Nitartha Digital Library
Tibetan
 
previousབྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ལུང་རིགས།next

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ལུང་རིགས།

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མ་ལུས་འགྲོ་ལ་བརྩེ་བས་བསྐྲུན་པའི་ཐུགས་བསྐྱེད་རྒྱ་མཚོ་ཚོགས་གཉིས་དྲོང་ལྡན་ལས་བྱུང་བའི། །མི་གནས་མྱ་ངན་འདས་པའི་རང་བཞིན་སྐུ་གསུམ་ཆུ་འཛིན་རབ་ཏུ་འཁྲིགས་ལས་བདག་མེད་སོགས། །མུ་བཞིའི་སྤྲོས་བྲལ་དམ་ཆོས་བདུད་རྩིའི་ཆར་ཆེན་མཐའ་ཡས་ཕབ་པས་འགྲོ་བའི་ཉོན་མོངས་ཀྱི། །མེ་ལྕེ་གཞིལ་ཏེ་ཕན་བདེའི་ལོ་ཏོག་མཐའ་ཡས་རྒྱས་མཛད་ཟས་གཙང་སྲས་པོ་དེ་ལ་འདུད། །གང་གི་མཚན་གྱི་འོད་ཟེར་ཙམ། །རྣ་བའི་ལམ་ནས་ཞུགས་ན་ཡང་། །སྙིང་གི་མུན་པ་སེལ་མཛད་པའི། །སྤྱན་རས་གཟིགས་མགོན་དེ་ལ་འདུད། །བདག་དང་བདག་མེད་སྤྲོས་པས་དབེན་པའི་དོན་དམ་ཚུལ་དང་རང་གིས་བྱས་ཤིང་བསགས་པའི་ལས། །བདག་གིར་བྱེད་སོགས་ཀུན་རྫོབ་བསྟན་པས་ལྟ་བའི་ཆ་ལ་རྨོངས་པའི་མུན་པ་ཀུན་སེལ་ཞིང་། །བདག་བདེ་བཏང་སྟེ་གཞན་ཕན་སྒྲུབ་ཚུལ་རྣམ་དག་སྤྱོད་པ་ལེགས་པར་བསྟན་ནས་འགྲོ་བ་ཀུན། །བདག་དང་གཞན་གྱི་དོན་གཉིས་མཐར་སོན་ཆོས་ཀྱི་རྒྱལ་པོར་སྒྲུབ་མཛད་འཇམ་པའི་དབྱངས་ལ་འདུད། །རྒྱལ་སྲིད་རབ་སྤངས་རྨད་བྱུང་བའི། །རྒྱལ་སྲས་སྤྱོད་ཚུལ་ལེགས་བསྟན་པས། །རྒྱལ་བའི་བསྟན་པ་རྒྱས་མཛད་པའི། །རྒྱལ་སྲས་ཞི་བའི་ལྷ་ལ་འདུད། །དེ་ཡི་གསུང་རབ་པད་ཚལ་ལས། །ལེགས་བཤད་སྦྲང་རྩི་རབ་འཐུངས་ནས། །རྒྱལ་སྲས་སྤྱོད་པ་སྤྱད་རྣམས་ཀྱི། །དོན་དུ་བདག་གིས་འདིར་དབྱེ་བྱ། །ཐེག་པ་ཆེན་པོ་ལམ་ཚང་ལ་མ་ནོར་བ་སྟོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ་དོན་གཉིས་ཏེ། མཚན་དང་། གཞུང་གི་དོན་ནོ། །དང་པོ་ནི། བསྟན་བཅོས་འདིའི་མཚན། རྒྱ་གར་སྐད་དུ། བོ་དྷི་ས་ཏྭ་ཙརྱ་ཨ་བ་ཏ་ར། ཞེས་བྱ་བ་ཡིན་ལ། དེ་ཉིད་བོད་སྐད་དུ་བསྒྱུར་ན། བོ་དྷི་བྱང་ཆུབ། ས་ཏྭ་སེམས་དཔའ། ཙརྱ་སྤྱོད་པ། ཨ་བ་ཏ་ར་འཇུག་པ་ཡིན་ནོ། །མཚན་འདི་གང་གི་སྒོ་ནས་བཏ གས་ཤེ་ན། སྤྱིར་བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་ཚད་དང་། བྱེད་ལས་དང་། གནས་དང་། འཁོར་དང་། དུས་དང་། དཔེའི་སྒོ་ནས་མཚན་བཏགས་པ་ཡོད་པ་ལས་འདི་ནི་དང་པོའོ། །དེ་ལྟར་མཚན་བཏགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། སྤྱིར་མིང་བཏགས་པ་ཙམ་གྱི་དགོས་པ་ནི་དོན་གོ་བ་སྟེ། ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་སོ། །འདིར་ཁྱད་པར་དུ་བརྗོད་བྱ་ལ་བཏགས་པས་དབང་པོ་རྣོན་པོ་རྣམས་ཀྱིས་མཚན་ལས་བརྗོད་བྱ་མདོ་ཙམ་དུ་རྟོགས་པར་འགྱུར་ལ། སཾ་སྐྲི་ཏའི་སྐད་སྨོས་པས་དེའི་བག་ཆགས་འཇོག་པ་དང་། ཁུངས་བཙུན་པ་དང་། ལོ་པཎ་གྱི་དྲིན་དྲན་པར་འགྱུར་ཞིང་། མཚན་ཐོག་མར་སྨོས་པས་བཙལ་སླ་བར་འགྱུར་ལ། མདོ་སྡེར་གཏོགས་པས་བཀས་བཅད་དང་མཐུན་པར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་ལོ་ཙཱ་བས་བཀོད་ཅེས་གྲགས་སོ། །གཉིས་པ་སློབ་དཔོན་དགེ་བའི་ལྷས། ཐོག་མ་དང་བར་དང་ཐ་མ་དགེ་བས་བསྟན་བཅོས་འདི་བསྡུས་ཏེ། དེའང་གོ་རིམ་བཞིན་དུ་མཆོད་བརྗོད་དང་། དེ་ནས་བསྔོ་བའི་བར་དང་། བསྔོ་བ་དང་གསུམ་ལ་བཞེད་ཅིང་། སློབ་དཔོན་ནག་པོ་པ་ནི། བསྟན་བཅོས་འབྱུང་བའི་རྒྱུ་དང་། ཕར་ཕྱིན་དྲུག་བསྙད་པ་དང་། བཀའ་དྲིན་གྱི་ཕྱག་འཚལ་བ་གསུམ་གྱིས་གཞུང་འདི་བསྡུས་ཏེ། དལ་འབྱོར་ཞེས་པ་ནས་བརྩམས་ཏེ་ལེའུ་གསུམ་དང་། བསྔོ་བ་སྟེ་ལེའུ་བཞིས་སྦྱིན་པ་བག་ཡོད་དང་ཤེས་བཞིན་གྱི་ལེའུས་ཚུལ་ཁྲིམས་བསྟན་པར་བཞེད་དོ། །འདིར་རྩོམ་པ་ལ་འཇུག་པའི་ཚུལ་དང་། འཇུག་བྱའི་རང་བཞིན་དང་། མཐར་ཕྱིན་པའི་དོན་ཏེ་གསུམ་གྱིས་སྟོན་པའི་དང་པོ་ལ་གཉིས་ཏེ། དངོས་དང་། དེ་དག་གིས་བསྟན་པའི་དགོས་འབྲེལ་བཤད་པའོ། །དང་པོ་ལ་གསུམ་སྟེ། མཆོད་བརྗོད། བཤད་པར་དམ་བཅའ་བ། ཁེངས་སྐྱུངས་པའོ། །དང་པོ་ནི། བདེ་གཤེགས་ཞེས་པ་ལ་རྣམ་སྣང་འཚོ་ནི་ལེགས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། དཔེར་ན། གཟུགས་ལེགས་པ་དང་། རིམས་ནད་ལེགས་པར་བྱང་བ་དང་། བུམ་པ་ལེགས་པར་གང་ཞེས་པ་ལྟར། ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་ནས་མཛེས་པར་གཤེགས་པ་དང་། དེ་ཁོ་ན་ཉིད་མི་གསལ་བར་བྱེད་པའི་མ་རིག་པ་ལ་སོགས་པ་བསལ་ནས་ཕྱིར་མི་ལྡོག་པར་གཤེགས་པ་དང་། བག་ཆགས་ཐམས་ཅད་བསལ་ནས་མཐར་ཕྱིན་པར་གཤེགས་པ་སྟེ། སྤངས་པའི་དོན་དུ་འཆད་ཅིང་། དགེ་ལྷ་ནི། རྟོགས་བྱ་ཐམས་ཅད་རྟོགས་པས་བདེ་གཤེགས་ཞེས་བཞེད་པས། མདོར་ན་སྤངས་རྟོགས་ལེགས་པར་རྫོགས་པའམ། མཆོག་ཏུ་བདེ་བའི་སར་གཤེགས་པས་ན་བདེར་གཤེགས་ཏེ། བྱང་ས་ལས་ཀྱང་། མཆོག་ཏུ་ཁྱད་ཞུགས་པར་གཤེགས་པ་དང་། མི་ལྡོག་པར་གཤེགས་པས་ན་བདེ་བར་གཤེགས་པ་ཞེས་བྱའོ་ཞེས་གསུངས་ཏེ། དེ་ནི་སངས་རྒྱས་དཀོན་མཆོག །ཆོས་ཀྱི་སྐུ་ནི། རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་གསུངས་པ་ལྟར་རྟོགས་པའི་ཆོས་སྐུ་ཆོས་དབྱིངས་དག་པ་གཉིས་ལྡན་ཟག་མེད་ཀྱི་ཡེ་ཤེས་དང་དབྱེར་མེད་པའོ། །བསྟན་པ་ཡི་ནི་བདེན་པ་གཉིས་ཀྱི་དབང་དུ་བྱས་ཏེ་ཟབ་མོ་དང་སྣ་ཚོགས་གསུངས་པ་རྣམས་ཏེ། དེ་དག་ཆོས་དཀོན་མཆོག་ཡིན་ལ། དེ་དག་བདེ་གཤེགས་དེ་ལ་ལྡན་པས་ན་མངའ་ཞེས་བྱའོ། །སྲས་ནི། རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་ནི་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་པ་ལྟར། བདེ་གཤེགས་ཀྱི་རིགས་སུ་སྐྱེས་པའམ། དེའི་གདུང་འཚོབ་ནུས་པས་ན། དེའི་སྲས་བྱང་སེམས་འཕགས་པ་རྣམས་ནི་དགེ་འདུན་དཀོན་མཆོག་སྟེ། དེ་དང་བཅས་པའི་སྐྱབས་གནས་གསུམ་དང་། ཐེག་ཆེན་པའི་སྐྱབས་གནས་མ་ཡིན་ཡང་། སྤྱིར་ཡོན་ཏན་གྱིས་མཐོ་བས་ཕྱག་བྱ་བའི་འོས་སུ་གྱུར་པའི་ཉན་རང་མཁན་སློབ་ལ་སོགས་པ་ཀུན་ལའང་སྒོ་གསུམ་གུས་པས་ཕྱག་འཚལ་ཏེ། ཞེས་པ་ནི། དེ་ལྟར་བྱས་ཏེ་བསྟན་བཅོས་རྩོམ། །ཞེས་ཕྱི་མ་དང་འབྲེལ་བའི་ཚིག་གོ །དེ་ལྟར་མཆོད་བརྗོད་བྱས་པའི་དགོས་པ་ནི། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པའི་མདོར། གང་དག་སྟོན་པ་བདེ་གཤེགས་ལ། །མཆོད་པ་ཆུང་ངུ་བྱེད་པ་ཡང་། །ལྷ་མིའི་བདེ་བ་ཀུན་བགྲོད་ནས། །འཆི་མེད་དམ་པ་ཐོབ་པར་འགྱུར། །ཞེས་པ་ལྟར། གནས་སྐབས་དང་མཐར་ཐུག་གི་བདེ་བ་འགྲུབ་པ་ལ་སོགས་ཡིན་ནོ། །གཉིས་པ་ནི། བརྗོད་པར་བྱ་ཞེས་སྦྱར་ཏེ། གང་ཞེ་ན། བདེ་གཤེགས་སྲས་ཀྱི་སྡོམ་པ་ནི། ཉེས་སྤྱོད་སྡོམ་པ་དང་། དགེ་བའི་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་འཇུག་པ་སྟེ། དེ་དག་སྒྲུབ་པའི་ཐབས་ལེའུ་བཅུའི་སྒོ་ནས་སྟོན་པ་ནིའོ། །ཚུལ་ཇི་ལྟར་བྱ་ཞེ་ན། ལུང་སྟེ་མདོ་སྡེ་དང་བསྟན་བཅོས་དག་ལས་གསུངས་པ་བཞིན་དུའོ། །དེ་དག་ཉིད་ལས་གསུངས་པས་འདིར་བསྟན་པ་ལ་དགོས་པ་མེད་དོ་སྙམ་ན། དེ་དག་ན་འཁྲུགས་པ་རྣམས་བསྡེབས། མི་གསལ་བ་རྣམས་གསལ་བར་བྱས། འཐོར་བ་རྣམས་ཕྱོགས་གཅིག་ཏུ་བྱས་ཤིང་གཞུང་མང་པོ་རྣམས་མདོར་བསྡུས་ནས་བསྟན་པས་སྐྱོན་མེད་དོ། །དེ་ལྟར་བཤད་པར་དམ་བཅས་པའི་དགོས་པ་ནི། དམ་པ་རྣམས་དམ་བཅས་པའི་ཁུར་མི་འདོར་བས་ན་རྩོམ་པ་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །གསུམ་པ་ནི། སྔོན་ཆད་མདོ་ལ་སོགས་པ་ལས་མ་བྱུང་བའི་དོན་ཅིའང་འདིར་བརྗོད་དུ་མེད་ལ། སྔོན་མ་བྱུང་བའི་ཚིག་གི་སྡེབ་སྦྱོར་མཁས་པའང་ཞི་ལྷ་བདག་ལ་ཡོད་མ་ཡིན་ཏེ། རྒྱུ་མཚན་དེ་གཉིས་ཀྱི་ཕྱིར་གཞན་དོན་དུ་བདག་གིས་བསྟན་བཅོས་འདི་མ་བྱས་སོ། །འོ་ན་ཅིའི་ཕྱིར་བྱས་ཤེ་ན། རང་གི་ཡིད་ལ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕྱིར་ངས་བསྟན་བཅོས་འདི་བརྩམས་སོ། །དེ་ལྟར་ན་རང་གི་ཤེས་པས་ཆོག་མོད། བསྟན་བཅོས་བརྩམས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགེ་བ་བྱང་སེམས་དེ་བསྒོམ་པའི་ཕྱིར་བདག་གི་དད་པའི་ཤུགས་ཏེ་རྒྱུན་རང་གིས་རྟོགས་པའི་ཁྱད་པར་གཞུང་དུ་བཀོད་པ་འདི་དག་གིས་ཀྱང་རེ་ཞིག་གོང་ནས་གོང་དུ་འཕེལ་བར་འགྱུར་ཞིང་ཞེས་སོ། །དགེ་ལྷ་དང་རྣམ་སྣང་ནི་རེ་ཞིག་ཅེས་པའི་སྒྲས་གཞན་དོན་ལ་ལྟོས་པ་ཡོད་པར་སྟོན་ཅེས་འཆད་དོ། །ཅི་སྟེ་བརྒྱ་ལམ་ན་བདག་དང་སྐལ་བ་མཉམ་པ་སྟེ་རིགས་འདྲ་བ་བྱང་སེམས་ཀྱི་སྤྱོད་ཚུལ་དོན་དུ་གཉེར་ཞིང་གཟུ་བོར་གནས་པ་གཞན་གྱིས་ཀྱང་གཞུང་འདི་དག་མཐོང་ན་བྱང་ཆུབ་ཀྱི་སེམས་འཕེལ་བ་ལ་སོགས་པའི་དོན་ཡོད་པར་འགྱུར་སྲིད་ཅེས་སོ། །དེ་ལྟར་ཁེངས་སྐྱུངས་བྱས་པས་ནི་རྩོམ་པ་པོ་ང་རྒྱལ་ཆུང་བར་ཤེས་ཤིང་། ཉེས་པ་བྱུང་ན་བཟོད་པར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་ལ་གསུམ་ལས། དང་པོ་སོ་སོའི་ངོ་བོ་ལ། བརྗོད་བྱ་ནི་བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ཞེས་པས་མཚོན་ནས་ཐེག་ཆེན་གྱི་རིགས་དང་། ལམ་དང་། འབྲས་བུ་མ་ཚང་བ་མེད་པ་ཡིན་ལ། གཙོ་ཆེར་བྱང་སེམས་ཀྱི་བསླབ་བྱ་རྣམས་སོ། །བརྗོད་བྱ་དེ་དག་གཞུང་འདི་ལ་བརྟེན་ནས་རྟོགས་པ་ནི་དགོས་པའོ། །རྟོགས་པ་གཞུང་ལ་རག་ལས་པ་ནི་འབྲེལ་པ་ཡིན་ཞིང་། རྟོགས་པའི་དོན་ཉམས་སུ་བླངས་ནས་དེའི་འབྲས་བུ་ཐོབ་པ་ནི་ཉིང་དགོས་སོ། །གཉིས་པ་བསྟན་པའི་དགོས་པ་ནི། རྟོག་ལྡན་དག་བསྟན་བཅོས་ལ་དགོས་པ་ལ་སོགས་པ་ཡོད་པར་གོ་ནས་འཇུག་པའོ། །གསུམ་པ་ཚུལ་ཇི་ལྟར་བསྟན་ཚུལ་ནི། ནག་པོ་པའི་དཀའ་འགྲེལ་ལས། འདིའི་དགོས་པ་ལ་སོགས་པ་ནི་གཞུང་གི་མིང་ཉིད་ཀྱིས་བསྟན་ཏེ་ཞེས་བཤད་ཅིང་། དགེ་ལྷ་ནི། བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ཞེས་བརྗོད་བྱ་དང་། རང་གཞན་གྱི་དོན་ནི་དགོས་པ་དང་། བསྟན་བཅོས་དང་དགོས་པ་ཐབས་དང་ཐབས་ལས་བྱུང་བ་འབྲེལ་པར་བྱེད་དོ། །གཉིས་པ་འཇུག་བྱའི་རང་བཞིན་ལ་གསུམ་སྟེ། འཇུག་པ་པོ་རྟེན་གྱི་གང་ཟག་དང་། གང་གིས་འཇུག་པའི་བསམ་པ་དང་། ཇི་ལྟར་འཇུག་པའི་སྦྱོར་བའོ། །དང་པོ་ལ་གཉིས་ཀྱི། ལུས་ཀྱི་རྟེན་དལ་འབྱོར་རྙེད་དཀའ་བར་བསྟན་པ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་མི་འབྱུང་བ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་འདི་དག་སྤངས་པས་དལ་བའོ། །མི་ཉིད་ཡུལ་དབུས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། སངས་རྒྱས་འཇིག་རྟེན་བྱོན་ཆོས་གསུངས། །བསྟན་གནས་རྗེས་འཇུག་སྦྱིན་བདག་ཡོད། །ཅེས་པ་ཕོ་མོ་གང་རུང་གི་དབང་པོ་དང་ལྡན་པའི་མི་ཉིད། ཡུལ་དབུས་སུ་སྐྱེས་པ་དང་། མིག་ལ་སོགས་པའི་དབང་པོ་ཚང་བ་དང་། མཚམས་མེད་པ་ལྔ་སྤངས་པས་ལས་ཀྱི་མཐའ་མ་ལོག་པ་དང་། དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་དད་པས་ན་གནས་ལ་དད་པ་སྟེ་རང་འབྱོར་ལྔ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ་དང་། བདེན་པ་མཐོང་བའི་གང་ཟག་ཡོད་པས་བསྟན་པ་གནས་པ་དང་། འཕགས་པའི་རྟོགས་པ་དང་མཐུན་པར་གདམས་ངག་བསྟན་ནས་ཆོས་གནས་པ་ལ་རྗེས་སུ་འཇུག་པ་ཡོད་པ་དང་། ཡོ་བྱད་སྦྱོར་བའི་སྦྱིན་བདག་ཡོད་པས་གཞན་གྱི་ཕྱིར་སྙིང་བརྩེ་བ་དང་ལྔ་ནི་གཞན་འབྱོར་ཏེ་བཅུ་པོ་དེ་དང་ལྡན་པས་ན་འབྱོར་པའོ། །དེ་ལྟར་ཡོན་ཏན་བཅོ་བརྒྱད་དང་ལྡན་པའི་ལུས་འདི་ནི་རྙེད་པར་ཤིན་ཏུ་དཀའ་སྟེ། སྡོང་པོ་བཀོད་པའི་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས། མི་ཁོམ་པ་བརྒྱད་ལས་བཟློག་པ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པར་དཀའ་ཞེས་གསུངས་སོ། །དེ་ལྟ་བུའི་དལ་འབྱོར་སྐྱེས་བུའི་དོན་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་ནུས་པ་ཡོད་པ་འདི་ཐོབ་པར་གྱུར་པའི་དུས་འདི་ལ་དགེ་བ་སྒྲུབ་པ་ལ་འབད་པར་བྱ་ཡི། གལ་ཏེ་དུས་འདི་ལ་རང་གཞན་ལ་ཕན་པ་དགེ་བ་མ་བསྒྲུབས་ན་ཕྱིས་དལ་འབྱོར་འདི་འདྲ་ཡང་དག་པར་འབྱོར་པར་ག་ལ་འགྱུར་ཏེ། མི་འགྱུར་བས་འདི་དོན་མེད་པར་མ་བྱེད་ཅིག་ཅེས་གདམས་པ་སྟེ། མདོ་ལས། དེ་ལྟ་ཡིན་གྱི་དལ་བ་འདི་དོན་མེད་པར་མ་བྱེད་ཅིག །ཅེས་པ་དང་། སློབ་སྤྲིང་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་ཕྱིན་ཞིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བ་འདེབས་འགྱུར་བ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་པ་བཞིན་ནོ། །གཉིས་པ་བསམ་པའི་རྟེན་བསོད་ནམས་ཀྱི་བློ་དཀོན་པ་ནི། ཇི་ལྟར་ཏེ་དཔེར་ན་མཚན་མོ་མུན་ནག་སྤྲིན་རུམ་ན་གློག་འགྱུ་བའི་རྐྱེན་གྱིས་དུས་སྐད་ཅིག་ཙམ་ཞིག་གཟུགས་རབ་ཏུ་སྣང་བ་སྟོན་པ་ལྟར། དེ་བཞིན་ཏུ་སངས་རྒྱས་ཀྱི་མཐུ་ཡིས་བརྒྱ་ལམ་ན་སྡིག་པའི་དབང་གིས་སྡུག་བསྔལ་གྱི་མུན་རུམ་ན་གནས་པའི་འཇིག་རྟེན་པ་རྣམས་ལ་བསོད་ནམས་ཏེ་དགེ་བ་སྒྲུབ་པའི་བློ་གྲོས་ཐང་འགའ་ཙམ་ཞིག་འབྱུང་གི་ལན་མང་པོ་དང་རྒྱུན་རིང་པོར་མི་འབྱུང་བས་དགེ་བ་སྒྲུབ་པའི་བློ་བསྐྱེད་པ་དང་སྤེལ་བ་ལ་འབད་པར་བྱའོ། །དལ་དང་འབྱོར་པའི་འདབ་མ་གཉིས་ལྡན་ཞིང་། །དགེ་སྡིག་སྐྱོན་ཡོན་མཐོང་བའི་མིག་ལྡན་ཡང་། །རྙེད་དང་བཀུར་སྟི་གྲགས་འདོད་རྙིས་བཟུང་ནས། །སྡིག་པའི་གཟེབ་ཏུ་ཆུད་པར་མ་གྱུར་ཏམ། །གཉིས་པ་གང་གིས་འཇུག་པའི་བསམ་པ་ལ་གཉིས་ཏེ། སེམས་བསྐྱེད་ཀྱི་ཕན་ཡོན་དང་། དེ་བླང་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཕན་ཡོན་དངོས་དང་། ཕན་ཡོན་དང་ལྡན་པའི་འཐད་པ་དང་། དེས་ན་སེམས་བསྐྱེད་ཅན་གྱི་གང་ཟག་བསྔགས་པའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་ཅན་གྱི་ཕན་ཡོན་ནོ། །དང་པོ་ལ་ལྔ་ལས། དང་པོ་སྡིག་པ་སྤོང་བ་ནི། རྟེན་དང་བསམ་པ་རྙེད་དཀའ་ཞིང་ཡུན་ཐུང་བ་དེ་ལྟ་བས་ན་གཉེན་པོ་དགེ་བ་ནི་ཉམ་ཆུང་ཉིད་ལ་རྟག་སྟེ་དུས་ཀུན་ཏུ་སྟོབས་ཆུང་བར་གནས་ལ། མི་དགེ་བའི་རྒྱུ་རྣམས་ཚོགས་སླ་བས་སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ་རྒྱུན་ཆགས་སུ་འབྱུང་བར་འགྱུར་བས་ད་ནི་དེ་འཇོམས་ནུས་ཀྱི་དགེ་བ་བསྐྱེད་དགོས་ལ། སྡིག་ཆེན་དེ་ནི་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཅན་གྱི་རྫོགས་པའི་བྱང་ཆུབ་ཀྱི་སེམས་མིན་པའི་དགེ་བ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར་ཏེ་མི་འགྱུར་བས་སེམས་བསྐྱེད་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། བྱི་ལའི་མིག་གིས་བལྟས་པས་བྱི་བ་རྣམས་ཟིལ་གྱིས་གནོན་ཅིང་མི་བཟོད་པ་དེ་བཞིན་དུ། ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེའི་མིག་གིས་ཀྱང་ལས་དང་ཉོན་མོངས་པའི་བྱི་བ་རྣམས་ཟིལ་གྱིས་གནོན་ཅིང་མི་བཟོད་པར་བྱེད་དོ། །ཞེས་གསུངས་སོ། །གཉིས་པ་ཕན་བདེ་སྒྲུབ་པ་ནི། བསྐལ་པ་དུ་མར་ཏེ་གྲངས་མེད་གསུམ་དུ་སེམས་ཅན་ལ་ཕན་པའི་ཐབས་ལ་རབ་ཏུ་དགོངས་ཤིང་དཔྱད་པར་མཛད་པའི་ཐུབ་དབང་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཉིད་སེམས་ཅན་ལ་ཕན་པར་གཟིགས་ཏེ། འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས་བདེ་མཆོག་བླ་ན་མེད་པའི་བྱང་ཆུབ་ཀྱང་བདེ་བླག་ཉིད་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །གསུམ་པ་རེ་འདོད་སྐོང་བ་ནི། རང་གིི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་མང་པོ་གཞོམ་པར་འདོད་ཅིང་སེམས་ཅན་གཞན་རྣམས་ཀྱི་མི་བདེ་བ་ཐམས་ཅད་བསལ་བར་འདོད་པ་དང་། རང་གཞན་ཐམས་ཅད་བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་བར་མི་བྱ་སྟེ། དེས་དོན་དེ་དག་འགྲུབ་པར་ངེས་པའི་ཕྱིར་རོ། །བཞི་པ་མིང་དོན་འཕོ་བ་ནི། འཁོར་བའི་བཙོན་རར་ལས་དང་ཉོན་མོངས་པའི་འཆིང་བས་བསྡམས་པའི་སྟོབས་ཀྱིས་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གྱུར་ན་སྐད་ཅིག་གིས་ཏེ་དེ་ཕྱིན་ཆད་མིང་བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཉིད་དུ་འགྱུར་ཞིང་། དོན་ནི་འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱ་བའི་གནས་སུ་འགྱུར་རོ། །ལྔ་པ་ཕན་ཡོན་དཔེས་བསྔགས་པ་ལ་དྲུག་ལས། དང་པོ་གསེར་འགྱུར་གྱི་དཔེས་དམན་པ་མཆོག་ཏུ་སྒྱུར་བར་བསྟན་པ་ནི། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར་མི་གཙང་བའི་རང་བཞིན་དུ་གྱུར་པའི་ལུས་འདི་བླངས་ནས་རྒྱལ་བའི་སྐུ་རིན་པོ་ཆེ་རིན་ཐང་མེད་པར་སྒྱུར་བས་ན། ནུས་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་ཞེས་བྱ་བ་རབ་ཏུ་བརྟན་པར་ཟུངས་ཤིག་པ་སྟེ། སྡོང་པོ་བཀོད་པ་ལས། དངུལ་ཆུའི་རིགས་གསེར་དུ་སྣང་བ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་སྒྱུར་ནུས་པ་དཔེར་མཛད་ནས། དེ་བཞིན་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཡེ་ཤེས་ཀྱིས་བཟུང་བ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་ཁ་དོག་བྱེད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བའམ་ཟད་པར་བྱ་མི་ནུས་སོ། །ཞེས་སོགས་གསུངས། གཉིས་པ་རིན་པོ་ཆེའི་དཔེས་རྙེད་དཀའ་ཞིང་རིན་ཐང་ཆེ་བར་བསྟན་པ་ནི། འགྲོ་བ་ཀུན་ཐར་པའི་གྲོང་ཁྱེར་དུ་འཁྲིད་པ་དང་ཡོན་ཏན་གྱི་ནོར་ལ་སྦྱོར་བའི་དེད་དཔོན་གཅིག་པུ་སྟེ་འགྲན་ཟླ་མེད་པ་སངས་རྒྱས་ཀྱི་མཁྱེན་པས་ཤེས་བྱ་ལ་ཁྱབ་པ་ལས་གཞན་གྱིས་གཞལ་བར་མི་ནུས་པས་ན་ཚད་མེད་པའི་བློས་ཆོས་རྣམས་ལ་ལེགས་པར་ཡོངས་སུ་བརྟགས་ན་བྱང་ཆུབ་ཀྱི་སེམས་འདི་དཀོན་ཞིང་ཕན་ཡོན་ཆེ་བས་རིན་ཆེ་བར་གཟིགས་ཏེ། སྡོང་པོ་བཀོད་པ་ལས། ནོར་ཀུན་ནང་ནས་དབང་གི་རྒྱལ་པོ་རིན་ཆེ་བར་གྱུར་པ་དེ་བཞིན་དུ། དུས་གསུམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ཡུལ་སྣང་བར་མཛད་པ་དེ་སྲིད་དུ། ལྷ་དང་མི་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ། །ཞེས་གསུངས་སོ། །དེས་ན་འགྲོ་བ་སྡུག་བསྔལ་བའི་གནས་དང་བྲལ་བར་འདོད་པ་རྣམས་ཀྱིས་རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་བར་ཟུངས། གསུམ་པ་ལྗོན་ཤིང་གི་དཔེས་འབྲས་བུ་མི་ཟད་ཅིང་འཕེལ་བར་བསྟན་པ་ནི། དགེ་བ་གཞན་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པ་ཀུན་ཆུ་ཤིང་བཞིན་དུ་འབྲས་བུ་བསྐྱེད་ནས་རང་ཟད་པར་འགྱུར་བ་ཉིད་ཡིན་ལ། བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་ནི་རྟག་པར་ཡང་འབྲས་བུ་འབྱིན་པས་མི་ཟད་ཅིང་སླར་འཕེལ་བར་འགྱུར་ཏེ། དཀོན་མཆོག་གི་ཟ་མ་ཏོག་ལས། འཇམ་དཔལ། འདི་ལྟ་སྟེ། ཤིང་ལྗོན་པ་སྣ་ཚོགས་པ་ནི་ཁམས་བཞིས་བཟུང་ནས་རྣམ་པར་འཕེལ་བའོ། །འཇམ་དཔལ་དེ་བཞིན་དུ་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་ན་རྣམ་པར་འཕེལ་ལོ། །ཞེས་གསུངས་སོ། །བཞི་པ་སྐྱེལ་མའི་དཔེས་སྡིག་པའི་འབྲས་བུ་ལས་སྐྱོབ་པར་བསྟན་པ་ནི། དཀོན་མཆོག་གསུམ་ལ་གནོད་པ་ལ་སོགས་པ་སྡིག་པ་ཤིན་ཏུ་མི་བཟད་པ་བྱས་ན་ཡང་། སྐྱེལ་མ་དཔའ་བོ་ལ་བརྟེན་ནས་དགྲའི་འཇིགས་པ་ཆེན་པོ་ལས་གྲོལ་བ་ལྟར་གང་ལ་བརྟེན་ནས་སྡིག་ཆེན་དེའི་རྣམ་སྨིན་ལས་ཡུད་ཙམ་གྱིས་དགྲོལ་བར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ལ་བག་ཡོད་པ་ཅན་རྣམས་ཀྱིས་ཅིས་མི་བསྟེན་ཏེ་བསྟེན་པར་རིགས་ཏེ། བློ་གྲོས་མི་ཟད་པས་བསྟན་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་དཔའ་བོ་ལ་བརྟེན་པ་ནི་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་པའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ཡང་དག་པར་བསྟེན་པའི་བྱང་ཆུབ་སེམས་དཔའ་ནི་ཉེས་པར་སྤྱོད་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་པའོ། །ཞེས་གསུངས་སོ། །ལྔ་པ་མེའི་དཔེས་སྡིག་པ་རྩ་བ་ནས་འཇོམས་པ་ནི། དུས་མཐའ་སྟེ་བསྐལ་པ་འཇིག་པའི་མེས་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