བ་ལ་ཤུལ་མི་རྣམས་ཀྱིས་གཞུང་བཟང་པོས་བླ་མ་དང་དཀོན་མཆོག་ལ་མཆོད་པ། དབུལ་ཕོངས་ལ་སྦྱིན་གཏོང་སོགས་དགེ་བའི་སྟོངས་དང་ར་མདའ་བྱས་པ་འདིས་ཁྱོད་ལ་ཤིན་ཏུ་ཕན་པར་འགྱུར་ཏེ། བུ་མོ་རིན་པོ་ཆེས་ཞུས་པའི་མདོ་ལས། འཆི་བའི་དུས་ལ་བབས་པ་ན། །བུ་དག་སྐྱབས་སུ་མི་འགྲོ་ཞིང་། །ཕ་མ་མ་ཡིན་གཉེན་འདུན་མིན། །དེ་ཚེ་བསོད་ནམས་སྐྱབས་གཅིག་པུ། །ཞེས་གསུངས་པ་ལྟར་ཡིན་པས་སྡུག་བསྔལ་མི་འཚལ་ལོ། །བཞི་པ་བར་དོའི་གདམས་ངག་ཇི་ལྟར་བསྒོམ་པའི་ཚུལ་ནི། དང་པོ་གསོན་གྱི་དུས་ཉིད་དུ་ཉིན་མོའི་སྣང་བ་ཐམས་ཅད་བར་དོ་དངོས་ཡིན་སྙམ་པ་དང་། མཚན་དུས་རྨི་ལམ་དུའང་བར་དོ་ན་འདུག་སྙམ་དུ་དྲན་འདུན་ཡང་ཡང་བཟུང་ཞིང་བར་དོའི་གདམས་ངག་རྣམས་བསྒོམས་པས་གནས་སྐབས་འདིར་མ་འཁྲུལ་པ་ཞིག་བྱེད་དགོས། ཁྱར་པར་དབང་བོའི་རིམ་པ་དང་མཐུན་པར་བར་དོའི་གདམས་ངག་བསྒོམ་ཚུལ་ཡང་། དབང་པོ་ཡང་རབ་རྣམས་ལམ་ཟབ་མོ་བླ་མའི་མོས་གུས་ལ་བརྟེན་ནས་བར་དོ་སྦྱོང་བར་བྱེད་པ་སྟེ། སྐལ་ལྡན་ཁ་ཅིག་གཏན་ཚིགས་ལ་སོགས་པའི་ཐབས་ཀྱིས་བློ་སྣ་མོས་གུས་སུ་འདྲེན་མི་དགོས་པར་ཐོག་མ་ཉིད་ནས་རྟོག་པའི་འཆར་སྒོ་ཐམས་ཅད་བཅོས་མིན་གྱི་མོས་གུས་སུ་སྐྱེ་བས། བསམ་རྒྱུ་བླ་མ། སྨྲ་བརྗོད་གསོལ་འདེབས། སྣང་བ་བླ་མ་དང་མི་འབྲལ་བར་རེ་ལྟོས་འཆའ་ནུས་པ་ཞིག་འོང་ན་དབང་པོ་ཡང་རབ་ཏུ་སོང་པས་བླ་མའི་རྣལ་འབྱོར་ཁོ་ནས་བར་དོ་འབྱོངས་པ་ཡིན་ཏེ། དེའི་གདམས་པ་ནི། རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་དང་། གདན་བཞི་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཞེས་སོགས་གསུངས་པ་ལྟར་རྩ་བའི་བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་ཡིན་ལ། དེ་ཡིན་པ་བཞིན་དུ་ཆོས་དང་དགེ་འདུན་ཀུན་འདུས་ཀྱང་ཡིན་པས་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་ཅན་ཀུན་གོ་གཅིག་གིས་ཆོད་པའི་གཅིག་ཆོག་རྒྱལ་པོ་ཡིན་པར་བློ་ཐག་བཅད་ལ་ཅི་བྱེད་ཁྱེད་ཤེས་སུ་གཏད་དེ་རེ་ལྟོས་ལིང་སྐྱུར་གྱི་མོས་གུས་དྲག་པོས་གསོལ་བ་ཕུར་ཚུགས་སུ་ཐོབ་ཅིག །དེར་མ་ཟད་བར་དོའི་འཁྲུལ་སྣང་འདི་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་དུ་ཟད་པས་རང་གི་བློས་གང་དུའང་སྒྱུར་དུ་བཏུབ་པའི་ཕྱིར་དག་པའི་སྣང་བར་བསྒྱུར་བར་བྱའོ་སྙམ་པས། གཟུགས་སུ་སྣང་ཚད་ཐམས་ཅད་བླ་མའི་སྐུའི་དཀྱིལ་འཁོར་བལྟ་བས་མི་ངོམས་པ། སྣང་བ་གཟུགས་སུ་གྲུབ་ལ་འཛིན་པ་གཟུགས་སུ་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་སྟོང་ཞེན་བྲལ་དུ་ལྷག་གེ་བ། སྒྲ་གྲགས་ཚད་བླ་མའི་གསུང་སྲིད་ཞིའི་རྒུད་པ་སེལ་བའི་དམ་པ་ཆོས་ཀྱི་སྒྲ་དབྱངས་གྲགས་སྟོང་གཞོམ་མེད་དུ་ཝཾ་ངེ་བ། དྲན་རིག་ཐམས་ཅད་བླ་མའི་ཐུགས་སྟོང་གསལ་རང་བྱུང་གི་ཡེ་ཤེས་དྲན་བསམ་བློ་འདས་ཆོས་སྐུ་ཀ་དག་གི་དགོངས་པའི་ངང་ལ་རྗེན་ནེ་ཁྲོལ་ལེ་སྒྱུར་ལ་ཞོག་ཅིག །དེས་མ་དག་པ་ལས་སྣང་གི་སྒོ་གསུམ་པོ་རང་གི་གཉུག་མའི་ལུས་ངག་ཡིད་གསུམ་གྱི་དབྱིངས་སུ་རང་གྲོལ་བས་བླ་མའི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ། །ཡང་དབང་པོ་རབ་སྐྱེད་རྫོགས་ཟབ་མོའི་ལམ་གྱིས་བར་དོ་སྦྱོང་བར་བྱེད་པ་ནི། བླ་མ་ལ་སངས་རྒྱས་དངོས་སུ་མི་མཐོང་ན་བླ་མའི་མོས་གུས་ཁོ་ནས་བར་དོ་མི་འབྱོངས་པས། ཟབ་མོའི་རྫོགས་རིམ་གྱི་སྒོ་ནས་སྦྱོངས་ཏེ། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་བར་དོའི་ལུས་འདི་རིལ་པོར་འཛིན་པའམ་རྗེས་སུ་གཞིག་པའི་བསམ་གཏན་གཉིས་གང་རུང་གིས་འོད་གསལ་བཅུག་སྟེ་དོན་དམ་པའི་བདེན་པ་མངོན་དུ་བྱས་ལ་ཟུང་འཇུག་གི་ལྷ་སྐུར་ལྡང་བར་བྱའོ། །སྙམ་པའི་འཕེན་པ་སྔོན་དུ་བཏང་ནས། རང་ལུས་ལྷ་སྐུར་སྣང་བ་སྒྱུ་མ་ལྟ་བུ་ལ་མ་ཡེངས་པར་ཆེ་རེ་གཏད་པས་རིམ་གྱིས་དབྱིངས་སུ་ཡལ་བའི་སྤྲོས་བྲལ་གྱི་ངང་ལ་མཉམ་པར་འཇོག་པ་ནི་རིལ་པོར་འཛིན་པ་དང་། རང་དང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་ཕྱི་སྣང་བ་ལ་ཆེར་གྱིས་བལྟས་པས་སྣོད་བཅུད་ཀྱི་སྣང་བ་དེ་ཐམས་ཅད་དབྱིངས་སུ་ནུབ། དེ་ནས་རང་ལུས་ལ་ཆེ་རེ་བལྟས་པས་དེ་ཡང་དབྱིངས་སུ་ཐིམ་ནས་བསམ་མེད་སྤྲོས་བྲལ་གྱི་ངང་ལ་མ་བཅོས་པར་འཇོག་པ་ནི་རྗེས་སུ་གཞིག་པའི་བསམ་གཏན་ཏེ། དེ་ལྟར་བསམ་གཏན་གཉིས་ཀྱི་བར་དོའི་ལུས་དང་སྣང་བ་ཐམས་ཅད་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་བཅུག་ནས་ཡང་ཡང་གོམས་པར་བྱས་པས་སྣང་གསུམ་རྣམ་པར་དག་པའི་འོད་གསལ་གྱི་མེས་བར་དོའི་སྒྱུ་ལུས་སྦྱངས་ནས། སྔོན་གྱི་འཕེན་པས་རྒྱུ་བྱས། རྗེས་སུ་དྲན་པས་གསོས་བཏབ། ཏིང་ངེ་འཛིན་གྱིས་མཚམས་སྦྱར་ནས་ལུགས་ལྡོག་གི་སྣང་གསུམ་ཡེ་ཤེས་ཀྱི་རླུང་དང་བཅས་པ་ལས་ཟུང་འཇུག་གི་སྐུར་ཆུ་ལས་ཉ་ལྡང་བའི་ཚུལ་དུ་བཞེངས་པར་འགྱུར་ཏེ་འོད་གསལ་གྱིས་སྦྱང་བའོ། །འོད་གསལ་མངོན་དུ་བྱེད་མི་ནུས་ན་བར་དོའི་སྣང་བ་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་པས་སྐབས་འདིར་དག་པའི་སྣང་བར་བསྒྱུར་བར་བྱའོ་སྙམ་དུ་བསམས་ལ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དག་པའི་ཞིང་དང་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུ། རང་ཉིད་ཀྱི་ལུས་ཀྱང་ལྷའི་སྐུ་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་པ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས་དབྱེར་མེད་བདེ་བ་ཆེན་པོའི་སྐུར་རང་ཤར་དུ་ལྷག་གིས་འཆར་ཞིང་། སྒྲར་གྲགས་ཚད་གྲགས་སྟོང་གཞོམ་མེད་ཆོས་ཉིད་ཀྱི་སྔགས་སྒྲར་ལྷང་ངེ་བ། དྲན་རྟོག་ཐམས་ཅད་ཀ་དག་ཆོས་སྐུའི་རང་གདངས་མ་འགགས་པའི་རྣམ་རོལ་དུ་ཤེས་པར་གྱིས་ལ། དེའི་ངང་ལ་རང་བབས་སུ་མཉམ་པར་ཞོག་ཅིག །དེས་མ་དག་པའི་སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་ཀློང་དུ་གྲོལ་བར་འགྱུར་རོ། །ཡང་འོད་གསལ་དང་ལྷ་སྐུ་ལ་གོམས་འདྲིས་ཞན་པས་བར་དོ་མ་འབྱོངས་ན་དབང་པོ་འབྲིང་པོར་གྱུར་པ་ཡིན་པས། འཆུགས་མེད་བར་དོའི་འཕོ་བས་སྦྱོང་བ་གལ་ཆེ་སྟེ། ང་ཤི་ནས་འདུག་སྙམ་པའི་དུས་དེར་བར་དོ་ལ་འཇིགས་སྐྲག་གི་བློ་མི་བྱ་སྟེ། ཀྱེ་མ་ཆགས་སྡང་གིས་སྐྱེ་བ་ལེན་པ་ནི་ཤིན་ཏུ་སྡུག་བསྔལ་བས། ད་ནི་བདེ་ཆེན་གྱི་ཞིང་དུ་འགྲོ་བར་བྱའོ་སྙམ་དུ་བསམས་ལ། བར་དོའི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པས། རང་གི་མདུན་དུ་ཨེ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ་བདེ་བའི་རང་བཞིན་བདེ་བར་འཆར་བ། དེའི་དབུས་སུ་རང་སེམས་ཐིག་ལེ་དཀར་པོ་གསལ་ཞིང་འཚེར་བ། དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་ལན་གསུམ་དུ་ཟེར་རེ་རེ་སྤྲོས་པས་དུས་གསུམ་གྱི་སྐྱེ་གནས་ཀྱི་བག་ཆགས་ཐམས་ཅད་སྦྱངས་ཏེ། སྐྱེ་བ་ལེན་པའི་སྒྲིབ་པ་ཐམས་ཅད་དག་པར་བསམས། ཐིག་ལེ་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུ་འཇའ་ཚོན་ལྟ་བུར་ལྷག་གིས་བསྒོམས་ནས། སྣང་གྲགས་འགྱུ་གསུམ་གྱི་རང་ངོ་ལ་ཆེ་རེ་བལྟས་པས་ལྷ་སྔགས་འོད་གསལ་གྱི་འཁོར་ལོ་དག་པའི་ངང་ལ་མཉམ་པར་བཞག །ཡང་ན་མདུན་གྱི་ནམ་མཁར་བདེ་བ་ཅན་གྱི་ཞིང་ཁམས་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་སངས་རྒྱས་སྣང་བ་མཐའ་ཡས་མཚན་དཔེའི་གཟི་བྱིན་ཉི་མ་འབུམ་གྱི་འོད་ཟེར་ལྟར་སྣང་བ་མངོན་སུམ་དུ་བཞུགས་པར་མོས་ལ། རང་སེམས་ཨཱཿཡིག་དཀར་པོའི་རྣམ་པར་རང་གི་ཡིད་ལུས་ཀྱི་སྤྱི་གཙུག་ནས་སྐར་མདའ་འཕངས་པ་ལྟར་རྒྱངས་ཀྱིས་ཐོན་པ་འོད་དཔག་མེད་ཀྱི་ཐུགས་ཀར་སིབ་ཀྱིས་ཐིམ་པར་མོས་ལ་མཉམ་པར་ཞོག །བར་དོའི་འཕོ་བ་དེ་ཉིད་ཀྱང་སྨོན་ལམ་གྱི་མདེའུ་ཁ་བསྒྱུར་ན་ཤིན་ཏུ་བཙན་པར་འགྱུར་བས་རིགས་ཀྱི་བུ་ཁྱོད་འདི་ལྟར་བསམ་པར་བྱ་སྟེ། འཆི་མེད་རྔ་སྒྲའི་གཟུངས་ལས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་འཛིན་པ། །དེ་ནི་ཞིང་དེར་སྐྱེ་བ་འཛིན། །འཆི་བའི་དུས་ཚེ་སྟོན་པ་དེ། །དགེ་སློང་དགེ་འདུན་བཅས་ཏེ་མཐོང་། །ཞེས་གསུངས་པ་ལྟར་མ་དག་པའི་ཞིང་རྩོད་པ་དང་བཅས་པ་སྙིགས་མ་ལྔ་བདོ་བའི་འཇིག་རྟེན་གྱི་ཁམས་མྱ་ངན་གྱི་དྲི་ང་བ་ཅན་འདིར་སྐྱེས་ན་ཟད་མཐའ་མེད་པ་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པས། ད་ནི་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འགའ་ཞིག་འདས་པ་ན། སྨོན་ལམ་རྣམ་པར་དག་པ་ལས་གྲུབ་པའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ། ས་གཞི་ཐམས་ཅད་ལག་མཐིལ་ལྟར་མཉམ་པ་ཡེ་ཤེས་རིན་པོ་ཆེ་འབའ་ཞིག་གི་རང་བཞིན་ལས་གྲུབ་པ། དེར་སྲིད་པ་འཛིན་པའི་སེམས་ཅན་ཐམས་ཅད་ཀྱང་མེ་ཏོག་པདྨའི་སྙིང་པོ་ཁོ་ན་ལས་བརྫུས་ཏེ་སྐྱེ་བ་བྱང་ཆུབ་སེམས་དཔའི་དགེ་སློང་གི་དགེ་འདུན་མཐའ་ཡས་པའི་འཁོར་གྱི་ཁྱམས་ཆེན་པོའི་དབུས་སུ་གདན་ཁྲིའི་བཀོད་པ་ཕུན་སུམ་ཚོགས་པ་ལ་སྟོན་པ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ་བལྟ་བས་ངོམས་པ་མེད་པ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུའི་རྣམ་པར་ད་ལྟར་མངོན་སུམ་དུ་བཞུགས་ནས་ཐེག་པ་ཆེན་པོའི་ཆོས་སྟོན་པར་མཛད་པས། བཅོམ་ལྡན་འདས་དེ་དང་བའི་ཤུགས་དྲག་པོས་ཡིད་ལ་དྲན་པར་གྱིས་ལ་དེ་བཞིན་གཤེགས་པ་དེའི་བྱིན་རླབས་ཀྱི་མཐུ་དང་རང་གི་དགེ་བའི་སྟོབས་ཉིད་རྫུ་འཕྲུལ་གྱི་རྐྱེན་གྱིས་ཞིང་ཁམས་དེར་སྐད་ཅིག་གི་སོང་སྟེ། མེ་ཏོག་པདྨའི་ཟེའུ་འབྲུའི་ཁང་པ་ལས་བརྫུས་ཏེ་སྐྱེས་ནས་སྐད་ཅིག་དང་པོ་ལ་སྟོན་པ་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང་ཆོས་ཀྱི་བདུད་རྩི་ནོད་པས་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ལུང་བསྟན་པ་ཐོབ། སྐད་ཅིག་གཉིས་པ་ལ་སྤྱན་དང་མངོན་ཤེས་སོགས་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་བརྙེས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའི་ཞིང་མཐའ་ཡས་མུ་མེད་པ་རྣམས་སུ་དུས་གཅིག་ལ་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཆུ་ཟླའི་སྣང་བ་ལྟར་བསྟན་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་ནུས་པར་གྱུར་ཅིག་སྙམ་པས། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པའང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །ཅེས་སྨོན་ལམ་རྣམ་པར་དག་པ་བཏབ་པས་ཆོས་ཐམས་ཅད་སྨོན་ལམ་གྱིས་མཐའ་སྒྱུར་བས་མི་བསླུ་བའི་ཕྱིར་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གདོན་མི་ཟ་བ་ཡིན་ནོ། །གཞན་ཡང་ཁམས་གསུམ་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མ་འདས་པས་འཁོར་བའི་བདེ་འབྱོར་ལ་ཅིས་ཀྱང་དགོས་པ་མེད་སྙམ་པ་དང་། འཁོར་བ་ནི་ལས་ལས་བྱུང་། ལས་ནི་ཉོན་མོངས་པ་ལས་བྱུང་། ཉོན་མོངས་པ་མ་ཟད་ན་འཁོར་བ་མི་འཛད། ཉོན་མོངས་པ་སྤངས་ན་འཁོར་བ་ལས་རང་གྲོལ་དུ་འགྲོ་བ་ཆོས་ཉིད་ཡིན། སྔར་ཉོན་མོངས་པས་འཁོར་བར་ཁྱམས། ད་ཡང་འདིའི་དབང་དུ་སོང་ན་སྡུག་བསྔལ་ལ་ཟད་པ་མེད་སྙམ་དུ་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་བསྒོམས། ལས་སྡིག་པ་ལས་སྡུག་བསྔལ་དང་། དགེ་བ་ལས་བདེ་བ་འབྱུང་བའི་ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་དུང་དུང་བ་བསྐྱེད། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རེ་ས་ལྟོས་ས་བླ་མ་དང་དཀོན་མཆོག་གསུམ་མ་གཏོགས་མེད་སྙམ་དུ་བློ་ལིངས་ཀྱིས་ཁོལ། གཞན་ཡང་མངལ་སྒོ་དགག་པའི་གདམས་པ་ཉམས་སུ་བླངས་དགོས་ཏེ། འགྲོ་བ་རིགས་དྲུག་གི་ཕོ་མོ་ཐམས་ཅད་ལ་ཐ་མལ་གྱི་སྣང་བ་མི་བྱེད་པར་ཡི་དམ་ཡབ་ཡུམ་དུ་བསྒོམ་པ་བསྐྱེད་རིམ་གྱིས་མངལ་སྒོ་དགག་པ་ཡིན། ཕོ་མོ་དང་ཆགས་སྤྱོད་ཀྱི་སྣང་བ་གང་མཐོང་ཡང་གང་ཤར་དེ་ཉིད་སྒྱུ་མ་ལྟ་བུར་ཤེས་ནས་དབྱིངས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་འཇོག་པ་ནི་རྫོགས་རིམ་གྱི་སྒོ་ནས་མངལ་སྒོ་དགག་པ་ཡིན། མངལ་དུ་སྐྱེ་བ་ལེན་པ་དང་འདོད་ཆགས་ཀྱི་ཉེས་དམིགས་ཤེས། ཚངས་སྤྱོད་ཀྱི་ཕན་ཡོན་མཐོང་ནས་སེམས་འདོད་སྲེད་ཀྱི་དབང་དུ་མི་གཏོང་བ་ནི་ཚངས་སྤྱོད་ཀྱི་སྒོ་ནས་མངལ་སྒོ་དགག་པ་ཞེས་བྱ་བ་ཡིན་ནོ། །དེར་མ་ཟད་གནས་སྐབས་འདི་དག་ཏུ་མངལ་གནས་ངན་པ་སྤངས་ལ་བཟང་པོ་འདམས་ནས་འཇུག་པའང་གསུངས་ཏེ། དེ་ཡང་དམྱལ་བ་ལ་མུན་ནག་ཆར་འཐིབས། ཡི་དྭགས་ལ་འདམ་རྫབ་ཕྱི་ས། དུད་འགྲོ་ལ་གྲོག་པོ་དང་ལྗོན་ཤིང་། མི་ལ་ཁང་བཟང་དང་སྐྱེ་བོ་མང་པོའི་ཁྲོད། ལྷ་མིན་ལ་འོད་ཀྱི་འཁོར་ལོ། ལྷ་ལ་མེ་ཏོག་གི་ཚལ་དང་གཞལ་མེད་ཁང་ལ་སོགས་པ་སྣང་བ་སྟེ། དེ་རྣམས་ཀྱི་ནང་ནས་དམ་པའི་ཆོས་བསྒྲུབ་ཏུ་ཡོད་པའི་རྟེན་ཁྱད་པར་ཅན་ནི་མིའི་ལུས་ཡིན་པས་མིར་འདམ་ལ། དེར་ཕྱིན་དུས་ཕོ་མོ་འཁྲིག་པའམ། ལྷན་ཅིག་ཏུ་དགའ་བ་ཙམ་དང་ཕ་མ་གང་རུང་སྣང་བ་ལ་སོགས་པ་མ་ངེས་པར་གནས་པས། མའི་མངལ་པདྨ་ཉི་ཟླའི་དབུས་སུ་ཧཱུྃ་ཡིག་བསམ་ལ། རང་གི་རྣམ་ཤེས་འཇུག་དུས་འདུན་པ་དྲག་པོས། དལ་འབྱོར་གྱི་ལུས་རྣམ་པར་དག་པ་གཅིག་ཏུ་སྐྱེ་བ་བླངས་ནས། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པའི་བྱ་བ་རླབས་པོ་ཆེ་འགྲུབ་ནུས་པ་དང་རྟེན་དེ་ལ་བླ་ན་མེད་པའི་བྱང་ཆུབ་ཐར་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག་སྙམ་དུ་སྨོན་ལམ་རྣམ་པར་དག་པ་བཏབ་ནས། རང་སེམས་རྡོ་རྗེ་སེམས་དཔའ་ལྟ་བུ་ལྷའི་རྣམ་པར་ཧཱུྃ་དང་གཉིས་མེད་དུ་བསྲེས་ནས་ཞུགས་པས། ཕ་མ་དད་པ་ཅན་གྱི་བུར་སྐྱེས་ཏེ་ཆུང་ངུ་ནས་དམ་པའི་ཆོས་དང་འཕྲད་དེ་དད་ཤེས་དང་བརྩོན་འགྲུས་དང་སྦྱངས་པའི་འཕྲོ་ཅན་དུ་སྐྱེས་ནས་རྟེན་དེའམ་ཕྱི་མ་ལ་གྲོལ་བ་ཐོབ་པར་གསུངས་སོ། །ལྔ་པ་གནས་ལུགས་ངོ་འཕྲོད་ནས་གྲོལ་བའི་ཚུལ་ནི། ད་ལྟ་ཁྱོད་རང་ལ་དགྲ་གཉེན་དང་བདེ་སྡུག་ལ་སོགས་པའི་བར་དོའི་སྣང་བ་རིས་མ་ངེས་པ་སྣ་ཚོགས་པ་ཞིག་སྣང་ནའང་། དེ་ཐམས་ཅད་རང་སེམས་ཀྱི་བག་ཆགས་འཁྲུལ་པའི་སྣང་ངོར་ཤར་བ་མ་གཏོགས། ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་མེད། དེ་བཞིན་དུ་སེམས་ལ་དགའ་སྡུག་མཐོ་དམན་གྱི་འཆར་སྒོ་སྣ་ཚོགས་པ་སྣང་བ་དེའང་རིག་པ་ཕྱིར་བལྟས་སུ་ཤར་ཙ་ན་དངོས་གནས་ལ་བདེན་པར་གྲུབ་གྲུབ་འདྲ་བ་ཞིག་བྱུང་ཡང་། རྨི་ལམ་གྱི་དགྲས་དེད་པ་དང་། སྒྱུ་མའི་ཆུས་ཁྱེར་བ་ལྟར་འཁྲུལ་པ་ལ་ག་ཐུལ་པ་བསྣན་པ་ཡིན་པས། དེ་ལྟར་སྣང་བའི་དུས་ཉིད་ནས་ཡོད་མ་མྱོང་བའི་ཕྱིར་གང་ཤར་དེ་ཀའི་རང་ངོ་ལ་ཆེ་རེ་མ་ཡེངས་བར་བལྟས་པས། ཆུ་ནང་གི་ཟླ་གཟུགས་ལྟར་སྣང་ཙམ་ནས་རང་བཞིན་མེད་པར་ཤེས་ཙ་ན། ཆགས་སྡང་ལ་སོགས་པའི་སེམས་དེ་ཡང་ངོས་བཟུང་མེད་པ་འཇའ་ཚོན་གྱི་རྗེས་བདས་པའམ་མདང་གི་རྨི་ལམ་ལྟར་འདུག །དེ་ལ་བརྟེན་པའི་དགའ་མི་དགའི་བདེ་སྡུག་གི་སྣང་བ་ཐམས་ཅད་ཀྱང་སྣང་བའི་དུས་ཉིད་ནས་རང་བཞིན་མ་གྲུབ་པ་སྦྲུལ་མདུད་ནམ་མཁའ་ལ་གྲོལ་བའམ་ཆུ་ལ་རི་མོ་བྲིས་པ་ལྟར་ཤེས་པས་ཆགས་སྡང་གི་བློ་རང་སར་གྲོལ་ནས་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་རང་གྲོལ་གཉུག་མའི་ཡེ་ཤེས་མངོན་དུ་འགྱུར་ཏེ། གསང་བ་སྒྲ་རྒྱུད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །ཅེས་པ་ནས། རང་གིས་གྲོལ་བས་གཉེན་པོ་མེད། །གཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་པའི་བར་གསུངས་པ་ཡིན་ནོ། །མདོར་ན་ཁྱེད་ངན་སོང་དང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ་ཉེ་འབྲེལ་ཤུལ་མི་རྣམས་ཀྱིས་བསོད་ནམས་ཀྱི་ཞིང་མཆོག་བླ་མ་དང་དཀོན་མཆོག་མཆོད་པ། དགེ་འདུན་འདུས་པའི་ཚོགས་ལ་བསྙེན་བཀུར་དང་གྲལ་འགྱེད། སྐྱེ་བོ་རྣམས་དང་ཁྱད་པར་ངན་ལོང་སོགས་དབུལ་འཕོངས་རྣམས་ལ་སྦྱིན་གཏོང་། འབྱུང་པོ་ལ་གཏོར་མ། སྐུ་གསུང་ཐུགས་རྟེན་བཞེངས་པ། མདོ་སྡེ་ཟབ་མོའི་ཀློག་འདོན། རྒྱུད་སྡེ་དུ་མའི་དཀྱིལ་འཁོར་སྒྲུབ་མཆོད་སོགས་དགེ་བའི་སྟོངས་རྒྱ་ཆེན་པོ་བསྒྲུབས་པ་འདི་རྣམས་ཀྱིས་ཁྱེད་ལ་ཕན་ཐོགས་ཆེན་པོར་འགྱུར་བས་སྡུག་བསྔལ་མི་འཚལ་ཞིང་། ཁྱད་པར་ཤུལ་ན་གནས་པ་རྣམས་ཀྱིས་དཀོན་མཆོག་ལ་གསོལ་བ་འདེབས་པའི་ར་མདར་ངེད་རྣམས་སྦྲན་པ་ཡིན་པས་དད་པ་དང་གུས་པར་གྱིས་ལ་བར་དོའི་འཇིགས་སྐྲག་འཁྲུལ་སྣང་གི་རྗེས་སུ་མ་འབྲེང་། འཁོར་བ་ལས་ཐར་འདོད་ཀྱི་བློ་བསྐྱེད། བླ་མ་དང་དཀོན་མཆོག་གསུམ་ལ་དད་པ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ། སྔར་བྱས་ཀྱི་སྡིག་པའི་ལས་བསགས་པ་ལ་འགྱོད་སྡོམ། རང་གཞན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་འདོད་ཀྱི་འདུན་པ་དྲག་པོ་གྱིས། བདག་ཅག་རྣམས་ཀྱིས་ཀྱང་འདི་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་། ངན་སོང་སྦྱོང་བའི་ཐབས་ཀྱི་ཆོ་གའི་བྱ་བ་རྒྱུད་སྡེ་ལས་ཇི་སྐད་འབྱུང་བ་ལྟར་བསྒྲུབས་ནས། ཁྱེད་བགེགས་དང་སྡིག་པ་སྦྱོང་བ་ལ་སོགས་པས་རྒྱུད་སྦྱངས་ཏེ་དཀྱིལ་འཁོར་དུ་འཇུག་རུང་གི་སྐལ་པ་ཅན་དུ་བྱས་པ་ལྟར། དཀྱིལ་འཁོར་དུ་མངོན་པར་ཞུགས་ནས་དབང་ལེན་པ་སོགས་ཆོ་ག་བྱས་པའི་དོན་རྣམས་མ་ནོར་བར་སྒྲུབ་པ་དང་། ལམ་སྦྱང་བསྟན་ལ་སོགས་པའི་སྐབས་སུའང་། འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་བསུ་སྐྱེལ། མེའི་འོབས་སམ་སྲིན་པོའི་གླིང་ལྟ་བུར་ཤེས་པས་མ་ཆགས་མ་ཞེན་པར་གྱིས་ལ། ད་ནི་བདེ་ཆེན་ཐར་བའི་ཞིང་དུ་འགྲོ་བར་བྱའོ་སྙམ་དུ་དགའ་ཞིང་སྤྲོ་བའི་སྒོ་ནས། དག་པའི་ཞིང་གང་དུ་འགྲོ་བའི་ལམ་བསྟན་པ་དེར་དཔག་ཆེན་གྱི་མདའ་འཕངས་པ་ལྟར་ཐལ་གྱིས་འགྲོ་བའི་འདུན་པ་དྲག་པོ་གྱིས། ད་རེས་ཀྱང་འདི་ན་བཅོམ་ལྡན་འདས་འདི་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་བཞུགས་པ་ཡིན་ལ། བདག་ཅག་རྣམས་ཀྱིས་ཀྱང་ཚིག་གི་རམ་འདེགས་པ་ཡིན་པས། ཁྱེད་རང་ཉེ་དུ་རྣམས་དང་ལྷན་ཅིག་ཏུ་ཧར་གྱིས་ལོངས་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་། ངག་གིས་གསོལ་བ་འདེབས་པ། ཡིད་ཀྱི་མོས་གུས་དྲག་པོས་སྐྱབས་སུ་རེ་ལྟོས་འཆའ་བ་རྣམས་ཞེ་ཐག་པ་ནས་གྱིས་ཤིག །ཅེས་མཚམས་སྦྱར་ཏེ་ཕྱག་སོགས་ཆོ་ག་ཇི་ལྟ་བའི་སྐབས་ཀྱི་རིམ་པ་ལ་འཇུག་པར་བྱའོ། །ཞེས་ཡུལ་དུས་དང་འཚམས་པར་བར་དོའི་ཆོས་བཤད་སྐབས་སུ་གང་བབས་ཁ་བསྒྱུར་ཆོག་པའི་འཁྱོག་མཚམས་ཀྱི་དཔེར་བརྗོད་དང་བཅས་བརྗོད་བདེར་སྤེལ་བ་འདི་ཡང་རྗེ་བླ་མ་དམ་པའི་སྐུའི་སྲས་གནས་ལྔ་རིག་པའི་དབང་ཕྱུག་ཡང་དག་པའི་ལམ་གྱི་བཤེས་གཉེན་དམ་པ་འགྱུར་མེད་ཡིད་བཞིན་ལེགས་གྲུབ་དཔལ་བཟང་པོའི་ཞབས་ཀྱིས་སུ་ཝརྞའི་གནང་སྐྱེས་དང་བཅས་ཏེ་བཀའ་ལུང་ཕེབས་པ་ལྟར་གཉོས་ཀྱི་དགེ་སློང་རྒན་པོ་དྷརྨཱ་ཤྲཱིས་ཆེད་དུ་བརྗོད་པ་ཕྱོགས་དུས་ཀུན་ཏུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག། །།


previousབར་དོའི་ཆོས་བཤད་བརྗོད་བདེར་སྤེལnext