Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀྲ་ཤིས་ཀྱི་ཆོ་ག་དཔལ་གྱི་བེའུ།


 
previousབཀྲ་ཤིས་ཀྱི་ཆོ་ག་དཔལ་གྱི་བེའུ།no next

བཀྲ་ཤིས་ཀྱི་ཆོ་ག་དཔལ་གྱི་བེའུ།

༈ བཀྲ་ཤིས་ཀྱི་ཆོ་ག་དཔལ་གྱི་བེའུ་བཞུགས་སོ། །ༀ། སྣང་སྲིད་རྣམ་དག་ཆོས་དབྱིངས་གཞལ་ཡས་སུ། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུའི་སྐུ། །ཡིད་འོང་ཉི་མ་འཆར་ཀའི་ལང་ཚོ་ཅན། །དང་པོའི་ཕྱག་གཉིས་རལ་གྲི་ཨུཏྤ་ལ། །ཟེའུ་འབྲུར་རྡོ་རྗེས་མཚན་པའོ། །ཐ་མའི་ཕྱག་གཉིས་ནོར་བུ་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རབ་མཛེས་པདྨ་ཟླ་བའི་གདན་སྟེང་ན། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་ཡི། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཁའ་དབྱིངས་འགེངས། །དྲན་པ་ཙམ་གྱིས་ཕུན་ཚོགས་དཔལ་ཡོན་ཀུན། །ཡིད་བཞིན་ལེགས་པར་སྩོལ་བའི་བདག་ཉིད་ལ། །མ་ལུས་ཕྱོགས་དུས་ཞིང་གི་རྒྱལ་བ་དང་། །རྒྱལ་བའི་སྲས་བཅས་ཏིལ་གང་ལྟར་བཞུགས་པའི། །མེ་ཏོག་ཆར་འབེབས་ཤིས་པའི་གླུ་དབྱངས་སྒྲོགས། །ཡེ་ཤེས་འོད་ཟེར་སྣང་བས་མཁའ་ཁྱབ་གསལ། །ཨེ་མ་ཧོ། རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་པ་མཚུངས་མེད་རྡོ་རྗེའི་སྐུ། །མ་ལུས་འགྲོ་བའི་གཏན་གྱི་མགོན་གྱུར་པ། །སྐྱབས་མཆོག་དམ་པ་བདག་ལ་དགོངས་སུ་གསོལ། །ཁྱོད་ནི་རང་བྱུང་ཡེ་ཤེས་བདེ་བ་ཆེ། །མ་ལུས་ཆོས་ཀུན་ཁྱོད་ཀྱི་ངང་གྱུར་ཀྱང་། །མི་ཤེས་རྒུད་པས་མནར་བ་བདག་ཅག་ལ། །དེང་ནས་རྟག་པ་དམ་པའི་མཆོག་སྩོལ་ཅིག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་བླ་མེད་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་མཚན་ལྡན། །དབུགས་འབྱིན་ཆེན་པོ་དགའ་སྟོན་རྒྱ་ཆེ་བ། །དགའ་ཆེན་རོལ་མོ་ཆེན་པོས་དབུགས་དབྱུང་སྩོལ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གྱུར་པ། །མཆོག་སྦྱིན་རྡོ་རྗེས་བདག་ལ་མཆོག་སྩོལ་ཞིང་། །དེ་བཞིན་གཤེགས་པ་ཀུན་གྱི་ཡེ་ཤེས་སྐུས། །ཡེ་ཤེས་རྡོ་རྗེའི་དབང་བསྐུར་བདག་ལ་སྩོལ། །འདོད་འབྱུང་ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་པ་འགྲོ་ཀུན་གསོས། །ཁྱབ་བདག་རིན་ཆེན་ཀུན་མཆོག་དབུལ་བ་སེལ། །བུམ་བཟང་ཆེ་མཆོག་བདག་ལ་དཔལ་གྱུར་ཅིག །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་པ། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་བཟུང་སྟེ། །མི་བདེ་རྒུད་པ་ཐམས་ཅད་རྒྱུན་ཆད་ནས། །དཔལ་དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་པའང་རབ་ཚེས་མེ་སྤྲེལ་ཟླ་༧ཚེས་༧ལ་མི་ཕམ་འཇམ་དཔལ་དགྱེས་པས་བྲིས་པ་མངྒ་ལཾ།། ༈ བཀྲ་ཤིས་མཆོག་གྲུབ་ཅེས་བྱ་བ་བཞུགས་སོ། །ༀ། དབུས་ཀྱི་ཕྱོགས་ན་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །དཔལ་ལྡན་རྣམ་པར་སྣང་མཛད་ཡེ་ཤེས་གངས་ཆེན་མཚོ། །རྟག་ཏུ་ཏིང་འཛིན་མི་གཡོ་ཕྱག་ན་འཁོར་ལོ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །ཧཱུྃ། ཤར་གྱི་ཕྱོགས་ན་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་རྡོ་རྗེ་བདེ་བའི་མཆོག །བདུད་བཞི་རབ་ཏུ་འཇོམས་མཛད་ཕྱག་ན་རྡོ་རྗེ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག༴ སྭཱ། ལྷོ་ཡི་ཕྱོགས་ན་བཀྲ་ཤིས་ལྷ་ཡི༴ རྒྱལ་བ་རིན་ཆེན་འབྱུང་ལྡན་དགོས་འདོད་ཀུན་གྱི་གནས། །ཡིད་བཞིན་རེ་བ་སྐོང་བས་ཕྱག་ན་རིན་ཆེན་བསྣམས། །དེས་ནི་དེང་འདིར་ཁྱོད་ལ༴ ཨཱཿ ནུབ་ཀྱི་ཕྱོགས་ན་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །བདེ་གཤེགས་སྣང་བ་མཐའ་ཡས་བདེ་བ་ཆེན་པོའི་སྐུ། །ཀུན་ནས་མཆོག་ཏུ་ཡིད་འོང་ཕྱག་ན་པདྨ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག༴ ཧཱཿ བྱང་གི་ཕྱོགས་ན་བཀྲ་ཤིས་ལྷ༴ སངས་རྒྱས་དོན་ཡོད་གྲུབ་པ་ཕྲིན་ལས་ལྷུན་གྲུབ་དཔལ། །ཐོགས་མེད་བྱ་བ་གྲུབ་མཛད་ཕྱག་ན་རལ་གྲི་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག ༈ །ཕྱག་ན་ཨུཏྤལ་བསྣམས་པ་ཡིད་འོང་དོན་གྲུབ་པ། །གཞོན་ནུའི་སྐུ་སྟེ་ཉེས་པའི་དྲི་མ་ཐམས་ཅད་སྤངས། །འཇིག་རྟེན་ཀུན་ན་དཔལ་གྱུར་ཐམས་ཅད་ཀུན་ཀྱི་དཔལ། །འཇམ་དཔལ་གཞོན་ནུས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་པདྨ་བསྣམས་པ་ས་གསུམ་མགོན་གཅིག་པུ། །འཇིག་དང་སྡུག་བསྔལ་ཀུན་སེལ་ཀུན་ཏུ་བདེ་མཛད་ཅིང་། །སྙིང་རྗེའི་ཐུགས་ལྡན་པདྨ་རྒྱས་པའི་སྤྱན་མངའ་བ། །སྤྱན་རས་གཟིགས་ཀྱིས་ཁྱོད་ལ༴ ཕྱག་ན་རྡོ་རྗེ་བསྣམས་པ་བགེགས་ཀུན་མཐར་བྱེད་ཅིང་། །འབར་བའི་མེ་ལྕེ་ཅན་ཏེ་བདུད་ཀྱི་ཡུལ་ཀུན་སྲེག །འཇིག་རྟེན་གསུམ་ལས་རྣམ་རྒྱལ་སྲིད་པ་ཡོངས་ཀྱི་མགོན། །རྡོ་རྗེ་འཛིན་པས་ཁྱོད་ལ༴ ཕྱག་ན་ཀླུ་ཤིང་བསྣམས་པ་བྱམས་པའི་སྤྲིན་ཆེན་གྱིས། །མཁའ་དབྱིངས་ཀུན་ཁྱབ་དམ་ཆོས་ཆར་ཆེན་རྟག་ཏུ་འབེབས། །དགེ་བའི་ལོ་ཏོག་སྨིན་པས་ས་གསུམ་རབ་དགའ་བ། །བྱམས་པ་མགོན་པོས་ཁྱོད་ལ༴ ཕྱག་ན་རལ་གྲི་བསྣམས་པ་ནམ་མཁའ་ལྟ་བུའི་སྐུ། །ནམ་མཁའི་དབྱིངས་ཀུན་དྲི་ཞིམ་འོད་ཟེར་དྲྭ་བས་ཁྱབ། །སྡིག་ལྟུང་མུན་པ་ཀུན་འཇོམས་ཕན་བདེའི་སྣང་བ་འགྱེད། །ནམ་མཁའི་སྙིང་པོས་ཁྱོད་ལ༴ ཕྱག་ན་ནོར་བུ་བསྣམས་པ་སྲིད་ཞིའི་དཔལ་གྱུར་སྐུ། །ཕུན་ཚོགས་བདེ་བའི་འབྱུང་གནས་ཡོན་ཏན་ཀུན་གྱི་ས། །མ་ལུས་འདོད་པ་ཐམས་ཅད་ཡིད་བཞིན་སྩོལ་མཛད་པ། །ས་ཡི་སྙིང་པོས་ཁྱོད་ལ༴ ཕྱག་ན་ཟླ་བ་བསྣམས་པ་ཉོན་མོངས་གདུང་སེལ་ཞིང་། །སྲིད་པའི་རབ་རིབ་ཀུན་འཇོམས་སྒྲིབ་པའི་དྲི་མ་སེལ། །ཡེ་ཤེས་སྣང་བ་རབ་སྦྱིན་ཆོས་ཀྱི་ཆར་འབེབས་པ། །སྒྲིབ་ཀུན་སེལ་བས་ཁྱོད་ལ༴ ཕྱག་ན་ཉི་མ་བསྣམས་པ་མཁའ་ལྟར་ཁྱབ་པའི་སྐུ། །ཡེ་ཤེས་སྣང་བའི་འོད་ཟེར་ཆོས་དབྱིངས་རྒྱས་པར་འགེངས། །སངས་རྒྱས་ཆོས་དང་འཕགས་པའི་རྒྱལ་མཚན་མཆོག་གྱུར་པ། །ཀུན་ཏུ་བཟང་པོས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག ༈ །མ་ལུས་ཆོས་ཀུན་ཆོས་ཀྱི་དབྱིངས་ཉིད་དེ། །ཆོས་དབྱིངས་ཇི་སྙེད་རྒྱལ་བའི་ཡེ་ཤེས་སྐུ། །ཀུན་ཀྱང་ཁྱོད་ལ་དགེ་ལེགས་ཆེན་པོ་ཡི། །དབང་བསྐུར་དགོངས་པས་བཀྲ་ཤིས་མཛད་གྱུར་ཅིག །རིགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་མོ་ནི། །སྤྱན་ལ་སོགས་པས་རིན་ཆེན་བུམ་པ་ནས། །བདུད་རྩིའི་ཆུ་རྒྱུན་གཙུག་ཏུ་འབེབས་པ་ཡིས། །ཁྱོད་ལ་དེང་འདིར་བཀྲ་ཤིས་མཆོག་གྱུར་ཅིག །རྒྱལ་བའི་སྲས་པོ་ཕྱོགས་རྣམས་རབ་གྲགས་པ། །འཇིགས་མེད་ཞི་བའི་ཐུགས་ལྡན་དེ་དག་གིས། །སྣ་ཚོགས་མེ་ཏོག་སྤྲིན་གྱི་ཆར་འབེབས་པས། །ཁྱོད་ལ་བཀྲ་ཤིས་དམ་པ་མཆོག་གྱུར་ཅིག །རིགས་ཀྱི་སེམས་དཔའ་མཆོག་ཏུ་ཡིད་འོང་བ། །བཀྲ་ཤིས་ལྷ་མོའི་ཚོགས་ཀྱིས་དགའ་བའི་གླུ། །འཇིག་རྟེན་ཀུན་ཏུ་ཁྱབ་པར་བསྒྲགས་པར་ཡིས། །དེང་ཁྱོད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དུས་མཐའི་མེ་ལྟར་རབ་འབར་ཁྲོ་བོའི་ཚོགས། །འཇིགས་པའི་ང་རོ་དང་བཅས་གར་བྱེད་ཅིང་། །འབར་བའི་ལྟ་བས་བགེགས་རྣམས་མཐར་བྱེད་པས། །དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །རིགས་ཀྱི་བཀའ་ཉན་འཇིག་རྟེན་སྐྱོང་བའི་ཚོགས། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་བྱས་ཏེ། །བཀྲ་ཤིས་མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱིས། །དེང་འདིར་ཁྱོད་ལ་བཀྲ་ཤིས་སྤེལ་གྱུར་ཅིག །ཡིད་ལ་ཇི་ལྟར་བསམ་པའི་དོན་གྲུབ་ཅིང་། །སྲིད་ཞིའི་དཔལ་ཡོན་ཀུན་ནས་ཕུན་སུམ་ཚོགས། །དཔལ་ལྡན་རྒྱལ་བའི་འབྱོར་པ་རྨད་བྱུང་དེས། །ཁྱོད་ལ་རྟག་ཏུ་བཀྲ་ཤིས་མཆོག་གྱུར་ཅིག །འགྲོ་དང་བྱ་བ་བརྩམ་སོགས་ལ། །ཐོག་མར་དྲན་ན་དོན་གྲུབ་ཅིང་། །དུས་སུ་ཡིད་ལ་བྱས་པ་ཡིས། །དཔལ་ནི་ཕུན་སུམ་ཚོགས་པ་ཐོབ། །འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་ཨུཏྤལ་ཡིད་ལ་བྱས་པའི་རྐྱེན་ལས་ཆུ་འབྲུག་ཟླ་བ་༢ཚེས་༥ལ་འཇམ་དཔལ་དགྱེས་པའི་བློ་ཡི་མཚོ་ལས་རྡོལ་བ་མངྒ་ལཾ།།

༈ བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ། ༀ་སྭ་སྟི་བི་ཛ་ཡནྟུ། ཆོས་དབྱིངས་ནམ་མཁའི་ཁྱོན་ཀུན་ཡོངས་ཁྱབ་པའི། །རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཡི་ཚོགས། །ཏིལ་གྱི་གོང་བུ་བཞིན་དུ་བཞུགས་པ་ཡི། །རྒྱལ་བའི་དབང་པོ་རྣམས་ཀྱིས་དགོངས་པ་མཛད། །ཡུམ་རྣམས་རིན་ཆེན་བུམ་པས་དབང་བསྐུར་ཞིང་། །སེམས་དཔའི་ཚོགས་ཀྱི་བཀྲ་ཤིས་མེ་ཏོག་འཐོར། །ལྷ་རྣམས་ཀུན་གྱིས་རྡོ་རྗེའི་གླུ་དབྱངས་ལེན། །ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་ཕ་མཐར་བསྐྲད། །འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་མཆོད་ཅིང་བསྟོད། །ཀུན་ཀྱང་དགེ་བཞིན་བཀྲ་ཤིས་དཔལ་ཡོན་ཀུན། །དེང་འདིར་མངོན་པར་སྩོལ་བ་ཉིད་གྱུར་ལས། །བཀྲ་ཤིས་རབ་མཆོག་བདག་གིས་བརྗོད་པར་བྱ། ༈ །དགའ་རབ་ཤྲཱི་སེང་པདྨ་ཐོད་ཕྲེང་རྩལ། །གྲུབ་མཆོག་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ། །གཏེར་སྟོན་བརྒྱ་རྩ་བཀའ་གཏེར་དག་སྣང་བརྒྱུད། །རིག་འཛིན་བླ་མའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ། །སྟོན་པ་བཅུ་གཉིས་སངས་རྒྱས་སྟོང་ལ་སོགས། །མཁའ་ཁྱབ་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །དུས་གསུམ་བདེ་བར་བཤེགས་པའི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་མཆོག་གཅིག །སྒྲུབ་པ་སྡེ་བརྒྱད་བདུད་འདུལ་ཁྲོ་བོ་བཅུ། །ཞི་དང་ཁྲོ་ཚུལ་སྒྱུ་འཕྲུལ་དྲྭ་བའི་གར། །རབ་འབྱམས་ཡི་དམ་ལྷ་ཡི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ སྡེ་སྣོད་གསུམ་དང་རྒྱུད་སྡེ་ཆེན་པོ་དྲུག །རྒྱུད་ལུང་མན་ངག་བཀའ་གཏེར་དག་སྣང་སོགས། །རྒྱལ་བ་རིག་འཛིན་བརྒྱུད་པའི་ཐུགས་ཀྱི་བཅུད། །ལུང་རྟོགས་དམ་པའི་ཆོས་ཀྱི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ ཉེ་བའི་སྲས་མཆོག་བརྒྱད་དང་སེམས་མ་བརྒྱད། །སྐལ་བཟང་སེམས་དཔའ་སྟོང་ལ་སོགས་པ་ཡི། །ཕྱོགས་བཅུ་དུས་གསུམ་དག་གི་རྒྱལ་བའི་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ཀྱི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ རྡོ་རྗེ་ཕག་མོ་རིགས་ལྔའི་ཌཱ་ཀི་ནཱི། །མཚོ་རྒྱལ་ལ་སོགས་ཐུགས་ཀྱི་དགྱེས་སྡེ་ལྔ། །གནས་ཡུལ་ཞིང་གི་དཔའ་བོ་རྣལ་འབྱོར་མ། །དཔལ་ལྡན་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །ཚངས་དབང་ཁྱབ་འཇུག་བརྒྱ་བྱིན་རྒྱལ་ཆེན་སོགས། །དུས་གསུམ་རྒྱལ་བའི་ཕྲིན་ལས་བཀའ་སྐྱོང་བ། །རྡོ་རྗེའི་ཆོས་སྐྱོང་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །བསྟན་པའི་སྦྱིན་བདག་རྣམས་དང་འགྲོ་བ་ཀུན། །བདེ་སྐྱིད་གོང་འཕེལ་ཆོས་ལྡན་བསམ་དོན་འགྲུབ། །ས་གསུམ་དཔལ་དང་ལྡན་པའི་བཀྲ་ཤིས་ཤོག །སྣང་སྲིད་རྣམ་དག་བདེ་པ་ཆེན་པོ་ལ། །མི་ཤིས་རྒུད་པ་ཡེ་ནས་མི་མངའ་བའི། །བདེན་པ་དེ་ཡིས་མཁའ་ཁྱབ་འགྲོ་བ་ཀུན། །རང་བྱུང་ཡེ་ཤེས་རྟོགས་པའི་བཀྲ་ཤིས་ཤོག །མཉམ་ཉིད་ངང་ནས་ཕྱོགས་དུས་འགྲོ་ཀུན་ལ། །ཕན་དང་བདེ་བའི་ཕྲིན་ལས་ལྷུན་གྱིས་གྲུབ། །རྟག་ཁྱབ་མཚུངས་མེད་བཀྲ་ཤིས་དཔལ་གྱི་མཆོག །དེང་འདིར་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག །ས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་འཁོལ། །ཕྱོགས་ལས་རྣམ་རྒྱལ་སྣང་སྲིད་ཟིལ་གནོན་པའི། །ཨོ་རྒྱན་རིག་འཛིན་བརྒྱུད་པའི་རིང་ལུགས་གང་། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་རབ་ཚེས་མེ་སྤྲེལ་འོད་འབར་གདོང་པ་བཟང་པོའི་ཟླ་༡༡ཚེས་གཟའ་སྐར་སོགས་དུས་ཀྱི་ཆ་ཤིན་ཏུ་དགེ་བར་སྒྲུབ་ཁང་འཆི་མེད་མཆོག་གྲུབ་གླིང་དུ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་བློ་མཚོ་ལས་བྱུང་བ་ནོར་བུའི་གཏེར་ཆེན་པོ་བཀྲ་ཤིས་དང་དགེ་ལེགས་མི་ཟད་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་འདི་སྔ་འགྱུར་བ་རྣམས་ཀྱི་དཔལ་དུ་གནས་པ་དེ་ཕྱིར་སྤེལ་བར་བགྱིས་ན་དོན་ཀུན་འགྲུབ་བོ།། །།


previousབཀྲ་ཤིས་ཀྱི་ཆོ་ག་དཔལ་གྱི་བེའུ།no next