Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ།
   
   
   
   
   
   
   
   


 
previousབྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ།next

བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ།

བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ་ཞེས་བྱ་བ་བཞུགས་སོ། །བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དོན་གཉིས་ལྷུན་གྲུབ་སྟོན་པ་རྫོགས་སངས་རྒྱས། །བདེན་གཉིས་ངོ་བོ་བསྟན་པ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ལ། །ཚོགས་གཉིས་དཔལ་གྱི་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་ཞིང་གི་ལྷ་མིའི་ལོངས་སྤྱོད་དང་། །རབ་དྭངས་ཡིད་ཀྱིས་རྣམ་སྤྲུལ་མཆོད་སྤྲིན་འདི། །རབ་མཆོག་རྒྱལ་བ་སྲས་དང་བཅས་ལ་འབུལ། །རབ་ཏུ་བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ། །བདག་གིས་ཐོག་མེད་དུས་རིང་འཁོར་བ་ན། །བདག་ཏུ་འཛིན་པའི་འཆིང་བས་དམ་བཅིངས་པས། །བདག་མེད་ཆོས་ལ་མཚན་མར་བཟུང་བའི་སྡིག །བདག་ཉིད་གནོང་ཞིང་འགྱོད་པས་སོ་སོར་བཤགས། །སྲས་བཅས་རྒྱལ་བའི་ཚོགས་གཉིས་ཟབ་མོ་དང་། །སློབ་དང་མི་སློབ་ཉན་ཐོས་རང་རྒྱལ་དང་། །སོ་སྐྱེས་དུས་གསུམ་བསགས་པའི་དགེ་བ་ལ། །དགའ་ཞིང་སྤྲོ་བའི་སེམས་ཀྱིས་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྒྱལ་བ་ཡིས། །འགྲོ་བའི་ཁམས་དང་དབང་པོ་ཇི་བཞིན་དུ། །ཟབ་དང་རྒྱ་ཆེ་ཐེག་མཆོག་དམ་པའི་ཆོས། །རྒྱུན་དུ་བསྐོར་བར་ཡང་ཡང་གསོལ་བ་འདེབས། །གང་དང་མཉམ་མེད་འདྲེན་པ་ཆོས་ཀྱི་རྗེ། །མཛད་པ་མཐར་ཕྱིན་མྱ་ངན་འདའ་བཞེད་རྣམས། །འཁོར་བ་ཇི་སྲིད་བར་དུ་གཞན་དོན་ལ། །མྱ་ངན་མི་འདའ་ཡུན་དུ་བཞུགས་པར་གསོལ། །འདིར་འབད་དགེ་བ་མཚོན་ནས་དུས་གསུམ་གྱི། །དགེ་ཚོགས་མཐའ་དག་གཅིག་ཏུ་བསྡོམས་པའི་མཐུས། །མཁའ་ཁྱབ་འགྲོ་བའི་ཚོགས་དང་ལྷན་ཅིག་ཏུ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ལུས་ལྡན་བཤེས་གཉེན་མཆོག་བསྟེན་ནས། །ཐོས་བསམ་སྒོམ་ལ་རྟག་པར་བརྩོན་པ་ཡིས། །རྒྱལ་བའི་བསྟན་ལ་བྱ་བ་བྱེད་པར་ཤོག །དལ་འབྱོར་རྙེད་ཀྱང་རྩྭ་ཁའི་ཟིལ་ཐིག་ལྟར། །རིང་དུ་མི་གནས་འགྱུར་བའི་ཚུལ་རིག་ནས། །ཚེ་འདི་བསྒྲུབ་པའི་བསམ་སྦྱོར་རྒྱང་བསྲིངས་ཏེ། །མི་རྟག་འཆི་བ་རྗེས་སུ་དྲན་པར་ཤོག །ཚེ་འཕོས་ནས་ཀྱང་ཐོག་མེད་འཁོར་བ་ནས། །བསག་པའི་ལས་ཀྱི་སྡུག་བསྔལ་མྱོང་འགྱུར་ཞིང་། །ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་ནས། །དགེ་སྡིག་ལས་ལ་འཇུག་ལྡོག་བྱེད་པར་ཤོག །གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མེད་ཅིང་། །གང་ལ་བསམས་ཀྱང་འཇིག་པའི་ངང་ཚུལ་ཅན། །གང་ཞིག་བསྒྲུབས་ཀྱང་སྙིང་པོ་མེད་པའི་ཆོས། །གང་ཡིན་ཤེས་ནས་ཡིད་ནི་འབྱུང་བར་ཤོག །བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་པའི་རྐྱེན། །མི་མཐུན་བདུད་ཀྱི་དབང་དུ་མི་འགྲོ་ཞིང་། །གནས་དང་ཡོ་བྱད་གྲོགས་སོགས་མཐུན་པའི་རྐྱེན། །བསམ་པ་བཞིན་དུ་ལྷུན་གྱིས་གྲུབ་པར་ཤོག །རང་གཞན་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས། །བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་པོ་ལ། །དད་དང་གུས་པའི་བསམ་པ་རྩེ་གཅིག་གིས། །སྐྱབས་སུ་འགྲོ་བའི་སྡོམ་པ་ནོད་པར་ཤོག །ཐོག་མེད་དུས་ནས་དྲིན་ཆེན་ཕ་མ་རྣམས། །རིགས་དྲུག་གནས་སུ་སྡུག་བསྔལ་མྱོང་རྣམས་ལ། །བཟོད་བརླག་མེད་པའི་སྙིང་རྗེ་དང་བཅས་པའི། །རླབས་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །གཞན་གྱི་དོན་དུ་སངས་རྒྱས་བསྒྲུབས་པའི་བློས། །འགྲོ་ལ་ཕན་ཕྱིར་ལྷག་བསམ་གོ་གྱོན་ཏེ། །ཕར་ཕྱིན་དྲུག་ལ་ཚུལ་བཞིན་བསླབས་པ་ཡིས། །རྒྱལ་བའི་སྲས་ཀྱི་སྤྱོད་ལ་འཇུག་པར་ཤོག །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་དང་། །བསམ་པ་བཟང་པོ་ཚད་མེད་བཞིན་ལྡན་ཞིང་། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་པའི། །སྦྱོར་བ་བསྡུ་དངོས་བཞི་ལ་བརྩོན་པར་ཤོག །གང་ལ་ཅི་འདོད་ཟང་ཟིང་སྦྱི ན་པ་དང་། །ཆོས་དོན་གཉེར་ལ་ལེགས་པར་བཤད་པ་དང་། །སྣ་ཚོགས་འཇིགས་པའི་གནས་ལས་སྐྱོབ་པ་ཡི། །སྦྱིན་པ་རྣམ་གསུམ་རྟག་ཏུ་གཏོང་བར་ཤོག །མི་དགེའི་ལས་ལམ་མཐའ་དག་སྤོང་བ་དང་། །རྒྱ་ཆེན་དགེ་བའི་ལས་ལ་འཇུག་པ་དང་། །དེ་དག་གཞན་ལ་ཕན་ཕྱིར་བསྒྲུབ་པ་ཡི། །ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བར་ཤོག །གནོད་བྱེད་རྣམས་ལ་སྙིང་རྗེ་བསྐྱེད་པ་དང་། །ཆོས་ཕྱི་དཀའ་སྤྱད་དང་དུ་ལེན་པ་དང་། །ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པའི། །རླབས་ཆེན་བཟོད་པ་སྒོམ་པའི་མཐུ་ལྡན་ཤོག །རྒྱ་ཆེན་དགེ་ལ་སྤྲོ་བའི་གོ་ཆ་དང་། །དེ་བཞིན་སྦྱོར་བ་བསམ་པས་འཇུག་པ་དང་། །མ་ཞུམ་མི་འཁྲུགས་ཆོག་ཤེས་མེད་པ་ཡིས། །ཉིན་མཚན་དགེ་བའི་བརྩོན་འགྲུས་རྩོམ་པར་ཤོག །མཐོང་ཆོས་ཚེ་འདིར་བདེ་བར་གནས་པ་དང་། །ཡོན་ཏན་ཁྱད་འཕགས་རིམ་གྱིས་བགྲོད་པ་དང་། །མངོན་ཤེས་ལ་བརྟན་གཞན་དོན་བསྒྲུབ་པ་ཡིས། །བསམ་གཏན་དོན་ལ་མཉམ་པར་འཇོག་པར་ཤོག །ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་པ་དང་། །དོན་དམ་སྤྲོས་བྲལ་མཁའ་ལྟར་རྟོག་པ་དང་། །ཁྱད་པར་གཞན་དོན་བསླབ་ཚུལ་མཁས་པ་ཡིས། །ཐོས་བསམ་སྒོམ་པའི་ཤེས་རབ་ལྡན་པར་ཤོག །བསམ་པ་བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས། །སྦྱོར་བ་ཕ་རོལ་ཕྱིན་པ་དྲུག་ལྡན་པས། །དུས་དང་གནས་སྐབས་ཀུན་ཏུ་བརྩོན་པ་ཡིས། །ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་པར་ཤོག །དེ་ཡང་དྲན་པ་ཉེར་བཞག་ཤེས་རབ་དང་། །ཡང་དག་སྤོང་བཞིའི་བརྩོན་འགྲུས་རྩོམ་པ་དང་། །རྫུ་འཕྲུལ་རྐང་པའི་ཏིང་འཛིན་ལ་གནས་པས། །དང་པོ་ཚོགས་ཀྱི་ལམ་ལ་འཇུག་པར་ཤོག །དྲོད་དང་རྩེ་མོ་བཟོད་པ་ཆོས་མཆོག་ཏུ། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་དང་། །དབང་པོ་ལྔ་དང་སྟོབས་ལྔའི་རང་བཞིན་ཅན། །ཐེག་ཆེན་སྦྱོར་བའི་ལམ་ལ་གནས་པར་ཤོག །དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་ངེ་འཛིན། །བཏང་སྙོམས་བྱང་ཆུབ་ཡན་ལག་བདུན་བསྒོམས་ནས། །མཐོང་ལམ་ལ་གནས་རབ་དགའི་ས་ཐོབ་ཤོག །ལྟ་དང་རྟོགས་དང་ངག་དང་ལས་མཐའ་དང་། །འཚོ་དང་རྩོལ་དང་དྲན་དང་ཏིང་ངེ་འཛིན། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམས་ནས། །སྒོམ་པའི་ལམ་དུ་ས་བཅུ་བགྲོད་པར་ཤོག །དེ་ཡང་དྲི་མེད་འོད་བྱེད་འོད་འཕྲོ་དང་། །སྦྱང་དཀའ་མངོན་གྱུར་རིང་སོང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན་ཐོབ་ནས། །མཐར་ཕྱིན་ཀུན་ཏུ་འོད་ལ་གནས་པར་ཤོག །དེ་ལྟ་ལམ་ལྔ་ས་བཅུ་ཡོངས་རྫོགས་ནས། །སྐུ་གསུམ་ཡེ་ཤེས་ལྔ་དང་ཡོན་ཏན་ཚོགས། །ཕྲིན་ལས་མཐའ་དག་འབད་མེད་ལྷུན་གྲུབ་སྟེ། །རབ་འབྱམས་ཞིང་གི་འགྲོ་བ་འདྲེན་པར་ཤོག །དུས་གསུམ་རྒྱལ་བའི་ཞིང་གི་བཀོད་པ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཕན་བདེ་བསྟན་པའི་སྒྱུ་འཕྲུལ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །རང་བཞིན་རྣམ་དག་དོན་དམ་ཆོས་ཀྱི་དབྱིངས། །སྒྲིབ་གཉིས་དྲི་མའི་ཚོགས་ལ་རྣམ་གྲོལ་བ། །དག་པ་གཉིས་ལྡན་མངོན་དུ་འགྱུར་བ་དང་། །རང་དོན་མཐར་ཕྱིན་ཆོས་སྐུ་འཐོབ་པར་ཤོག །འོག་མིན་ཆེན་པོར་མཚན་དཔེར་འབར་བའི་སྐུས། །དག་པའི་གདུལ་བྱ་ས་བཅུའི་སེམས་དཔའ་ལ། །རྒྱུན་མི་འཆད་པར་ཐེག་མཆོག་ཟབ་མོའི་ཆོས། །སྟོན་མཛད་ལོངས་སྤྱོད་རྫོགས་སྐུ་མངོན་གྱུར་ཤོག །གང་གིས་སྲིད་པ་ཇི་སྲིད་གནས་ཀྱི་བར། །གང་ལ་གང་འོས་འགྲོ་ལ་ཐེག་པའི་ཚུལ། །གང་འོས་སྟོན་པ་སྣ་ཚོགས་སྤྲུལ་པའི་སྐུ། །གང་དེ་ཐོབ་ནས་གཞན་དོན་ལྷུན་གྲུབ་ཤོག །ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་དང་། །མཉམ་པ་ཉིད་དང་སོ་སོར་ཀུན་ཏུ་རྟོག །འབད་རྩོལ་མེད་པར་བྱ་བ་ཀུན་འགྲུབ་པའི། །ཡེ་ཤེས་ལྔ་ལ་དབང་འབྱོར་ཐོབ་པར་ཤོག །གནས་དང་གནས་མིན་རྣམ་སྨིན་དབང་པོ་དང་། །ཁམས་དང་མོས་པ་སྣ་ཚོགས་ཀུན་འགྲོའི་ལམ། །བསམ་གཏན་སྔོན་གནས་རྗེས་དྲན་ལྷ་ཡི་མིག །ཟག་ཟད་མཁྱེན་པའི་སྟོབས་བཅུ་དང་ལྡན་ཤོག །རང་དོན་ཆོས་སྐུ་རྫོགས་པར་བྱང་ཆུབ་ནས། །ཟག་པ་བག་ཆགས་བཅས་པ་ཀུན་སྤངས་ཏེ། །གཞན་གྱི་དོན་དུ་ལམ་དང་གེགས་སྟོན་ལ། །མི་འཇིགས་ཡོན་ཏན་བཞི་དང་ལྡན་པར་ཤོག །འཁྲུལ་དང་ཅ་ཅོ་མི་མངའ་སྤྱོད་པ་དང་། །འདུན་སོགས་ཉམས་པ་མེད་པ་རྟོགས་པ་དང་། །ཡེ་ཤེས་ཕྲིན་ལས་འགྲན་ཟླ་མེད་པ་ཡིས། །མ་འདྲེས་སངས་རྒྱས་ཆོས་རྣམས་ཐོབ་པར་ཤོག །བལྟ་བས་མི་ངོམས་མཚུངས་པ་མེད་པའི་སྐུ། །སུམ་ཅུ་རྩ་གཉིས་མཚན་གྱིས་རབ་རྒྱན་ཅིང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་རབ་མཛེས་པས། །སྣ་ཚོགས་གདུལ་བྱའི་རེ་འདོད་བསྐོར་བར་ཤོག །ཚུལ་ཁྲིམས་ཕུང་པོ་དེ་བཞིན་ཏིང་ངེ་འཛིན། །ཤེས་རབ་དང་ནི་རྣམ་པར་གྲོལ་བ་དང་། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡི། །ཟག་མེད་ཕུང་པོ་ལྔ་ནི་ཡོངས་རྫོགས་ཤོག །སྤྱན་དང་མངོན་ཤེས་སོ་སོ་རིག་པ་དང་། །གཟུངས་དང་ཟད་པར་ཟིལ་གནོན་ཐུགས་རྗེ་ཅན། །ཉོན་མོངས་མེད་དང་སྨོན་མཁྱེན་དབང་བཅུ་སོགས། །ཡོན་ཏན་མཐའ་དག་མངོན་དུ་འགྱུར་བར་ཤོག །དེ་ལྟར་རྒྱལ་བའི་སྐུ་གསུམ་ཡེ་ཤེས་ལྔ། །ཡོན་ཏན་ཕྲིན་ལས་སོགས་ལ་དབང་འབྱོར་ནས། །རབ་འབྱམས་ཞིང་དུ་དཔག་ཡས་མཛད་པ་ཡིས། །མཐའ་ཡས་འགྲོ་ལ་ཕན་བདེ་བསྒྲུབ་པར་ཤོག །མཁྱེན་རབ་འཇམ་དཔལ་དབྱངས་ལྟར་ཚད་མེད་ཅིང་། །ཐུགས་རྗེ་སྤྱན་རས་གཟིགས་དང་མཚུངས་པ་དང་། །མཐུ་སྟོབས་གསང་བའི་བདག་པོ་ཇི་བཞིན་དུ། །གྲངས་མེད་བསྐལ་པར་འགྲོ་དོན་བྱེད་པར་ཤོག །གང་གིས་བདག་ནི་མཐོང་དང་ཐོས་པ་དང་། །རྗེས་སུ་དྲན་ནམ་རེག་གམ་གཏམ་དུ་བརྗོད། །བདག་ལས་ལེགས་བཤད་ཐོས་པ་དེ་དག་ཀྱང་། །རིང་པོར་མི་ཐོགས་རྒྱལ་བའི་དབང་པོར་ཤོག །བདག་ནི་གྲང་བས་ཉེན་ལ་མེ་ཆེན་དང་། །ཚ་བས་གདུང་ལ་བསིལ་བའི་འབབ་ཆུ་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ཟམ་པ་དང་། །མུན་པ་ཚུད་ལ་སྣང་བ་དམ་པར་ཤོག །ཕོངས་པ་རྣམས་ལ་འདོད་དགུའི་འབྱུང་གནས་དང་། །ནད་ཀྱིས་ཟིན་ལ་ཕན་བྱེད་སྨན་གྱི་མཆོག །འཆི་བས་ཉེན་ལ་འཚོ་བའི་བདུད་རྩི་དང་། །ལམ་གྱིས་དུབ་པའི་བསྟི་གནས་བཟང་པོར་ཤོག །བདག་ནི་གནས་མེད་རྣམས་ཀྱི་ཁང་བཟང་དང་། །བཀྲེས་པས་གདུང་ལ་རོ་ལྡན་བཟའ་བ་དང་། །སྐོམ་པ་རྣམས་ལ་བཏུང་བའི་མཆོག་དང་ནི། །གང་ལ་གང་འོས་འདོད་དགུ་འབྱུང་བར་ཤོག །མདོར་ན་བདག་གི་སྒོ་གསུམ་སྤྱོད་པ་ཀུན། །བུམ་པ་བཟང་དང་ཡིད་བཞིན་ནོར་བུ་དང་། །འདོད་འཇོའི་བ་དང་དཔག་བསམ་ཤིང་ལྟ་བུར། །འགྲོ་བའི་དོན་དུ་འབད་མེད་ལྷུན་གྲུབ་ཤོག །སྐྱབས་གསུམ་བཀའ་སྡོད་བདེན་པའི་བྱིན་རླབས་དང་། །ཆོས་དབྱིངས་རྣམ་དག་བསམ་མི་ཁྱབ་པའི་མཐུས། །བདག་གི་ལྷག་བསམ་དག་པས་གཞན་དོན་དུ། །སྨོན་པ་འདི་དག་ཡིད་བཞིན་འགྲུབ་གྱུར་ཅིག །སྟོན་པ་མཉམ་མེད་རྫོགས་པའི་སངས་རྒྱས་དང་། །སྐྱོབ་པ་མཚུངས་མེད་བསྟན་པ་དམ་པའི་ཆོས། །འདྲེན་པ་ཚད་མེད་འཕགས་པའི་དགེ་འདུན་ཏེ། །དཀོན་མཆོག་བླ་མེད་གསུམ་གྱིས་བཀྲ་ཤིས་ཤོག །དེ་ལྟར་རབ་དང་གཞན་ལ་ཕན་པའི་བློས། །བྱང་ཆུབ་སྤྱོད་པའི་སྨོན་ལམ་རླབས་པོ་ཆེ། །ཕན་བདེའི་ལྗོན་པ་འདི་བརྗོད་དགེ་བ་ཡིས། །འགྲོ་རྣམས་དོན་གཉིས་མངོན་སངས་རྒྱས་གྱུར་ཅིག །བློ་གྲོས་ཀུན་གསལ་མཛེས་པའི་ལང་ཚོ་མཆོག །དག་སྣང་ལྷུར་ལེན་དག་པའི་གསུངས་ཟེར་གྱིས། །བདག་བློ་འདབ་སྟོང་རྒྱས་པར་རབ་བསྐུལ་བས། །ཚུལ་བཞིན་ལེགས་བཤད་སྦྲང་རྩི་འདི་འབུལ་ལོ། །བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ་ཞེས་བྱ་བ་འདི་རྗེ་བཙུན་དམ་པ་རཏྣའི་ཞབས་རྡུལ་སྤྱི་བོར་གུས་པས་ལེན་པ་བཀའི་འབངས་ཤེས་རབ་འོད་ཟེར་གྱིས་སྙིང་པོའི་བསྒྲུབ་པ་ལྷུར་ལེན་པའི་སྒར་གྱི་ཁྲོད་བླ་བྲང་དུ་སྦྱར་བའོ།། །།


previousབྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ།next