་མ་ལུས་པར་སྲེག་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་དེས་ནི་མཚམས་མེད་པའི་ལྔ་ལ་སོགས་པའི་སྡིག་པ་ཆེན་པོ་རྣམས་སྐད་ཅིག་གིས་ངེས་པར་སྲེག་པ་སྟེ་རྩ་བ་ནས་འཇོམས་པར་བྱེད་དེ། སྡོང་པོ་བཀོད་པ་ལས། ཉེས་པར་བྱས་པ་ཐམས་ཅད་སྲེག་པའི་བསྐལ་པའི་མེ་ལྟ་བུའོ། །ཞེས་གསུངས་སོ། །དགེ་བ་ལྷ་ནི། བཟོད་པ་ཆེན་པོ་སྐད་ཅིག་མ་གཅིག་གིས་གཟུང་བར་བྱ་བ་མི་དམིགས་པས་ན་ངེས་པར་སྲེག་པར་བྱེད་ཅེས་འཆད་དོ། །སྔ་མ་དང་མི་ཟློས་ཏེ། སྔ་མ་ཟིལ་གྱིས་གནོན་པ་དང་། འདི་རྩ་བ་ནས་འཇོམས་པ་ཡིན་པས་སོ། །འོ་ན་སེམས་བསྐྱེད་གཅིག་ལ་ཕན་ཡོན་གཉིས་འགལ་ལོ་ཞེ་ན། མ་ཡིན་ཏེ། སེམས་བསྐྱེད་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་རྣམས་ཐོབ་པ་ན་ཕན་ཡོན་གོང་ནས་གོང་དུ་ཁྱད་པར་འཕགས་པ་རྣམས་རིམ་གྱིས་འབྱུང་བས་སོ། །དྲུག་པ་ཕན་ཡོན་གཞན་མདོ་ལས་བསྟན་པའི་ཚུལ་ནི། གཞན་ཡང་བྱང་ཆུབ་ཀྱི་སེམས་འདིའི་ཕན་ཡོན་དཔག་ཏུ་མེད་པ་དག་བྱམས་མགོན་བློ་གྲོས་ཆེན་པོ་དང་ལྡན་པས་ནོར་བཟང་ལ་བཤད་དེ། སྡོང་པོ་བཀོད་པ་ལས། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་ཚོང་དཔོན་ནོར་བརྟན་གྱི་བུ་ནོར་བཟང་གིས་འཕགས་པ་འཇམ་དཔལ་གྱི་དྲུང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་བསླབ་པ་བཙལ་བའི་ཕྱིར་རིམ་གྱིས་སོང་བ་དང་། འཕགས་པ་བྱམས་པ་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ཁང་པ་བརྩེགས་པ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ཅན་ཀྱི་ཕྱོགས་གཅིག་ན། འཁོར་རྒྱ་མཚོ་ལྟ་བུ་ལ་ཆོས་སྟོན་པ་མཐོང་ནས་དེས་ཕྱག་འཚལ་བ་ན། བྱམས་པས་དེ་འཁོར་རྣམས་ལ་བསྟན་ཏེ། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་འཚོལ་ཞིང་། །མཁས་པ་ང་ཡི་དྲུང་དུ་ཉེ་བར་འོངས། །ཞེས་གསུངས་ནས། ལེགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད། །བྱམས་པའི་དཀྱིལ་འཁོར་ཡངས་པ་ལེགས་འོངས་སམ། །ལེགས་པར་འོངས་སམ་བལྟ་ན་རབ་ཞི་བ། །དཀའ་བ་སྤྱོད་ཚེ་དུབ་པར་མ་གྱུར་ཏམ། །རྣམ་དག་བསམ་ལྡན་ཚུར་ཤོག་འོངས་པ་ལེགས། །ཞེས་པ་ལ་སོགས་པ་གསུངས་པ་དང་། ནོར་བཟང་གིས། འཕགས་པ་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་ཞུགས་ན་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཇི་ལྟར་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་བས་བསྟན་དུ་གསོལ། ཞེས་ཞུས་པའི་ལན་དུ། རིགས་ཀྱི་བུ་ཁྱོད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་ངོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འགྲོ་བ་ཐམས་ཅད་སོ་སོར་བརྟེན་པས་ས་ལྟ་བུའོ། །དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་སྲུང་བས་ཕ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་སྒྲུབ་པར་བྱེད་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཞེས་པ་ནས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་དེ་ནི་ཡོན་ཏན་དེ་དག་དང་ཕན་ཡོན་གྱི་བྱེ་བྲག་ཚད་མེད་པ་གཞན་དག་དང་ཡང་ལྡན་ནོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཉིས་པ་ཁྱད་པར་ཅན་གྱི་ཕན་ཡོན་ལ་གསུམ་སྟེ། དབྱེ་བ་དང་། ངོ་བོའི་ཁྱད་པར་དང་། ཕན་ཡོན་གྱི་ཁྱད་པར་རོ། །དང་པོ་ནི། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །སྡོང་པོ་བཀོད་པ་ལས། སེམས་ཅན་གང་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པ་དེ་དག་ཀྱང་དཀོན་ནོ། །དེ་བས་ཀྱང་གང་བླ་ན་མེད་པའི་བྱང་ཆུབ་ཏུ་འཇུག་པ་དེ་དག་ནི་ཤིན་ཏུ་ཡང་དཀོན་ནོ། །ཞེས་གསུངས་པ་ལྟར། བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པའི་སེམས་ཉིད་དོ། །གཉིས་པ་ནི། དཔེར་ན་ཡུལ་འགའ་ཞིག་ཏུ་འགྲོ་བར་འདོད་པ་ལྟར་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ནི་སྨོན་པ་ཡིན་ལ། དེར་ཡོངས་སུ་འགྲོ་བ་ལྟར་སངས་རྒྱས་ཐོབ་བྱེད་ཀྱི་ལམ་ལ་ཞུགས་ཤིང་ལམ་དེ་སྒྲུབ་པར་འདོད་པ་ནི་འཇུག་པ་ཡིན་ནོ་ཞེས་བདག་གཞན་གྱི་དོན་སྒྲུབ་པར་འདོད་པའི་མཁས་པས་དཔེ་གཉིས་ཀྱི་བྱེ་བྲག་ཇི་ལྟར་ཤེས་པ་བཞིན་དུ་དོན་གཉིས་ཀྱི་བྱེ་བྲག་རིམ་པ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་ནི། བྱང་ཆུབ་སྨོན་པའི་སེམས་ལས་ནི་འཁོར་བ་ན་གནས་པའི་ཚེ་འབྲས་བུ་ཆེན་པོ་འབྱུང་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་རོ། །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནི་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་བཟློག་གོ། །ཞེས་གསུངས་སོ། །དེ་ལྟ་ན་ཡང་ཇི་ལྟར་འཇུག་པའི་སེམས་ལས་བསོད་ནམས་རྒྱུན་ཆགས་འབྱུང་བ་དེ་བཞིན་དུ་དེ་ལ་འབྱུང་བ་མིན་ནོ། །དུས་གང་ནས་བཟུང་སྟེ་སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམས་ལས་དང་ཉོན་མོངས་པའི་འཆིང་བ་དང་། འཁོར་བའི་བཙོན་ར་ལས་དགྲོལ་བར་བྱ་བའི་ཕྱིར་དུ་འཁོར་བ་ཇི་སྲིད་པར་གཞན་དོན་ལས་མི་ལྡོག་པའི་སེམས་ཀྱིས་འཇུག་པའི་སེམས་དེ་ཡང་དག་པར་བླངས་པར་གྱུར་པ་དེ་ནས་བཟུང་སྟེ་དེ་མ་ཉམས་ན་གཉིད་ལོག་གམ། ར་རོ་བ་ལ་སོགས་པས་བག་མེད་པར་གྱུར་ཀྱང་བསོད་ནམས་ཀྱི་ཤུགས་དུས་རྒྱུན་མི་འཆད་པར་རྣམ་པ་དུ་མ་ཞིག་ཚད་ནམ་མཁའ་དང་མཉམ་པར་རབ་ཏུ་འབྱུང་ངོ་། །གཉིས་པ་ཕན་ཡོན་དང་ལྡན་པའི་འཐད་པ་ལ། ལུང་དང་རིགས་པའི་འཐད་པ་གཉིས་ལས། དང་པོ་ནི། འཇིག་པས་བསོད་ནམས་མང་པོ་འབྱུང་བ་འདི་ནི་འཐད་པ་དང་བཅས་པ་སྟེ་རིགས་པ་དང་ལྡན་པར་ལག་བཟངས་ཀྱིས་ཞུས་པའི་མདོ་ལས་ཐེག་དམན་ལ་མོས་པའི་སེམས་ཅན་རྣམས་ཐེག་ཆེན་ལ་ཞུགས་པའི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་ཏེ། དེ་ལས། བདག་ནི་སེམས་ཅན་གྱི་ཚོགས་མཐའ་ཡས་པ་དེ་ལ་ཕན་པ་དང་བདེ་བའི་ཕྱིར་གོ་བགོས་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་དམིགས་པ་མཐའ་ཡས་པའི་དགེ་བའི་རྩ་བ་མཐའ་ཡས་པ་དག་བག་མེད་པར་གྱུར་ཏམ། གཉིད་ཀྱི་ལོག་ཀྱང་ཉིན་མཚན་དུ་སེམས་ཀྱི་སྐད་ཅིག་ལ་འཕེལ་བ་དང་རྒྱས་པ་དང་ཡོངས་སུ་རྫོགས་པར་འགྱུར་ཏེ། ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། བསམ་པ་དང་། སྦྱོར་བ་ཁྱད་པར་དུ་འཕགས་པའོ། །དང་པོ་ལ་གཉིས་ཏེ། བསམ་པའི་དམིགས་རྣམས་རྒྱ་ཆེ་བ་དང་། དེ་འཇིག་རྟེན་ལས་ཁྱད་པར་དུ་འཕགས་པར་བསྟན་པའོ། །དང་པོ་ནི། སྙིང་རྗེའི་སེམས་ཀྱིས་སེམས་ཅན་ཉུང་ཟད་རྣམས་ཀྱི་ཀླད་ནད་ཙམ་སྨན་ལ་སོགས་པས་བསལ་ལོ་སྙམ་དུ་བསམ་ན་ཡང་ཕན་འདོགས་བསམ་པ་དང་ལྡན་ཏེ། བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་ན་ཞེས་པ་འདིར་འགའ་ཞིག་མཛའ་བོའི་བུ་མོའི་གཏམ་རྒྱུད་སྦྱར་ནས་འཆད་དོ། །དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་དེ་དག་རེ་རེའི་ཡང་མི་བདེ་བ་དཔག་ཏུ་མེད་པ་བསལ་འདོད་ཅིང་རེ་རེའང་ཡོན་ཏན་དཔག་མེད་དང་ལྡན་པ་ཉིད་སྒྲུབ་པར་འདོད་པ་ལ་བསོད་ནམས་དཔག་མེད་འབྱུང་བ་སྨོས་ཅི་དགོས། གཉིས་པ་ནི། ཕའམ་ཡང་ན་མ་ཡང་རུང་སྟེ་གཉེན་བཤེས་རྣམས་སུ་ལ་འདི་འདྲའི་ཕན་སེམས་ཡོད་དེ་མེད་ལ། ལྷ་དང་དྲང་སྲོང་རྣམས་ཀྱང་རུང་ཚངས་པ་ལ་ཡང་འདི་ཡོད་དམ་སྟེ་མེད་དེ། མདོ་སྡེ་རྒྱན་ལས། ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་པས་འདིར། འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟར། དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། བུ་དང་གཉེན་པ་དག་ལ་ལེགས་མི་གནས། ཞེས་གསུངས་པ་ལྟར་རོ། །སེམས་ཅན་དེ་དག་ཉིད་ལ་སྔོན་འདི་འདྲ་བའི་སེམས་རང་དོན་དུ་རྨི་ལམ་དུའང་མི་འབྱུང་ན་གཞན་གྱི་དོན་དུ་དངོས་སུ་ག་ལ་སྐྱེ་སྟེ། དེས་ན་སེམས་ཅན་གཞན་དག་ལ་རང་གི་དོན་དུ་ཡང་མི་འབྱུང་ན་སེམས་ཅན་གྱི་དོན་ཁོ་ན་སེམས་པ་གང་ཡིན་པའི་སེམས་ཀྱི་རིན་ཆེན་ཁྱད་པར་འདི་ནི་སྔ་ན་མེད་པའི་ངོ་མཚར་རྨད་དུ་བྱུང་བ་ཞིག་འཁྲུངས་སོ། །གཉིས་པ་ལ། སྦྱོར་བའི་དམིགས་རྣམས་རྒྱ་ཆེ་བ་དང་། དེ་གཞན་ལ་མེད་པར་བསྟན་པ་གཉིས་ཀྱི། དང་པོ་ནི། འགྲོ་བ་ཀུན་གྱི་དགའ་བའི་རྒྱུ་སེམས་ཅན་གྱི་སྡུག་བསྔལ་གྱི་ནད་སེལ་བའི་རྩི་སྨན་དུ་གྱུར་པའི་རིན་ཆེན་སེམས་ཀྱི་བསོད་ནམས་གང་ཡིན་པ་དེ་ལ་ཇི་ལྟར་གཞལ་གྱིས་ལང་སྟེ། དཔས་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །སེམས་ཅན་ལ་ཕན་པར་བསམ་པ་ཙམ་གྱིས་ཀྱང་སངས་རྒྱས་མཆོད་པ་ལས་ཁྱད་པར་དུ་འཕགས་པར་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཅི་ཡོད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེར་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་གསུངས་ན། སེམས་ཅན་མ་ལུས་ཐམས་ཅད་ཀྱི་བདེ་བ་སྒྲུབ་པའི་དོན་ལ་བརྩོན་པ་དེ་བས་ཁྱད་པར་དུ་འཕགས་པ་སྨོས་ཅི་དགོས། གཉིས་པ་ནི། སྡུག་བསྔལ་འདོར་བར་འདོད་པའི་སེམས་ཡོད་ཀྱང་སྡུག་བསྔལ་ཉིད་དེའི་རྒྱུ་མི་དགེ་བ་ལ་མངོན་པར་རྒྱུག་ཅིང་བདེ་བ་འདོད་ཀྱང་དེའི་ཐབས་མི་ཤེས་པའི་གཏི་མུག་པས་དགེ་བ་སྤངས་པས་རང་གི་བདེ་བ་དགྲ་ལྟར་འཇོམས་པ་གང་ཞིག །བདེ་བས་ཕོངས་པ་དང་སྡུག་བསྔལ་མང་པོ་དང་ལྡན་པ་དེ་དག་ལ་བྱམས་པ་ཆེན་པོས་བདེ་བ་ཀུན་གྱིས་ཚིམ་པར་བྱེད་པ་དང་། སྙིང་རྗེ་ཆེན་པོས་སྡུག་བསྔལ་ཐམས་ཅད་གཅོད་པར་བྱེད་ཅིང་། ཤེས་རབ་ཆེན་པོས་བདེ་སྡུག་གི་རྒྱུ་མི་ཤེས་པའི་གཏི་མུག་ཀྱང་ནི་སེལ་བར་བྱེད་པ་དེ་དང་མཚུངས་པའི་དགེ་བ་ག་ལ་ཡོད་དེ། དེ་འདྲའི་ཕན་འདོགས་པའི་བཤེས་ཀྱང་ག་ལ་ཡོད། དེས་བསྐྱེད་པའི་བསོད་ནམས་དེ་འདྲའང་ག་ལ་ཡོད། གསུམ་པ་དེ་ལྡན་གྱི་གང་ཟག་བསྔགས་པ་ལ་ལྔ་སྟེ། ལྟོས་མེད་ཕན་འདོགས་པ་དང་། སྦྱིན་བདག་མཆོག་ཡིན་པ་དང་། ཞིང་ཁྱད་པར་ཅན་ཡིན་པ་དང་། སྡུག་བསྔལ་གྱིས་མི་བརྫི་བ་དང་། ཕྱག་འོས་དང་སྐྱབས་གནས་སུ་བསྟན་པའོ། །དང་པོ་ནི། ཕན་བཏགས་པའི་ལན་ལྡོན་པ་གང་ཡིན་པ་དེ་ཡང་བྱས་པ་གཟོ་བ་ཡིན་ནོ་ཞེས་རེ་ཞིག་བསྔགས་པར་འོས་ན། མ་བཅོལ་ཡང་ལེགས་པར་ཕན་བདེ་ལ་སྦྱོར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། གཉིས་པ་ནི། ཡུལ་འགྲོ་བ་ཉུང་ཟད་ཙམ་ལ་དུས་ནར་མ་སྟེ་ལོ་དང་ཟླ་བ་རེ་ལ་སྐད་ཅིག་སྟེ་ལན་རེ་དངོས་པོ་ཟས་ཕལ་པ་ཙམ་སྦྱིན་པར་བྱེད་པ་དང་། སྦྱོར་བ་བརྙས་བཅས་ཏེ་མ་གུས་པ་དང་། ཕན་པའི་ཁྱད་པར་ཉིན་ཕྱེད་འགྲངས་པར་བྱེད་པའི་ཟས་ཙམ་སྦྱོར་བ་དེ་ཡང་དགེ་བ་བྱེད་པ་ཡིན་ནོ་ཞེས་སྐྱེ་བོས་བཀུར་བར་བྱེད་ན། ཡུལ་སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ་རྟག་ཏུ་རྒྱུན་མི་འཆད་པར་དངོས་པོ་བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད་པ། ཕན་པའི་ཁྱད་པར་ཡིད་ལ་བསམ་པ་མཐའ་དག་རྫོགས་པར་བྱེད་པ། རྟག་ཏུ་ཞེས་བྱ་བ་འགྲེལ་པ་དག་ལས། ནམ་མཁའ་འགྲོ་བ་ཟད་ཀྱང་མི་ཟད་པ། ཞེས་བྱ་བར་བཤད་ཅིང་། དེའང་ཤེར་འབྱུང་དུས་དང་། དགེ་ལྷ་དངོས་པོའི་ཁྱད་པར་དུ་སྦྱོར། སྦྱོར་བ་གུས་པའི་སྒོ་ནས་སྦྱིན་པ་དེ་ལྟ་ཞིག་སྨོས་ཅི་དགོས། གསུམ་པ་ནི། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ་གལ་ཏེ་ངན་སེམས་བསྐྱེད་པར་བྱེད་ན་སེམས་སྐྱེད་པ་པོ་དེ་ངན་སེམས་སྐྱེད་པའི་སྐད་ཅིག་གྲངས་ཇི་ཙམ་ཡོད་པ་བཞིན་དུ། དེ་སྙེད་ཀྱི་བསྐལ་པར་ནི་དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ། བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བ་དང་བརྙས་པའི་སེམས་ཇི་ཙམ་པ་དེ་སྙེད་ཀྱི་བསྐལ་པར་སེམས་ཅན་དམྱལ་བར་གནས་པར་གོ་ཆ་བགོ་བར་བྱའོ། །ཞེས་གསུངས་སོ། །འོན་ཏེ་གང་ཞིག་དེ་ལ་ཡིད་རབ་ཏུ་དང་བར་བྱེད་ན་དེ་ཡི་འབྲས་བུ་ངན་སེམས་ཀྱི་དེ་བས་ལྷག་པར་འཕེལ་ཏེ། ངེས་པ་དང་མ་ངེས་པར་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་ཡོངས་སུ་བརྟག་པ་བཟུང་ནས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་འགྱུར་ལ། ཡོངས་སུ་བརྟག་པ་བཟུང་སྟེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་སེམས་ཅན་དེ་དག་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དེ་དག་གི་མིག་བསྐྱེད་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱིས་བལྟ་ན། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ། །ཞེས་གསུངས་སོ། །བཞི་པ་ནི། རྒྱལ་སྲས་རྣམས་ལ་དོ་གལ་ཏེ་གནོད་པ་དང་སྡུག་བསྔལ་ཆེན་པོས་ཀྱང་ཁྲོ་བ་ལ་སོགས་པ་སྡིག་པའི་སེམས་མི་འབྱུང་ཞིང་། རྐྱེན་དེའི་སྟོབས་ཀྱིས་སླར་ཡང་དགེ་བ་ངང་གིས་འཕེལ་བར་འགྱུར་ཏེ། ཕར་ཕྱིན་བསྡུས་པ་ལས། གནོད་པའི་རྣམ་པ་མི་བཟད་མང་པོས་ཀྱང་། །སྐྱེས་མཆོག་དེ་དག་ཡིད་ནི་འགྱུར་བ་མེད། །བཟོད་པའི་སྟོབས་ཀྱིས་ཤིན་ཏུ་བརྟན་པས་ན། །བྱང་ཆུབ་མཆོག་སྒྲུབ་མོས་པ་མང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །ལྔ་པ་ནི། དཀོན་མཆོག་བརྩེགས་པ་ལས། དཔེར་ན་ས་བདག་རྒྱལ་པོ་ཆེན་པོ་ལ། །མཚན་གྱིས་ལུས་སྤྲས་བུ་ཞིག་ཡོད་གྱུར་པ། །གཞོན་ནུ་དེ་ནི་བཙས་པ་མཐོང་མ་ཐག །གྲོང་ཁྱེར་མི་དང་རྒྱལ་ཕྲན་ཐམས་ཅད་འདུ། །དེ་བཞིན་བྱང་ཆུབ་སེམས་ནི་བསྐྱེད་མ་ཐག །མཚན་ལྡན་རྒྱལ་བའི་སྲས་པོ་དེ་ལ་ནི། །ལྷ་དང་བཅས་པའི་འཇིག་རྟེན་ཕྱག་འཚལ་ཞིང་། །དང་བའི་སེམས་ཀྱིས་ཤིན་ཏུ་གཅེས་པར་འཛིན། །ཅེས་གསུངས་པ་ལྟར། གང་ལ་སེམས་ཀྱི་དམ་པ་རིན་པོ་ཆེ་དེ་ཉིད་སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། གང་ལ་གནོད་པ་བྱས་ཀྱང་གནོད་བྱེད་བདེ་བ་དང་འབྲེལ་བར་མཛད་པའི་ཕྱིར་ན་སེམས་ཅན་ཀུན་གྱི་བདེ་བའི་འབྱུང་གནས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ལ་སྐྱབས་སུ་མཆིའོ། །འོ་ན་གལ་ཏེ་དེ་འདྲའི་ཞེས་སོགས་དང་འགལ་ལོ་ཞེ་ན། དེ་ནི་མི་འགལ་ཏེ། དེ་ནི་ངན་སེམས་དེའི་འབྲས་བུ་བསྟན་པ་ཡིན་ལ། འདིར་ནི་བྱང་སེམས་ཀྱིས་གནོད་བྱེད་འཕྲལ་དང་ཡུན་དུའང་རྗེས་སུ་འཛིན་པ་ལ་དགོངས་ཏེ། དཔེར་ན་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་ལྔ་འཕྲལ་དང་ཡུན་དུ་བདེ་བར་མཛད་པ་བཞིན་ནོ། །གང་གིས་སྒྲིབ་གཉིས་མུན་པ་ཀུན་སེལ་བའི། །བྱང་སེམས་འོད་སྟོང་ལྡན་འདི་མི་མཐོང་བར། །གཏི་མུག་མུན་པའི་ཁྲོད་དུ་རྟག་ཆད་ཀྱི། །མཐའ་གཉིས་ལྟ་བའི་བློ་མིག་ཨེ་མ་མཚར། །ལེའུ་དང་པོ་བཤད་ཟིན་ཏོ།། །།གཉིས་པ་ཕན་ཡོན་ཅན་གྱི་སེམས་དེ་ཡང་དག་པར་བླང་བ་ལ་གཉིས་ཏེ། སྤྱི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། སེམས་བསྐྱེད་གཏན་ལ་དབབ་པ་དང་། རྗེས་སུ་སྒྲུབ་པའོ། །དང་པོ་ལ་ངོ་བོ་དང་། དབྱེ་བ་གཉིས་ཀྱི། དང་པོ་ནི། སྤྱིར་ཆེན་པོ་རྣམས་ཀྱི་གསུང་རབ་ལ་ལེགས་པར་བརྟགས་ན་ཐེག་ཆེན་གྱི་ལམ་གྱིས་བསྡུས་པའི་སེམས་ཐམས་ཅད་སེམས་བསྐྱེད་ཡིན་པར་གསལ་ལ། འདིར་སྐབས་སུ་བབ་པའི་སེམས་བསྐྱེད་ཀྱི་ངོ་བོ་ནོ། །མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར་ཡིན་ནོ། །གཉིས་པ་ནི། སྤྱིར་སེམས་བསྐྱེད་ཙམ་ལ་ས་མཚམས་ཀྱི་སྒོ་ནས་ཕྱེ་ན། སོ་སོ་སྐྱེ་བོ་ལ་མོས་པས་སྤྱོད་པ་དང་། མ་དག་པའི་ས་བདུན་ལ་ལྷག་བསམ་དག་པ་དང་། དག་པའི་ས་གསུམ་ལ་རྣམ་པར་སྨིན་པ་དང་། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་བའི་སེམས་བསྐྱེད་དེ་བཞི་ཡིན་ཏེ། མདོ་སྡེའི་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། མོས་དང་ལྷག་བསམ་དག་པ་དང་། རྣམ་པར་སྨིན་པ་གཞན་དུ་འདོད། དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་སོ། །གྲོགས་སམ་དཔེའི་སྒོ་ནས་ཕྱེ་ན། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། ཡིད་བཞིན་ནོར་བུ་ཉི་མ་ཀླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་ལ། ཐོབ་ཚུལ་སྒོ་ནས་ཕྱེ་ན། བརྡའ་དང་ཆོས་ཉིད་ཀྱིས་ཐོབ་པ་གཉིས་སམ། དམིགས་ཡུལ་གྱི་སྒོ་ནས་དོན་དམ་ཀུན་རྫོབ་གཉིས་སམ། བསམ་སྦྱོར་གྱི་སྒོ་ནས་སྨོན་འཇུག་གཉིས་ལས། འདིར་སྐབས་སུ་བབ་པའི་དབྱེ་བ་ནི་ཐ་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། ལེན་ཚུལ་དང་། སྲུང་ཚུལ་དང་། བཅོས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། བླང་བའི་ཡུལ་དང་། ལེན་པའི་གང་ཟག་དང་། བླང་བའི་ཆོ་གའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། ལུང་ནོད་པ་དང་། སྡོམ་པ་བཟུང་བ་ཡང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་སྒོམ་པ་ལྷུར་བྱེད་པ་སྡོམ་པ་དང་ལྡན་པ་ལས་ནོད་དོ། །ཞེས་གསུངས་ཤིང་། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་དང་། འདིར་ཡང་། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །ཅེས་གསུངས་པ་ཡིན་ལ། དེ་ལྟ་བུ་མ་རྙེད་ན་རྟེན་གྱི་དྲུང་དུ་བླང་བར་བྱང་ས་ལས་གསུངས་ཤིང་། བསླབ་བཏུས་ལས། དགེ་བའི་བཤེས་གཉེན་མེད་ན། ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་བསྒོམས་ཏེ། བདག་གི་ཅི་ནུས་པ་དང་སྦྱར་ཞིང་སྡོམ་པ་བཟུང་ངོ། །ཞེས་གསུངས་པ་ལྟར་བྱའོ། །གཉིས་པ་ནི། ལམ་སྒྲོན་ལས། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་ཀྱང་། ཉན་ཐོས་ཀྱི་སོ་ཐར་ངེས་པར་རྟེན་དུ་དགོས་ན། དག་པའི་ཞིང་གི་བྱང་སེམས་ལ་དེའི་སྡོམ་པ་མེད་པར་འགྱུར་བ་དང་། ཤི་བ་ན་གཏོང་བར་འགྱུར་བ་ལ་སོགས་པ་ཉེས་པ་དུ་མ་རྣམ་བཤད་ལས་བྱུང་བ་རྣམས་བསམས་ན། ཇོ་བོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཤིན་ཏུ་མཁས་པས་རྣམ་པ་ཐམས་ཅད་དུ་སོ་ཐར་རྟེན་དུ་དགོས་པར་མི་བཞེད་ཀྱང་། སོ་ཐར་གྱི་སྡོམ་པ་སྣ་རེ་ཙམ་ཡང་བསྲུང་མི་ནུས་བཞིན་དུ་བྱང་སེམས་ཀྱི་སྡོམ་པ་དང་ལྡན་པར་ཁས་འཆེ་བ་དང་། བྱང་སེམས་ཀྱི་སྡོམ་པ་འདི་དོན་ཆུང་ལ་མོད་པ་ཡིན་སྙམ་དུ། ད་ལྟ་ཡང་སྐྱེ་བོ་མང་པོ་རྟོག་པ་འདི་ལྟ་བུ་རྣམས་དགག་པའི་ཕྱིར་སོ་ཐར་རྟེན་དུ་དགོས་པར་གསུངས་པ་ཡིན་སྙམ་སྟེ། ལམ་སྒྲོན་གྱི་རང་འགྲེལ་ལས་ཀྱང་། རྟེན་ཁྱད་པར་ཅན་བསྟན་པའི་ཕྱིར་ཡིན་གྱི་གཞན་ལ་ཡང་སྐྱེ་བར་བཤད་པས་སོ། །དེས་ན་སོ་ཐར་དང་ལྡན་ནམ་མི་ལྡན་ཡང་རུང་སྟེ། སྙིང་རྗེ་དང་དད་པ་དང་ལེན་འདོད་གསུམ་དང་ལྡན་པ་ལ་ངེས་པར་སྐྱེའོ། །གསུམ་པ་ནི། བྱང་ས་ལས། སྨོན་པའི་ཆོ་ག་མ་གསུང་ཤིང་། ཆོས་བཤེས་ལ་སོགས་པ་སྨོན་པ་ཆོ་ག་ལ་མི་ལྟོས་པར་བཞེད་ཅིང་། ཇོ་བོས་སྨོན་འཇུག་གི་ཆོ་ག་རིམ་གྱིས་མཛད་ལ། གཞུང་འདིར་བཤད་པ་འདི་རྣམ་བཤད་ལས་གང་ཟག་ཁྱད་པར་ཅན་གྱི་དབང་དུ་བྱས་ནས་སྨོན་འཇུག་དུས་གཅིག་ཏུ་ལེན་པའི་ཆོ་ག་ཡིན་པར་འཆད་ཅིང་། ནག་པོ་ཞབས་ནི་སྨོན་པ་ལ་སེམས་བསྐྱེད་དང་། འཇུག་པ་ལ་སྡོམ་པ་ཞེས་ཟེར་ཞིང་། གཞུང་འདིས་དེ་གཉིས་རིམ་གྱིས་དང་། དུས་གཅིག་ཏུ་ལེན་ཚུལ་གཉིས་ཀ་བསྟན་པར་བཞེད་དོ། །ཡང་ཤེར་འབྱུང་ལ་སོགས་པ་སྨོན་པ་ལ་སེམས་བསྐྱེད་དང་། འཇུག་པ་ལ་སྡོམ་པ་ཞེས་བཞེད་པ་ཤིན་ཏུ་མང་ཡང་འདི་ཅུང་ཟད་དཔྱད་ན། སྨོན་པ་ནི་ཆོ་གས་མ་བསྐྱེད་ཅིང་སྡོམ་པར་མི་འགྱུར་བ་ཡང་ཡོད་པ་བདེན་མོད་ཀྱི། ཆོ་ག་ལས་སྐྱེ་བ་མི་འགལ་ཞིང་དེ་ཉིད་ཀྱི་སྤང་བྱ་རྣམས་བྱང་ཆུབ་ཀྱི་བར་དུ་སྤོང་བའི་སེམས་དང་ལྡན་ན་དེ་སྡོམ་པར་འགྱུར་ཏེ། འདི་ཉིད་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་ཅེས་བརྗོད། །ཅེས་གསུངས་སོ། །འཇུག་པ་ནི་སྡོམ་པས་བསྡུས་པ་ཁོ་ན་ཡིན་ལ། དེ་གཉིས་རིམ་གྱིས་སམ་ཅིག་ཅར་ལེན་པ་ཡང་རུང་སྟེ། ཚུལ་གཉིས་ཀ་བྱུང་ཞིང་གནོད་བྱེད་མེད་པས་སོ། །སྤྱིར་ཆོ་གའི་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་འདིར་སྦྱོར་དངོས་རྗེས་གསུམ་གཞུང་དུ་འཆད་པ་ལྟར་ཡིན་ནོ། །གཉིས་པ་སྲུང་ཚུལ་ནི། བྱང་སེམས་ཀྱི་སྤང་བྱ་རྣམས་སྤོང་ཞིང་བསླབ་བྱ་རྣམས་ལ་སློབ་པ་ཡིན་ལ། སྤང་བྱ་ཡང་བྱང་ས་ལས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་དང་། ཉེས་བྱས་བཞི་བཅུ་རྩ་ལྔ་གསུངས་ལ། འདིར་ནི་ནམ་མཁའི་སྙིང་པོའི་མདོ་ལས་བཅོ་བརྒྱད་གསུངས་པ་བསླབ་བཏུས་སུ་ཚིགས་བཅད་དུ་བསྡུས་པ། དཀོན་མཆོག་གསུམ་གྱི་འཕྲོག་རྐུ་བ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་པའི་དགེ་སློང་ལའང་། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང་། །བཙོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །སྲོག་དང་འབྲལ་བྱེད་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང་། ལོག་པར་ལྟ་བ་འཛིན་པ་དང་། །ཞེས་རྒྱལ་པོ་ལ་འབྱུང་བ་ལྔ་དང་། དེ་ཉིད་ཀྱི་དང་པོ་བཞི་དང་། གྲོང་ལ་སོགས་པ་འཇིག་པ་ཡང་། །རྩ་བའི་ལྟུང་བར་ཐུབ་པས་གསུངས། །ཞེས་པ་དང་ལྔ་ནི་བློན་པོ་ལ་འབྱུང་བ་ལྔའོ། །བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་རྣམས། །རྫོགས་པའི་བྱང་ཆུབ་བཟློག་པ་དང་། །སོ་སོར་ཐར་པ་ཡོངས་སྤངས་ནས། །ཐེག་པ་ཆེ་ལ་སྦྱོར་བ་དང་། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་གཅོད་འཇུག་དང་། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་། །སྦྱིན་པ་ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་དང་། །འདི་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་པ་ལྟར་རྒྱལ་པོ་དང་བློན་པོ་ལ་འབྱུང་བ་བཅུ་དང་། ལས་དང་པོ་ལ་འབྱུང་བ་བརྒྱད་དང་། སྨོན་པའི་སེམས་བཏང་བ་དང་བཅུ་དགུར་བཞེད་དོ། །དགོངས་རྒྱན་དུ་བཅོ་བརྒྱད་པོ་འདི་བྱང་སར་བཤད་པའི་བཞི་པོར་བསྡུས་སོ། །མདོར་ན་སྤྱིར་བསླབ་བྱ་འདི་ལ་སྤང་བྱ་སྤོང་བ་སྡོམ་པ་དང་། ཕར་ཕྱིན་དྲུག་སྒྲུབ་པ་དགེ་བའི་ཆོས་སྡུད་དང་། སེམས་ཅན་ལ་ཕན་པ་འབའ་ཞིག་སྒྲུབ་པ་སེམས་ཅན་དོན་བྱེད་དེ་ཚུལ་ཁྲིམས་གསུམ་མོ། །མདོར་ན་བྱང་ཆུབ་སེམས་དཔའི་བསླབ་པ་ནི་བདག་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་ཕན་པ་སྒྲུབ་པ་ཡིན་ལ། སྒྲུབ་ཚུལ་ཡང་སྡོམ་པ་ཉི་ཤུ་པ་ལས། གཞན་རྣམས་དང་ནི་བདག་ལའང་རུང་། སྡུག་བསྔལ་ཡིན་ཡང་གང་ཕན་པ། ཕན་དང་བདེ་བ་རྣམས་བྱ་སྟེ། བདེ་ཡང་མི་ཕན་མི་བྱའོ། །ཞེས་པ་ལྟར་རོ། །དེ་ཡང་བསམ་སྦྱོར་གཉིས་ཀ་དགེ་བ་ནི་ལྟུང་མེད་འབའ་ཞིག་དང་། ལྡོག་པ་ནི་ལྟུང་བ་འབའ་ཞིག་ཡིན་ལ། བསམ་པ་དགེ་ན་སྦྱོར་བ་མི་དགེ་བ་ལྟར་སྣང་ཡང་ལྟུང་བའི་གཟུགས་བརྙན་དང་། ལྡོག་པ་ནི་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །གསུམ་པ་ནི། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་གསུངས་ཤིང་། བསླབ་བཏུས་ལས། རྨི་ལམ་འཕགས་པ་མཁའ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་གསུངས་ཤིང་། འདི་ཉིད་དུ། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་གསུངས་སོ།། །།གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་།རྗེས་སོ། །དང་པོ་ལ་གཉིས་ཏེ། རྒྱུད་དག་པ་བྱ་བ་དང་། གཞན་དོན་ལ་བློ་སྦྱང་བའོ། །དང་པོ་ལ་བརྒྱད། མཆོད་པ་དང་། ཕྱག་འཚལ་བ་དང་། སྐྱབས་འགྲོ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། བསོད་ནམས་བསྔོ་བའོ། །དང་པོ་ལ་སྦྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། དང་པོ་ནི། དགོས་ཆེད། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར་དུ་ཡུལ་དེ་བཞིན་གཤེགས་པ་རྣམས་དང་། དམ་པའི་ཆོས་དངོས་པོ་དང་དངོས་པོ་མེད་པར་རྟོག་པའི་དྲི་མ་མེད་པ་རྣམས་དང་། སངས་རྒྱས་ཀྱི་སྲས་ཡོན་ཏན་རྒྱ་མཚོ་མཐའ་ཡས་པ་མངའ་བའི་བྱང་སེམས་འཕགས་པ་རྣམས་ཏེ། དཀོན་མ ཆོག་གསུམ་པོ་ལ། ཚུལ་ནི་ལེགས་པར་ཏེ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་དང་། སེམས་ཅན་གྱི་ཆེད་དུ་དང་། ཡིད་དུ་འོང་བའི་དངོས་པོས་དང་། འཁོར་གསུམ་ཡོངས་སུ་དག་པས་དང་། མི་མཐུན་ཕྱོགས་ཀྱི་དྲི་མ་མེད་པས་དང་། བྱང་ཆུབ་ཆེན་པོར་བསྔོས་པས་ཏེ་དྲུག་གི་སྒོ་ནས་མཆོད་ཅེས་རྣམ་བཤད་ལས་སོ། །གཉིས་པ་ལ་དྲུག་སྟེ། བདག་པོས་ཡོངས་སུ་མ་བཟུང་བ་དང་། ལུས་དང་། བློས་སྤྲུལ་པ་དང་། མཆོད་པ་གནས་པར་སྨོན་པ་དང་། བླ་ན་མེད་པ་དང་། བསྟོད་པའི་མཆོད་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་། དེ་དག་འབུལ་བའི་རྒྱུ་མཚན་ནོ། །དང་པོ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག་དང་། རིན་པོ་ཆེ་ལ་སོགས་པ་གཞན་གྱིས་ཡོངས་སུ་མ་བཟུང་བ་རྣམས་ཀྱང་འབུལ་བར་བྱའོ། །ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་ཁམས་ན་མེ་ཏོག་དང་འབྲས་བུ་ཇི་སྙེད་ཡོད་པ་དང་། སྨན་གྱི་རྣམ་པ་སྟེ་རིགས་གང་དག་ཡོད་པ་དང་། རིན་ཆེན་གྱི་བྱེ་བྲག་ཇི་སྙེད་ཡོད་པ་དང་། ཆུ་གཙང་ཡིད་དུ་འོང་བ་སྟེ། བསིལ་དང་ཞིམ་དང་ཡང་དང་འཇམ། །དང་བའི་ཆུ་ནི་དྲི་མ་མེད། །འཐུངས་ན་ལྟོ་ལ་མི་གནོད་ཅིང་། །མགྲིན་པ་ལ་ནི་མི་གནོད་པ། །ཞེས་པས་ཡན་ལག་བརྒྱད་ལྡན་ཅི་ཡོད་དང་། རིན་ཆེན་གསེར་ལ་སོགས་པའི་རི་བོ་དང་ནི། དེ་བཞིན་དུ་ནགས་ཚལ་ས་ཕྱོགས་འདུ་འཛིས་དབེན་ཞིང་ཉམས་དགའ་བ་དང་། ལྗོན་ཤིང་རང་གི་མེ་ཏོག་གི་རྒྱན་གྱིས་སྤྲས་ཤིང་སྤུད་པ་སྟེ་མཛེས་པ་དང་། ཤིང་གང་འབྲས་བུ་བཟང་པོའི་ལྕིད་ཀྱིས་ཡལ་ག་དུད་པ་དང་། ལྷ་ལ་སོགས་པའི་འཇིག་རྟེན་ན་ཡང་སྦྱར་བྱུང་ལ་སོགས་པའི་དྲི་དང་ནི་ཨ་ཀ་རུ་ལ་སོགས་པའི་སྤོས་དང་། འདོད་རྒུར་འབྱུང་བའི་དཔག་བསམ་གྱི་ཤིང་དང་། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཤིང་དང་། མ་རྨོས་ཤིང་མ་བཏབ་པར་འཁྲུངས་པའི་ལོ་ཏོག་གི་རྣམ་པ་དང་། དེ་དག་ལས་གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི་མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག་ལ་ངང་པ་སྐད་སྙན་ཤིན་ཏུ་ཡིད་དུ་འོང་བ་སྒྲོགས་པ་དང་ལྡན་པ་ལ་སོགས་པ་ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ་སྟེ་ཚད་མེད་པ། དག་པའི་ཞིང་དང་སྒྲ་མི་སྙན་ལ་སོགས་པ་ན་ཡོད་པའི་རྫས་བདག་པོས་ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན་བདག་གིས་བློ་ཡིས་བླངས་ནས་མཆོད་ཡུལ་ཐུབ་པ་སྐྱེས་བུ་རྣམས་ཀྱི་མཆོག་སྲས་དང་བཅས་པ་རྣམས་ལ་ལེགས་པར་འབུལ་ན། ཡོན་ཕུལ་ན་འབྲས་བུ་ཆེན་པོ་འབྱུང་བའི་ཡོན་གནས་ཀྱི་དམ་པ་སེམས་ཅན་གྱི་དོན་མཛད་པར་བཞེད་པ་ཐུགས་རྗེ་ཆེན་པོ་ཅན་རྣམས་ཀྱིས་བདག་ལ་བརྩེ་བར་དགོངས་ཏེ་བདག་གི་མཆོད་རྫས་འདི་དག་བཞེས་ཤིག །གཉིས་པ་ནི། བདག་ཉིད་ཀྱི་རྫས་མི་འབུལ་བར་དེ་དག་འབུལ་བའི་རྒྱུ་མཚན་ཅི་ཞེ་ན། བདག་ནི་སྔོན་བསོད་ནམས་བྱས་པ་དང་མི་ལྡན་པས་བཀྲེན་ཆེན་ཏེ། དེས་ན་མཆོད་པའི་ནོར་དེ་དག་ལས་གཞན་པ་བདག་ལ་ཅང་མ་མཆིས་ལ། ཁྱེད་ལ་མཆོད་པར་འདོད་པ་དེས་ན་གཞན་དོན་འབའ་ཞིག་མཛད་པར་དགོངས་པའི་མགོན་པོ་རྣམས་ཀྱིས། མཆོད་རྫས་འདི་རྣམས་མཆོད་པ་པོ་བདག་གི་དོན་གྱི་སླད་དུ་ཉིད་ཀྱི་མཐུས་བཞེས་ཤིག །གཉིས་པ་ནི། བདུད་བཞི་ལས་རྒྱལ་བས་ན་རྒྱལ་བ་སྟེ་སངས་རྒྱས་དང་། དེའི་སྲས་རྣམས་ལ་བདག་གིས་ནི་བདག་རང་གི་ལུས་ཀུན་དུས་གཏན་དུ་འབུལ་བར་བགྱི་ཡི། ཀྱེ་སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་སུ་བཞེས་ཏེ་བདག་གིར་མཛོད་ཅིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་སྟེ་བཀའ་བཞིན་བསྒྲུབ་པར་བགྱིའོ། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན་ཆེན་པོ་ལ་བསྟེན་པའི་ཕྱིར་སྲིད་པ་ན་སྡུག་བསྔལ་གྱིས་མི་འཇིགས་ཤིང་སེམས་ཅན་ལ་ཕན་པ་བགྱི་ནུས་པར་བགྱིད་དོ། །དེ་ལྟ་ན་བདག་ཉིད་སྡིག་པ་དང་ལྡན་ན་དེ་མི་ནུས་པས་སྔོན་གྱི་སྡིག་ལས་ཡང་དག་པར་འདའ་སྟེ་བཤགས་པར་བགྱིད་ཅིང་སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །གསུམ་པ་ནི། ཁྲུས་དང་བྱི་དོར་ན་བཟའ་རྒྱན། །དྲི་དང་མེ་ཏོག་སྤོས་དང་བཤོས། །སྒྲོན་མེ་ས་གཞི་ཁང་པ་གདུགས། །བློས་སྤྲུལ་མཆོད་པ་བཅུ་གཉིས་སོ། །ཞེས་པ་རིམ་པ་ལྟར་བསྟན་པའི་དང་པོ་ནི། ཁྲུས་ཀྱི་ཁང་པ་ཙནྡན་ལ་སོགས་པས་བསྒོས་པས་ཤིན་ཏུ་དྲི་ཞིམ་པ་ཤེལ་གྱི་ས་གཞི་ཁ་དོག་གསལ་ཞིང་དྭངས་ལ་འོད་འཚེར་བ་བསྟར་ཏེ་བྱི་དོར་ལེགས་པར་བྱས་ཤིང་། རིན་ཆེན་སྣ་ཚོགས་འོད་འབར་བ་དང་ལྡན་པའི་ཀ་བ་ཡིད་དུ་འོང་བ་དང་ལྡན་པ་མུ་ཏིག་འོད་ཆགས་བླ་བྲེ་སྟེང་དུ་བྲེས་པ་དེར། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ་རིན་ཆེན་གསེར་ལ་སོགས་པའི་བུམ་པ་མང་པོ་སྤོས་དྲི་ཞིམ་པོ་དང་སྦྱར་བའི་ཆུ་ཡིད་དུ་འོང་བ་མེ་ཏོག་དང་བཅས་པས་ལེགས་པར་བཀང་བ་གླུ་དང་ནི་རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ་བར་བགྱིའོ། །གཉིས་པ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས་འཇམ་པོ་གཙང་ལ་དྲི་ཞིམ་པོས་རབ་ཏུ་བསྒོས་པས་སྐུ་ཕྱིའོ། །གསུམ་པ་ནི། བྱི་དོར་བྱས་པའི་རྗེས་དེ་ནས་དེ་དག་ལ་ཁ་དོག་ངུར་སྨྲིག་ལ་སོགས་པ་རབ་ཏུ་བྱུང་བ་ལ་རུང་བ་ལེགས་པར་བསྒྱུར་བའི་ན་བཟའ་ཤིན་ཏུ་དྲི་ཞིམ་པ་དམ་པ་རྣམས་རབ་ཏུ་བྱུང་བའི་ཆ་བྱད་ཅན་རྣམས་ལ་འབུལ་ཞིང་། ཁྱིམ་པའི་ཆ་བྱད་ཅན་རྣམས་ལ་གོས་བཟང་པོ་སྲབ་ལ་འཇམ་པ་ཁ་དོག་སྣ་ཚོགས་ཅན་རྣམས་འབུལ་བར་བགྱིའོ། །བཞི་པ་ནི། ཅོད་པན་ལ་སོགས་པའི་རྒྱན་མཆོག་ཕུལ་དུ་ཕྱིན་པ་བརྒྱ་ཕྲག་དེ་དང་དེ་དག་གིས་བདེན་པ་མངོན་སུམ་དུ་གཟིགས་པས་ན་འཕགས་པ་སྟེ་དེའི་ཁྱད་པར་ཀུན་ཏུ་བཟང་པོ་དང་འཇམ་དབྱངས་དང་འཇིག་རྟེན་དབང་ཕྱུག་དང་ཕྱག་ན་རྡོ་རྗེ་དང་བྱམས་པ་ལ་སོགས་གདུལ་བྱའི་དབང་གིས་ཁྱིམ་པའི་རྟགས་འཛིན་པ་རྣམས་ལ་བརྒྱན་པར་བགྱིའོ། །ལྔ་པ་ནི། མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཞེས་བྱ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་པས་སྟོང་གསུམ་ལ་སོགས་པའི་ཞིང་ཁམས་མཐའ་ཡས་པ་ཀུན་ན་དྲི་ངད་ལྡང་བ་སྟེ་རྟག་ཏུ་དྲིས་ཁྱབ་པར་བྱེད་པའི་དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ་གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་འདྲ་བ་འོད་ཆགས་འབར་བ་དེ་དག་བྱུག་པར་བགྱིའོ། །དྲུག་པ་ནི། ཐུབ་དབང་མཆོད་གནས་མཆོག་ཏུ་གྱུར་པ་རྣམས་ལ་གཟུགས་ལ་སོགས་པ་ཡིད་དུ་འོང་བའི་ལྷའི་མེ་ཏོག་མནྡཱ་ར་བ་དང་པདྨ་དང་ཨཏྤ་ལ་ལ་སོགས་པ་དྲི་ཞིམ་པོ་ཅན་ཐམས་ཅད་དང་། དེ་དག་དང་རིན་པོ་ཆེ་ལ་སོགས་པའི་ཕྲེང་བ་ཁ་དོག་སྣ་ཚོགས་ལེགས་པར་སྤེལ་ཞིང་ཡིད་དུ་འོང་བ་རྣམས་ཀྱིས་ཀྱང་མཆོད་དོ། །བདུན་པ་ནི། སྤོས་ཀྱི་མཆོག་ཡིད་འཕྲོག་པའི་དྲི་ངད་ཀྱིས་ཕྱོགས་མང་པོར་ཁྱབ་པར་བྱེད་པའི་བདུག་པའི་སྤྲིན་ཏེ་ནམ་མཁའ་ལ་འཁྲིགས་པའམ་ཁྱབ་པར་བྱེད་པའི་ཚོགས་རྣམས་ཀྱང་དེ་དག་ལ་དབུལ་ལོ། །བརྒྱད་པ་ནི། ཞལ་ཟས་ཀྱི་ཁྱད་པར་ཀ་ར་དཀར་པོ་དང་། རྒྱ་སྟར་གྱི་ཁུ་བ་ལ་སོགས་པ་བཟའ་བཏུང་སྣ་ཚོགས་བཅས་པ་ཡི་ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱིའོ། །དགུ་པ་ནི། གསེར་གྱི་པདྨ་ཚར་དུ་དངར་བ་སྟེ་བསྒྲིགས་པའི་ནང་དུ་འོད་འཕྲོ་བའི་རིན་པོ་ཆེ་སྣ་ཚོགས་བཞག་པའི་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱིའོ། །བཅུ་པ་ནི། ས་གཞི་བསྟར་བ་སྤོས་ཀྱི་ཆུས་བྱུགས་པ་དེར་མེ་ཏོག་ཡིད་འོང་སིལ་མ་དགྲམ་ཞིང་དེ་དབུལ་བར་བགྱིའོ། །བཅུ་གཅིག་པ་ནི། མཛེས་པ་ལ་སོགས་པའི་ཡོན་ཏན་གཞལ་དུ་མེད་པ་དང་ལྡན་པའི་ཕོ་བྲང་ལྷའི་བུ་མོས་བླངས་པའི་བསྟོད་དབྱངས་ཡིད་དུ་འོང་བ་དང་ལྡན་ཞིང་། མུ་ཏིག་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆུན་པོའི་རྒྱན་འཕྱང་བས་མཛེས་ཤིང་རྒྱལ་མཚན་ལ་སོགས་པ་འོད་འཕྲོ་ཞིང་འབར་བ་དང་ལྡན་པ་དཔག་ཡས་ཏེ་མཐའ་ཡས་པའི་ནམ་མཁའི་ཁམས་འོད་ཀྱིས་ཁྱབ་པར་བྱེད་པའི་ཕྱིར་ནམ་མཁའི་རྒྱན་དུ་གྱུར་པ་དེ་དག་ཀྱང་ཐུགས་རྗེ་བདག་ཉིད་ཅན་རྣམས་ལ་དབུལ་བར་བགྱིའོ། །བཅུ་གཉིས་པ་ནི། རིན་པོ་ཆེ་ལས་གྲུབ་པའི་གདུགས་མཛེས་ཤིང་ཡིད་དུ་འོང་བ་གསེར་གྱི་ཡུ་བ་ཅན་ཁོར་ཡུག་ཏུ་མུ་ཏིག་ལ་སོགས་པའི་རྒྱན་གྱི་རྣམ་པ་ཡིད་དུ་འོང་བས་བརྒྱན་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་གྱེན་དུ་སྒྲེང་བ་ཡང་རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱིའོ། །བཞི་པ་ནི། སྔར་གྱི་དེ་དག་ལས་གཞན་ཡང་དེ་དག་ལས་ཁྱད་པར་དུ་འཕགས་པའི་མཆོད་པའི་ཚོགས་རོལ་མོ་དང་དབྱངས་སྙན་པ་ཡིད་དུ་འོང་བ་དང་ལྡན་པ། ནུས་པའི་ཁྱད་པར་སེམས་ཅན་གྱི་སྡུག་བསྔལ་སིམ་པ་སྟེ་ཞི་ནས་བདེ་བར་བྱེད་པའི་སྤྲིན་རྣམས་སོ་སོར་ཇི་ལྟར་འོས་པར་གནས་པར་གྱུར་ཅིག །ལུང་དང་རྟོགས་པའི་དམ་པའི་ཆོས་དཀོན་མཆོག་དེའི་རྟེན་གླེགས་བམ་ལ་སོགས་པ་དང་བཅས་པ་ཐམས་ཅད་དང་མཆོད་རྟེན་རྣམས་དང་སངས་རྒྱས་ལ་སོགས་པའི་སྐུ་གཟུགས་རྣམས་ལ་རིན་ཆེན་མེ་ཏོག་ལ་སོགས་པའི་ཆར་རྒྱུན་མི་འཆད་པ་འབབ་པར་ཤོག །ལྔ་པ་ནི། ཇི་ལྟར་འཇམ་དབྱངས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཆོད་པར་མཛད་པའི་ཚུལ། དཀོན་མཆོག་ཏ་ལ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཅེས་གསུངས་པ་ལྟར། དེ་བཞིན་དུ་བདག་གིས་ཀྱང་དེ་བཞིན་གཤེགས་པ་མགོན་པོ་སྲས་དང་བཅས་པ་རྣམས་མཆོད་པར་མོས་པའོ། །དྲུག་པ་ནི། ཡོན་ཏན་རྒྱ་མཚོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གིས་བསྟོད་དབྱངས་ཀྱི་ཡན་ལག་རྒྱ་མཚོ་སྟེ་མཐའ་མེད་པ་རྣམས་ཀྱིས་བསྟོད་དོ། །བསྟོད་དབྱངས་སྙན་པའི་སྤྲིན་དེ་རྣམས་ཡོན་ཏན་རྒྱ་མཚོ་དེ་དག་ལ་སྟེ་དྲུང་དུ་ངེས་པར་ཀུན་ཏུ་འབྱུང་བར་གྱུར་ཅིག །གཉིས་པ་ནི། འདས་མ་འོངས་ད་ལྟར་གྱི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀུན་དང་ཆོས་དང་ཚོགས་ཀྱི་མཆོག་དགེ་འདུན་དང་བཅས་པ་རྣམས་ལ་ཞིང་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀུན་གྱི་གྲངས་སྙེད་ཀྱི་ལུས་བཏུད་ནས་བདག་ཕྱག་འཚལ་ལོ། །གང་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་འབྱུང་བའི་གཞི་སངས་རྒྱས་ཀྱི་སྐུ་གཟུགས་དང་། བྱང་སེམས་ཀྱི་སྡེ་སྣོད་ལ་སོགས་པ་དང་། གང་དུ་དེ་བསྐྱེད་པའམ་བསྒོམ་པའམ་བསྟན་པའི་གཞི་རྣམས་དང་མཆོད་རྟེན་རྣམས་ལའང་བདག་ཕྱག་འཚལ། ཆོས་ནོད་པའི་མཁན་པོ་དེ་བཞིན་སློབ་དཔོན་དང་ཐར་པའི་དོན་དུ་འབད་པའི་བརྟུལ་ཞུགས་མཆོག་ཅན་རྣམས་ལའང་ཕྱག་འཚལ་ལོ། །གསུམ་པ་ལ་གཉིས་ལས། སྤྱི་དོན་ལ་གཉིས་ཏེ། གཏན་ལ་དབབ་པ་དང་། རྗེས་སུ་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། ངོ་བོ་དང་། དབྱེ་བ་དང་། སོ་སོའི་རང་བཞིན་ནོ། །དང་པོ་ནི། འཇིག་པ་སྤང་བའི་དོན་དུ་སྐྱབས་གནས་ལ་བསྟེན་པའོ། །གཉིས་པ་ནི། འཇིག་རྟེན་པ་དང་དེ་ལས་འདས་པ་གཉིས་སམ། འདས་པ་ལའང་ཐེག་པ་ཆེ་ཆུང་གི་སྐྱབས་འགྲོ་གཉིས་སོ། །གསུམ་པ་ནི། འཇིག་རྟེན་པའི་སྐྱབས་འགྲོ་ནི་འཇིགས་པ་འགའ་ཞིག་ལས་ཐར་བར་འདོད་ནས་འཇིག་རྟེན་པའི་ལྷ་ལ་སོགས་ལ་སྐྱབས་སུ་འགྲོ་བ་དེ་ནི་སྐྱབས་འགྲོ་མཆོག་མ་ཡིན་ཏེ། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་ས་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་ར་བ་ལྗོན་ཤིང་དང་། །མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་དག་ལ་རྟེན་ནས་ནི། །སྡུག་བསྔལ་ཆེ་ལས་རབ་མི་ཐར། །ཞེས་གསུངས་སོ། །འདས་པའི་སྐྱབས་འགྲོ་ལ། རང་ཉིད་ནི་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་དུས་ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ལ། ཐེག་ཆེན་གྱི་སྐྱབས་འགྲོ་ནི། སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་དུ་བདག་ཉིད་སངས་རྒྱས་ཐོབ་པར་འདོད་པས། དུས་བྱང་ཆུབ་སྙིང་པོའི་བར་དུ་ཐེག་ཆེན་གྱི་ལུགས་ཀྱི་སྐྱབས་གནས་གསུམ་ལ་སྐྱབས་སུ་འགྲོ་བའོ། །གཉིས་པ་ནི། དང་པོར་སློབ་དཔོན་ལས་སྐྱབས་སུ་འགྲོ་བའི་སྡོམ་པ་བླངས་ནས། མདོ་ལས། སངས་རྒྱས་ལ་ནི་སྐྱབས་གསོལ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་རྣམས་གཞན་དག་ལ། །སྐྱབས་གསོལ་བར་ནི་མི་འགྱུར་རོ། །དམ་པའི་ཆོས་ལ་སྐྱབས་གསོལ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ནི་སྐྱབས་གསོལ་བ། །མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར། །ཞེས་གསུངས་པ་ལ་སོགས་པའི་ཚུལ་ལྟར་དཀོན་མཆོག་གསུམ་ལ་གནས་སྐབས་ཐམས་ཅད་དུ་བློ་གཏད་ཅིང་། དེ་དག་ལ་གུས་པས་མཆོད་པ་ལ་བརྩོན་པ་དང་། སེམས་ཅན་སུ་ལའང་གནོད་པར་མི་བྱ་བ་དང་། སྡིག་པའི་གྲོགས་པོ་དང་མི་འགྲོགས་པ་ལ་སོགས་པའི་སྒོ་ནས་སྐྱབས་འགྲོའི་བསླབ་པ་མི་ཉམས་པར་བྱ་ཞིང་། གལ་ཏེ་ཉམས་ན་སླར་བླང་བ་ལ་སོགས་པའི་སྒོ་ནས་ཉེས་པ་སྤོང་ཞིང་ཡོན་ཏན་འཕེལ་བར་བྱེད་པའོ། །གཉིས་པ་གཞུང་གི་དོན་ནི། དུས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ། ཡུལ་སངས་རྒྱས་རྣམས་དང་དེ་བཞིན་དུ་ཆོས་དང་བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་ངོ། །ཚུལ་ནི་སྐྱབས་སུ་མཆི་སྟེ་བདག་ཁྱེད་ལ་བསྟེན་པས་སྐྱོབས་ཤིག་པའོ། །བཞི་པ་སྡིག་པ་བཤགས་པ་ལ། སྤྱི་དོན་དང་། གཞུང་དོན་གཉིས་ཀྱི། དང་པོ་ལ་གསུམ་སྟེ། སྦྱང་བྱ་སྡིག་པའི་སྒོ་དྲུག །སྦྱོང་བྱེད་གཉེན་པོ་སྟོབས་བཞི། སྦྱོང་ཚུལ་སྦྱོར་དངོས་རྗེས་གསུམ་མོ། །དང་པོ་ནི། དུས་དང་། རྒྱུ་དང་། སྒོ་དང་། སྦྱོར་བ་དང་། ཡུལ་དང་། རྣམ་པའི་དབྱེ་བ་རྣམས་སོ། །གཉིས་པ་ནི། སུན་འབྱིན་པ་དང་། རྟེན་དང་། གཉེན་པོ་དང་། ཉེས་པ་ལས་ལྡོག་པ་རྣམས་ཏེ། དང་པོ་ནི། ཉེས་དམིགས་མཐོང་ནས་འགྱོད་པ་སྟེ། དུག་འཐུངས་པས་དེའི་འབྲས་བུ་མཐོང་བ་བཞིན་ནོ། །གཉིས་པ་ནི། དེ་ལས་སྐྱོབ་ནུས་བསྟེན་པ་སྟེ། སྨན་པ་ལ་བསྟེན་པ་བཞིན་ནོ། །གསུམ་པ་ནི། དགེ་བ་སྤྱོད་པ་སྟེ། སྨན་ཟ་བ་བཞིན་ནོ། །བཞི་པ་ནི། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་སྤྱོད་པ་སྟེ་ཕྱིས་དུག་མི་ཟ་བ་བཞིན་ནོ། །དེ་དག་ཚང་དགོས་ཤིང་ཚང་ན་ངེས་པར་འདག་པས་དེ་དག་ཏུ་གྲངས་ངེས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན་སྡིག་པའི་ལས་བྱས་ཤིང་བསགས་པ་ཐམས་ཅད་དག་པར་འགྱུར་ཏེ། བཞི་གང་ཞེ་ན། རྣམ་པར་སུན་འབྱིན་པ་དང་། བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་དང་། གཉེན་པོ་སྒོམ་པ་དང་། ཉེས་པ་ཟློག་པའོ། །ཞེས་གསུངས་སོ། །གསུམ་པ་ནི། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་གཞི་སྟོབས་བཞི་དང་ལྡན་པའི་སྒོ་ནས་བཤགས་ཚིག་བརྗོད་ཅིང་དག་པར་སྒོམ་པ་དང་། རྗེས་བཤགས་ཡུལ་གྱི་བྱིན་རླབས་ཀྱིས་སྡིག་པ་ཐམས་ཅད་དག་པར་བསྒོམ་ཞིང་། བསྔོ་བ་ལ་སོགས་པ་བྱ་སྟེ་བླ་མ་རྣམས་ཀྱི་མན་ངག་གོ། །གཉིས་པ་གཞུང་དོན་ལ་བཞི་སྟེ། རྣམ་པར་སུན་འབྱིན་པ་དང་། རྟེན་དང་། གཉེན་པོ་དང་། ཉེས་པ་ལས་སླར་ལྡོག་པའི་སྟོབས་སོ། །དང་པོ་ལ་གཉིས་ཏེ། སྡིག་པ་བཤགས་ཚུལ་སྤྱིར་བསྟན་པ་དང་། ཡུལ་མཆོག་ལ་རྟེན་པའི་སྡིག་པ་ཁྱད་པར་དུ་བཤགས་ཚུལ་ལོ། །དང་པོ་ནི། བཤགས་ཡུལ་ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི་རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་ལ་སྟེ། དེ་དག་གི་སྤྱན་སྔར་ལུས་ཀྱིས་ཐལ་མོ་སྦྱར་ཏེ་ངག་ཏུ་གསོལ་བ་ནི། དུས་ཐོག་མ་མེད་ལྡན་འཁོར་བ་ནས་ཚེ་རབས་འདིའམ་སྔོན་གྱི་ཚེ་རབས་གཞན་དག་ཏུ་བདག་གིས་སྡིག་པའི་ཉེས་དམིགས་ལ་སོགས་པ་མ་འཚལ་ཏེ་མ་ཤེས་ནས་རང་གིས་སྡིག་པ་བགྱིས་པའམ་གཞན་ལ་བགྱིད་དུ་སྩལ་བ་ཉིད་དང་ནི། གཏི་མུག་འཁྲུལ་པས་བདག་ནོན་ཏེ་གཞན་སྡིག་པ་བྱེད་པ་ལ་རྗེས་སུ་ཡི་རང་བ་སྟེ་དགའ་བ་གང་བགྱིས་པའི་ནོངས་པ་སྟེ་ཉེས་པ་དེ་ནི་མཐོང་བགྱིས་ནས་བསམ་པ་ཐག་པས་མགོན་པོ་རྣམས་ལ་བཤགས་ཏེ་མི་འཆབ་བོ། །གཉིས་པ་ནི། བྱེད་པ་པོ་བདག་གིས་ཡུལ་དཀོན་མཆོག་གསུམ་དང་ཕ་མའམ་བླ་མ་སྟེ་མཁན་པོ་དང་སློབ་དཔོན་དང་གཞན་གང་ཡང་རུང་བ་དག་ལ། བསམ་པ་ཉོན་མོངས་ཅན་གྱི་སྒོ་ནས་ལུས་དང་ངག་དང་ཡིད་ཀྱིས་ནོངས་པའམ་གནོད་པ་བགྱིས་པ་གང་ལགས་པ་དང་། མདོར་ན་ཆགས་སོགས་ཀྱི་ཉེས་པ་དུ་མའི་སྐྱོན་ཆགས་པའི་སྡིག་ལྡན་བདག་གིས་སྡིག་པ་གང་ཤིན་ཏུ་མི་བཟད་བགྱིས་པ་དེ་ཐམས་ཅད་འདྲེན་པ་རྣམས་ལ་འཆགས་སོ། །གཉིས་པ་ལ་གསུམ་སྟེ། གང་གིས་སྐྱབས་སུ་འགྲོ་བའི་རྒྱུ་མཚན། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཇི་ལྟར་སྐྱབས་སུ་སོང་བའི་དོན་ནོ། །དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཅིའི་ཕྱིར་འབད་ནས་བཤགས་པར་བྱེད་ཅེ་ན། གལ་ཏེ་བདག་ནི་སྡིག་པ་མ་བྱང་བར་སྔོན་དུ་འགུམ་པར་འགྱུར་དུ་མཆི་ལ། དེ་ལྟར་ན་ངན་འགྲོར་འགྲོ་བས་ཇི་ལྟར་སྡིག་པ་འདི་ལས་ངེས་པར་ཐར་བར་འགྱུར་བར་མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། མྱུར་དུ་འཆི་བ་ལ་བསམས་ནས་སྐྱབས་འགྲོའི་བློ་བསྐྱེད་པ་དང་། འཆི་བའི་འཇིགས་པ་ཆེན་པོ་ལ་བསམས་ནས་སྐྱབས་འགྲོའི་བློ་བསྐྱེད་པའོ། །དང་པོ་ལ་བསྟན་བཤད་བསྡུ་གསུམ་གྱི། དང་པོ་ནི། མྱུར་དུ་སྐྱབས་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ན་འདི་སྲིད་ཅིག་མི་འོང་ཞེས་ཡིད་བརྟན་དུ་མི་རུང་བའི་འཆི་བདག་འདི་ནི་སྡིག་སྦྱོང་ལ་སོགས་པའི་བྱ་བ་བྱས་པ་དང་མ་བྱས་པ་ལ་སོགས་པའི་དུས་ལ་མི་སྡོད་ཅིང་བྱ་བ་ཚར་མ་ཚར་ལ་མི་ལྟོས་པས། ན་དང་མི་ན་ཀུན་གྱིས་ཀྱང་གློ་བུར་དུ་མི་འཆི་ཞེས་ཚེ་ལ་ཡིད་བརྟན་དུ་མི་རུང་ལ། འཆི་བ་ན་དགྲ་གཉེན་སོགས་ཐམས་ཅད་བོར་ཏེ་བདག་ཉིད་གཅིག་པུ་ཆ་དགོས་པར་བདག་གིས་དེ་ལྟར་མ་ཤེས་པས་མཛའ་བ་ལ་ཕན་པ་དང་མི་མཛའ་བ་ལ་གནོད་པའི་དོན་གྱི་ཕྱིར་སྡིག་པ་རྣམ་པ་སྣ་ཚོགས་བྱས་ཞེས་པའོ། །གཉིས་པ་ནི། གང་གི་དོན་དུ་སྡིག་པ་བྱས་པའི་མི་མཛའ་བ་རྣམས་ཀྱང་མེད་པར་འགྱུར་ཞིང་། མཛའ་བ་རྣམས་ཀྱང་མེད་པ་འགྱུར་བདག་ཀྱང་མེད་པར་འགྱུར་བ་སྟེ། དེ་བཞིན་དུ་སེམས་ཅན་ནམ་ལོངས་སྤྱོད་ཐམས་ཅད་ཀྱང་མེད་པར་འགྱུར་བས་དེ་རྣམས་ཀྱི་དོན་དུ་སྡིག་པ་བྱས་པ་དོན་མེད་དོ། །གལ་ཏེ་འདིར་གཉེན་མགུ་བ་ལ་སོགས་པའི་བདེ་བ་དེ་ཕྱི་མར་ཡང་འབྲང་བའི་དོན་ཡོད་དོ་སྙམ་ན། དེ་འདྲ་བའི་བདེ་བ་ལ་སོགས་པའི་དངོས་པོ་གང་དང་གང་ད་ལྟ་ལོངས་སྤྱོད་པ་དེ་དང་དེ་ཐམས་ཅད་ནི་ཕྱིས་དྲན་པའི་ཡུལ་ཙམ་དུ་འགྱུར་སྲིད་ཀྱི་མཐོང་ཞིང་ཉམས་སུ་མྱོང་བར་ནི་མི་འགྱུར་ཏེ། འདས་པའི་ཕྱིར། དཔེར་ན་རྨི་ལམ་དུ་ཉམས་སུ་མྱོང་བའི་བདེ་བ་སད་པ་ན་མི་མྱོང་བ་བཞིན་ནོ། །ཚེ་བརྒྱུད་པ་ལྟ་ཞོག་གི་རེ་ཞིག་གསོན་པའི་ཚེ་འདི་ཉིད་ལའང་མཛའ་བ་དང་མི་མཛའ་བ་དུ་མ་ཞིག་འདས་མོད་ཀྱི་དེ་དག་དང་འགྲོགས་པའི་བདེ་སོགས་ནི་རྨི་ལམ་བཞིན་དུ་ཕྱིས་མི་འོང་བར་མཐོང་ངོ་། འོན་ཀྱང་དེ་དག་གི་དོན་དུ་བྱས་པའི་སྡིག་པ་མི་བཟད་པའི་བག་ཆགས་གང་ཡིན་དེ་ནི་མདུན་ན་སྒུགས་པའི་ཚུལ་གྱིས་གནས་ཞེས་པའོ། །གསུམ་པ་ནི། དེ་ལྟར་བདག་ནི་གློ་བུར་ཞེས་བདག་གིས་རྟོགས་པར་མ་གྱུར་པས་གཏི་མུག་ཆགས་དང་ཞེ་སྡང་གིས་སྡིག་པ་རྣམ་པ་དུ་མ་བྱས་པ་སྟེ། ཚེ་འདི་ལ་དག་པར་འདོད་ན་མྱུར་དུ་སྦྱང་དགོས་ཏེ། ཉིན་མཚན་སྡོད་པ་ཡོང་མེད་པར་ཚེ་འདི་སྐད་ཅིག་གོད་འགྱུར་ཞིང་སྣོན་པ་གུད་ན་ཡོང་མེད་ན་སྟེ། དེའི་ཕྱིར་བདག་ལྟ་འཆི་བར་ཅིས་མི་འགྱུར་ཏེ་ངེས་པར་འཆི་བས་སོ། །གཉིས་པ་ལ་བསྟན་བཤད་གཉིས་ཀྱི། དང་པོ་ནི། ངེས་པར་འཆི་མོད་དེ་དུས་ན་གཉེན་སོགས་དགོས་སོ་སྙམ་ན། འཆི་བའི་ཚེ་བདག་ནི་མལ་ན་འདུག་བཞིན་དུ་གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཡང་སྲོག་འཆད་པའི་ཚོར་བ་ནི་བདག་ཉིད་གཅིག་པུས་མྱོང་བར་འགྱུར་གྱི་དེ་དག་གིས་མི་བགོད་དོ། །དེ་ལྟ་མོད་ཀྱི་དེ་དག་གིས་ཀྱང་དེའི་ཚེ་སྐྱོབ་ནུས་སོ་སྙམ་ན། གཤིན་རྗེའི་ཕོ་ཉས་ཟིན་པ་ལ་གཉེན་གྱིས་ཅི་ཕན་བཤེས་ཅི་ཕན་ཏེ་མི་ཕན་ནོ། །འོ་ན་གང་གིས་ཕན་ཞེ་ན། དེའི་ཚེ་བསོད་ནམས་གཅིག་སྐྱབས་ན་དེ་ཡང་བདག་གིས་མ་བསྟེན་ཏོ། །མགོན་པོ་ཞེས་བོས་ནས། དགེ་བ་མི་སྒོམ་ཞིང་ཟག་བཅས་ཀྱི་ཆོས་ལ་སེམས་མི་སྲུང་བས་ན་བག་མེད་པ་ཅན་བདག་གིས་ནི་འཇིགས་པ་འདི་འདྲ་མ་འཚལ་ནས་མི་རྟག་ཚེ་འདིའི་ཆེད་དུ་ནི་སྡིག་པ་མང་པོ་ཉེ་བར་བསྒྲུབས་ཞེས་སོ། །གཉིས་པ་ནི། དཔེར་ན་སྐྱེ་བོ་ཉེས་པ་ཅན་ཡན་ལག་གཅོད་པའི་སར་དེ་རིང་ཁྲིད་པའང་བྲེད་འགྱུར་ཏེ་ཁ་སྐམ་ཞིང་མིག་རྩ་ངན་པ་ལ་སོགས་པ་སྔ་ལས་རྣམ་པ་གཞན་དུ་འགྱུར་བར་སྣང་ན། གཤིན་རྗེའི་ཕོ་ཉ་ཤིན་ཏུ་འཇིགས་འཇིགས་ལྟར་འདུག་པའི་ཤ་ཚུགས་ཅན་གྱིས་བཟུང་བར་གྱུར་ཅིང་། འཇིགས་ཆེན་ནད་ཀྱིས་ཐེབས་པར་གྱུར་པའི་སྡུག་བསྔལ་གྱིས་རབ་ཏུ་ཉམ་ཐག་པ་ན་བྲད་པ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཚེ་སུ་ཞིག་འཇིགས་པ་ཆེན་པོ་འདི་ལས་བདག་ལེགས་པར་སྐྱོབ་པར་བྱེད་པར་འགྱུར་ཞེས་བྲེད་ཤ་ཐོན་པ་སྟེ་ཤིན་ཏུ་སྐྲག་པའི་མིག་བགྲད་ནས་ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད་ལ། དེ་ལྟར་བཙལ་ཡང་ཕྱོགས་བཞིར་སྐྱབས་མེད་པར་མཐོང་ནས་ནི་དེ་ནས་སླར་ཡང་ཀུན་ཏུ་ཡི་མུག་འགྱུར་རོ། །དེ་ལྟ་བུའི་གནས་དེར་སྐྱབས་འགའ་ཡང་ཡོད་པ་མ་ཡིན་ན། དུས་དེའི་ཚེ་བདག་གིས་ཇི་ལྟར་བྱ་སྟེ་ཐབས་མེད་ཅེས་པའོ། །གཉིས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་སྤྱི་དང་། སྨོན་ལམ་གྱི་སྟོབས་ཅན་གྱི་བྱང་སེམས་ལ་སྐྱབས་སུ་འགྲོ་བ་གཉིས་ཀྱི། དང་པོ་ནི། དེའི་ཚེ་སྐྱབས་མེད་པ་དེ་བས་ན་རྒྱལ་བ་འགྲོ་བའི་མགོན་འགྲོ་བ་ཐམས་ཅད་སྐྱོབ་པའི་དོན་ཤིན་ཏུ་བརྩོན་པ་མཐར་ཕྱིན་ཅིང་། དེ་སྐྱོབ་པའི་ནུས་པ་ཕུལ་དུ་བྱུང་བས་སྟོབས་ཆེན་པོ་སྟེ། དེ་གཉིས་དང་ལྡན་པས་ན་འཇིགས་པ་ཀུན་སེལ་བ་དེ་ལ་དེ་རིང་ཉིད་ནས་སྐྱབས་སུ་མཆིའོ། །རྒྱལ་བ་དེའི་ཐུགས་སུ་ཆུད་པའི་ཆོས་བསྟེན་ན་འཁོར་བའི་འཇིགས་པ་སེལ་བ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་ལ་ཡང་དེ་བཞིན་དུ་ཡང་དག་པར་སྐྱབས་སུ་མཆིའོ། །གཉིས་པ་ནི། བདག་ནི་དམྱལ་བ་སོགས་ཀྱི་སྡུག་བསྔལ་གྱིས་འཇིགས་པས་རྣམ་སྐྲག་ནས་བྱང་སེམས་ཆེན་པོ་ཀུན་ཏུ་བཟང་པོ་ལ་བདག་ཉིད་འབུལ་ཞིང་། འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས་བདག་གིས་ལུས་འདི་འབུལ་བར་བགྱི་ཞིང་། ཐུགས་རྗེའི་བསམ་པ་དང་སྤྱོད་པ་མ་འཁྲུལ་བ་ཅན་སྤྱན་རས་གཟིགས་མགོན་དེ་ལ་ཡང་སྡུག་བསྔལ་གྱིས་ཉམས་ཐག་པའི་ང་རོས་འོ་དོད་འབོད་དོ། །ཇི་ལྟར་ཞེ་ན། སྡིག་ལྡན་བདག་ལ་སྐྱབས་ཏུ་གསོལ་ཞེས་སོ། །འཕགས་པ་ནམ་མཁའི་སྙིང་པོ་དང་སའི་སྙིང་པོ་དག་དང་ནི་བྱམས་པ་དང་སྒྲིབ་པ་རྣམ་སེལ་ལ་སོགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཐམས་ཅད་ལ་སྐྱབས་འཚོལ་ཞིང་སྐྱོབས་ཤིག་ཅེས་སྙིང་ནས་འོ་དོད་འབོད་དོ། །གང་ཞིག་མཐོང་ནས་གཤིན་རྗེ་ཡི་ཕོ་ཉ་ལ་སོགས་པ་སེམས་ཅན་ལ་སྡང་བ་རྣམས་སྐྲག་ནས་ཕྱོགས་བཞིར་འབྱེར་བར་བྱེད་པའི་རྡོ་རྗེ་ཅན་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་མཆིའོ། །གསུམ་པ་ཇི་ལྟར་སྐྱབས་སུ་སོང་བའི་དོན་ནི། སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས་ཏེ་སྡིག་པ་བྱས་ན། ད་ནི་སྡིག་པའི་འབྲས་བུ་འཇིགས་པ་ཆེན་པོ་མཐོང་ནས་ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི་འཇིགས་པ་མྱུར་དུ་བསལ་དུ་གསོལ། །གསུམ་པ་གཉེན་པོ་སྟོབས་ལ་གསུམ་སྟེ། གཉེན་པོ་ལ་འབད་པར་རིགས་པ་དང་། མྱུར་དུ་འབད་པ་དང་། ཇི་ལྟར་འབད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནད་ཀྱི་དཔེས་བསྟན་པ་ནི། རླུང་མཁྲིས་ལ་སོགས་པ་ཐ་མལ་གྱི་ནད་ཀྱིས་འཇིགས་ན་ཡང་སྨན་པའི་ངག་བཞིན་དུ་དེའི་གཉེན་པོ་བསྟེན་པར་བྱ་དགོས་ན། འདོད་ཆགས་ལ་སོགས་ཉེས་བརྒྱའི་ནད་ཀྱིས་རྟག་ཏུ་བཏབ་པས་རྒྱལ་བའི་བཀའ་བཞིན་དུ་གཉེན་པོ་འབད་དགོས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ནད་ཉེས་པ་ཆེ་ཞིང་སེལ་བྱེད་རྙེད་དཀའ་བས་སོ། །དེ་ཅི་སྟེ་ཞེ་ན། ཆགས་སོགས་ཀྱི་ནད་དེ་དག་གཅིག་གིས་ཀྱང་འཛམ་བུའི་གླིང་ན་གནས་པས་མཚོན་ཏེ་མི་མང་པོ་ཀུན་བརླག་པར་བྱེད་ལ། དེ་དག་གསོ་བའི་སྨན་རྒྱལ་བའི་བཀའ་བཞིན་སྒྲུབ་པ་ལས་གཞན་ནི་ཕྱོགས་རྣམས་ཀུན་ནས་མི་རྙེད་ན། ཉོན་མོངས་པའི་ནད་དེ་ལ་སྟེ་དེ་དག་གསོ་བའི་སྨན་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་ཏེ། དེས་དེའི་ཟུག་རྔུ་ཐམས་ཅད་འབྱིན་པར་མཛད་པའི་ཕྱིར་རོ། །དེས་ན་དེའི་བཀའ་ལྟར་མི་བྱེད་པར་སེམས་པ་ནི་ཤིན་ཏུ་གཏི་མུག་ཅན་སྨད་པའི་གནས་ཡིན་ནོ། །གཉིས་པ་ཡང་སའི་དཔེས་བསྟན་པ་ནི། གཡང་ས་ཐ་མལ་པ་ཆུང་ངུ་ལའང་དེར་མི་ལྷུང་བར་བྱ་བའི་ཕྱིར་བག་ཡོད་པར་གནས་པར་བྱ་དགོས་ན། དཔག་ཚད་སྟོང་ནི་ཆེ་བ་མཚོན་པ་སྟེ། སྡུག་བསྔལ་ཆེན་པོར་ལྟུང་ཞིང་ཡུན་རིང་མི་ཐར་བའི་གཡང་སར་བག་ཡོད་པར་བྱ་དགོས་པ་སྨོས་ཅི་དགོས་ཞེས་པའོ། །གཉིས་པ་མྱུར་དུ་འབད་པ་ལ་གསུམ་ལས། དང་པོ་ཚེ་ལ་ཡིད་བརྟན་དུ་མི་རུང་བ་ནི། སྡིག་པ་དེ་ཉེས་པ་ཆེ་མོད་དེ་དུས་ཕྱིས་བཤགས་པས་ཆོག་གོ་སྙམ་ན། དེ་རིང་ཁོ་ན་མི་འཆི་ཞེས་ཡིད་བདེ་བར་འདུག་པ་རིགས་པ་མ་ཡིན་གྱི། བདག་ནི་མེད་པར་འགྱུར་བ་སྟེ་འཆི་བའི་དུས་དེ་ནི་གདོན་མི་ཟ་བར་འབྱུང་བར་འགྱུར་ཏེ། བདག་ལ་མི་འཆིའོ་ཞེས་པའི་མི་འཇིགས་པ་སུ་ཡིས་བྱིན་ཏེ་སུས་ཀྱང་མ་བྱིན་ཞིང་འཆི་བ་འདི་ལས་ཇི་ལྟར་ངེས་པར་ཐར་བར་འགྱུར་ཏེ་མི་འགྱུར་བས་སོ། །དེ་བས་ན་གདོན་མི་ཟ་བར་མེད་འགྱུར་ན་ཇི་ལྟར་བདག་ཡིད་བདེ་བར་འདུག་པ་མི་རིགས་སོ། །གཉིས་པ་ལོངས་སྤྱོད་ལ་ཡིད་བརྟན་དུ་མི་རུང་བ་ནི། སྔོན་ཆད་མྱོང་སྟེ་ཞིག་པའི་ལོངས་སྤྱོད་དེ་དག་ལས་བདག་ལ་ལྷག་པར་མི་འཇིགས་པའི་ལོངས་སྤྱོད་ཅི་ཞིག་ཡོད་ན། བདག་ནི་ལོངས་སྤྱོད་དེ་ལ་མངོན་པར་ཞེན་ནས་བླ་མའི་བཀའ་དང་འགལ་བར་བྱས་པ་ནི་མི་རིགས་པས་དེ་ལྟར་མ་བྱེད་ཅིག་པའོ། །གསུམ་པ་གཉེན་བཤེས་ལ་ཡིད་བརྟན་དུ་མི་རུང་བ་ནི། ལོངས་སྤྱོད་དུ་མ་ཟད་ཀྱི་བདག་ཉིད་ཀྱི་གསོན་ཚེ་འདི་དང་དེ་བཞིན་དུ་གཉེན་དང་བཤེས་པ་རྣམས་སྤངས་ནས་བདག་ཉིད་གཅིག་པུ་ག་ཤེད་འགྲོ་དགོས་ན་མཛའ་དང་མི་མཛའ་བ་ཀུན་ཅི་རུང་སྟེ་དེ་དག་ལ་ཞེན་པ་དོན་མེད་ཅེས་པའོ། །གསུམ་པ་ཇི་ལྟར་འབད་པ་ལ་གཉིས་ལས། དང་པོ་བསམ་པ་ནི། མི་དགེ་བ་ལས་སྡུག་བསྔལ་འབྱུང་བས་མི་དགེ་བ་དེ་ལས་ཇི་ལྟར་ངེས་ཐར་འགྱུར་ཞེས་ཉིན་མཚན་རྟག་ཏུ་བདག་གིས་འདི་ཉིད་འབའ་ཞིག་བསམ་པའི་རིགས་སོ། །གཉིས་པ་སྦྱོར་བ་ནི། བདག་ནི་མི་ཤེས་གཏི་མུག་པས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྟེ་སུས་བྱས་ཀྱང་སྡིག་པར་འགྱུར་བ་སྲོག་གཅོད་པ་ལྟ་བུའམ། བཅས་པའི་སྡིག་པ་སྟེ་སྡོམ་པ་བླངས་པ་ཁོ་ན་སྡིག་པར་འགྱུར་བ་ཕྱི་དྲོའི་ཁ་ཟས་ལྟ་བུ་གང་ཡིན་པ་ལས་གང་ཡང་རུང་བ་བགྱིས་པ་རྣམས། མགོན་པོའི་སྤྱན་སྔར་མངོན་སུམ་དུ་ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས་ཡང་དང་ཡང་དུ་ཕྱག་འཚལ་ཏེ་སྡིག་པ་དེ་དག་ཐམས་ཅད་བཤགས་པར་བགྱིའོ། །བཞི་པ་ཉེས་པ་ལས་ལྡོག་པའི་སྟོབས་ནི། འདྲེན་པ་རྣམས་ཀྱིས་བདག་གི་སྡིག་ནོངས་པ་ལགས་པར་བཟུང་ནས་ནོངས་པ་བསལ་དུ་གསོལ། སྡིག་པ་འདི་ནི་བཟང་པོ་མ་ལགས་པས་དེང་སླན་ཆད་བདག་ནི་ཡོང་མི་བགྱིད་དོ་ཞེས་པའོ། །ལེའུ་གཉིས་པ་བཤད་ཟིན་ཏོ།། །།ལྔ་པ་རྗེས་སུ་ཡི་རང་བ་ལ་གཉིས་ཏེ། འཇིག་རྟེན་པ་དང་། དེ་ལས་འདས་པའི་ལེགས་པ་ལ་ཡི་རང་བའོ། །དང་པོ་ནི། སེམས་ཅན་ཀུན་གྱི་ངན་སོང་གི་སྡུག་བསྔལ་ངལ་གསོ་བ་སྟེ། རེ་ཞིག་མི་མྱོང་བར་བྱེད་པའི་རྒྱུ་དགེ་བ་དེ་དང་དེའི་འབྲས་བུ་སྡུག་བསྔལ་ཅན་དག་དེ་ལས་ཐར་ནས་བདེ་བར་གནས་པ་ལ་དགའ་བས་རྗེས་སུ་ཡི་རང་བའོ། །གཉིས་པ་ལ་བཞི། ཐེག་ཆུང་གི་དགེ་བ་ལ་ཡི་རང་བ་ནི། ཉན་རང་གི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་བསགས་པ་དེ་ལ་རྗེས་སུ་ཡི་རང་ངོ་། །འབྲས་བུ་ལ་ཡི་རང་བ་ནི། ལུས་ཅན་འཁོར་བའི་སྡུག་བསྔལ་ལས་ངེས་པར་ཐར་བ་སྟེ་དགྲ་བཅོམ་པ་ཐོབ་པ་ལ་ཡི་རང་ངོ་། །ཐེག་ཆེན་གྱི་དགེ་བ་ལ་ཡི་རང་བ་ནི། མཐར་ཐུག་གི་འབྲས་བུ་སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་གནས་སྐབས་ཀྱི་འབྲས་བུ་རྒྱལ་སྲས་ས་ལའང་ཡི་རང་ངོ་། རྒྱུ་ལ་ཡི་རང་བ་ནི། བསམ་པ་སེམས་ཅན་ཐམས་ཅད་བདེ་མཛད་པའི་ཐུགས་བསྐྱེད་པའི་དགེ་བ་རྒྱ་མཚོ་དང་། སྦྱོར་བ་སེམས་ཅན་ལ་ཕན་པར་མཛད་པ་ལ་དགའ་བ་རྗེས་སུ་ཡི་རང་ངོ་། །དྲུག་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ་ཐལ་མོ་སྦྱར་ཏེ་གསོལ་བ་ནི། སེམས་ཅན་སྡུག་བསྔལ་གྱི་མུན་པའམ། སྡུག་བསྔལ་ཞིང་མི་ཤེས་པའི་མུན་པས་འཐོམས་ནས་ལམ་དང་ལམ་མིན་མི་ཤེས་པ་རྣམས་ལ་ཆོས་ཀྱི་སྒྲོན་མེ་སྦར་ནས་ལམ་བསྟན་དུ་གསོལ། བདུན་པ་མྱ་ངན་ལས་མི་འདའ་བར་གསོལ་བ་ནི། རྒྱལ་བ་གང་དག་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་ཐལ་མོ་སྦྱར་ཏེ་གསོལ་བ་ནི། འགྲོ་བ་འདི་མི་ཤེས་པས་ལྡོངས་བར་མི་འགོད་ཅིང་བསྐལ་པ་གྲངས་མེད་པར་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ། བརྒྱད་པ་བསྔོ་བ་ལ་གཉིས་ལས། སྤྱིར་བསྔོ་བ་ནི། དེ་ལྟར་སྔར་བཤད་པའི་མཆོད་པ་ནས་བཞུགས་པར་གསོལ་བའི་བར་འདི་དག་ཀུན་བྱས་ཏེ། དགེ་བ་བདག་གིས་བསགས་པ་གང་ཡིན་པ་དེས་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བསལ་བར་ཤོག །བྱེ་བྲག་ཏུ་བསྔོ་བ་ལ་གསུམ་ལས། ནད་པའི་དོན་དུ་བསྔོ་བ་ནི། འགྲོ་བ་ནད་པ་ཇི་སྲིད་དུ་ནད་སོས་གྱུར་གྱི་བར་དུ་ནི་བདག་སྨན་དང་སྨན་པ་ཉིད་དག་དང་དེ་ཡི་ནད་གཡོག་བྱེད་པར་ཤོག །བཀྲེས་སྐོམ་པའི་དོན་དུ་བསྔོ་བ་ནི། ཟས་དང་སྐོམ་གྱི་ཆར་ཕབ་སྟེ་བཀྲེས་དང་སྐོམ་པའི་གནོད་པ་བསལ་བར་བྱའོ། །མུ་གེའི་བསྐལ་པ་བར་མའི་ཚེ་བདག་ནི་ཟས་དང་སྐོམ་དུ་གྱུར་ནས་དེ་དག་གི་བཀྲེས་སྐོམ་སེལ་ནུས་པར་གྱུར་ཅིག །དེ་བཞིན་དུ་མཚོན་གྱི་བསྐལ་པ་བར་མའི་ཚེ་མེ་ཏོག་གི་ཆར་བབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དབུལ་པོའི་དོན་དུ་བསྔོ་བ་ནི། སེམས་ཅན་ཕོངས་ཤིང་དབུལ་བ་ལ་བདག་ནི་སྤྱད་པས་མི་ཟད་པའི་གཏེར་དུ་གྱུར་ཏེ་ཡོ་བྱད་མཁོ་རྒུ་སྣ་ཚོགས་སུ་སེམས་ཅན་དེ་དག་གི་མདུན་ན་ཉེ་བར་གནས་པར་གྱུར་ཅིག །གཉིས་པ་གཞན་དོན་ལ་བློ་སྦྱོང་བ་ལ་གཉིས་ཏེ། ཐམས་ཅད་བཏང་བ་སྤྱིར་བསྟན་པ་དང་། ལུས་བཏང་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་བཏང་བྱ་ནི། ལུས་དང་དེ་བཞིན་ལོངས་སྤྱོད་དང་དུས་གསུམ་བྱས་པ་དང་བྱེད་པ་དང་བྱེད་འགྱུར་གྱི་དགེ་བ་ཐམས་ཅད་ཀྱང་དགོས་ཆེད་སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར་བསམ་པས་ཕོངས་པ་མེད་པར་བཏང་བར་བྱའོ། །གཉིས་པ་རྒྱུ་མཚན་ནི། ཐམས་ཅད་བཏང་བས་མྱ་ངན་ལས་འདའ་ཞིང་བདག་གི་བློ་ནི་རང་གཞན་གྱི་དོན་དུ་མྱ་ངན་ལས་འདས་པ་སྒྲུབ་པའི་ཕྱིར་རོ། །འཆི་བའི་ཚེ་ལུས་ལོངས་སྤྱོད་ཐམས་ཅད་གཏོང་བར་ཆབས་ཅིག་སྟེ་འདྲ་བ་ལ། ད་ལྟ་སེམས་ཅན་རྣམས་ལ་གཏོང་བ་མཆོག་ཡིན་ཏེ། རང་གཞན་གྱི་དོན་ཆེན་པོར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བདག་ལ་དམིགས་ནས་ལས་སོག་པ་ལ་གཏོང་བ་དང་། ཐམས་ཅད་ལ་ཕན་པའི་རྒྱུར་སྨོན་པའོ། །དང་པོ་ལ་ལྟོས་མེད་དུ་གཏོང་བ་དང་། ཕན་པའི་རྒྱུར་བསྔོ་བ་གཉིས་ལས། དང་པོ་ནི། བདག་གིས་ལུས་ཅན་ཐམས་ཅད་ལ་རང་གི་ལུས་འདི་ཅི་བདེར་བྱིན་ཟིན་གྱིས་དུས་རྟག་ཏུ་གསོད་པ་དང་ཚིག་གིས་སྨོད་པ་དང་ལུས་ཀྱིས་བརྡེག་པ་ལ་སོགས་ཅི་དགར་བྱེད་ལ་རག་སྟེ་ཇི་ལྟར་འདོད་པ་ལྟར་གྱིས་ཤིག་པའོ། །བདག་གི་ལུས་ལ་རྩེད་མོ་རྩེབར་བྱེད་དམ་ཅོ་འདྲིའམ་ག་ཞའི་རྒྱུ་བྱེད་ཀྱང་རུང་སྟེ། བདག་གི་ལུས་འདི་བྱིན་ཟིན་གྱིས་འདི་ཡི་གནོད་པ་སྲུང་བ་ལ་སོགས་པའི་ཁ་ཏས་ཅི་ཞིག་བྱ། དེ་དག་ལ་འཕྲལ་དང་ཡུན་དུ་གནོད་པར་མི་འགྱུར་བའི་ལས་གང་ཡིན་པ་དེ་བྱེད་དུ་ཆུག་ཅེས་པའོ། །གཉིས་པ་ལ་གཉིས་ལས། སྤྱིར་བསྟན་པ་ནི། བདག་ལ་དམིགས་ནས་དུས་ནམ་དུ་ཡང་སེམས་ཅན་འགའ་ཡང་ཕན་བདེའི་དོན་མེད་པར་མ་གྱུར་ཅིག་ཅེས་པའོ། །བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། བསམ་པ་དོན་ཡོད་པར་བསྔོ་བ་ནི། བདག་ལ་དམིགས་ནས་གང་དག་གིས་ཁྲོ་བའམ་དད་པའི་སེམས་བྱུང་བ་ན་དེ་ཉིད་རྟག་ཏུ་དེ་དག་གིས་འདོད་པའི་དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག་ཅེས་པའོ། །དད་པའི་སེམས་ཞེས་པ་འདི་ལ་འགྲེལ་ཆེན་ལས། མ་དད་ཅེས་པར་བཤད་དོ། །སྦྱོར་བ་དོན་ཡོད་པར་བསྔོ་བ་ནི། གང་དག་བདག་ལ་དངོས་སུ་ཁ་ངན་ཟེར་རམ། གཞན་དག་གནོད་པ་བྱེད་པའམ། དེ་བཞིན་དུ་གཞན་གྱི་གམ་དུ་ཕྱར་ཀ་གཏོང་ཡང་རུང་སྟེ། དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག་ཅེས་པའོ། །གཉིས་པ་ཐམས་ཅད་ལ་ཕན་པའི་རྒྱུར་བསྔོ་བ་ནི། བདག་ནི་མགོན་མེད་པ་རྣམས་ཀྱི་མགོན་དང་། ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་དང་། ཆུ་ལ་བརྒལ་འདོད་པ་རྣམས་ཀྱི་གྲུ་དང་ནི་ཟིངས་དང་ཟམ་པ་ཉིད་དུ་གྱུར་ཅིག །ཆུའི་ནང་གི་གླིང་དོན་དུ་གཉེར་བ་ལ་གླིང་དང་ནི། མར་མེ་འདོད་པ་ལ་མར་མེ་དང་། ཞེས་དཔེ་ཁ་ཅིག་ལའོ། །གནས་མལ་འདོད་ལ་གནས་མལ་དང་བདག་ནི་ལུས་ཅན་བྲན་འདོད་པ་ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཇི་ལྟར་བསམ་པ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་། གང་འདོད་པའི་ལས་འགྲུབ་པའི་རིགས་སྔགས་གྲུབ་པ་དང་། ནད་ཐམས་ཅད་སེལ་བའི་སྨན་ཆེན་པོ་དང་། དགོས་འདོད་འབྱུང་བའི་དཔག་བསམ་གྱི་ནི་ཤིང་དག་དང་། གང་འདོད་པ་གཞོར་ཡོད་པས་ལུས་ཅན་ཀུན་གྱི་འདོད་འཇོའི་བར་གྱུར་ཅིག །ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་དང་ནམ་མཁའ་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོའི་གཞི་ཡིན་པ་བཞིན་དུ་སེམས་ཅན་དཔག་ཏུ་མེད་པའི་རྣམ་པ་མང་པོའི་སྒོ་ནས་ཉེ་བར་འཚོ་བའི་གཞིར་ཡང་ཤོག །དེ་བཞིན་དུ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་དེ་དག་ཐམས་ཅད་མྱ་ངན་འདས་བར་དུ་བདག་ནི་ཉེར་འཚོའི་གཞིར་ཡང་ཤོག་ཅེས་སོ། །འདི་དག་དགེ་ལྷ་དང་དགྲ་ལས་རྣམ་རྒྱལ་སྨོན་པའི་སེམས་བསྐྱེད་དུ་བཞེད་དོ། །གཉིས་པ་དངོས་གཞི་ནི། སློབ་དཔོན་ལས་ལེན་ན་སློབ་དཔོན་ནམ། རྟེན་ལས་ལེན་ན། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཞེས་པ་སྔོན་དུ་བཏང་ནས་སྨོན་འཇུག་སོ་སོར་ལེན་ན། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་ལན་གསུམ་གྱིས་སྨོན་པ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། བྱང་ཆུབ་སེམས་དཔའི་བསླབ་པ་ལ། །ཇི་ལྟར་རིམ་བཞིན་གནས་པ་ལྟར། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལན་གསུམ་གྱིས་འཇུག་པ་བླང་ཞིང་། ལྷན་དུ་ལེན་ན་གཞུང་ཇི་ལྟ་བ་བཞིན་བརྗོད་པ་ཉིད་ཀྱིས་སོ། །དེ་ལ་ཇི་ལྟར་ཏེ་དཔེར་ན་སྔོན་གྱི་བདེ་གཤེགས་རྣམས་ཀྱིས་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་ཐུགས་ནི་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་རྣམས་ལ་དེ་དག་གིས་རིམ་པ་བཞིན་དུ་བསླབ་ཅིང་གནས་པ་ལྟར། དེ་བཞིན་དུ་བདག་གིས་ཀྱང་འགྲོ་ལ་ཕན་དོན་དུ་བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། དེ་བཞིན་དུ་ནི་བསླབ་པ་ལའང་རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་པའོ། །གསུམ་པ་མཇུག་གི་ཆོ་ག་ལ་གཉིས་ཏེ། མཚམས་སྦྱོར་དང་། དངོས་སོ། །དང་པོ་ནི། དེ་ལྟར་བློ་དང་ལྡན་པ་ཡིས་རབ་ཏུ་དང་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བཟུང་སྟེ་བསྐྱེད་ནས་མཇུག་ཀྱང་མི་ཉམས་ཤིང་རྒྱས་པར་བྱ་བའི་ཕྱིར་སེམས་ནི་འདི་ལྟར་གཟེངས་བསྟོད་དོ་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། བདག་དགའ་བ་བསྐྱེད་པ་དང་། གཞན་དགའ་བ་བསྐྱེད་པའོ། །དང་པོ་ལ་གཉིས་ལས། རང་དོན་གྲུབ་པས་དགའ་བ་བསྐྱེད་པ་ནི། དེང་དུས་བདག་གི་ཚེ་འབྲས་བུ་ཆེན་པོ་ཡོད་པར་གྱུར་ཏོ། །ཅི་སྟེ་ན་མི་ཡི་སྲིད་པ་ལེགས་པར་ཐོབ་ཅིང་དེ་རིང་སངས་རྒྱས་ཀྱི་རིགས་སུ་སྐྱེས་ལ་སངས་རྒྱས་ཀྱི་སྲས་སུ་ད་གྱུར་ཏོ། །དེས་ན་ད་ནི་བདག་གིས་ཅི་ནས་ཀྱང་རིགས་དེ་དང་མཐུན་པའི་སྒོ་གསུམ་གྱི་ལས་བརྩམས་ཏེ་ཐོག་མཐའ་བར་གསུམ་དུ་དག་པས་ན་སྐྱོན་མེད་པ་བཙུན་པའི་རིགས་འདི་ལ་ཉེས་སྤྱོད་ཀྱི་དྲི་མས་རྙོག་པར་མི་འགྱུར་བ་དེ་ལྟར་བསྒྲུབ་པར་བྱའོ། །དཔེར་ན་ལོང་བས་ཕྱག་དར་གྱི་ཕུང་པོ་ལས་ཇི་ལྟར་རིན་ཆེན་རྙེད་པ་ནི་ངོ་མཚར་བ་ལྟར་དེ་བཞིན་དུ་ཇི་ཞིག་ལྟར་སྟེས་ནས་ཏེ་སྟེས་དབང་གིས་བྱང་ཆུབ་སེམས་འདི་བདག་ལ་སྐྱེས་པ་འདི་ངོ་མཚར་རོ་ཞེས་པའོ། །གཞན་དོན་འགྲུབ་པས་དགའ་བ་བསྐྱེད་པ་ནི། འགྲོ་བའི་འཆི་བདག་འཇོམས་པར་བྱེད་པས་འཆི་བ་མེད་པར་བྱེད་པའི་བདུད་རྩི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཡིན་ལ། འགྲོ་བའི་དབུལ་བ་ཐམས་ཅད་སེལ་བའི་མི་ཟད་པའི་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ལུས་སེམས་ཀྱི་ནད་རབ་ཏུ་ཞི་བར་བྱེད་པའི་སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་པའི་ལམ་དུ་འཁྱམས་ཤིང་སྡུག་བསྔལ་གྱིས་དུབ་པའི་འགྲོ་བ་སྡུག་བསྔལ་གྱིས་ངལ་བ་གསོ་བའི་བསིལ་གྲིབ་ཅན་གྱི་ལྗོན་ཤིང་ཡིན་ལ། འགྲོ་བ་ཐམས་ཅད་ངན་འགྲོ་ལས་སྒྲོལ་བར་བྱེད་པའི་སྤྱི་སྟེ་ཐུན་མོང་གི་སྟེགས་སམ་ཟམ་པ་ལྟ་བུར་འགྱུར་བའང་ཡིན་ཞིང་། འགྲོ་བའི་ཉོན་མོངས་པའི་སྒྲིབ་པའི་གདུང་བ་སེལ་བའི་སེམས་ཀྱི་ཟླ་བ་ཤར་བ་ཡིན་ལ། འགྲོ་བའི་མི་ཤེས་པ་སྟེ་ཤེས་སྒྲིབ་ཀྱི་རབ་རིབ་དག་དཔྱིས་འབྱིན་པའི་ཉི་མ་ཆེན་པོ་ཡིན། དམ་པའི་ཆོས་ཀྱི་འོ་མ་ཐམས་ཅད་བསྲུབས་པ་ལས་མར་གྱི་ཉིང་ཁུ་ཕྱུང་བ་ཡིན་ཞིང་། འགྲོ་བའི་འགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང་བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་འདི་ནི་བདེ་བའི་མཆོག་ཏུ་ཉེ་བར་གནས་ཏེ་སེམས་ཅན་གྱི་འགྲོན་ཆེན་མང་པོ་རྣམས་བདེ་བས་ཚིམ་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། བདག་གི་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི་སྤྱན་སྔར་ཏེ་དེ་དག་དཔང་དུ་བཞག་ནས་འགྲོ་བ་རྣམས་མཐར་ཐུགས་བདེ་གཤེགས་ཏེ་སངས་རྒྱས་ཀྱི་བདེ་བ་ཉིད་དང་ནི་བར་དུ་སྟེ་གནས་སྐབས་ཀྱི་བདེ་བ་ལ་མགྲོན་དུ་བོས་ཟིན་གྱིས་ལྷ་དང་ལྷ་མིན་ལ་སོགས་པའི་སེམས་ཅན་ཐམས་ཅད་དགའ་བར་གྱིས་ཤིག་པའོ། །ལེའུ་གསུམ་པ་བཤད་ཟིན་ཏོ།། །།གསུམ་པ་ཇི་ལྟར་འཇུག་པའི་སྦྱོར་བ་ལ། སྤྱིར་ཕར་ཕྱིན་དྲུག་ཡིན་པ་ལས་འདིར་སྦྱིན་པ་ལོགས་སུ་མ་སྨོས་པས་ཚུལ་ཁྲིམས་ལ་སོགས་པ་ལྔའི་དང་པོ་ལ་གཉིས་ཏེ། བག་ཡོད་དང་། ཤེས་བཞིན་ནོ། །དང་པོ་བག་ཡོད་ཀྱི་ངོ་བོ་ནི། བླང་དོར་ལ་གཟོབ་པ་ལྷུར་ལེན་པ་སྟེ། ཀུན་ལས་བཏུས་ལས། བག་ཡོད་པ་གང་ཞེ་ན། མ་ཆགས་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་དགེ་བའི་ཆོས་རྣམས་སྒོམ་པ་དང་། ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་སྲུང་བ་སྟེ་ཞེས་སོ། །དེ་དག་ནི་དགེ་བ་ཐམས་ཅད་ཀྱི་ཐབས་སུ་གྱུར་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །ཞེས་གསུངས་སོ། །དེ་ཉིད་འདིར་འཆད་པ་ལ་བསྟན་བཤད་བསྡུ་གསུམ་གྱི། དང་པོ་ནི། རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པར་བཟུང་ནས་ཅུང་ཟད་ཀྱང་གཡེལ་བ་མེད་པར་དུས་རྟག་ཏུ་ནི། དེའི་བསླབ་བྱ་ལས་མི་འདའ་བར་འབད་པར་བྱའོ། །གཉིས་པ་ལ་གསུམ་སྟེ། བསྒྲུབ་བྱ་བསླབ་པ་དང་། རྟེན་དལ་འབྱོར་དང་། སྤང་བྱ་ཉོན་མོངས་པ་ལ་བག་བྱ་བའོ། །དང་པོ་ལ་གསུམ་སྟེ། མི་འདོར་བའི་འཐད་པ། དོར་བའི་ཉེས་དམིགས། དེས་ན་མི་འདོར་བར་གདམས་པའོ། །དང་པོ་ནི། བྱ་བ་གང་ཡིན་བབ་ཅོལ་ཏེ་མ་དཔྱད་པར་བརྩམས་པ་གང་ཡིན་པའམ། གང་ཞིག་ཅུང་ཟད་དཔྱད་ཀྱང་ལེགས་པར་མ་བརྟགས་པའི་བྱ་བ་དེ་ནི་བྱེད་པར་དམ་བཅའ་བྱས་པར་གྱུར་ཀྱང་བྱ་བའམ་གཏང་ཞེས་ད་དུང་བརྟགས་ནས་འཇུག་པར་རིགས་ཀྱི་འདིར་ནི་དེ་ལྟར་མ་ཡིན་ཏེ། སངས་རྒྱས་རྣམས་དང་དེ་ཡི་སྲས་ཤེས་རབ་ཆེན་པོས་གང་ཞིག་ལེགས་པར་བརྟགས་ཤིང་བདག་ཉིད་ཀྱིས་ཀྱང་སྡོམ་པ་ལེན་པའི་སྔོན་དུ་ཡང་དང་ཡང་དུ་བརྟགས་བརྟགས་པའི་སེམས་བསྐྱེད་ཀྱི་བསླབ་པ་དེ་ལ་བཤོལ་དུ་ཅི་ཞིག་ཡོད་དེ་མེད་དོ། །གཉིས་པ་ལ་གསུམ་སྟེ། རྣམ་སྨིན་ངན་འགྲོར་ལྟུང་བ། སྤྱོད་པ་གཞན་དོན་ཉམས་པ། འབྲས་བུ་ཐར་པ་ལ་ཐོགས་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། གལ་ཏེ་སེམས་བསྐྱེད་པའི་ཚེ་སེམས་ཅན་ཐམས་ཅད་སྒྲོལ་བ་ལ་སོགས་པ་དེ་ལྟར་དམ་བཅས་ནས་སྒོ་གསུམ་གྱི་ལས་ཀྱིས་སྒྲུབ་པར་མ་བྱས་ན་སེམས་ཅན་དེ་དག་ཀུན་བསླུས་པས་བདག་གི་འགྲོ་བ་ཅི་འདྲར་འགྱུར་ཏེ་ངན་འགྲོ་ལས་མ་འདས་སོ། །གཉིས་པ་དེའི་འཐད་པ་ནི། ཟས་ལ་སོགས་པའི་དངོས་པོ་ཕལ་པ་ཅུང་ཟད་ལའང་ཡིད་ཀྱིས་སྦྱིན་པར་བསམ་བྱས་ནས་མི་གང་ཞིག་སླར་དེ་སྦྱིན་པར་མི་བྱེད་པ་དེ་ཡང་ཡི་དྭགས་ཀྱི་རྒྱུ་ཡིན་པར་དམ་པའི་ཆོས་དྲན་པ་ཉེར་གཞག་ལས། ཅུང་ཟད་ཙམ་བསམ་པ་ལས་མ་བྱིན་ན་ཡི་དྭགས་སུ་སྐྱེ་ལ། དམ་བཅས་པ་ལས་མ་བྱིན་ན་སེམས་ཅན་དམྱལ་བར་འགྲོའོ། །ཞེས་གསུངས་ན། བླ་ན་མེད་པའི་སངས་རྒྱས་དང་གནས་སྐབས་ཀྱི་བདེ་བ་ལ་སེམས་ཅན་ཐམས་ཅད་བསམ་པ་ཐག་པས་མགྲོན་གཉེར་ནས་འགྲོ་བ་ཐམས་ཅད་བསླུས་བྱས་ན་བདེ་འགྲོར་ཅིག་འགྲོ་འགྱུར་རམ་སྟེ་མི་འགྱུར་རོ། །གསུམ་པ་རྩོད་པ་སྤང་བ་ནི། འོ་ན་འཕགས་པ་ཤཱ་རིའི་བུས་བྱང་སེམས་ཀྱི་སྤྱོད་པ་སྤྱད་པ་ན། བདུད་ཀྱི་ལག་པ་གཡས་བསླངས་པ་ལ་གཡས་བཅད་དེ་གཡོན་གྱིས་བྱིན་པས་བདུད་ཀྱིས་མ་རངས་པའི་ཚིག་བརྗོད་པས་སྐྱོ་སྟེ་སེམས་བསྐྱེད་བཏང་ཡང་དགྲ་བཅོམ་ཐོབ་པ་དང་། གསེར་མདོག་གི་སྔོན་གྱི་སྦྱོར་བ་ལས་བྱང་སེམས་བསྐལ་པ་བཞི་བཅུར་སྤྱོད་པ་སྤྱད་པ་ཞིག་བྱང་སེམས་ཀྱི་སེམས་བཏང་མ་ཐག་ཏུ་རང་རྒྱལ་དུ་གྱུར་པར་གསུངས་པ་ལ་སོགས་པ་དང་འགལ་ལོ་ཞེ་ན། མི་གང་གིས་བྱང་ཆུབ་ཀྱི་སེམས་བཏང་ཡང་དེ་དག་ཐར་བར་མཛད་པ་ནི་ལས་ཚུལ་དེ་ཐ་མལ་པས་བསམ་གྱིས་མི་ཁྱབ་སྟེ། དེ་ནི་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་གྱི་བདག་ཅག་གིས་ནི་མི་ཤེས་སོ་རྣམ་སྣང་དང་རྣམ་བཤད་ལས་སོ། །དགེ་ལྷ་ནི། ཐབས་ཀྱིས་བཏང་དུ་ཟིན་ཀྱང་ཡང་དག་ལེན་པས་སེམས་ཅན་གྲོལ་བར་བྱེད་པ་ཡིན་ནོ་ཞེས་གསུངས་ལ། བི་བྷཱུ་ཏི་ནི། ཀུན་རྫོབ་བྱང་སེམས་བཏང་ཡང་དོན་དམ་བྱང་སེམས་མ་བཏང་བ་ཞེས་གསུངས་སོ། །འདི་འཐད་དེ། གཞན་དོན་གྱི་སེམས་བཏང་ཡང་བདག་མེད་རྟོགས་པའི་ཤེས་རབ་མ་བཏང་བས་ངན་འགྲོར་མི་འགྲོ་བ་ཡིན་སྙམ་མོ། །འོན་ཀྱང་བསམ་གྱིས་མི་ཁྱབ་པ་བསམ་པའི་ངལ་བས་ཅི་ཞིག་བྱ། གཉིས་པ་ནི། སེམས་བསྐྱེད་བཏང་བ་དེ་ནི་བྱང་ཆུབ་སེམས་དཔའ་ལ་ལྟུང་བའི་ནང་ནས་ལྕི་བ་སྟེ། འཕགས་པ་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་ཤིང་། འདི་ལྟར་དེ་ནི་བྱུང་གྱུར་ན་སེམས་ཅན་ཀུན་གྱི་དོན་སྒྲུབ་པ་ལ་ནུས་པ་དམན་པའི་ཕྱིར་རོ། །དེར་མ་ཟད་ཀྱི་གང་སེམས་ཅན་གཞན་འགའ་ཞིག་བྱང་སེམས་འདི་ཡི་ནི་བསོད་ནམས་ཏེ། སེམས་བསྐྱེད་ཀྱི་བར་ཆད་དང་གེགས་བྱེད་པ་དེས་ཀྱང་བྱང་སེམས་དེ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་དམན་པར་འགྱུར་ཏེ། དེ་མི་ནུས་པར་བྱས་པས་གེགས་བྱེད་པ་པོ་དེའི་ངན་འགྲོ་མུ་མཐའ་མེད་དེ། དེའི་རྒྱུ་མཚན་སེམས་ཅན་གཅིག་གི་བདེ་བ་ཙམ་ཡང་བཤིག་ན་བདག་ཉིད་ཉམས་འགྱུར་ན། བྱང་སེམས་ཀྱི་དགེ་བའི་བར་ཆད་བྱས་ན་ནམ་མཁའ་མ་ལུས་མཐའ་ཀླས་པའི་ལུས་ཅན་ཐམས་ཅད་ཀྱི་བདེ་བ་བཤིག་པ་དེ་བཞིན་ངན་འགྲོར་འགྲོ་བ་སྨོས་ཅི་དགོས་ཏེ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། གང་ལ་ལ་ཞིག་གིས་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཕྲོགས་ཤིང་སྲོག་བཅད་པ་བས། གང་གིས་བྱང་ཆུབ་སེམས་དཔའི་དགེ་བ་ཐ་ན་དུད་འགྲོ་ལ་ཟན་ཆངས་པ་གཅིག་སྦྱིན་པའི་བར་ཆད་བྱས་ན་དེ་ནི་དེ་བས་སྡིག་པ་ཆེས་གྲངས་མང་དུ་བསྐྱེད་དེ། སངས་རྒྱས་འབྱུང་བ་སྐྱེད་པའི་དགེ་བ་ལ་བར་ཆད་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟར་ལྟུང་བ་སྟོབས་ལྡན་ཅན་དེ་དང་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་གཉིས་འཁོར་བར་རེས་མོས་ཀྱིས་འདྲེ་བར་བྱེད་ན། ས་དང་པོ་ལ་སོགས་པ་ཐོབ་པ་ལ་ཡུན་རིང་དུ་ཐོགས་སོ། །གསུམ་པ་ནི། དེ་ལྟ་བས་ན་སེམས་བསྐྱེད་པའི་དུས་སུ་ཇི་ལྟར་དམ་བཅས་པ་བཞིན་དུ་བདག་གིས་གུས་པས་བསྒྲུབ་པར་བྱ་དགོས་ཏེ། དེང་ནས་བརྩོན་པར་མ་བྱས་ན་ཕྱིས་འོག་ནས་འོག་སྟེ་ངན་སོང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །སངས་རྒྱས་ཀྱིས་སྐྱོབ་པས་དེ་ལྟར་མི་འགྱུར་རོ་སྙམ་ན། སྔར་སེམས་ཅན་ཐམས་ཅད་བདེ་བར་མཛད་པའི་སངས་རྒྱས་གྲངས་མེད་པ་འདས་པར་གྱུར་ཀྱང་བདག་ནི་རང་གི་ཉེས་པ་བསླབ་པ་ལས་འདས་པ་དེས་སངས་རྒྱས་དེས་གསོ་བའི་སྤྱོད་ཡུལ་དུ་མ་གྱུར་ཏོ། །ཕྱིས་སྐྱོབ་བོ་སྙམ་ན་ད་དུང་སྔར་ཀྱི་དེ་བཞིན་དུ་བདག་སྤྱོད་པར་བྱེད་ན་ཡང་དང་ཡང་དུ་དེ་བཞིན་དུ་སྡུག་བསྔལ་མྱོང་བར་འགྱུར་ཏེ། འདི་ལྟར་ངན་འགྲོར་སྡུག་བསྔལ་བ་དང་། མཐོ་རིས་ཐོབ་ཀྱང་ནད་དང་འཆིང་བ་དང་ལུས་བཅད་པ་དང་གཤགས་པ་ལ་སོགས་པ་མྱོང་བར་འགྱུར་རོ། །གཉིས་པ་རྟེན་དལ་འབྱོར་ལ་བག་བྱ་བ་ལ་གསུམ་སྟེ། རྙེད་དཀའ་བ་དང་། མ་རྙེད་པའི་ཉེས་པ་དང་། རྙེད་ནས་མི་འབད་པ་སྤང་བའོ། །དང་པོ་ནི། དེ་བཞིན་གཤེགས་པ་འབྱུང་བ་དང་གནས་ལ་དད་པ་དང་མིའི་ལུས་ཐོབ་པ་དང་དགེ་བ་གོམས་སུ་རུང་བ་སྟེ། མདོར་ན་དལ་འབྱོར་ཆོས་བཅོ་བརྒྱད་དང་ལྡན་པ་འདི་ལྟ་བུ་དཀོན་ན་གཞན་དུ་ནམ་ཞིག་ཐོབ་པར་འགྱུར་ཏེ་མི་འགྱུར་རོ། །ཐོབ་པའི་དུས་འདིར་ཡང་ནད་མེད་པའི་ཉི་མ་སྟེ་དུས་འདི་ལྟ་བུར་གྱུར་ཅིང་མཐུན་རྐྱེན་ཟས་དང་བཅས་ཤིང་འགལ་རྐྱེན་འཚེ་བ་མེད་དུ་ཟིན་ཀྱང་ནི། ཚེ་ནི་སྐད་ཅིག་ཙམ་ཡིད་བརྟན་དུ་མི་རུང་བས་བསླུ་བས་ཏེ་ལུས་འདི་ཐང་ཅིག་ཙམ་གྱི་བརྙན་པོ་བཞིན་དུ་རང་དབང་མེད་པ་ཡིན་ནོ། །གཉིས་པ་ལ་དངོས་དང་། དེའི་སྒྲུབ་བྱེད་དོ། །དང་པོ་ལ་གཉིས་ལས། ངན་འགྲོར་དགེ་བ་མི་འགྲུབ་པ་ནི། བདག་གི་ད་ལྟའི་སྤྱོད་པ་འདི་འདྲས་ནི་ཕྱིས་མིའི་ལུས་ཀྱང་ཐོབ་པར་མི་འགྱུར་བས་ངན་འགྲོར་ལྟུང་ལ། མི་ལུས་ཐོབ་པར་མ་གྱུར་ཏེ་ངན་འགྲོར་སོང་བ་ན་སྡིག་པ་འབའ་ཞིག་སྤྱོད་ཀྱི་དགེ་བ་བྱེད་པའི་ནུས་པ་མེད་དོ། །གང་གི་ཚེ་ད་ལྟ་དགེ་བ་སྤྱོད་པའི་སྐལ་བ་དང་ལྡན་ཡང་དགེ་བ་བདག་གིས་མ་བྱས་ན་ཕྱིས་ངན་སོང་གི་སྡུག་བསྔལ་གྱིས་ཀུན་ཏུ་རྨོངས་པ་དེའི་ཚེ་བདག་གིས་ཅི་བྱར་ཡོད་དེ་དགེ་བ་བྱེད་པའི་གོ་སྐབས་མེད་དོ། །གཉིས་པ་དེས་ན། བདེ་འགྲོ་མི་འཐོབ་པ་ནི། དེར་ཡང་དགེ་བ་དག་ཀྱང་མ་བྱས་ཤིང་སྡིག་པ་དག་ཀྱང་ཉེ་བར་བསགས་ན་བསྐལ་པ་བྱེ་བ་བརྒྱར་ཡང་ནི་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་ན་དེ་ཐོབ་པ་ལྟ་ཅི་སྨོས། གཉིས་པ་ལ་གཉིས་ལས། ལུང་གིས་སྒྲུབ་བྱེད་ནི། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་བུ་གར་རུས་སྦལ་མགྲིན་ཆུད་ལྟར་མི་ཉིད་ཤིན་ཏུ་ཐོབ་དཀའ་བར་གསུངས་ཏེ། ཡང་དག་པར་ལྡན་པའི་ལུང་ལས། དགེ་སློང་དག་ས་ཆེན་པོ་འདི་རྒྱ་མཚོ་ཆེན་པོར་གྱུར་ཅིང་། དེ་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་པ་རླུང་གིས་གཡེངས་ཤིང་འདི་ནས་བསྐྱོད་པ་དང་། རུས་སྦལ་ལོང་བ་གཅིག་ཡོད་ལ་རུས་སྦལ་ཡང་ལོ་བརྒྱ་བརྒྱ་ཞིང་མགྲིན་པ་འདེགས་པར་གྱུར་ན་དགེ་སློང་དག་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་བུ་གར་རུས་སྦལ་མགྲིན་པ་ཆུད་པ་དེ་རྙེད་པར་སླ་བ་ཡིན་ནམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ་མི་ཉིད་ཤིན་ཏུ་ཐོབ་པར་དཀའ་བ་ཡིན་ནོ། །ཞེས་སོ། །རིགས་པས་སྒྲུབ་བྱེད་ནི། སྐད་ཅིག་གཅིག་བྱས་སྡིག་པ་ཞེས་པ་ནི་འགྲེལ་པ་དག་ལས་མཚམས་མེད་པ་ལ་སོགས་པ་ཞེས་འབྱུང་བ་ལྟར་ན་བྱ་རྫོགས་ཀྱི་སྐད་ཅིག་མ་ཉིད་ཡིན་ལ། ཡུལ་ཁྱད་པར་ཅན་ལ་ངན་སེམས་སྐྱེས་པ་དེ་ལྟ་བུ་ལ་བྱས་ན་དུས་མཐའི་ལ་ཡང་རུང་སྟེ། དེས་ཀྱང་བསྐལ་པར་མནར་མེད་པར་གནས་པར་འགྱུར་ན་ཐོག་མ་མེད་པར་འཁོར་བར་བསགས་པའི་སྡིག་པ་དག་གིས་བདེ་འགྲོར་མི་འགྲོ་བར་ངན་འགྲོར་འགྲོ་བ་ལྟ་ཅི་སྨོས། སྔར་གྱི་སྡིག་པའི་འབྲས་བུ་དེ་ཙམ་ཁོ་ན་མྱོང་བར་གྱུར་ནས་དེ་ནི་སྡུག་བསྔལ་ལས་རྣམ་པར་ཐར་བར་མི་འགྱུར་ཏེ། འདི་ལྟར་དེ་ནི་མྱོང་བཞིན་དུ་སྡུག་བསྔལ་གྱི་རྒྱུ་སྡིག་པ་གཞན་དག་རབ་ཏུ་སྐྱེ་སྟེ་གསོག་པའི་ཕྱིར་རོ། །གསུམ་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། འདིི་འདྲའི་དལ་བ་རྙེད་པར་གྱུར་ནས་བདག་གིས་དགེ་བ་གོམས་པར་མ་བྱས་ན་འདི་ལས་བསླུས་པ་ཆེ་བ་གཞན་མེད་དོ། །འདི་ལས་རྨོངས་པའང་གཞན་མེད་དོ་ཞེས་པའོ། །གཉིས་པ་ལ་གསུམ་སྟེ། བླུན་རྨོངས་ཀྱི་འབྲས་བུ་ལ་བསམ་པ་དང་། ངོ་བོ་ལ་སྨད་པ་དང་། དེའི་རྒྱུ་ལ་བརྟག་པའོ། །དང་པོ་ནི། གལ་ཏེ་བདག་གིས་བསླབ་པ་ལས་འདས་པའི་ཉེས་དམིགས་དེ་རྟོགས་ནས་ཀྱང་རྨོངས་པས་ཕྱིས་ཀྱང་སྒྱིད་ལུག་སྟེ། བསླབ་པ་ལ་མ་འབད་ན་འཆི་བར་གྱུར་པའི་དུས་ཀྱི་ཚེ་འགྱོད་ཅིང་མྱ་ངན་ཆེན་པོ་ལྡང་བར་འགྱུར་ལ། ཤི་ནས་དམྱལ་བའི་མེ་བཟོད་པར་དཀའ་བས་ཡུན་རིང་དུ་བདག་གི་ལུས་བསྲེགས་པར་འགྱུར་བ་ན་འགྱོད་པ་མི་བཟད་པའི་མེ་འབར་བས་རང་གི་སེམས་གདུང་བར་འགྱུར་བ་གདོན་མི་ཟའོ། །གཉིས་པ་ནི། ཤིན་ཏུ་རྙེད་དཀའ་ཞིང་ཕན་པ་སྒྲུབ་པར་ནུས་པའི་ས་དལ་འབྱོར་འདི་ཇི་ཞིག་ལྟར་སྟེས་རྙེད་པར་གྱུར་ནས་བདག་ཉིད་དགེ་སྡིག་སྐྱོན་ཡོན་ཤེས་པའི་བློ་དང་ལྡན་བཞིན་དུ་སྡིག་པ་བྱས་ཏེ་ཕྱིར་ཡང་རང་ཉིད་དམྱལ་བར་དེར་ཁྲིད་ན་སྔགས་ཀྱིས་རྨོངས་པར་བྱས་པ་བཞིན་དུ་བདག་ལ་འདིར་སེམས་མེད་དུ་ཟད་ཅེས་པའོ། །གསུམ་པ་ནི། རྒྱུ་ཅིས་རྨོངས་ནས་བསླུས་པར་བྱས་པ་བདག་གིས་ཀྱང་སྔར་མ་ཤེས་ཏེ་བདག་གི་ཁོང་ན་དེ་ལྟར་འགྱུར་བའི་རྒྱུ་ཅི་ཞིག་ཡོད་ཅེས་བརྟགས་ན་ཉོན་མོངས་པ་ལས་འོས་མེད་ཅེས་པའོ། །དེ་བས་ན་ད་ནི་གསུམ་པ་སྤང་བྱ་ཉོན་མོངས་པ་ལ་བག་བྱ་བ་སྟོན་པས། དེ་ལ་གསུམ་སྟེ། ཉོན་མོངས་པ་སྤང་བྱར་བརྟག་པ་དང་། སྤོང་བའི་འདུན་པ་བསྐྱེད་པ་དང་། སྤོང་ནུས་ཀྱི་སྤྲོ་བ་བསྐྱེད་པའོ། །དང་པོ་ལ་གཉིས་ཏེ། ཉེས་དམིགས་བསམ་པ་དང་། དེས་ན་བསྟེན་བྱ་མ་ཡིན་པར་ཡིད་ལ་བྱ་བའོ། །དང་པོ་ལ་གསུམ་སྟེ། མི་རིགས་བཞིན་དུ་གནོད་པ་བྱེད་པ་དང་། གནོད་པ་ཆེན་པོ་བྱེད་པ་དང་། བསྟེན་དུ་མི་རུང་བར་གདམས་པའོ། །དང་པོ་ནི། ཞེ་སྡང་དང་སྲེད་པ་སོགས་དགྲ་རྣམས་ནི་རྐང་ལག་ལ་སོགས་པ་ཡོད་མིན་ཞིང་བརྩོན་འགྲུས་དང་མཚུངས་པར་ལྡན་པས་དཔའ་བོ་དང་སྤོབས་པ་དང་ལྡན་པས་མཛངས་པ་མིན་ཡང་ཇི་ཞིག་ལྟར་དེ་དག་གིས་བདག་བྲན་བཞིན་དུ་དབང་མེད་དུ་བཀོལ་བར་བྱས་སོ། །འདི་ལྟར་བདག་གི་སེམས་ལ་གནས་བཞིན་དུ་དགའ་མགུར་ཏེ་འཛེམ་མེད་དུ་བདག་ལ་གནོད་པར་བྱེད་པ་དེ་ལའང་མི་ཁྲོ་བར་བཟོད་པ་ནི་བཟོད་པའི་གནས་མིན་པ་ལ་བཟོད་པ་དམ་པས་སྨད་པའི་གནས་ཡིན་ནོ། །གཉིས་པ་ལ། གནོད་པའི་ངོ་བོ་ཆེ་བ་ནི། གལ་ཏེ་ལྷ་དང་ལྷ་མིན་སོགས་ཐམས་ཅད་བདག་ལ་དགྲར་ལངས་སུ་ཟིན་ཀྱང་དེ་དག་གིས་ཀྱང་མནར་མེད་པའི་མེའི་ནང་དུ་འཁྲིད་ཅིང་འཇུག་མི་ནུས་ཀྱི། ཉོན་མོངས་སྟོབས་ཅན་དགྲ་འདིས་ནི་གང་དང་ཕྲད་ན་རི་རབ་ཀྱང་ཐལ་བར་ཡང་ནི་མི་ལུས་བར་སྲེག་པའི་མནར་མེད་ཀྱི་མེ་ནང་དེར་བདག་སྐད་ཅིག་ལ་འདོར་ཏེ་འཕེན་པར་བྱེད་དོ། །དུས་རིང་བ་ནི། བདག་གི་ཉོན་མོངས་དགྲ་བོ་གང་ཡིན་པ་འདི་དུས་རིང་པོ་ཐོག་མཐའ་མེད་པ་ནས་ཀྱི་དགྲ་ཡིན་པ་ལྟར་དགྲ་གཞན་ཀུན་ཀྱང་དེ་ལྟ་བུར་དུས་རིང་ཐུབ་པ་མ་ཡིན་ནོ། །གསུམ་པ་ནི། མཐུན་པར་རིམ་གྲོ་བྱས་ཏེ་བསྟེན་པར་བྱས་ན་གཞན་ཐམས་ཅད་ཕན་པ་དང་བདེ་བར་བྱེད་ན། ཉོན་མོངས་རྣམས་ནི་བསྟེན་བྱས་ན་ཕྱིར་ཞིང་སྡུག་བསྔལ་དང་གནོད་པ་ཆེན་པོ་བྱེད་དོ། །གཉིས་པ་ནི། དེ་ལྟར་ཡུན་རིང་པོ་ཐོག་མ་མེད་པ་ནས་རྒྱུན་ཆགས་ཏེ་རྒྱུན་མ་ཆད་པར་གནོད་པ་སྐྱེལ་བའི་དགྲར་གྱུར་པ་གནོད་པའི་ཚོགས་ཐམས་ཅད་རབ་ཏུ་འཕེལ་བའི་རྒྱུ་གཅིག་པུ་ཉོན་མོངས་པའི་དགྲ་འདི་བདག་གི་སྙིང་ལ་ངེས་པར་གནས་འཆའ་ཞིང་གནས་ན་བདག་འཁོར་བར་འཇིགས་པ་མེད་ཅིང་དགའ་བར་ག་ལ་འགྱུར་ཏེ་མི་འགྱུར་རོ། །གཞན་ཡང་འཁོར་བའི་བཙོན་ར་ལས་མི་ཐར་བར་བྱེད་པས་ན་དེའི་སྲུང་མ་དམྱལ་སོགས་སུ་གསོད་བྱེད་གཤེད་མར་གྱུར་པའི་ཉོན་མོངས་པ་འདི་དག་ནི་གལ་ཏེ་བློ་ཡི་གནས་ལ་ཆགས་པ་སྟེ་ཞེན་པའི་དྲྭ་བ་ན་གནས་ན་བདག་ལ་བདེ་བ་ག་ལ་ཡོད་ཅེས་ཡིད་ལ་བྱེད་པའོ། །གཉིས་པ་ལ་གསུམ་སྟེ། ཉོན་མོངས་པ་སྤོང་བའི་གོ་ཆ་བགོ་བ་དང་། སྡུག་བསྔལ་གྱིས་མི་སྐྱོ་བར་བྱ་བ་དང་། གཉེན་པོའི་སྲན་གཟུག་པའོ། །དང་པོ་ནི། དེ་ལྟར་ཇི་སྲིད་བདག་གིས་ཉོན་མོངས་པའི་དགྲ་འདི་མངོན་སུམ་དུ་ངེས་པར་མ་བཅོམ་པ་དེ་སྲིད་དུ་བདག་འདིར་བརྩོན་པ་མི་འདོར་བར་བྱ་སྟེ། དཔེར་ན་རེ་ཞིག་གནོད་བྱེད་ཆུང་ངུ་སྟེ་ཐ་མལ་པའི་དགྲ་ལ་ཡང་ཁྲོས་པར་གྱུར་པའི་སེམས་ཅན་ང་རྒྱལ་བདོ་བ་རྣམས་དགྲ་དེ་མ་བཅོམ་པར་གཉིད་མི་འོང་ན། ཉོན་མོངས་པའི་དགྲ་འཇོམས་པ་ལ་བརྩོན་དགོས་པ་ལྟ་ཅི་སྨོས་ཞེས་པའོ། །གཉིས་པ་ལ་གསུམ་སྟེ། སྤང་བྱའི་ཉེས་པ་དང་། གཉེན་པོའི་ཕན་ཡོན་དང་། རང་གིས་ཁས་བླངས་ལ་བརྟགས་ཏེ་མི་སྐྱོ་བར་བྱ་བའོ། །དང་པོ་ནི། གསོད་བྱེད་ལ་མི་སྟོས་པར་རང་བཞིན་གྱིས་འཆི་བས་སྡུག་བསྔལ་བར་གྱུར་པའི་ཉོན་མོངས་པ་སྟེ། སྙིང་རྗེ་བའི་གནས་སུ་གྱུར་པའི་དགྲ་བོ་དག་དང་གཡུལ་ངོར་དངར་ནས་འཐབ་པའི་ཚེ་ནན་གྱིས་དེ་ལྟ་བུ་དགྲ་བོ་དེ་དག་གཞོམ་པར་འདོད་པ་ཡང་རང་ལ་མདའ་དང་མདུང་ལ་སོགས་པའི་མཚོན་གྱིས་ཕོག་པའི་སྡུག་བསྔལ་ཁྱད་དུ་བསད་ནས་དོན་དེ་མ་གྲུབ་པར་ཕྱིར་ཕྱོགས་ཤིང་འབྱེང་བར་མི་བྱེད་ན། རྟག་ཏུ་སྡུག་བསྔལ་གྱི་རྒྱུར་གྱུར་པ་རང་བཞིན་ཏེ་ཡོད་ཙམ་གྱི་དགྲ་ངེས་པ་དག་གཞོམ་པར་བརྩོན་པ་བདག་ལ་དེང་སྡུག་བསྔལ་བརྒྱ་ཕྲག་དུ་མའི་རྒྱུར་གྱུར་པའི་གནོད་པ་གང་གིས་ཀྱང་ཡི་ཆད་པ་སྟེ་ཞུམ་པ། སྒྱིད་ལུག་པ་སྟེ་མི་སྤྲོ་བར་མི་འགྱུར་བ་སྨོས་ཅི་དགོས་ཞེས་པའོ། །གཉིས་པ་ནི། གང་དང་འཐབ་པ་དོན་མེད་པའི་དགྲ་ཡི་རྨ་སྲོལ་བཏོད་པ་ཡང་དཔའ་བར་མཚོན་པའི་ཕྱིར་ལུས་ལ་རྒྱན་དང་འདྲ་བར་སྲེལ་བྱེད་ན། སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་པོ་སྒྲུབ་པའི་ཕྱིར་ཡང་དག་པར་བརྩོན་པར་གྱུར་པ་བདག་ལ་སྡུག་བསྔལ་ཅིའི་ཕྱིར་གནོད་བྱེད་ཡིན་བསམ་ཞིང་། གཞན་ཡང་ཉ་པ་དང་གདོལ་པ་སྟེ་ཤན་པ་དང་ཞིང་ལས་པ་ལ་སོགས་པ་རང་གི་འཚོ་བ་ཙམ་ཞིག་སེམས་ཤིང་སྒྲུབ་པ་ཡང་གྲང་དང་ཚ་ལ་སོགས་པའི་གནོད་པ་བཟོད་པར་བྱེད་ན། འགྲོ་བ་ཀུན་བདེ་བའི་ཕྱིར་བདག་ལྟ་ཅིས་མི་བཟོད་དེ་བཟོད་དགོས་ཞེས་པའོ། །གསུམ་པ་ནི། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་ཐམས་ཅད་ཉོན་མོངས་ལས་སྒྲོལ་བར་དམ་བཅས་ནས་གང་གི་ཚེ་བདག་ཉིད་ཀྱང་ཉོན་མོངས་རྣམས་ལས་མ་གྲོལ་བར་བདག་གི་བློའམ་ནུས་པའི་ཚོད་ཀྱང་མི་ཤེས་པར་དེ་ལྟར་སྨྲ་བ་ཇི་ལྟར་སྨྱོན་པ་མིན་ཏེ། སྨྱོན་པ་དང་འདྲ་བར་གྱུར་པས་དེས་ན་གཞན་དགྲོལ་བར་བྱེད་པས་རང་གྲོལ་བར་བྱ་དགོས་སོ། །ཞེས་པའོ། །གསུམ་པ་ནི། དེ་ལྟ་བས་ན་ཉོན་མོངས་པ་གཞོམ་པ་ལ་རྟག་ཏུ་ཕྱིར་མི་ལྡོག་པར་བྱའོ། །ཉོན་མོངས་པ་སྤོང་བ་འདི་ལ་བདག་གིས་ཞེན་པར་བྱ་ཞིང་། ཉོན་མོངས་པ་ལ་འཁོན་དུ་བཟུང་ནས་གཡུལ་སྤྲད་དེ་གཞོམ་པར་བྱའོ། །འོ་ན་ཉོན་མོངས་པ་ཐམས་ཅད་སྤང་བྱ་ཡིན་མོད། ཞེན་པའམ་འཁོན་འཛིན་དེ་ཇི་ལྟར་བསྟེན་ཞེ་ན། རྣམ་པ་དེ་འདྲའི་ཉོན་མོངས་པ་རྣམས་འཇོམས་བྱེད་དེ་ནི་རེ་ཞིག་སྤང་བྱར་མ་གཏོགས་པ་དེ་རེ་ཞིག་མི་སྤོང་ལ། མཐར་དེ་ཡང་སྤོང་ཞེས་བྱ་བར་འགྲེལ་པ་དག་ལས་གསལ་ལོ། །འགའ་ཞིག་ཉོན་མོངས་སུ་མ་གཏོགས་ཞེས་ཟེར་བ་ཡང་འགྲེལ་ཆེན་ལས་དེར་སྣང་བ་ཡིན་གྱི་དེ་ཉིད་ནི་མ་ཡིན་ཏེ་ཞེས་པ་དང་མཐུན་ནོ། །བདག་ནི་བསྲེགས་ཏེ་བསད་གྱུར་ཏམ་བདག་གི་མགོ་བོ་བཅད་ཀྱང་སླའི། རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ལ་འདུད་པར་ཏེ་དེའི་དབང་དུ་འགྲོ་བར་མི་བྱའོ། །གསུམ་པ་ནི། ཐ་མལ་གྱི་དགྲ་བོ་ནི་ལན་གཅིག་ཡུལ་ནས་ཕྱུང་ཡང་ཡུལ་གཞན་ཞིག་ཏུ་གནས་ཤིང་དེ་ཡོངས་སུ་བཟུང་ནས་དེར་ནུས་པ་བརྟས་ནས་དེ་ནས་ཡང་ཕྱིར་ལྡོག་ཅིང་གནོད་པ་བྱེད་སྲིད་ཀྱི་ཉོན་མོངས་པའི་དགྲའི་ཚུལ་ནི་དེ་དང་འདྲ་བ་མ་ཡིན་ཏེ། ལན་ཅིག་རྩ་བ་ནས་སྤངས་ན་སླར་ལྡོག་པ་མི་སྲིད་དོ། །དེ་ཇི་ལྟར་སྤོང་ཞེ་ན། ཉོན་མོངས་པ་འདི་དཔྱད་ན་གཞོམ་སླ་བས་བརྙས་ཚིག་ཏུ་ཉོན་མོངས་པ་ཞེས་གསུངས་ཏེ། འགྲེལ་ཆེན་ལས། ཉོན་མོངས་འདི་ནི་རྩ་བ་མེད་པའི་ཕྱིར་དོན་དམ་པ་དེ་ཁོ་ན་ཉིད་མཐོང་བ་ཙམ་གྱིས་སྤང་བར་བྱ་བ་ཡིན་པས་ན་ཉོན་མོངས་པ་ཡིན་ཞེས་པ་དང་། རྣམ་བཤད་ལས། འདོད་ཆགས་ལ་སོགས་པའི་ཉོན་མོངས་ཉོན་མོངས་འདི་དག་ནི། ཞེས་སོ། །དེ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མིག་གིས་བལྟས་པས་སྤང་བར་བྱ་ཞིང་། བདག་གི་ཡིད་ལས་བསལ་བ་ན་དེ་གང་དུ་འགྲོ་བར་འགྱུར་ཏེ་འགྲོ་ས་མེད་ལ། གང་དུ་གནས་ནས་ནུས་པ་བརྟས་ནས་སླར་བདག་ལ་གནོད་པ་བྱ་བའི་ཕྱིར་འོང་སྟེ་འོང་བ་མེད་དོ། །དེས་ན་བློ་ཞན་བདག་ལ་བརྩོན་པ་མེད་པར་ཟད་ཀྱི་ཡོད་ན་མི་སྤོང་མི་སྲིད་དོ། །ཤེས་རབ་ཀྱི་མིག་གིས་ཇི་ལྟར་བལྟ་བར་བྱ་ཞེ་ན། ཉོན་མོངས་རྣམས་ནི་ཡུལ་གཟུགས་སོགས་ན་མི་གནས་མིག་གི་དབང་པོ་ལ་སོགས་པའི་ཚོགས་པ་ལ་གནས་པ་མིན་ཏེ་དེ་དག་ཡོད་ཀྱང་མེད་པ་སྲིད་པས་སོ། །ཡུལ་དབང་དེ་དག་གི་བར་ནའང་གནས་པ་མིན་ལ། དེ་དག་ལས་གཞན་ནའང་ཡོད་པ་མིན་ཏེ་མ་དམིགས་པས་སོ། །དེས་ན་ཉོན་མོངས་འདི་དག་ནི་གར་གནས་ནས་འགྲོ་བ་ཀུན་ལ་གནོད་པ་བྱེད་དེ་བརྟགས་ན་གནོད་བྱེད་དུ་མ་གྲུབ་ལ་གནོད་བྱེད་དུ་སྣང་བས་འདི་ནི་སྒྱུ་མ་དང་འདྲ་སྟེ། སྣང་ཡང་བདེན་པ་མེད་པ་དེའི་ཕྱིར་སྤོང་མི་ནུས་སྙམ་པའི་སྙིང་ལ་འཇིགས་པ་སྤོངས་ལ་ཤེས་རབ་བསྐྱེད་པའི་ཕྱིར་བརྩོན་པ་སྟེན་ཅིག །དེ་ལྟར་མ་བྱས་པར་དོན་མེད་པ་ཉིད་དུ་བདག་ལ་དམྱལ་བ་ལ་སོགས་པ་རྣམས་སུ་ཅི་སྟེ་གནོད་པ་བྱེད་དེ་བྱེད་པ་འདི་ནི་མི་རིགས་སོ། །ཞེས་པའམ་མ་བྱེད་ཅིག་ཅེས་པའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་བག་ཡོད་པར་བྱ་བའི་དོན་སྔར་བཤད་པ་དེ་དག་རྣམ་པར་བསམ་ཏེ། མདོ་དང་བསྟན་བཅོས་ལས་ཇི་སྐད་བཤད་པ་ཡི་བྱང་ཆུབ་སེམས་དཔའི་བསླབ་པ་སྒྲུབ་པའི་ཆེད་དུ་བག་ཡོད་པས་འབད་པར་བྱའོ། །དེ་ལྟར་མ་བྱས་ན་སྨན་པའི་ངག་དག་ལ་མ་ཉན་ན་སྨན་དག་གིས་བཅོས་དགོས་ནད་པ་སོས་པ་ག་ལ་ཡོད་དེ་མེད་པ་ལྟར་ཉོན་མོངས་དང་སྡུག་བསྔལ་གྱི་ནད་ལས་ཐར་བར་མི་འགྱུར་རོ། །བསླབ་བཏུས་ལས། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནས་རྣམས་འདི་རིགས་བྱ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་བསྐྱེད་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང་། །དེ་བསྲུང་དག་དང་སྤེལ་བའོ། །ཞེས་གསུངས་པ་ལ་སོགས་པ་ལྟར་ཤིན་ཏུ་འབད་པར་རིགས་སོ་ཞེས་གདམས་པའོ། །ལེའུ་བཞི་པ་བཤད་ཟིན་ཏོ།། །།ད་ནི་གཉིས་པ་དྲན་པ་དང་ཤེས་བཞིན་གྱི་ལེའུ་སྟོན་ཏེ། འདིར་དྲན་པ་ནི་བདག་གིས་ཁས་བླངས་པའི་སྤང་བྱ་དང་བསྒྲུབ་བྱ་རྣམས་དྲན་པ་ཡིན་ལ། ཤེས་བཞིན་ནི་སྤོང་སྒྲུབ་ཀྱི་བྱ་བ་རྣམས་ལ་མཁས་པ་ཡིན་ཞིང་། དེ་དག་གཞུང་གིས་སྟོན་པ་ལ་གསུམ་སྟེ། བསླབ་པ་སྲུང་བའི་ཐབས་སུ་སེམས་བསྲུང་བ་དང་། སེམས་སྲུང་བའི་ཐབས་སུ་དྲན་ཤེས་བསྲུང་བ་དང་། དེ་དག་རྒྱུད་ལ་སྦྱར་བ་ལ་འབད་པར་གདམས་པའོ། །དང་པོ་ལ་གཉིས་ཀྱི་མདོར་བསྟན་ནི། བསླབ་པ་མ་ཉམས་པར་སྲུང་བར་འདོད་པ་ཡིས་རབ་ཏུ་བསྒྲིམས་ཏེ་སེམས་ཕྱིན་ཅི་ལོག་གི་ཡུལ་ལ་གཡོ་བ་བསྲུང་བར་བྱ་སྟེ། སེམས་འདི་བསྲུང་བར་མ་བྱས་ན་བསླབ་པ་བསྲུང་བར་ཡོང་མི་ནུས་པའི་ཕྱིར་རོ། །རྒྱས་པར་བཤད་པ་ལ་བཞི་སྟེ། སེམས་བསྲུང་དགོས་པའི་རྒྱུ་མཚན་དང་། ཇི་ལྟར་བསྲུང་ཚུལ་དང་། དེ་ལྟར་བསྲུང་བའི་ཕན་ཡོན་དང་། བསྲུང་བ་ལ་འབད་དགོས་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། སེམས་མ་བསྲུངས་བའི་ཉེས་དམིགས། བསྲུངས་བའི་ཕན་ཡོན། དོན་བསྡུ་བའོ། །དང་པོ་ནི། སེམས་ཀྱི་གླང་པོ་ཆེ་ཕྱིན་ཅི་ལོག་གི་ཡུལ་ལ་ཡན་པར་བཏང་བས་མནར་མེད་གནོད་པ་བྱེད་པ་ལྟར་གླང་ཆེན་མ་ཐུལ་མྱོས་པ་ཡིས་འདི་ན་དེ་འདྲའི་གནོད་མི་བྱེད་དེ་ཞེས་པའོ། །གཉིས་པ་ལ་གཉིས་ལས། མདོར་བསྟན་པ་ནི། ཀུན་ནས་དྲན་པའི་ཐག་པ་ཡིས་སེམས་ཀྱི་གླང་ཆེན་དགེ་བའི་དམིགས་པ་ལ་དམ་དུ་བཏགས་ན་འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། དགེ་བ་ཐམས་ཅད་ལག་ཏུ་འོང་ཞེས་པའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། འཇིགས་པ་སྤོང་བ་དང་། དགེ་བ་སྒྲུབ་པའོ། །དང་པོ་ལ་དངོས་དང་། སྒྲུབ་བྱེད་གཉིས་ཀྱི། དང་པོ་ནི། སྟག་དང་སེང་གེ་གླང་ཆེན་དྲེད་སྦྲུལ་དང་དགྲ་རྣམས་ཐམས་ཅད་དང་སེམས་ཅན་དམྱལ་བའི་སྲུང་མ་དང་བྱད་མའི་གདོན་དང་དེ་བཞིན་སྲིན་པོ་རྣམས་ཏེ། རང་གི་སེམས་འདི་གཅིག་བུ་བཏགས་པ་ཡིས་གནོད་བྱེད་དེ་དག་ཐམས་ཅད་བཏགས་པར་འགྱུར། སེམས་འདི་གཅིག་པུ་བཏུལ་བ་ཡིས་དེ་དག་ཐམས་ཅད་བཏུལ་བར་འགྱུར་ཏེ། སྐྱེས་རབས་ལས། དེ་ཡི་རང་བཞིན་སྙིང་རྗེའི་བདག་ཉིད་ཀྱིས། །རྣམ་པར་བརླན་པ་བཞིན་དུ་བརླན་གྱུར་པས། །ཕན་ཚུན་གནོད་པ་མེད་པའི་ཡིད་གྱུར་ཏེ། །དཀའ་ཐུབ་ཅན་བཞིན་གཅན་ཟན་ཁྲོ་བོའང་སྤྱོད། །ཅེས་པ་ལྟར་རོ། །གཉིས་པ་ནི། འདི་ལྟར་འཇིགས་པ་ཐམས་ཅད་དང་འདི་ཕྱིའི་སྡུག་བསྔལ་དཔག་ཏུ་མེད་པ་ཡང་རང་གི་སེམས་ཕྱིན་ཅི་ལོག་པ་ལས་འབྱུང་བ་ཡིན་ནོ་ཞེས་ཡང་དག་གསུང་པ་ཉིད་ཀྱིས་གསུངས་ཏེ། དཀོན་མཆོག་སྤྲིན་ལས། སེམས་ཉིད་དབང་དུ་གྱུར་ན་ཆོས་ཐམས་ཅད་དབང་དུ་འགྱུར་རོ། །ཞེས་པ་དང་། དགེ་བའམ་འོན་ཏེ་མི་དགེ་བའི། ༣ལས་ནི་སེམས་ཀྱིས་བསགས་པ་ཡིན། །ཞེས་པ་དང་། ཆོས་ཡང་དག་པར་སྡུད་པ་ལས། ཆོས་ཐམས་ཅད་ཀྱང་སེམས་ལ་རག་ལས་པ་ཡིན། ཞེས་གསུངས་སོ། །གཞན་དུ་ན་སེམས་ཅན་དམྱལ་བའི་མཚོན་ཆ་རྣམས་བྱེད་པ་པོ་སུ་ཞིག་གི་ནི་ཆེད་དུ་གཏད་ནས་བྱས་ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། ཤལ་མ་རི་ལ་གནས་པའི་བུད་མེད་འདི་དག་ཅི་ལས་བྱུང་ཞེས་འགྲེལ་ཆེན་དང་རྣམ་སྣང་འཆད་ཅིང་། དགེ་ལྷས་ཀྱང་བུད་མེད་དུ་འཆད་པས། མེ་ཚོགས་ཞེས་པ་མ་དག་པས་འགྲེལ་པ་དེ་དག་ཏུ་བུད་མེད་ཅེས་བྱུང་བའམ། དཔང་ལོ་ཙཱ་བས་མོ་ཚོགས་ཞེས་གསུངས་པ་ལྟར་ལེགས་སོ། །དེ་འདྲ་དེ་དག་ཐམས་ཅད་སྡིག་སེམས་ལས་བྱུང་བ་ཡིན་པར་ཐུབ་པས། སེམས་ནི་དགྲ་ནང་དགྲ་ཆེན་ཏེ། །དེ་ལས་གཞན་པའི་དགྲ་མེད་དེ། །ཞེས་སོགས་དྲན་པ་ཉེར་གཞག་སོགས་སུ་གསུངས་སོ། །དེ་ལྟར་ན་འཇིག་རྟེན་གསུམ་པོ་ན་སེམས་ལས་འཇིགས་པ་གཞན་འགའ་མེད་པས་སེམས་གདུལ་བར་བྱའོ། །གཉིས་པ་ལ། བྱང་སེམས་ཀྱིས་བསྒྲུབ་བྱའི་དགེ་བ་ནི་ཕར་ཕྱིན་དྲུག་ཡིན་ལ། དེ་དག་ལའང་སེམས་ཉིད་གཙོ་བོ་ཡིན་ནོ་ཞེས་སྟོན་པ་ལ་དྲུག་གི་དང་པོ་ནི། གལ་ཏེ་འགྲོ་བ་ཐམས་ཅད་ཀྱི་དབུལ་བ་བོར་བར་བྱས་པ་ཞིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ན་སྔོན་གྱི་སྐྱོབ་པ་རྣམས་ཆོས་ཅན། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ཏེ། མ་ཕྱིན་པར་ཐལ། ད་དུང་འགྲོ་བ་བཀྲེན་པ་དུ་མ་ཡོད་ན་སྟེ་ཡོད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ཕྱི་ནང་གི་བདོག་པ་ཐམས་ཅད་དང་དེ་དག་བཏང་བའི་འབྲས་བུ་དགེ་བ་དང་བཅས་ཏེ་སྐྱེ་བོ་ཀུན་ལ་གཏོང་བར་གོམས་པ་རབ་ཀྱི་མཐར་ཕྱིན་པས་སེར་སྣ་དང་བྲལ་བའི་སེམས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བློ་གྲོས་མི་ཟད་པ་ལས་གསུངས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟ་སྟེ། བདོག་པ་ཐམས་ཅད་འབྲས་བུ་བཅས་ཏེ་གཏོང་བའི་སེམས་སོ། །དེ་ལྟ་བས་ན་དེ་ནི་སེམས་ཉིད་དོ་ཞེས་པའོ། །གཉིས་པ་ནི། འཚེ་བ་རྒྱུན་ཆད་པ་ཞིག་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡིན་ན། སྔོན་གྱི་སྐྱོབ་པ་དེའི་ཕ་རོལ་ཏུ་མ་ཕྱིན་པར་འགྱུར་ཏེ། ཉ་སྦལ་ལ་སོགས་པ་སྲོག་ཆགས་དང་། གཞན་གྱི་ནོར་དང་། བུད་མེད་ལ་སོགས་པ་གང་ཞིག་ཏུ་དེ་དག་གསོད་པ་དང་ལེན་པ་ལ་སོགས་པར་མི་འགྱུར་བར་བསྐྲད་དེ་མ་བསྐྲད་པར་འཚེ་བ་ཡོད་པའི་ཕྱིར་རོ། །དེས་ན་དེ་དག་ཡོད་པ་རྣམས་ལ་འཚེ་བ་སོགས་སྤོང་བའི་སེམས་ནི་ཐོབ་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར། མདོ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། གཞན་ལ་གནོད་པ་སྤོང་བའི་སེམས་པའོ། །ཞེས་བཤད་དོ། །གསུམ་པ་བཟོད་པའང་དགྲ་བོའམ་དེའི་ཁོང་ཁྲོ་རྒྱུན་ཆད་པ་ལ་མི་བྱ་སྟེ། སེམས་ཅན་མི་སྲུན་པ་ནི་ནམ་མཁའ་བཞིན་མཐའ་ཡས་པ་དེ་དག་ནི་གཞོམ་གྱིས་ཡོང་མི་ལང་བའི་ཕྱིར་རོ། །དེ་བས་ན་རང་གི་ཁྲོ་བའི་སེམས་ནི་གཅིག་བཅོམ་ན་དགྲ་དེ་ཐམས་ཅད་ཆོམ་པ་དང་འདྲ་སྟེ། དཔེར་ན་ས་སྟེང་འདི་དག་ཐམས་ཅད་ཀོས་གཡོགས་སུ་དེ་སྙེད་ཀོ་བས་ག་ལ་ལང་། ལྷྭམ་མཐིལ་ཙམ་གྱི་ཀོ་བས་ནི་ས་སྟེང་ཐམས་ཅད་གཡོགས་པ་དང་འདྲ་བ་དེ་བཞིན་དུ་ཕྱི་རོལ་གནོད་བྱེད་ཀྱི་དངོས་པོ་ཡང་བདག་གིས་ཕྱིར་བཟློག་མི་ལང་གིས་བདག་གི་སེམས་འདི་ཁོང་ཁྲོ་ལས་ཕྱིར་བཟློག་པར་བྱ་སྟེ། དེས་བཟོད་པ་གྲུབ་པ་ཡིན་གྱི་གཞན་དག་བཟློག་གོ་ཅི་ཞིག་དགོས་ཏེ་དོན་མེད་དོ། །བཞི་པ་བརྩོན་འགྲུས་ཀྱང་སེམས་གཙོ་ཆེ་སྟེ། བསམ་གཏན་གྱི་སྡོམ་པས་བསྡུས་པའི་སེམས་གསལ་པོ་བག་ཙམ་ཞེས་རྣམ་བཤད་ལས་བྱུང་ཞིང་། དགེ་ལྷ་ནི་ལུས་ངག་གི་ལས་མེད་པ་ཞིག་འཆད་དེ། དེ་ཙམ་གཅིག་བསྐྱེད་པའི་འབྲས་བུ་ཡང་ཚངས་པ་ལ་སོགས་པ་ཡིན་པ་ལྟར་རོ། །ཁ་ཅིག་མདོ་ལས་བྱམས་པའི་སེམས་བསྐྱེད་པས་ཚངས་པར་སྐྱེས་པ་ལྟར་ཞེས་ཟེར་རོ། །སེམས་སྟོབས་ལྡན་དང་མ་འབྲེལ་ན་ལུས་ངག་དང་བཅས་པའི་ལས་ཀྱི་འབྲས་བུ་ཡང་སེམས་ཀྱི་སྤྱོད་པ་ཞན་པས་འབྲས་བུ་དེ་ལྟ་བུ་འབྱིན་པ་མིན་ནོ། །ལྔ་པ་བསམ་གཏན་ཡང་སེམས་ཉིད་ཀྱིས་འགྲུབ་སྟེ། འདི་ལྟར་གསང་སྔགས་སོགས་ཀྱི་བཟླས་བརྗོད་དང་ནི་ལུས་ཀྱི་དཀའ་ཐུབ་ཀུན་ཡུན་རིང་དུས་སུ་སྤྱད་བྱས་ཀྱང་སེམས་གཞན་གཡེངས་བས་བྱས་པ་ནི་ཆོས་རྣམས་ཀྱི་དེ་ཉིད་རིག་པ་སངས་རྒྱས་ཀྱིས་དོན་མེད་པ་སྟེ་ཆུང་བར་གསུངས་ཏེ། ཏིང་ངེ་འཛིན་སྡུད་པའི་མདོ་ལས། དགེ་སློང་དག་འདོད་པ་ལ་སེམས་གཡེངས་པའི་དཀའ་ཐུབ་དང་ཁ་ཏོན་ལ་སོགས་པ་ནི་འབྲས་བུ་མེད་པར་འགྱུར་རོ། །ཞེས་པའམ། ཡུམ་ལས། སེམས་གཡེངས་པས་ནི་བདག་གི་དོན་ཡང་མི་འགྲུབ་ཅེས་གསུངས་སོ། །དྲུག་པ་ཤེས་རབ་ནི། གང་གིས་ཆོས་ཀྱི་དོན་པོ་སྟེ་གཙོ་བོ་མཆོག་སེམས་ཀྱི་གསང་སྟེ་རང་བཞིན་སྟོང་པ་ཉིད། འགྲེལ་ཆེན་ལས་བྱིས་པའི་སྤྱོད་ཡུལ་མ་ཡིན་པས་གསང་ཞེས་བྱུང་ལ། རྣམ་བཤད་ལས་བདག་མེད་ཀྱི་དེ་ཁོ་ན་ཉིད་བདག་གི་སེམས་ཀྱི་ནང་དུ་སྦ་བར་བྱ་བ་ཞེས་སོ། །འདི་མ་ཤེས་ན་བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་དེ་དག་འདོད་པ་དོན་མེད་པར་གྱི་ནར་འཁོར་བར་འཁྱམས་ཏེ། མདོ་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་གསུངས་སོ། །དེས་ན་ཤེས་རབ་ནི་སེམས་ཉིད་གཙོ་ཆེ་བ་ཡིན་ཏེ། སྡོང་པོ་བཀོད་པ་ལས་ཀྱང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ། །ཞེས་གསུངས་སོ། །ཐབས་དང་སྨོན་ལམ་སྟོབས་དང་ཡེ་ཤེས་ཀྱང་ཤེས་རབ་ཉིད་ལས་ཕྱེ་བ་ཡིན་པས་དེ་དག་ཀྱང་སེམས་གཙོ་བོ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟས་བདག་གི་སེམས་འདི་ནི་དྲན་པས་ལེགས་གཟུང་ཤེས་བཞིན་གྱིས་ལེགས་པར་བསྲུང་བར་བྱ། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ་བརྟུལ་ཞུགས་མང་པོས་ཅི་ཞིག་བྱ་སྟེ་དོན་མེད་ཅེས་པའོ། །གཉིས་པ་ཇི་སྲུང་ཚུལ་ནི། མ་གྲངས་གྲོལ་བ་སྟེ་ཡིད་གཡེངས་ཤིང་སྤྱོད་ལམ་མ་བསྡམས་པའི་ཁྲོད་ན་གནས་ན་བསྒྲིམས་ཏེ་རྨའི་བག་བྱེད་དགོས་པ་ལྟར་ཉོན་མོངས་སྐྱེ་བའི་རྐྱེན་དུ་གྱུར་པའི་སྐྱེ་བོ་ངན་པའི་ཁྲོད་ན་གནས་ཀྱང་སེམས་ཀྱི་རྨ་མ་བསྲུངས་ན་སྡུག་བསྔལ་བསྐྱེད་པ་འདི་རྟག་ཏུ་བསྲུང་དགོས་ཏེ། འདི་ལྟར་རྨ་ཡི་སྡུག་བསྔལ་ཆུང་ངུ་ཡིས་འཇིགས་པ་གནད་ཀྱིས་དོགས་ནས་བག་བྱེད་ན་སྡུས་འཇོམས་ཀྱི་རི་བོ་ཆེན་པོས་ལུས་འཇོམས་པས་སྐྲག་པ་ཡིས། མ་བསྲུངས་ན་དེ་བསྐྱེད་པའི་སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་སྟེ་བསྲུང་དགོས་སོ། །གསུམ་པ་ནི། སེམས་བསྲུང་བའི་སྤྱོད་པ་འདི་འདྲས་གནས་པར་བྱེད་ན་སྐྱེ་བོ་ངན་པའི་ཁྲོད་ན་གནས་སམ་བུད་མེད་ཀྱི་ཁྲོད་ན་གནས་ཀྱང་རུང་སྟེ་སྡོམ་བརྩོན་བརྟན་པ་སྟེ་བག་ཡོད་ཉམས་པར་མི་འགྱུར་རོ། །བཞི་པ་ནི། བདག་གི་བསོད་སྙོམས་ལ་སོགས་པ་རྙེད་པ་དང་། ཕྱག་འཚལ་བ་ལ་སོགས་པ་བཀུར་སྟི་དང་། རང་གི་ལུས་དང་འཚོ་བ་ཉམས་སླ་ཞིང་དགེ་བ་གཞན་རང་དོན་ཀྱི་དགེ་བ་ཡང་ཉམས་སླ་ཡི་ཞེས་པ་རྣམ་སྣང་གསུངས་སོ། །བྱང་ཆུབ་ཀྱི་སེམས་བཅུ་པོ་འདི་ནམ་ཡང་ཉམས་པར་མི་བྱའོ་ཞེས་དགེ་ལྷ་འཆད་ཅིང་། འགྲེལ་ཆེན་ལས་སེམས་དགེ་ནི་ཞེས་ཏེ། མདོར་ན་དགེ་བ་གཞན་ཞེས་པ་ལུས་ངག་གི་ལས་བྱས་ཀྱང་རུང་ངོ་། །ཇི་ལྟར་རྒྱལ་པོ་ལ་གདམས་པ་ལས། བདག་གི་ནོར་འདི་བཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་བསྲུང་ཏེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་དང་། །ཐམས་ཅད་བཏང་ནས་འདིར་ནི་ཆོས་བསྲུང་ངོ་། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བསྲུང་བ་ལ་གསུམ་སྟེ། དྲན་ཤེས་བསྲུང་བར་གདམས་པ། མ་བསྲུངས་བའི་ཉེས་པ་དང་། སྲུང་བའི་ཐབས་སོ། །དང་པོ་ནི། སེམས་བསྲུང་བར་འདོད་པ་རྣམས་ཀྱིས་ནི་བླང་དོར་གྱི་གནས་མ་བརྗེད་པའི་དྲན་པ་དང་། བདག་རྒྱུད་ལ་བརྟགས་ནས་དེ་དག་གི་སྤོང་ལེན་ཤེས་པའི་ཤེས་བཞིན་དག་སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས་བདག་གིས་དེ་ལྟར་འདོམས་པར་བྱེད་ཅེས་པའོ། །གཉིས་པ་ལ་གསུམ་སྟེ། གཉིས་ཀ་དང་། ཤེས་བཞིན་དང་། དྲན་པ་མ་བསྲུངས་བའི་ཉེས་པའོ། །དང་པོ་ནི། དཔེར་ན་ནད་ཀྱིས་དཀྲུགས་པའི་མི་དག་ནི་འགྲོ་འོང་ལ་སོགས་པའི་ལས་རྣམས་ཀུན་ལ་མཐུ་མེད་པ་དེ་བཞིན་དུ་བླང་དོར་ལ་རྨོངས་པས་སེམས་དཀྲུགས་པ་དགེ་བའི་ལས་རྣམས་ཀུན་ལ་མཐུ་མེད་དོ། །འདི་རྣམ་བཤད་ལས་ཤེས་བཞིན་མེད་པའི་དང་། འགྲེལ་ཆེན་ལས་གཉིས་ཀ་མེད་པའི་ཉེས་པར་འཆད་དོ། །གཉིས་པ་ལ་གཉིས་ལས། ཤེས་རབ་ཆུད་ཟ་བ་ནི། ཤེས་བཞིན་མེད་པའི་སེམས་ལྡན་པའི་ཐོས་དང་བསམ་དང་སྒོམ་པའི་ཤེས་རབ་ཀྱང་དཔེར་ན་གློ་རྡོལ་བའི་བུམ་པར་ཆུ་བླུགས་ཀྱང་མི་ཆགས་པ་བཞིན་དུ་དེ་དག་གི་རྟོགས་པའི་དོན་ནི་དྲན་པ་ལ་མི་གནས་ཏེ་བརྗེད་པར་འགྱུར་ཞེས་རྣམ་བཤད་ལས་སོ། །དགེ་ལྷ་གསལ་པོར་མི་མྱོང་ཟེར་རོ། །ཚུལ་ཁྲིམས་ཆུད་ཟ་བ་ནི། མང་དུ་ཐོས་པ་དང་ལྡན་པ་དང་དད་པ་ཅན་དང་ནི་བརྩོན་པ་ལྷུར་ལེན་ཏེ་བསླབ་པ་ལ་གུས་པར་བྱེད་པ་དུ་མ་ཡང་རང་གི་སྤྱོད་པ་ལ་སོ་སོར་རྟོག་པའི་ཤེས་བཞིན་མེད་པའི་སྐྱོན་ཆགས་པས་ལྟུང་བའི་རྙོག་དང་བཅས་པར་འགྱུར་རོ་ཞེས་པའོ། །གསུམ་པ་ནི། ཤེས་བཞིན་མེད་པའི་ཉོན་མོངས་པའི་ཆོམ་རྐུན་དག་དྲན་པ་ཉམས་པའི་རྗེས་སུ་འབྲངས་ནས་བསོད་ནམས་དག་ནི་ཉེར་བསགས་ཀྱང་དེ་དག་རྐུན་པོས་ཕྲོགས་པ་བཞིན་དུ་ཟད་པར་བྱས་ནས་ངན་འགྲོར་འགྲོ་བར་འགྱུར་རོ། །ཉོན་མོངས་ཆོམ་རྐུན་ཚོགས་འདི་དག་འཕེལ་ནས་གནོད་པའི་གླགས་སྐབས་ཚོལ་བར་བྱེད་པ་སྟེ་གླགས་རྙེད་པར་གྱུར་ནས་དགེ་བ་རྣམས་འཕྲོག་ཅིང་བདེ་འགྲོའི་སྲོག་ཐོབ་པ་དག་ཀྱང་འཇོམས་པར་བྱེད་དེ། དགེ་བའི་རྒྱགས་མེད་པའི་ཞེས་འགྲེལ་ཆེན་ལས་སོ། །གསུམ་པ་སྲུང་བའི་ཐབས་ལ་གཉིས་ཏེ། དྲན་པ་དང་། ཤེས་བཞིན་སྲུང་བའི་ཐབས་སོ། །དང་པོ་ལ་གསུམ་སྟེ། སྲུང་ཚུལ་དང་། དེ་སྐྱེ་བའི་རྒྱུ་དང་། བསྲུངས་བའི་འབྲས་བུའོ། །དང་པོ་ནི། དྲན་པ་མ་བསྲུངས་ན་ཉེས་པ་མང་པོ་ཡོད་པ་དེ་བས་ན་དྲན་པ་ཡིད་ཀྱི་ཁྱིམ་གྱི་ནང་དུ་འཇུག་པའི་སྒོ་ནས་གུད་དུ་ནམ་ཡང་མི་བཏང་ངོ། །ཞེས་འགྲེལ་ཆེན་ལས་སོ། །གལ་ཏེ་སོང་ནའང་དེའི་འབྲས་བུ་ངན་སོང་གི་སྡུག་བསྔལ་མཐའ་དག་དྲན་པར་བྱས་ཏེ་སླར་ཉེ་བར་གཞག་པར་བྱའོ། །གཉིས་པ་ནི། བླ་མ་དང་གྲོགས་པོ་དམ་པའི་ཆོས་དང་ལྡན་པ་འགྲོགས་པ་ལས་ཏེ་དེ་དག་དང་མཁན་པོ་སོགས་ཀྱིས་བླང་དོར་གྱི་གནས་ལ་འཇུག་ལྡོག་གི་ཚུལ་རྗེས་སུ་བསྟན་པ་དང་། དེ་ལས་འདས་ན་དེ་དག་གིས་ཁྲེལ་བས་འཇིགས་པས་སྐལ་ལྡན་བསླབ་པ་ལ་གུས་པར་བྱེད་པ་ལ་དྲན་པ་བདེ་བླག་ཉིད་དུ་སྐྱེ་ཞིང་། གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་དུས་ཀུན་ཏུ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་གཟིགས་པའི་སྤྱན་དང་ལྡན་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན་བདག་ནི་རྟག་ཏུ་གནས་ཞེས་དེ་ལྟར་བསམས་ནས་ངོ་ཚ་ཤེས་པ་དང་བསླབ་པ་ལ་གུས་པ་དང་དེ་རྣམས་ཀྱིས་ཁྲེལ་བའི་འཇིགས་པ་དང་ལྡན་པས་དེ་བཞིན་མནོས་ཏེ་དྲན་པ་དང་ལྡན་པར་བྱའོ་ཞེས་པ་སྟེ། སྐྱེས་རབས་ལས། མ་མཐོང་བཞིན་དུ་སྡིག་པ་བྱས་ན་ཡང་། དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གི། རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་པ་ལྟར་རོ། །གསུམ་པ་ནི། དེ་ལྟར་བསམས་པ་དེས་ནི་སངས་རྒྱས་རྗེས་སུ་དྲན་པའང་དེ་ལ་ཡང་དང་ཡང་དུ་འབད་མེད་དུ་འབྱུང་ལ། གང་ཚེ་དྲན་པ་ཡིད་ཀྱི་སྒོ་ནས་ཉོན་མོངས་པ་ལ་འཇུག་པ་བསྲུང་བའི་དོན་དུ་གནས་པར་གྱུར་པ་དེའི་ཚེ་ཤེས་བཞིན་ཡང་འབད་མེད་དུ་འོང་བར་འགྱུར་ཞིང་སོང་བ་སྟེ་སྔར་མེད་པ་དག་ཀྱང་སླར་འོང་བར་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། ཤེས་བཞིན་བྱ་བའི་སྔོན་དུ་བཏང་བ་དང་། ལྷན་གཅིག་འཇུག་པར་བྱ་བ་དང་། ཤེས་བཞིན་བསྲུང་བའི་མཚན་ཉིད་བསྡུས་ཏེ་བསྟན་པའོ། །དང་པོ་ནི། རེ་ཞིག་བྱ་བ་ལ་འཇུག་པའི་དང་པོར་སེམས་ལ་བརྟགས་ནས་ཉོན་མོངས་ཅན་དུ་འདུག་ན་འདི་འདྲའི་སེམས་འདི་ནི་སྐྱོན་དང་བཅས་པའོ། །ཞེས་ཤེས་པར་བྱས་ནས་དེའི་ཚེ་བདག་གིས་ཤིང་བཞིན་དུ་ཟུངས་ཐུབ་པ་སྟེ་ཉོན་མོངས་དེས་མི་གཡོ་བར་གནས་པར་བྱའོ། །གཉིས་པ་ལ་བཞི་སྟེ། སྒོ་གསུམ་གྱི་གནས་སྐབས་ལ་བརྟག་པ་དང་། བརྟགས་ནས་དབང་དུ་བྱ་བ་དང་། དབང་དུ་བྱས་ནས་སེམས་སྦྱང་བའི་སྤྱོད་པ་ལ་བསླབ་པ་དང་། བསླབ་པ་ཕུན་སུམ་ཚོགས་པར་འགྱུར་བའི་ཡན་ལག་གོ། །དང་པོ་ལ་གསུམ་སྟེ། ལུས་ཀྱི་དང་། སེམས་ཀྱི་བྱ་བ་ལ་བརྟག་པ་དང་། བག་ཡངས་ཀྱི་གནས་སྐབས་བསྟན་པའོ། །དང་པོ་ནི། དོན་མེད་པར་གཡེང་བར་བལྟ་བ་ནི་ནམ་ཡང་བདག་གིས་མི་བྱ་སྟེ་བླང་དོར་གྱི་གནས་ལ་ངེས་པར་སེམས་པས་རྟག་ཏུ་ནི་མིག་ཕབ་སྟེ་གཉའ་ཤིང་གང་ཙམ་དུ་བལྟ་བར་བྱའོ། །དེས་ཧ་ཅང་དུབ་ན་ལྟ་བ་ངལ་གསོའི་ཆེད་དུ་ནི་རེས་འགའ་ཕྱོགས་སུ་བལྟ་བར་བྱ་ཞིང་། འགའ་ཞིག་མིག་ལམ་དུ་སྣང་བར་གྱུར་ན་བལྟས་ནས་ཁྱོད་འོངས་པ་ལེགས་སོ་ཞེས་བརྗོད་པར་བྱའོ། །འགྲེལ་པ་དག་ལས། ལེགས་འོངས་དོན་དུ་བལྟ་བར་གྱིས་ཞེས་འབྱུང་ཞིང་དེར་བཤད་དོ། །ལམ་དུ་ཞུགས་པའི་ཚེ་ལམ་ལོག་པར་ཆོམ་རྐུམ་ལ་སོགས་པའི་འཇིགས་པ་བརྟག་པའི་ཕྱོགས་ཅི་རིགས་སུ་དལ་བུས་བརྟགས་ཤིང་། ཡང་དང་ཡང་དུ་སྟེ་མྱུར་དུ་ཕྱོགས་བཞིར་བལྟ་དགོས་པ་ན། རྒོད་པའི་གནོད་པ་སྤང་བའི་ཕྱིར་ངལ་གསོ་སྟེ་བལྟ་ཞིང་དེའི་ཚེ་ཁ་ནི་ཕྱིར་བལྟས་ཏེ་རྒྱབ་ཀྱི་ཕྱོགས་སུ་བལྟ་བར་བྱའོ། །མདུན་དང་རྒྱབ་ཏུ་བརྟགས་ནས་འགྲོ་བའམ་ཡང་ན་འོང་བྱ་སྟེ། དེ་ལྟར་ཕྱོགས་འདིས་མཚོན་ནས་སྤྱོད་ལམ་བཞིའི་གནས་སྐབས་ཐམས་ཅད་དུ་དགོས་པ་ཤེས་ནས་སྤྱད་པར་བྱའོ། །ལུས་ཀྱིས་བྱ་བར་འོས་པའི་བྱ་བ་ལ་འདི་ལྟར་གནས་པར་བྱའོ་ཞེས་སེམས་པའི་བྱ་བ་རྟོགས་ཤིང་ངེས་པའམ་བསྡོགས་ནས་དེ་ནས་བྱ་བ་བྱེད་པའི་སྐབས་ལུས་འདི་ལྟ་བུར་ཏེ་སྔར་བསམས་པ་བཞིན་གནས་པ་ཡིན་མ་ཡིན་བལྟ་བར་བྱའོ། །གཉིས་པ་ནི། སེམས་ཀྱི་གླང་ཆེན་མྱོས་པ་འདི་བདག་གཞན་ལ་ཕན་པར་འགྱུར་བའི་ཆོས་ལ་སེམས་པའི་ཀ་ཆེན་ལ་ཇི་ལྟར་བཏགས་པ་ལོག་པའི་ལམ་དུ་མི་འཆོར་བ་དེ་ལྟར་འབད་པ་ཀུན་གྱིས་བརྟག་པར་བྱའོ། །རྟོག་ཚུལ་ནི། ཅི་ནས་ཀྱང་དགེ་བའི་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྩོན་པ་ནི་ལོག་པའི་ཡུལ་ལ་སྐད་ཅིག་གཅིག་ཀྱང་མི་འཆོར་བར་བྱས་ཏེ། བདག་གི་ཡིད་འདི་མི་དགེའི་ཡུལ་གར་སྤྱོད་ཅེས་དེ་ལྟར་ཡིད་ལ་སོ་སོར་བརྟག་གོ། །གསུམ་པ་ནི། སྲོག་ལ་གནོད་པ་ལ་སོགས་པའི་འཇིགས་པ་དང་། དཀོན་མཆོག་མཆོད་པ་ལ་སོགས་པའི་དགའ་སྟོན་དང་། དེ་བས་དོན་ཆེ་བའི་སེམས་ཅན་ཀྱི་དོན་ལ་སོགས་པ་དང་འབྲེལ་བར་གྱུར་པ་ན། གལ་ཏེ་ཤིན་ཏུ་བསྡམས་པའི་སྤྱོད་ལམ་དེ་ལྟ་བུར་མི་ནུས་ནའང་དེ་དག་དང་མཐུན་པའི་སྤྱོད་ལམ་ཅི་བདེར་བྱ་བར་གནང་སྟེ། འདི་ལྟར་སྦྱིན་པའི་དུས་དག་ཏུ་ཚུལ་ཁྲིམས་འགའ་ཞིག་བཏང་སྙོམས་སུ་གཞག་པར་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། སྦྱིན་པའི་དུས་སུ་ཚུལ་ཁྲིམས་བསྡུས་ཏེ་བཏང་སྙོམས་སུ་བྱའོ་ཞེས་གསུངས་པས་སོ། །དེའི་དོན་ཡང་དཔེར་ན། གསད་བྱའི་སེམས་ཅན་ལ་མི་འཇིགས་པ་སྦྱིན་པའི་ཕྱིར་དུ་དེ་མཐོང་བཞིན་དུ་མ་མཐོང་ཞེས་བརྫུན་དུ་སྨྲ་བ་ལྟ་བུ་ཡིན་པར་རྣམ་བཤད་ལས་སོ། །དགེ་བ་སྟོབས་མཉམ་རྣམས་ནི་གང་ཞིག་བསམས་ཏེ་ཐོག་མར་བྱ་བ་བརྩམས་པ་དེ་ལས་གཞན་དུ་སྟེ་དོར་ནས་གཞན་མི་བྱ་སྟེ། དེར་གཏད་པའི་བསམ་པ་ཡིས་དེ་ཉིད་རེ་ཞིག་བསྒྲུབ་པར་བྱ་ཞིང་། དེ་ཟིན་ནས་གཞན་བྱ་སྟེ་དེ་ལྟ་ན་ནི་སྔ་ཕྱི་ཀུན་ལེགས་པར་བྱས་པར་འགྱུར་གྱི་གཞན་དུ་ན་སྔ་ཕྱི་གཉིས་ཀ་མཐར་ཕྱིན་པར་མི་འགྱུར་རོ། །དགེ་བ་རིམ་པར་སྒྲུབ་པ་དེ་ལྟ་ན་ནི་ཤེས་བཞིན་མ་ཡིན་པའི་ཉེ་བའི་ཉོན་མོངས་པ་འཕེལ་བར་མི་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། བྱ་མིན་ལྡོག་པ་དང་། བྱ་བ་ལ་འཇུག་པ་དང་། དེ་ལྟར་མི་བྱེད་པའི་གཉེན་པོ་སྒོམ་པའོ། །དང་པོ་ལ་གསུམ་སྟེ། རྣམ་གཡེང་ལ་ཆགས་པ་དང་། དོན་མེད་ཀྱི་བྱ་བ་དང་། ཉོན་མོངས་ཀྱིས་བསླངས་པའི་བྱ་བ་སྤོང་བའོ། །དང་པོ་ནི། བྲེ་མོའི་གཏམ་འབྲེལ་མེད་སྣ་ཚོགས་དང་། མིག་འཕྲུལ་བ་ལ་སོགས་པ་ངོ་མཚར་ཅན་ལྟད་མོ་རྣམ་པ་མང་པོ་ཀུན་ལ་འཇུག་པར་གྱུར་པ་ན་དེ་རྣམས་ལ་ཆགས་པ་སྤང་བར་བྱའོ། །གཉིས་པ་ནི། དོན་མེད་པར་ས་རྐོ་བ་དང་རྩྭ་གཅོད་པ་དང་ས་རིས་འདྲི་བ་ལ་སོགས་པ་བྱེད་པར་གྱུར་ན་བདེ་བར་གཤེགས་པས་དེ་དག་མི་བྱ་བའི་བསླབ་པ་བཅས་པ་རྣམས་དྲན་པར་བྱས་ནས་དེ་ལས་འདས་པའི་ཉེས་པས་སྐྲག་པས་དེའི་མོད་ལ་དོར་བར་བྱའོ། །གསུམ་པ་ལ་གསུམ་ལས། མདོར་བསྟན་ནི། གང་ཚེ་ལུས་བསྐྱོད་པར་གྱུར་ཏམ་ངག་སྨྲ་བར་འདོད་པར་གྱུར་ན་ཡང་དང་པོར་དེ་དག་གི་ཀུན་སློང་རང་གི་སེམས་ལ་བརྟགས་ནས་ཉོན་མོངས་ཀྱི་དབང་དུ་མི་འགྱུར་བ་བརྟེན་པས་རིགས་པ་སྟེ་དགེ་བ་དང་ལྡན་པར་བྱའོ། །རྒྱས་པར་བཤད་པ་ནི། གང་ཚེ་རང་ཡིད་ཆགས་པ་དང་ཁྲོ་བར་མཐོང་བ་དེའི་ཚེ་དེས་བསླངས་པའི་ལས་མི་དགེ་བར་འགྱུར་བ་ལུས་ཀྱི་ལས་སུ་མི་བྱ་ངག་སྨྲ་བར་མི་བྱ་ཡི། ཆོས་ཐམས་ཅད་བྱེད་པ་མེད་པར་ཤེས་པས་ཤིང་བཞིན་དུ་བྱེད་པ་མེད་པར་གནས་པར་བྱའོ། །རྒོད་པ་སྟེ་སེམས་ཧ་ཅང་གཡེངས་བ་དང་། གཞར་བཅས་པ་སྟེ་ངག་གིས་མཐོ་འཚམས་པ་དང་། གལ་ཏེ་ང་རྒྱལ་ཏེ་སེམས་ཁེངས་པ་དང་། རྒྱགས་པ་སྟེ་རང་གི་འབྱོར་པ་ལ་ལྷག་པར་ཆགས་ཤིང་དགའ་བ་དང་ལྡན་པའམ། མཚང་འདྲུ་བ་སྟེ་གཞན་གྱི་སྐྱོན་བརྗོད་པའི་བསམ་པ་དང་། གལ་ཏེ་སྐྱོར་འབྱིན་ཏེ་གཡོ་སྒྱུ་དང་གཞན་བསླུ་བར་སེམས་པ་དང་། དགེ་ལྷ་གཉིས་བསྡུས་ནས་གཡོ་སྒྱུར་འཆད་དོ། །གང་ཚེ་བདག་བསྟོད་ལྷུར་ལེན་པའམ་གཞན་ལ་སྨོད་པ་ཉིད་དང་ནི། གཤེ་བཅས་ཏེ་ཚིག་རྩུབ་པོ་བརྗོད་པ་དང་། འགྱེད་དང་བཅས་པ་སྟེ་འཐབ་རྩོད་ཀྱི་རྒྱུ་མཚན་སེམས་པ་དང་བཅས་པར་གྱུར་པ་དེའི་ཚེ་ཤིང་བཞིན་གནས་པར་བྱའོ། །རྙེད་དང་བཀུར་སྟི་དང་གྲགས་པ་འདོད་པའམ། གཡོག་འཁོར་དོན་དུ་གཉེར་བར་འདོད་པའམ། བདག་གི་སེམས་རྐང་པ་བཀྲུ་བ་ལ་སོགས་པའི་རིམ་གྲོ་འདོད་པར་གྱུར་ན་དེའི་ཚེ་ཤིང་བཞིན་གནས་པར་བྱའོ། །གཞན་དོན་ཡལ་བར་འདོར་བ་དང་རང་དོན་གཉེར་བར་འདོད་པ་དག་ཅེས་པའི་མཇུག་ཏུ། འཁོར་ནི་འདོད་པར་འགྱུར་བ་དང་། ཞེས་འགྲེལ་པ་རྣམས་ལས་བྱུང་ཞིང་དེའི་དོན་ཡང་སློབ་མར་འཆད་དོ། །དེ་དག་གིས་བསླངས་པའི་ངག་སྨྲ་བར་འདོད་པའི་སེམས་བྱུང་ན་དེ་ཚེ་ཤིང་བཞིན་གནས་པར་བྱའོ། །མི་བཟོད་པ་ནི་སྲན་མི་ཐུབ་དང་། ལེ་ལོ་དང་། འཇིགས་པ་སྟེ་སྡར་ལངས་པ་དང་། སྤྱི་བརྟོལ་ཏེ་ཕོད་པ་ཅན་དང་། མུ་ཅོར་ཏེ་ཚིག་འཆལ་ཅི་རུང་རུང་སྨྲ་བ་དང་། རང་གི་ཕྱོགས་སུ་གཏོགས་པ་ལ་ལྷག་པར་ཞེན་པའི་སེམས་བྱུང་ན་དེ་ཚེ་ཤིང་བཞིན་གནས་པར་བྱའོ། །དོན་བསྡུ་བ་ནི། དེ་ལྟར་དོན་ལོག་པ་ཀུན་ནས་ཉོན་མོངས་པ་ཅན་དང་། དོན་མེད་པ་ལ་བརྩོན་པའི་ཡིད་བྱུང་མ་བྱུང་བརྟགས་ནས་བྱུང་ན་དེའི་ཚེ་དཔའ་བོ་བྱང་ཆུབ་སེམས་དཔས་གཉེན་པོ་ཡིས་སེམས་དེ་ནི་བདག་གི་ཕྱོགས་སུ་མི་གཡོ་བར་བརྟན་པོར་གཟུང་བར་བྱའོ། །གཉིས་པ་ནི་ཤིན་ཏུ་ངེས་པ་སྟེ་དགེ་བ་ལ་རྟག་པར་དམ་འཆའ་བ་དང་། རབ་དད་དེ་དེའི་ཡོནཏན་མཐོང་ནས་དགའ་བ་དང་། དཀའ་ཡང་མི་ལྡོག་པས་བརྟན་པོ་དང་། གུས་པས་སེམས་འདུད་པ་དང་། ཞེ་སར་ཞེས་པ་ལུས་སོགས་འདུད་པར་རྣམ་སྣང་འཆད་དོ། །ཉེས་སྤྱོད་ལ་འཛེམ་པ་ངོ་ཚ་ཤེས་པ་དང་། ཉེས་པས་འཇིགས་པ་དང་བཅས་པ་དང་། དབང་པོ་བསྡམས་པས་ན་ཞི་ཞིང་སེམས་ཅན་གཞན་དགའ་བར་བྱེད་པ་ལ་བརྩོན་པ་དང་། བྱིས་པའི་འདོད་པ་ཕན་ཚུན་མི་མཐུན་པ་རྣམས་ཀྱིས་མི་སྐྱོ་ཞིང་དེ་དག་གིས་གནོད་པ་བྱེད་པ་ན་ཡང་ཉོན་མོངས་པ་སྐྱེས་པས་འདི་དག་གིས་གནོད་སེམས་འདི་རང་དབང་མེད་པར་བྱུང་ངོ་སྙམ་དུ་བསམས་ནས་དེ་དག་ལ་ལྷག་པར་བརྩེ་བ་དང་ལྡན་པར་བྱ་སྟེ། མདོ་སྡེའི་བརྒྱན་ལས། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱིས། སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ། མི་འདོད་བཞིན་དུ་ལོག་པར་སྒྲུབ་པར་འགྱུར་རོ་ཞེས། སྐྱེ་བོ་ལ་ནི་སྙིང་རྗེ་ལྷག་པར་འཕེལ་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །ཁ་ན་མ་ཐོ་བ་མེད་པའི་དངོས་པོ་ལ་བདག་དང་སེམས་ཅན་གྱི་དོན་གྱི་དབང་དུ་བྱས་ཤིང་འཇུག་པའམ། ཡང་ན་རྣམ་བཤད་ལས་བདག་དང་སེམས་ཅན་གྱི་དབང་དུ་བྱས་ཏེ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལ་གནས་ཞེས་པ་ལྟར་རོ། །དེ་ལྟར་འཇུག་པ་ན་སྤྲུལ་པ་བཞིན་དུ་བྱ་བ་བྱེད་ཀྱང་ང་རྒྱལ་མེད་པར་ཡིད་ནི་རྟག་ཏུ་གཟུང་བར་བྱའོ། །གསུམ་པ་ལ་གཉིས་ཏེ། དལ་འབྱོར་རྙེད་པར་དཀའ་བ་བསམ་པ་དང་། རྙེད་པ་ལ་སྙིང་པོ་བླང་བའོ། །དང་པོ་ནི། རིང་ཞིག་ལོན་ནས་དལ་བའི་མཆོག་ཐོབ་པར་དཀའ་བ་ཐོབ་པ་ཡང་དང་ཡང་དུ་བསམས་ལ། སེམས་འདི་སྔར་བཤད་པ་དེ་ལྟ་བུར་རི་རབ་ལྟར་ཉོན་མོངས་པས་རབ་ཏུ་མི་གཡོ་བར་གཟུང་བར་བྱའོ། །གཉིས་པ་ལ་གཉིས་ཏེ། ལུས་ཀྱི་ངོ་བོ་ལ་ཆགས་བྱའི་སྙིང་པོ་མེད་པ་དང་། དེ་སྙིང་པོའི་ཆེད་དུ་སྦྱང་བྱར་བསྟན་པའོ། །དང་པོ་ནི། ཤེར་འབྱུང་དང་། རྣམ་སྣང་དང་། དགེ་ལྷ་དེ་ལྟར་སེམས་གཟུང་བར་བྱའི། ལུས་ནི་མ་ཡིན་ཏེ་དེ་ནི་རང་དོན་ལ་ཡང་ནུས་པ་མེད་པས་སོ་ཞེས་སྦྲེལ་ནས་རྣམ་བཤད་དུ་ལུས་ཅིའི་ཕྱིར་བསྲུང་ཞེས་དྲིས་ནས། མ་བསྲུངས་ན་དེ་མི་དགའ་བས་སོ་ཞེ་ན། ཤི་བ་ན་བྱ་རྒོད་ཤ་ལ་ཆགས་པ་ཡིས་ཕན་ཚུན་ཀུན་ཏུ་བཤལ་ཁྲིད་བྱས་ཀྱང་ཡིད་ཁྱོད་མི་དགར་མི་བྱེད་ན། ད་ལྟར་ཅིའི་ཕྱིར་ལུས་གཅེས་པར་བཟུང་ནས་དེའི་ཁ་ཏ་བྱེད། ཡིད་ཁྱོད་ལུས་འདི་བདག་གིར་བཟུང་བར་བྱས་ནས་ཅིའི་ཕྱིར་སྲུང་བར་བྱེད། འདི་བདག་ལ་དགོས་པས་སོ་སྙམ་ན་ཡིད་ཁྱོད་དང་ལུས་འདི་གཉིས་སོ་སོ་ཡིན་ན་ལུས་དེས་ཀོ་ཁྱོད་ལ་ཅི་ཞིག་བྱ། ཐ་དད་ཀྱང་བདག་ལ་རྟེན་གཅིག་དགོས་པས་འདིི་འཛིན་སྙམ་ན་རྨོངས་པའི་ཡིད་ཁྱོད་ཅིའི་ཕྱིར་ཤིང་གཟུགས་གཙང་མ་གཟུང་མི་བྱ་སྟེ་གཟུང་བའི་རིགས་ཀྱི། མི་གཙང་ཚོགས་ཀྱི་འཁྲུལ་འཁོར་འདི་རུལ་པ་བསྲུངས་ཏེ་ཅི་ཞིག་བྱ། གལ་ཏེ་གཙང་བ་ལ་སོགས་པའི་སྙིང་པོ་ཡོད་པ་མ་ཡིན་ནམ་ཇི་ལྟར་མི་གཙང་ཞེ་ན། ཐོག་མར་པགས་པའི་རིམ་པ་ནི་རང་གི་བློ་ཡིས་ཤ་ལས་ཐ་དད་དུ་ཕྱེ་སྟེ། ཤ་ཡང་རུས་པའི་དྲྭ་བ་ལས་ཤེས་རབ་མཚོན་གྱིས་གུད་དུ་ཕྱེ་རུས་པ་རྣམས་ཀྱང་དབྱེ་བྱས་ནས་རྐང་གི་བར་དུ་བལྟ་བྱ་ཞིང་། འདི་ལ་གཙང་བ་ལ་སོགས་པའི་སྙིང་པོ་ཅི་ཡོད་ཅེས་བདག་ཉིད་ཀྱིས་ནི་བརྟག་པར་གྱིས། དེ་ལྟར་འབད་དེ་བཙལ་ཡང་ནི་ཁྱོད་ཀྱིས་སྙིང་པོ་མ་མཐོང་ན་ད་དུང་ཅིའི་ཕྱིར་ལུས་ལ་ཆགས་པའི་ཚུལ་གྱིས་ལུས་འདི་སྲུང་བར་བྱེད། འོན་ཏེ་ལོངས་སྤྱོད་དགོས་སོ་ཞེ་ན། ཁྱོད་ཀྱིས་མི་གཙང་བཟར་མི་རུང་ཁྲག་ཀྱང་བཏུང་དུ་མི་རུང་ལ་རྒྱུ་ལྟོའང་གཞིབ་ཏུ་མི་རུང་ན་ལུས་ཀྱིས་ཁྱོད་ལ་ཅི་ཞིག་བྱ། དེས་ན་ཁྱོད་རང་གིས་ལོངས་སྤྱད་དུ་མི་རུང་བས་ཉིས་ན་ཝ་དང་བྱ་རྒོད་ཀྱིས་ཟས་ཀྱི་དོན་དུ་འདི་བསྲུང་རིགས་སོ། །གཉིས་པ་ནི། མི་འོ་ཅོག་གི་ལུས་འདི་ནི་དགེ་བ་ལ་བཀོལ་བར་བྱ་བ་ཉིད་དུ་ཟད། འདི་ལྟར་ཁྱོད་ཀྱིས་བསྲུངས་ཀྱང་ནི་འཆི་བདག་བརྩེ་བ་མེད་པ་ཡིས་ཕྲོག་ཏེ་བྱ་དང་ཁྱི་ལ་བྱིན་ན་དེ་ཚེ་ཁྱོད་ཀྱིས་ཅི་བྱར་ཡོད། དཔེར་ན་བྲན་གཡོག་ལས་ལ་བཀོལ་དུ་མི་བཏུབ་པ་ལ་གོས་ལ་སོགས་པ་མི་སྦྱིན་ན། ལུས་འདི་བསྙོད་དེ་གསོས་ཀྱང་ངེས་པར་གཞན་དུ་འགྲོ་ན་ཁྱོད་ཀོ་ཅི་སྟེ་ཤ་ཐང་གསོ། །འདི་ལ་གླ་རྔན་ཙམ་དུ་ཟས་གོས་ལ་སོགས་པ་ཁ་ན་མ་ཐོ་བ་མེད་པ་བྱིན་ནས་ད་ནི་བྱང་སེམས་རང་གི་དོན་ཏེ་གཞན་དོན་བྱེད་དུ་ཆུག་ཅེས་དགེ་ལྷས་སོ། །གཞན་ལ་ཕན་པའི་དོན་མེད་པར་འདི་ལ་ནི་ཐམས་ཅད་སྦྱིན་པར་མི་བྱའོ། །དེས་ན་གྲུ་ཆུ་ལ་འགྲོ་བ་དང་འོང་བའི་རྟེན་ཡིན་པ་ལྟར་རང་གཞན་འཁོར་བའི་མཚོ་ལས་བརྒལ་བ་ལ་སོགས་པའི་རྟེན་ཙམ་དུ་གྱུར་པས་ལུས་ལ་གྲུ་ཡི་བློ་བཞག་སྟེ་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པའི་ཕྱིར་དུ་ཡིད་བཞིན་གྱི་ནི་ལུས་སུ་སྟེ་རྒྱལ་བའི་སྐུར་བསྒྱུར་བ་སྟེ་དེ་ལ་བརྟེན་ནས་དེ་བསྒྲུབ་པར་བྱའོ། །གསུམ་པ་ལ་གསུམ་སྟེ། སྤྱོད་པའི་རྣམ་གྲངས་ཐམས་ཅད་ལ་ཤེས་བཞིན་དང་ལྡན་པར་བྱ་བ་དང་། སེམས་སྦྱོང་བ་གཙོ་བོར་བསྟན་པ་དང་། སེམས་ཁྱད་པར་དུ་འགྱུར་བའི་སྒྲིབ་པ་སྦྱོང་བའོ། །དང་པོ་ལ་བཞི་སྟེ། སྤྱིར་གནས་སྐབས་ཐམས་ཅད་དུ་བྱ་བའི་སྤྱོད་པ་དང་། ཁྱད་པར་དུ་དགེ་བ་ལ་འཇུག་པའི་སྤྱོད་པ་དང་། འཇིག་རྟེན་པ་མ་དད་པར་འགྱུར་བའི་སྤྱོད་པ་སྤོང་བ་དང་། གཉིད་ཀྱི་ཡུལ་བསྲུང་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། འཕྲལ་གྱི་བྱ་བ་ལ་ཞི་བ་དང་། གཞན་གྱི་རྗེས་སུ་འཇུག་པ་ལ་ངེས་པ་དང་། རང་གི་བྱ་བ་ལ་དགེ་བའི་སྤྱོད་པའོ། །དང་པོ་ནི། དེ་ལྟར་རང་གི་སེམས་ལ་རང་དབང་ཡོད་པར་གྱིས་ཏེ་རྟག་ཏུ་འཛུམ་པའི་བཞིན་དུ་གྱིས་ལ། ཁྲོ་གཉེར་ངོ་ཟུམ་ཡོངས་སུ་ཐོང་སྟེ་འགྲོ་བའི་དོན་སྒྲུབ་པར་བྱེད་པའི་བཤེས་དང་གསོང་པོ་སྟེ་བདེན་པའི་ངག་ཕེབས་པར་སྨྲ་བར་གྱིས། ཁྲི་དང་སྟན་ལ་སོགས་པ་རྣམས་བབ་ཅོལ་ཏེ་མ་བརྟགས་པར་ཤུགས་ཆེན་པོས་སྒྲ་དང་བཅས་པར་མི་དོར་རོ། །སྒོ་ཡང་དྲག་ཏུ་མི་དབྱེ་སྟེ་རྟག་ཏུ་གཅོམ་སྐྱུང་ཞིང་དགའ་བར་འགྱུར་བའི་སྤྱོད་ལམ་བྱ་སྟེ། དཔེར་ན་ཆུ་སྐྱར་དང་བྱི་ལ་དང་ཆོམ་རྐུན་དང་སྒྲ་མེད་པར་འཇབ་ཅིང་འགྲོ་བ་ཡིས་རང་གིས་མངོན་པར་འདོད་པའི་དོན་སྒྲུབ་པ་ལྟར། ཐུབ་པ་སྟེ་བརྟུལ་ཞུགས་ཅན་གྱི་བྱང་ཆུབ་སེམས་དཔས་ཀྱང་རྟག་ཏུ་དེ་བཞིན་དུ་ལུས་ངག་གི་སྤྱོད་ལམ་ཞི་བ་སྤྱད་པར་བྱའོ། །གཉིས་པ་ནི། གཞན་ལ་གཉེན་བསྐུལ་ཏེ་ཉེས་པ་འཆོལ་བ་ལ་སོགས་པའི་གྲོས་འདེབས་པ་ལ་མཁས་ཤིང་མ་བཅོལ་ཡང་ཕན་པར་བྱེད་པའི་སྐྱེས་བུ་དམ་པའི་ངག་གུས་པས་སྤྱི་བོར་བླང་བར་གྱིས་ཏེ། ང་རྒྱལ་མེད་པས་རྟག་ཏུ་ཀུན་གྱི་སློབ་མར་འགྱུར་བ་དང་། ཕྲག་དོག་མེད་པས་ཆོས་ལེགས་པར་སྨྲ་བ་ཐམས་ཅད་ལ་ལེགས་པར་གསུངས་སོ་ཞེས་བརྗོད་པར་བྱ་ཞིང་བསོད་ནམས་བྱེ་བའི་མཐོང་གྱུར་ན་དེ་ལ་སྔོན་དུ་བསྟོད་པས་དེ་ལེགས་པར་དགའ་བ་བསྐྱེད་དོ། །ཁ་གསག་ཏུ་དོགས་པ་ལྡོག་པའི་ཕྱིར་ལྐོག་ནས་ཡོན་ཏན་བརྗོད་པར་བྱ་ཞིང་། གཞན་དག་གཞན་གྱི་ཡོན་ཏན་མངོན་དུ་བརྗོད་ན་དེའི་རྗེས་སུ་བརྗོད་ཅིང་བྱང་སེམས་རང་གི་ཡོན་ཏན་བརྗོད་ན་དེས་བདག་གི་ཡོན་ཏན་དུ་ཤེས་པར་རིགས་པར་བྱ་ཡི་རང་ཁེངས་པར་མི་བྱའོ། །དེ་ལྟར་བྱས་པས་གཞན་གྱི་དགེ་བ་རྩོམ་པ་ཐམས་ཅད་བདག་གི་དགའ་བའི་རྒྱུར་གྱུར་པའི་ཕྱིར་ཏེ། དགའ་བ་དེ་ནི་རིན་གྱིས་ཉོ་ནའང་དཀོན་པ་དེ་ལྟ་བས་ན་གཞན་གྱི་བྱས་པའི་ཡོན་ཏན་གྱིས་བདག་དགའ་བའི་བདེ་བ་སྤྱད་པར་བྱ་སྟེ། དེས་བདག་ལ་ཚེ་འདིར་ལོངས་སྤྱོད་ལ་སོགས་གོད་པར་འགྱུར་བ་ཡོང་མེད་ཅིང་ཕ་རོལ་ཏུ་ཡང་བདེ་བ་ཆེན་པོ་སྐྱེད་པའི་ཕྱིར་རོ། །གཞན་གྱི་ཡོན་ཏན་ལ་སྡང་བའི་ཉེས་པས་ནི་འདིར་མི་དགའ་ཞིང་སྡུག་བསྔལ་བ་དང་། ཕ་རོལ་ཏུ་ཡང་སྡུག་བསྔལ་ཆེ་བར་འགྱུར་རོ། །གསུམ་པ་ནི། སྨྲ་ན་ཡིད་ཕེབས་པ་སྟེ་ཡིད་ཆེས་སུ་རུང་བ་དང་། སྐབས་དང་རིམ་པར་འབྲེལ་བ་དང་། དོན་གསལ་པོར་སྟོན་པ་དང་། ཡིད་དུ་འོང་བ་དང་། ཀུན་སློང་ཆགས་པ་དང་། ཞེ་སྡང་སྤངས་པ་དང་། སྒྲ་འཇམ་ཞིང་མང་ཉུང་རན་པར་སྨྲ་བར་བྱའོ། །མིག་གིས་སེམས་ཅན་ལ་བལྟ་ན་ཡང་འདི་དག་ཉིད་ལ་བརྟེན་ནས་བདག་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་བསམས་ནས་སྐྱོན་མི་ལྟ་བའམ་གྱ་གྱུ་ཅན་མ་ཡིན་པས་ན་དྲང་ཞིང་དེ་ལ་བྱམས་པའི་ཚུལ་གྱིས་བལྟའོ། །གཉིས་པ་ལ་གཉིས་ཏེ། རང་གི་སྒྲུབ་ཚུལ་དང་། གཞན་ལ་ཕན་འདོགས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། བསྒྲུབ་བྱ་དགེ་བ་སྟོབས་ལྡན་བསྟན་པ་དང་། སྒྲུབ་ཚུལ་དང་། མཆོག་དམན་གྱི་བླང་དོར་བསྟན་པའོ། །དང་པོ་ནི། དུས་རྟག་པར་ཏེ་རྒྱུན་ལྡན་དང་། བསམ་པ་མངོན་ཞེན་ཏེ་འདུན་པ་དྲག་པོ་དང་། དེའི་མི་མཐུན་ཕྱོགས་འཇོམས་ནུས་ཀྱི་གཉེན་པོ་ཡིས་ནི་བསླངས་པ་ཉིད་དང་། ཡུལ་ཡོན་ཏན་གྱི་ཞིང་སངས་རྒྱས་སོགས་དང་། ཕན་འདོགས་པའི་ཞིང་ཕ་མ་ལ་སོགས་པ་དང་། སྡུག་བསྔལ་བའི་ཞིང་ནད་པ་ལ་སོགས་པ་ལ་བརྟེན་ནས་དགེ་བ་ཆེན་པོར་འགྱུར་ལ། མི་དགེ་བ་ཡང་དེ་དང་འདྲ་སྟེ། བཤེས་སྦྲིང་ལས། རྟག་ཏུ་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་མཛོད། །ཅེས་གསུངས་སོ། །གཉིས་པ་ནི། དགེ་བ་སྟོབས་ལྡན་ལ་མཁས་ཤིང་དེ་ལ་དགའ་བ་སྟེ་སྤྲོ་བ་དང་ལྡན་པར་བྱས་ནས་རང་གཞན་གྱི་དོན་གྱིས་ལས་རྣམས་བདག་གིས་རྟག་ཏུ་བྱ་ཞིང་ལས་རྣམས་ཀུན་ལ་གཞན་སུ་ལ་ཡང་ལྟོས་དགོས་པར་བྱ་བ་མ་ཡིན་ནོ། །གཞན་དགེ་བ་ལ་མི་སྦྱོར་བར་ཐལ་བའི་ཉེས་པ་ནི་མེད་དེ། དགེ་བའི་གྲོགས་པོ་དགེ་བ་ལ་སྦྱར་དུ་རུང་ན་སྦྱར་བས་སོ། །གསུམ་པ་ནི། སྤྱིར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དྲུག་པོ་གདམ་དགོས་པས་ན་གོང་ནས་གོང་དུ་ཁྱད་ཞུགས་པ་སྟེ། ཕྱི་མ་ཕྱི་མ་མཆོག་ཡིན་པས་དེ་སྤྱད་པར་བྱའོ། །གོང་འོག་གི་རིམ་པ་དེ་ལྟར་ཡིན་ཡང་སྔར་དཔེ་བརྗོད་པ་ལྟར་ཚུལ་ཁྲིམས་ཆུང་ངུའི་ཕྱིར་ནི་སྦྱིན་པ་ཆེན་པོ་མི་གཏོང་ངོ་། །ཆེ་ཆུང་གང་གིས་འཇོག་ཅེ་ན། གཙོ་ཆེར་གཞན་གྱི་དོན་གང་བསམ་ཞིང་གང་ཆ ེ་བ་དེ་ལ་བརྩམ་མོ་ཞེས་རྣམ་བཤད་ལས་སོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། བཤད་མ་ཐག་པའི་ཚུལ་དེ་ལྟར་རིགས་པར་བྱས་ནས་གཞན་དོན་ལ་རྟག་ཏུ་བརྩོན་པར་གནས་པར་བྱ་སྟེ། དེ་ལྟ་ན་ཐུགས་རྗེ་ཆེན་པོ་མངའ་བས་རིང་དུ་གཟིགས་པ་སྟེ། བླང་དོར་གྱི་གནས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱིས་བློ་དམན་པ་རང་དོན་ལ་ཞེན་པ་རྣམས་ལ་བཀག་པ་རྣམས་ཀྱང་དེ་ལ་གནང་སྟེ། གསང་ཆེན་ཐབས་ལ་མཁས་པ་ལས། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་པོ་བསད་པས་བསྐལ་པ་འབུམ་གྱི་འཁོར་བ་བསྙིལ་བར་གསུངས་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། ཟང་ཟིང་དང་། ཆོས་ཀྱི་ཕན་འདོགས་ཚུལ་ལོ། །དང་པོ་ལ་གསུམ་གྱི། ཟས་སྦྱིན་ཚུལ་ནི། བསོད་སྙོམས་ཇི་ལྟར་རྙེད་པ་དེ་ལས་ལོག་པར་ལྟུང་བ་དུད་འགྲོ་དང་ཡི་དྭགས་རྣམས་དང་། མགོན་མེད་པ་སྤྲང་པོ་ལ་སོགས་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་བརྟུལ་ཞུགས་ལ་གནས་པ་ཡོད་ན་དེ་དག་ལ་ཆ་རེ་བགོ་བར་བྱ་ཞིང་། ཆ་བཞི་པ་དེ་བཤེས་སྦྲིང་ལས། ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །ཞེས་པ་ལྟར་བསམ་པས་ལུས་ཧ་ཅང་ཉམས་ཆུང་བ་དང་ལྕི་བར་མི་འགྱུར་བར་རན་པ་ཙམ་དུ་བཟའ་བར་བྱ་སྟེ། གཞན་དུ་ཆགས་སོགས་ཀྱི་སྒོ་ནས་སྤྱོད་ཅིང་དགེ་བ་ལ་མི་བརྩོན་ན། ཟླ་བ་སྒྲོན་མེ་ལས། དེ་དག་ཁ་ཟས་ཞིམ་པོ་བསོད་པ་དག །རྙེད་ནས་རྣལ་འབྱོར་མི་བརྩོན་ཟ་ཞིང་འཐུང་། །དེ་དག་ལ་ནི་ཟས་དེ་གདུག་པར་འགྱུར། །བ་གླང་ཕྲུ་གུས་པད་རྩ་མ་བཀྲུས་བཞིན། །ཞེས་གསུངས་པ་ལྟར་ཉེས་པར་འགྱུར་རོ། །གོས་སོགས་སྦྱིན་ཚུལ་ནི། རང་ཉིད་འཆང་བའི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་ཏེ་ཆོས་གོས་གསུམ་པོ་དེ་མ་གཏོགས་པའི་ཡོ་བྱད་ཡོད་ན་སྦྱིན་པར་བྱེད། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། གལ་ཏེ་ལ་ལ་ཞིག་འོངས་ནས་ལྷུང་བཟེད་དང་ཆོས་གོས་སློང་བ་ན། གལ་ཏེ་དེ་ལ་སངས་རྒྱས་ཀྱིས་གནང་བའི་ཆོས་གོས་གསུམ་ལས་ལྷག་པ་ཞིག་ཡོད་ན་ཇི་ལྟ་བ་བཞིན་དུ་བཏང་ཞིང་སྦྱིན་པར་བྱའོ། །གལ་ཏེ་དེ་ལ་ཆོས་གོས་གསུམ་ལས་ཉུང་བར་གྱུར་ན་གང་ལ་བརྟེན་ནས་ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི་གཏོང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་གོས་གསུམ་གཏོང་བར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ་ཞེས་གསུངས་སོ། །ལུས་སྦྱིན་ཚུལ་ནི། དམ་པའི་ཆོས་ནི་སྤྱོད་པའི་ལུས་ལ་གཞན་ལ་ཕན་པ་ཕྲན་ཚེགས་ཀྱི་ཆེད་དུ་གནོད་པར་མི་བྱའོ། །དེ་ལྟར་ཆོས་སྤྱོད་པའི་ལུས་འདི་བསྲུང་བར་བྱས་ན་རིམ་གྱིས་སེམས་ཅན་གྱི་བསམ་པ་མྱུར་དུ་རྫོགས་པར་འགྱུར་ཏེ། བཞི་བརྒྱ་པ་ལས། ལུས་འདི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་ཆེན་པོ་བྱེད། །ཅེས་གསུངས་སོ། །སྙིང་རྗེའི་བསམ་པ་མ་དག་པར་ཏེ་ལྷག་བསམ་དག་པའི་སར་མ་ཆུད་པར་ལུས་འདི་དངོས་སུ་གཏོང་བར་མི་བྱ་སྟེ། གཞན་ལ་ཕན་པར་མ་ངེས་ཤིང་འགྱོད་པ་དང་སེམས་ལྡོག་པ་དང་དགེ་བའི་བར་ཆད་དུ་འགྱུར་བ་སྲིད་པའི་ཕྱིར་ཏེ། བསླབ་བཏུས་ལས་ཀྱང་། དཔེར་ན་སྨན་ཤིང་ལྗོན་པ་བལྟ་སྡུག་པའི། །རྩ་བ་ལ་སོགས་སྦྱང་འོས་ས་བོན་ནི། །བྱིན་ཡང་དུས་མིན་སྤྱོད་ལས་བསྲུང་བར་བྱ། །རྫོགས་པའི་སངས་རྒྱས་སྨན་ཤིང་དེ་བཞིན་ནོ། །ཞེས་གསུངས་སོ། །འདིར་གཞུང་ཁ་གཅིག་ལས། བསམ་པ་མཉམ་པས་དེ་གཏོང་བྱ། །ཞེས་འབྱུང་ལ། རྣམ་སྣང་འཚོས་དེ་ལ་བཤད་པ་མ་བྱས་སོ། །ལུས་མི་གཏོང་ན་དམ་བཅའ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། ཅི་ནས་ཚེ་འདི་དང་གཞན་དུ་ཡང་གཞན་གྱི་དོན་ཆེན་པོ་སྒྲུབ་པའི་རྒྱུར་གཞན་གྱི་བྲན་དུ་གཏོང་བར་བྱའོ་ཞེས་རྣམ་བཤད་ལས་སོ། །དེ་ནས་བསམ་པ་དག་པ་ན་ཇི་ལྟར་རིགས་པ་གཏོང་བར་བྱའོ། །གཉིས་པ་ནི། བསམ་པ་མ་གུས་པ་ལ་ཆོས་མི་བཤད་ཅིང་། སྤྱོད་ལམ་མི་ན་བཞིན་དུ་མགོ་དཀྲིས་པ་དང་། གདུགས་དང་འཁར་བ་དང་མཚོན་ཆ་ཐོགས་པ་དང་། མགོ་བོ་གཡོགས་པ་དག་ལའང་ཆོས་བཤད་པར་བྱ་བ་མིན་ནོ། །གང་ཟག་དམན་པ་ལ་ཟབ་ཅིང་རྒྱ་ཆེ་བ་དང་སྐྱེས་པ་མེད་པར་བུད་མེད་ལ་དབེན་པར་ཆོས་བཤད་པར་བྱ་བ་མིན། དམན་པ་ཉན་ཐོས་དང་མཆོག་ཐེག་ཆེན་གྱི་ཆོས་ལ་མཚུངས་པར་གུས་པས་ཀུན་ཏུ་སྤྱད་དོ། །གཞན་དུ་ན་ཆོས་སྤངས་པར་འགྱུར་ཏེ། ཆོས་ཐམས་ཅད་རྣམ་པར་འཐག་པ་བསྡུས་པ་ལས། འཇམ་དཔལ་གང་ལ་ལས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས་པར་བྱེད། ལ་ལ་ནི་ངན་པར་འདུ་ཤེས་པར་བྱེད་ན་དེ་ནི་དམ་ཆོས་སྤོང་བའོ། །ཞེས་གསུངས་པ་ལྟར་རོ། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ་དམན་པའི་ཆོས་ལ་སྦྱར་བར་མི་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་དམན་པ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པའོ། །ཞེས་གསུངས་སོ། །སྤྱོད་པ་སྟེ་བསླབ་པའང་ཡོངས་སུ་དོར་བར་མི་བྱ་ཞིང་། དེ་དོར་ནས་མདོ་དང་སྔགས་བཀླགས་པ་ཙམ་གྱིས་ཐར་བར་འགྱུར་རོ་ཞེས་འདྲིད་པར་མི་བྱའོ། །གསུམ་པ་ནི། སོ་ཤིང་དང་ནི་མཆིལ་མ་དག་དོར་བ་ན་ནི་དེ་དག་ས་ལ་སོགས་པས་དགབ་པར་བྱ། གཤང་གཅི་ལ་སོགས་པ་རྣམས་ལོངས་སྤྱད་པར་བྱ་བའི་ཆུ་དང་ཐང་ལ་དོར་བ་སྨད་པ་དང་། ཁ་ཟས་ཀྱིས་ཧ་ཅང་བཀང་བ་དང་། ཅག་ཅག་ལ་སོགས་པའི་སྒྲ་ཆེན་པོ་དང་བཅས་པ་དང་། ཁ་ཧ་ཅང་གདངས་ཏེ་བཟའ་བར་མི་བྱའོ། །རྐང་པ་རབ་ཏུ་བརྐྱངས་ཏེ་མི་འདུག་ཅིང་ལག་པ་གཉིས་ཀ་དུས་མཉམ་དུ་མི་མཉེའོ། །རབ་ཏུ་བྱུང་བའམ་ཁྱིམ་པ་ཡིན་ཡང་རུང་སྟེ་བཞོན་པ་མལ་སྟན་དང་གནས་ཁང་གཅིག་དག་ཏུ་གཞན་གྱི་བུད་མེད་དང་ལྷན་ཅིག་ཏུ་འདུག་པར་མི་བྱ་ཞིང་། རབ་ཏུ་བྱུང་བས་ནི་བུད་མེད་སུ་དང་ཡང་ངོ་། མདོར་ན་འཇིག་རྟེན་མ་དད་པར་གྱུར་པའི་སྤྱོད་པ་ཀུན་རང་གིས་མཐོང་བའམ་མཁས་པ་རྣམས་ལ་དྲིས་ཏེ་སྤང་བར་བྱའོ། །ལམ་སྟོན་པ་ན་ལག་པ་གཡོན་ནམ་སོར་མོ་གཅིག་གིས་བརྡ་ནི་མི་བྱ་སྟེ། གཞན་ཁྱད་དུ་གསོད་པའམ་མ་གུས་པའི་སྤྱོད་པར་འགྱུར་བས་སོ། །དེས་ན་གུས་པ་དང་བཅས་པའི་གཡས་པ་ཡི་ལག་པ་དག་ནི་ཀུན་གྱིས་ཀྱང་ལམ་ཡང་དེ་ལྟར་བསྟན་པར་བྱ་ཞིང་། དོན་ཆུང་ངུ་ཙམ་བརྡ་སྤྲོད་པ་ལ་ལག་པ་ཤས་ཆེར་བསྐྱོད་པས་བྱ་བ་མིན་ཏེ་ཅུང་ཟད་བསྐྱོད་ལ་སྒྲ་བསྒྲགས་པ་དང་སེ་གོལ་གྱི་བརྡ་ལ་སོགས་པ་རྣམས་བྱ་སྟེ། གཞན་དུ་དོན་ཆུང་ངུ་ལ་ལུས་ངག་གི་སྤྱོད་ལམ་དྲག་པོ་བྱས་ན་མ་བསྡམས་པའི་སྤྱོད་པར་འགྱུར་རོ། །དེ་ལྟར་འཇིག་རྟེན་མ་དད་པར་འགྱུར་བ་མ་སྤངས་ན་གཞན་དོན་མི་འགྲུབ་པ་དང་། དོན་མིན་གྱི་རྐྱེན་དུ་འགྱུར་ཏེ། བསླབ་བཏུས་ལས། དེ་ནི་གཟུང་འོས་མ་ཡིན་ན། །འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས། །ཐལ་བས་གཡོགས་པའི་མེ་བཞིན་དུ། །སེམས་ཅན་དམྱལ་ལ་སོགས་པར་བསྲེག །ཅེས་གསུངས་པས་དེ་སྤོང་བ་ལ་འབད་པར་བྱའོ། །བཞི་པ་ནི། སྲོད་ཐུན་རྫོགས་པ་ན་མགོན་པོ་མྱ་ངན་ལས་འདས་པ་བསྟན་པའི་ཚེ་གཟིམས་པ་ལྟར་གློ་གཡས་པ་ཕབ་ནས་རྐང་པས་རྐང་པ་མནན་ལ་ལག་པ་གཡས་འགྲམ་པའི་འོག་གཡོན་བརླའི་སྟེང་ནས་བརྐྱངས་ཏེ། ལུས་ཆོས་གོས་ཀྱིས་ལེགས་པར་གཡོགས་ཏེ་མངོན་པར་འདོད་པའི་ཕྱོགས་སུ་མགོ་བསྟན་ནས་ཉལ་བར་བྱ་ཞིང་། ཤེས་བཞིན་དང་ལྡན་པས་མྱུར་དུ་དགེ་བའི་དོན་དུ་ལྡང་ངོ་སྙམ་པའི་སེམས་ལ་ཉལ་བའི་ཐོག་མ་ཉིད་དུ་སྦྱར་བར་བྱ་སྟེ། དཀོན་མཆོག་སྤྲིན་ལས། དེ་ཉལ་བ་ན་གློ་གཡས་པ་ཕབ་ནས་ཉལ་བར་བྱེད་དེ། རྐང་པའི་སྟེང་དུ་རྐང་པ་བཞག་ལུས་ཆོས་གོས་ཀྱིས་གཡོགས་ནས་དྲན་པ་དང་ཤེས་བཞིན་དང་ལྡན་བཞིན་དུ་ལྡང་བ་དང་སྣང་བའི་འདུ་ཤེས་ཀྱིས་ཉལ་བར་བྱེད་དོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་གི་དབྱེ་བ་ཚད་མེད་པ་ནི་གསུངས་པ་ལས་ཐམས་ཅད་སྒྲུབ་པར་མ་ནུས་ནའང་སེམས་སྦྱང་བའི་སྤྱོད་པ་སྔར་བཤད་པ་དེ་དང་དེ་དག་ངེས་པར་དེ་སྲིད་དུ་སྤྱད་པར་བྱའོ། །གསུམ་པ་ནི། ཉིན་ལན་གསུམ་དང་མཚན་མོ་ལན་གསུམ་དུ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དགེ་བ་བྱང་ཆུབ་ཏུ་བསྔོ་བ་སྟེ་ཕུང་པོ་གསུམ་པ་གདོན་པར་བྱ་ཞིང་། རྒྱལ་བ་སྲས་བཅས་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྟོབས་བཞི་ཚང་བར་འགྱུར་བས་དེས་རྩ་བའི་ལྟུང་བ་སྔར་བཤད་པའི་ལྷག་མ་དེ་ཞི་བར་བྱའོ། །བཞི་པ་ལ་ལྔ་སྟེ། བསླབ་བྱའི་གནས་ལ་འབད་དེ་བསླབ་པ་དང་། ཡུལ་མང་པོ་ལ་བསླབ་པ་དང་། ཆེད་དུ་བྱ་གཞན་དོན་དུ་བསླབ་པ་དང་། སློབ་པའི་གྲོགས་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་། སློབ་ཚུལ་ཤེས་པའི་དོན་དུ་མདོ་སོགས་བལྟ་བའོ། །དང་པོ་ནི། ཆེད་དུ་བྱ་བ་རང་ངམ་གཞན་གྱི་དཔང་ཡང་རུང་སྟེ་གནས་སྐབས་གང་དུ་བྱ་བ་ཅི་སྤྱོད་ཀྱང་རྒྱལ་བས་བསླབ་པར་གསུངས་པ་གང་ཡིན་པའི་གནས་སྐབས་དེ་ལ་འབད་དེ་བསླབ་པར་བྱའོ། །གཉིས་པ་ནི། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི་ཤེས་བྱ་དེ་ནི་གང་ཡང་ཡོད་པ་མིན་ཏེ། གང་རུང་གཅིག་མ་ཤེས་ན་གཞན་དོན་རྫོགས་པར་མི་ནུས་པའི་ཕྱིར་ཏེ། མདོ་སྡེའི་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་སོ། །དེ་ལྟར་བསླབ་བྱ་རྣམས་ལེགས་པར་ཤེས་ཤིང་སློབ་པར་གནས་པའི་མཁས་པ་ལ་བསོད་ནམས་སུ་མི་འགྱུར་བའི་བྱ་བ་གང་ཡང་མེད་དོ། །གསུམ་པ་ནི། དངོས་སམ་ཡང་ན་བརྒྱུད་པས་ཀྱང་རུང་སྟེ་སེམས་ཅན་གྱི་དོན་ལས་གཞན་མི་སྤྱད་ཅིང་སེམས་ཅན་ཁོ་ནའི་དོན་གྱི་ཕྱིར་དུ་དགེ་བ་ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །བཞི་པ་ནི། རྟག་པར་དགེ་བའི་བཤེས་གཉེན་ནི་འདིས་འགྲོ་བས་ན་ཐེག་པ་སྟེ་ཐབས་ཤེས་གཉིས་ཡིན་ལ། མདོ་སྡེའི་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་དེ་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་པ་ལྟར་གྱི་ཆེན་པོ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་སྟེ། དེའི་དོན་ལ་མཁས་པ་དང་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག་སྟེ་སྡོམ་པ་ལ་གནས་པ་དེ་རང་གི་སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །བསྟེན་ཚུལ་ནི། སྡོང་པོ་བཀོད་པར་ཁྱེའུ་དཔལ་འབྱུང་བའི་རྣམ་ཐར་ལས་བླ་མ་བསྟེན་པའི་ཚུལ་ལྟར། ཁུར་ཐམས་ཅད་ཁུར་བས་ཡོངས་སུ་མི་སྐྱོ་བ་ས་ལྟ་བུའི་སེམས་དང་། བསམ་པ་མི་ཕྱེད་པའི་ཕྱིར་རྡོ་རྗེ། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒུལ་བའི་ཕྱིར་ཁོར་ཡུག །ལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སྨད་པས་བྲན། ང་རྒྱལ་དང་ཆེ་བའི་ང་རྒྱལ་སྤོང་བས་ཕྱག་དར་བ། ཁུར་ལྕི་བ་བཀུར་བས་ཐེག་པ། མི་ཁྲོ་བས་ཁྱི། འགྲོ་ཞིང་འོང་བ་ལ་མི་སྐྱོ་བས་གྲུ། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ནི་སྨན་གྱི་འདུས་ཤེས་དང་། ནན་ཏན་ཉམས་སུ་བླང་བ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར་བསླབ་པར་བྱའོ། །ལྔ་པ་ནི། འདི་ཉིད་དུ་ཇི་སྐད་བསྟན་པ་རྣམས་དང་སངས་རྒྱས་ཀྱིས་བཀའ་སྩལ་བའི་བསླབ་པ་གཞན་རྣམས་ཀྱང་མདོ་སྡེ་བཀླགས་ནས་ཤེས་པར་བྱ་སྟེ། མདོ་སྡེ་རྣམས་ལས་བསླབ་པ་རྣམས་སྣང་སྟེ་གསལ་བར་འབྱུང་བའི་ཕྱིར་རོ། །དེ་ལས་ཀྱང་ནམ་མཁའི་སྙིང་པོའི་མདོ་སྡེ་ནི་ཐོག་མ་ཉིད་དུ་བལྟ་བར་བྱ་སྟེ་དེ་ལས་ལྟུང་བ་དང་དེ་བཅོས་ཐབས་བསྟན་ལ། དེ་དག་ནི་ཐོག་མ་ཉིད་དུ་ཤེས་དགོས་པས་སོ། །སློབ་དཔོན་ཉིད་ཀྱིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་ཡང་ངེས་པར་ཏེ་གདོན་མི་ཟ་བར་ཡང་དང་ཡང་དུ་བལྟ་བར་བྱ་སྟེ། རྒྱུ་མཚན་གང་གི་ཕྱིར་ན་བྱང་ཆུབ་སེམས་དཔས་རྟག་ཏུ་སྤྱད་པར་བྱ་བ་ནི་དེ་ལས་རྒྱ་ཆེར་རབ་ཏུ་སྟོན་པས་སོ། །ཡང་ན་རེ་ཞིག་ཚིག་དོན་མདོར་བསྡུས་པའི་མདོ་རྣམས་ཀུན་ལས་བཏུས་པ་སློབ་དཔོན་ཉིད་ཀྱིས་མཛད་པ་དེ་བལྟ་འོ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་བཏུས་དང་མདོ་བཏུས་གཉིས་པོའང་འབད་དེ་བལྟ་བར་བྱ་སྟེ། འདིར་མི་སྣང་བ་དེ་དག་ལས་སྣང་ངོ་སྙམ་དུ་དགོངས་པའོ་ཞེས་འགྲེལ་ཆེན་ལས་སོ། །གང་ལས་བྱ་བ་གང་ནི་མ་བཀག་པ་དེ་ཉིད་སྤྱད་པར་བྱ་བ་སྟེ་འཇིག་རྟེན་གྱི་སེམས་མ་དད་པ་བསྲུང་བའི་ཕྱིར་བསླབ་བཏུས་སོགས་ལས་དེ་ཡོད་པའི་བསླབ་པ་མཐོང་ནས་ཡང་དག་པར་སྤྱད་དོ། །གསུམ་པ་ཤེས་བཞིན་སྲུང་བའི་མཚན་ཉིད་མདོར་བསྡུས་ཏེ་བསྟན་པ་ནི། བླང་དོར་ཤེས་པའི་བློས་རང་གི་ལུས་དང་ངག་དང་སེམས་ཀྱི་གནས་སྐབས་ལ་ཡང་དང་ཡང་དུ་བརྟག་པར་བྱ་བ་འདི་ཉིད་ཁོ་ན་མདོར་ན་ནི་ཤེས་བཞིན་སྲུང་བའི་མཚན་ཉིད་དོ། །གསུམ་པ་དེ་དག་རྒྱུད་ལ་སྦྱར་བ་ལ་འབད་པར་གདམས་པ་ནི། ལུས་དང་སེམས་ཀྱིས་འདི་དག་ལེགས་པར་སྤྱད་པར་བྱའི་ཉམས་སུ་མི་ལེན་པར་ཚིག་ཙམ་བརྗོད་པས་དོན་ཅི་ཞིག་འགྲུབ་སྟེ། དཔེར་ན་སྨན་དཔྱད་བཀླགས་པ་ཙམ་གྱིས་ནི་ནད་པ་དག་ལ་ཕན་པར་འགྱུར་རམ་སྟེ་མི་འགྱུར་བ་བཞིན་ནོ། །དྲན་དང་ཤེས་བཞིན་མིག་གཉིས་མི་ལྡན་ན། །ཐོས་སོགས་ལུས་སྟོབས་ལྡན་ཡང་འཁོར་བ་ཡི། །ས་ཁྱོན་ཆེ་ལས་བརྒལ་བར་མི་ནུས་པས། །དྲན་ཤེས་གཅེས་པར་ཟུངས་ཤིག་ཤེས་ལྡན་དག །ལེའུ་ལྔ་པ་བཤད་ཟིན་ཏོ།། །།བཟོད་པའི་ལེའུ་ལ་གཉིས། བཟོད་པ་སྒོམ་པར་འོས་པ་དང་། ཇི་ལྟར་སྒོམ་པའི་ཐབས་སོ། །དང་པོ་ལ་གཉིས་ཏེ། ཁྲོ་བའི་ཉེས་དམིགས་དང་། བཟོད་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། མ་མཐོང་བའི་འབྲས་བུ་དང་། མཐོང་བའི་འབྲས་བུ་དང་། དེ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། བསྐལ་པ་སྟོང་དུ་བསགས་པའི་སྦྱིན་པ་དང་བདེ་གཤེགས་ལ་སོགས་དཀོན་མཆོག་གསུམ་མཆོད་པ་དང་ལེགས་སྤྱད་དེ་ཚུལ་ཁྲིམས་གང་ཡིན་པ་དེ་དག་ཀུན་ཀྱང་ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད་ཅེས་འགྲེལ་པ་དག་ལས་སོ། །དེ་ཉིད་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པར་བྱེད་པ་སྟེ། ཞེས་གསུངས་སོ། །འདི་ལ་གཞོམ་བྱ་དང་། འཇོམ་བྱེད་དང་། འཇོམས་ཚུལ་གྱི་ཁྱད་པར་གསུམ་ལས། དང་པོ་ནི། སྤྱིར་དགེ་བ་ཐབས་ཤེས་གཉིས་ཀས་མི་ཟིན་པ་བསོད་ནམས་ཆ་མཐུན་གྱི་དང་། བདག་མེད་རྟོགས་པས་ཟིན་པ་ཐར་པ་ཆ་མཐུན་ཙམ་དང་། ཐབས་ཤེས་གཉིས་ཀས་ཟིན་པ་ཐེག་ཆེན་གྱི་དགེ་བ་གསུམ་ཡོད་པ་ལས་དང་པོ་ཡིན་ལ། གཉིས་པ་ནི། ཡུལ་ཁྱད་པར་ཅན་ལ་དམིགས་ནས་ངོ་བོ་དྲག་ཏུ་འཁྲུགས་པ། རྗེས་ཀྱང་འགྱོད་པ་ལ་སོགས་པའི་གཉེན་པོ་དང་བྲལ་བ་ཡིན་ཞིང་། གསུམ་པ་ནི། ས་བོན་རྩ་བ་ནས་འཇོམས་པ་མ་ཡིན་གྱི། སྐྱེས་ནས་མྱོང་འགྱུར་གྱི་ནུས་པ་ཟིལ་གྱིས་མནན་ནས་ལན་གྲངས་གཞན་དུ་མྱོང་འགྱུར་དུ་བསྒྱུར་བ་སྟེ། དེའི་རྒྱུ་མཚན་ཡང་ལྕི་བ་དེའི་འབྲས་བུ་ཐོག་མར་སྨིན་པ། གནས་བརྟན་སྒྲ་གཅན་འཛིན་གྱིས། ལས་ཀྱི་འབྲས་བུ་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔར་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་བཤད་པས་སོ་ཟེར་ཡང་མྱོང་དུས་བསྒྱུར་བ་ནི་ཐར་ཆ་ལ་ཡང་ནུས་པས་གཞོམ་བྱ་མ་ངེས་ཤིང་། འཇོམས་ཚུལ་ཡང་མ་ངེས་ཏེ། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལས། ཉེ་བ་འཁོར་དགེ་བ་རྩ་བ་ཆེན་པོ་ཡང་སྲབ་པ་དང་ཡོངས་སུ་བྱང་བ་དང་ཡོངས་སུ་ཟད་པར་འགྱུར་བ་དེ་ལྟ་བས་ན་མགལ་དུམ་ལ་ཡང་སེམས་ཁྲོ་བར་མི་བྱེད་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་ཅི་ཞིག་སྨོས་ཞེས་གསུངས་པས་སོ། །དེ་ལྟར་ཞེ་སྡང་ལྟ་བུའི་སྡིག་པ་གཞན་མེད་ཅིང་དེའི་གཉེན་པོ་བཟོད་པ་ལྟ་བུའི་དཀའ་ཐུབ་མེད་པ་དེ་བས་ན་བཟོད་པ་ལ་ནན་ཏན་དུ་ཐབས་སྣ་ཚོགས་པའི་ཚུལ་གྱིས་འབད་པར་བྱའོ། །གཉིས་པ་ནི། ཞེ་སྡང་ཟུག་རྔུའི་སེམས་འཆང་ན་ཡིད་ནི་སྡུག་བསྔལ་ཞི་བ་ཚོར་བ་བཏང་སྙོམས་ཉམས་སུ་མི་མྱོང་ཡིད་དགའ་བ་དང་སྒོ་ལྔའི་འཁོར་གྱི་བདེ་བའང་མི་ཐོབ་ལ། གཉིད་མི་འོང་ཞིང་བརྟན་མེད་དེ་ལུས་སེམས་སོ་མི་ཐུབ་པར་འགྱུར་རོ། །བྲན་སོགས་གང་དག་ལ་རྗེ་བོས་ནོར་དང་བཀུར་སྟིའི་དྲིན་བྱིན་ཅིང་རྗེ་བོ་དེ་ལ་བསྟེན་པར་གྱུར་པའི་བྲན་སོགས་དེ་དག་ཀྱང་ནི་ཞེ་སྡང་ལྡན་པའི་རྗེ་དཔོན་དེ་ལ་གསོད་པར་རྒོལ། ཞེ་སྡང་དེ་ཡིས་མཛའ་བཤེས་སྐྱོ་བར་བྱེད། སྦྱིན་པས་སེམས་ཅན་བསྡུས་ཀྱང་ཞེ་སྡང་གི་དབང་གིས་སེམས་ཅན་རྣམས་དེ་དང་བསྟེན་ཅིང་འགྲོགས་པར་མི་བྱེད་དོ། །གསུམ་པ་ནི། མདོར་ན་ཁྲོ་བས་བདེ་བར་གནས་པ་དེ་ནི་འགའ་ཡང་ཡོད་པ་མ་ཡིན་པས། ཁྲོ་བའི་དགྲ་ཡིས་དེ་ལ་སོགས་འདི་དང་གཞན་གྱི་སྡུག་བསྔལ་དག་ནི་བྱེད་པར་འགྱུར་རོ། །གཉིས་པ་ནི། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ་དེ་ནི་འདི་དང་གཞན་དུ་བདེ་ཞེས་པའོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། བསྟན་པ་ལ་གཉིས་ཏེ། སྤང་བྱའི་རྒྱུའི་ཉེས་པ་བསམ་པ་དང་། དེས་ན་དེ་བཟློག་པར་རིགས་པའོ། །དང་པོ་ནི། མི་འདོད་པ་བྱས་པ་དང་། འདོད་པའི་གེགས་བྱས་པ་ལས་བྱུང་བའི་ཡིད་མི་བདེ་བའི་ཟས་རྙེད་ནས་ཞེ་སྡང་གི་ནུས་པ་བརྟས་ཏེ་བདག་ཉིད་འཇོམས་སོ། །གཉིས་པ་ནི། དེ་ལྟ་བས་ན་བདག་གི་དགྲ་བོ་ཞེ་སྡང་འདིའི་ཟས་ཡིད་མི་བདེ་ནི་རྣམ་པར་གཞོམ་པར་བྱ་བར་རིགས་ཏེ། དེའང་རྒྱུ་མཚན་འདི་ལྟར་བདག་ལ་གནོད་པ་ལས་དགྲ་འདི་ལ་ནི་ལས་གཞན་མེད་པས་སོ། །དེས་ན་ཅི་ལ་བབ་ཀྱང་བདག་གིས་ནི་དགའ་བའི་ཡིད་ནི་དཀྲུགས་པ་སྟེ་ཡིད་མི་བདེ་མི་བྱའོ། །མི་དགའ་བ་བྱས་ཀྱང་དེ་ཙམ་གྱིས་འདོད་པ་མི་འགྲུབ་ཅིང་དགེ་བ་དག་ཀྱང་ཉམས་པར་འགྱུར་བས་སོ། །གཞན་ཡང་གལ་ཏེ་དེ་ལ་བཅོས་སུ་ཡོད་ན་ནི་དེ་ལ་མི་དགའ་བ་ཅི་ཞིག་ཡོད་དེ་མེད་ལ། གལ་ཏེ་བཅོས་སུ་མེད་ན་ནི་དེ་ལ་མི་དགའ་བྱས་ཅི་ཕན་ཏེ་མི་ཕན་པས་དེ་བྱ་བར་མི་རིགས་སོ། །རྒྱས་བཤད་ལ་གཉིས་ཏེ། ཁྲོ་བའི་ཡུལ་གྱི་དབྱེ་བ་སྤྱིར་བསྟན་པ་དང་། དེ་ལ་ཁྲོ་བ་དགག་པའོ། །དང་པོ་ནི། བདག་གམ་བདག་གི་བཤེས་རྣམས་ལ་སྡུག་བསྔལ་དང་། བརྙས་པ་སྟེ་མ་རྙེད་པ་དང་། ཚིག་རྩུབ་ཀྱིས་སྨད་པ་དང་། གྲགས་མིན་བརྗོད་པའི་མི་སྙན་པ་ཞེས་བྱ་བ་བཞི་པོ་མི་འདོད་ཅིང་། བཟློག་པ་བཞི་པོ་འདོད་དེ་དགྲ་ལ་དེ་ལས་བཟློག་པས་ན། སྡུག་བསྔལ་སོགས་འདོད་ལ་བདེ་བ་ལ་སོགས་མི་འདོད་པ་བཅུ་གཉིས་བྱས་པ་དང་། འདོད་པ་བཅུ་གཉིས་ཀྱི་གེགས་བྱས་པ་ལས་ཁྲོ་བ་འབྱུང་བ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། མི་འདོད་པ་བྱེད་པ་དང་། འདོད་པའི་གེགས་བྱས་པ་ལ་ཁྲོ་བ་དགག་པའོ། །དང་པོ་ལ་གསུམ་སྟེ། བདག་ལ་ཉེས་པ་བཞི་བྱེད་པ་དང་། བཤེས་ལ་ཉེས་པ་བཞི་བྱེད་པ་དང་། དགྲ་ལ་ལེགས་པ་བཞི་བྱེད་པ་ལ་ཁྲོ་བ་དགག་པའོ། །དང་པོ་ལ་གཉིས་ཏེ། བདག་ལ་སྡུག་བསྔལ་བྱེད་པ་དང་། བརྙས་སོགས་གསུམ་བྱེད་པ་ལ་ཁྲོ་བ་དགག་པའོ། །དང་པོ་ལ་གསུམ་སྟེ། སྡུག་བསྔལ་དང་ལེན་དང་། ཆོས་ལ་ངེས་པར་སེམས་པ་དང་། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །དང་པོ་ལ་བཞི་སྟེ། འཁོར་བའི་རང་བཞིན་དུ་དང་། ངེས་འབྱུང་གི་རྒྱུར་དང་། གོམས་པས་བཟོད་པ་བརྟག་པ་དང་། ཡོན་ཏན་གྱི་རྣམ་པར་ཡིད་ལ་བྱ་བའོ། །དང་པོ་ནི། འཁོར་བ་ན་བདེ་བའི་རྒྱུ་དགེ་བ་ལ་སོགས་པར་རེས་འགའ་ཙམ་འབྱུང་སྟེ་དཀོན་ལ། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ལ་སོགས་པ་ནི་ཤིན་ཏུ་མང་པོ་འབད་མེད་དུ་ཡོད་པས་སྡུག་བསྔལ་འབྱུང་བ་ནི་འཁོར་བའི་རང་བཞིན་ཡིན་པས་བཟོད་པར་བྱའོ། །གཉིས་པ་ནི། སྡུག་བསྔལ་མེད་ན་འཁོར་བ་ལས་སྐྱོ་བ་མི་འབྱུང་བས་དེ་ལས་ངེས་པར་འབྱུང་བ་མེད་པ་དེ་བས་ན་སེམས་ཁྱོད་སྡུག་བསྔལ་དང་དུ་ལེན་པ་ལ་བརྟན་པར་མནོས་ཤིག་པའོ། །གཞན་ཡང་དབང་ཕྱུག་གི་དཀའ་ཐུབ་བཟློག་པའི་ལྷ་མོ་ཨུ་མ་ལ་དད་པ་དག་སྟོན་ཟླ་འབྲིང་པོའི་ཚེས་དགུ་ལ་སོགས་པའི་ཚེས་ཞག་གཅིག་གམ་གསུམ་སྨྱུང་བར་གནས་ནས་རང་གི་ལུས་བསྲེགས་པ་དང་བཅད་པ་ལ་སོགས་དང་། ཡུལ་ཀརྞ་ཊ་བ་རྣམས་འགྲན་པའི་ཕྱིར་ཕན་ཚུན་མཚོན་གྱིས་བསྣུན་པའི་སྡུག་བསྔལ་གྱི་ཚོར་བ་དོན་མེད་པར་ཡང་བཟོད་པར་བྱེད་ན། ཐར་པའི་དོན་དུ་བདག་ཀོ་ཅིའི་ཕྱིར་སྡར་ཞེས་པའོ། །གསུམ་པ་ལས་བསྟན་བཤད་བསྡུ་གསུམ་གྱི། དང་པོ་ནི། གོམས་ན་སླ་བར་མི་འགྱུར་བའི་དངོས་པོ་དེ་ནི་གང་ནའང་ཡོད་པ་མ་ཡིན་ཏེ། དཔེར་ན་གོམས་པའི་དབང་གིས་སེར་སྣ་ཅན་རྣམས་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ཐམས་ཅད་ལ་བདེ་བའི་འདུ་ཤེས་གོམས་པས། མཐར་ཡབ་སྲས་མཇལ་བ་ལས་གསུངས་པའི་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་འགྲེལ་ཆེན་ལས་སོ། །དེ་བས་ན་གནོད་པ་ཆུང་ངུ་ལ་བཟོད་པ་གོམས་པས་ཕྱིས་གནོད་པ་ཆེན་པོའང་བཟོད་པར་འགྱུར་བར་བྱོས་ཤིག །གཉིས་པ་ནི། འགྲེལ་པ་དག་ལས། གོམས་པར་བྱ་བའི་སྡུག་བསྔལ་ཆུང་ངུ་བསྟན་པའི་སྦྲུལ་དང་ཤ་སྦྲང་དག་དང་ནི་བཀྲེས་སྐོམ་ལ་སོགས་ཚོར་བ་དང་གཡན་པ་ལ་སོགས་བཅས་པ་ཡི་དོན་མེད་སྡུག་བསྔལ་ཅིས་མ་མཐོང་ཞེས་པར་སྦྲེལ་ཡང་། དེ་དག་མཐོང་བས་དོན་ཅན་ལ་བཟོད་པར་རིགས་སོ། །ཞེས་པར་རིགས་སོ། །གཞན་ཡང་ཚ་གྲང་ཆར་དང་རླུང་སོགས་དང་ནད་དང་འཆིང་བ་དང་བརྡེག་སོགས་ལ་བདག་གིས་གཟེ་རེ་བཟོད་སྲན་ཆུང་བར་མི་བྱ་སྟེ། དེ་ལྟར་བྱས་ན་གནོད་པ་སྟེ་སྡུག་བསྔལ་འཕེལ་བར་འགྱུར་བས་སོ། །གཞན་ཡང་སྐྱེས་བུ་ལ་ལ་བདག་གི་ཁྲག་མཐོང་ན་དཔའ་བརྟན་ལྷག་པར་སྐྱེ་བར་འགྱུར་བ་ཡོད་ལ། ལ་ལ་གཞན་གྱི་ཁྲག་མཐོང་ནའང་བོག་ཅིང་བརྒྱལ་བར་འགྱུར་བ་ཡོད་དེ། དེ་གཉིས་ནི་རིམ་པ་ལྟར་སེམས་ཀྱི་ངང་བརྟན་པ་དང་། སྡར་མའི་ཚུལ་ལ་གོམས་པའི་སྟོབས་ཀྱིས་དེ་ལྟར་འགྱུར་བ་ཡིན་ནོ། །གསུམ་པ་ནི། དེ་བས་གོམས་པའི་སྟོབས་ཀྱིས་གནོད་པ་ཐམས་ཅད་ཁྱད་དུ་གསོད་ཅིང་སྡུག་བསྔལ་རྣམས་ཀྱིས་མི་ཚུགས་པར་བྱོས་ཤིག །མཁས་པས་སྡུག་བསྔལ་བྱུང་ཡང་ནི་སེམས་ཀྱི་རབ་ཏུ་དང་བ་རྙོག་སྟེ་འཁྲུགས་པར་མི་བྱའོ། །བཞི་པ་ནི། ཉོན་མོངས་རྣམས་དང་གཡུལ་འགྱེད་པ་རྣམས་ལ་གཡུལ་འགྱེད་པའི་ཚེ་ན་གནོད་པ་མང་པོ་འབྱུང་ཡང་གནོད་པའི་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ཞེ་སྡང་སོགས་ཉོན་མོངས་པའི་དགྲ་འཇོམས་པ་དེ་དག་ནི་དགྲ་ལས་རྒྱལ་བར་བྱེད་པའི་དཔའ་བོ་སྟེ། ལྷག་མ་སེམས་ཅན་གསོད་པ་རྣམས་ནི་རོ་གསོད་པ་བཞིན་དོན་མེད་པའོ། །གཞན་ཡང་སྡུག་བསྔལ་གྱི་ཡོན་ཏན་ནི་དེས་སྐྱོ་བས་དྲེགས་པ་སེལ་བར་བྱེད། དེ་དང་ལྡན་པའི་འཁོར་བ་པ་ལ་དེ་དང་འབྲལ་བར་འདོད་པའི་སྙིང་རྗེ་སྐྱེ་ལ། དེའི་རྒྱུ་སྡིག་པ་འཛེམ་ཞིང་དེའི་གཉེན་པོ་དགེ་བ་ལ་དགའ་བར་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། གནོད་བྱེད་ལ་ཁྲོ་བ་བཟློག་པ་དང་། དེ་ལ་མི་རིགས་པ་སྤོང་བ་དང་། སྐབས་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། གནོད་བྱེད་ལ་རང་དབང་མེད་པས་ཁྲོ་བའི་ཡུལ་དུ་མི་རིགས་པ་དང་། རང་དབང་ཡོད་པའི་གནོད་བྱེད་དགག་པ་དང་། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། རང་དབང་དང་། སེམས་པ་མེད་པ་དང་། དོན་བསྡུ་བའོ། །དང་པོ་ནི། དགྲས་བདག་ལ་སྡུག་བསྔལ་བསྐྱེད་པའི་ཕྱིར་དེ་ལ་ཁྲོའོ་སྙམ་ན། མཁྲིས་པ་དང་བད་ཀན་ལ་སོགས་སྡུག་བསྔལ་མང་པོའི་འབྱུང་གནས་ཆེན་པོ་ལའང་མི་ཁྲོ་བར་སེམས་ཡོད་ཀྱི་དགྲ་བོ་ཁོ་ན་ལ་ཅི་སྟེ་ཁྲོ། །མཁྲིས་སོགས་རྐྱེན་གྱིས་རང་དབང་མེད་པར་བྱུང་བས་མི་ཁྲོའོ་སྙམ་ན། གནོད་བྱེད་དེ་དག་ཀུན་ཀྱང་ཉོན་མོངས་པའི་རྐྱེན་གྱིས་སྡུག་བསྔལ་ཞིང་རྐྱེན་ཉོན་མོངས་པ་དེ་ཡང་མི་འདོད་བཞིན་དུ་རྐྱེན་གྱི་སྟོབས་ཀྱིས་ནན་གྱིས་འབྱུང་བར་འགྱུར་ཏེ། དཔེར་ན་མི་འདོད་བཞིན་དུ་ནད་འབྱུང་བ་ལྟར་རོ། །གཉིས་པ་ནི། མཁྲིས་སོགས་ཀྱིས་ནི་གནོད་པར་བྱ་བར་མ་བསམས་ལ། དགྲས་བསམས་པས་ཁྲོའོ་སྙམ་ན། བདག་ཁྲོ་བར་བྱའོ་ཞེས་མ་བསམས་ཀྱང་སྐྱེ་བོ་རྣམས་ནི་རྐྱེན་གྱི་ན་ཙམ་ལས་ཁྲོ་བ་སྐྱེ་ལ། རྐྱེན་དེས་ཀྱང་ཁྲོ་བ་བསྐྱེད་པར་བྱའོ་ཞེས་མ་བསམས་ཀྱང་དེ་ལ་ཁྲོ་བ་དེ་བཞིན་སྐྱེ་བར་འགྱུར་རོ། །གསུམ་པ་ལ། རང་དབང་མེད་པ་དང་། སེམས་པ་མེད་པའི་དོན་བསྡུ་གཉིས་ལས། དང་པོ་ནི། ཉོན་མོངས་པ་ལ་སོགས་པའི་ཉེས་པ་ཇི་སྙེད་ཐམས་ཅད་དང་། དེས་ཀུན་ནས་བསླངས་པའི་སྡིག་པ་རྣམ་པ་སྣ་ཚོགས་པ་དེ་དག་ཀུན་ཀྱང་རྐྱེན་གྱིས་སྟོབས་ལས་བྱུང་གི་རང་དབང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། ཉེས་སོགས་ཀྱི་རྐྱེན་རྣམ་པ་སྣ་ཚོགས་པ་དེ་དག་ཀྱང་འབྲས་བུ་ཉེས་སོགས་དེ་དག་བསྐྱེད་པར་བྱའོ་ཞེས་སེམས་པ་མེད་ལ། དེས་བསྐྱེད་པའི་འབྲས་བུ་དེ་ཡང་བདག་རྐྱེན་འདིས་བསྐྱེད་ཅེས་སེམས་པ་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། གྲངས་ཅན་དང་རིགས་པ་ཅན་ལ་སོགས་བདག་རྐྱེན་ཐམས་ཅད་རང་དབང་མེད་པར་མ་གྲུབ་སྟེ། འོག་ནས་འཆད་པའི་གཙོ་བོ་དང་བདག་ལ་སོགས་པ་རང་དབང་ཅན་གྱིས་དགྲའི་གནོད་སེམས་ལ་སོགས་པ་འབྲས་བུ་རྣམས་བསྐྱེད་དོ་སྙམ་ན། དེ་དགག་པ་ལ་གཉིས་ཏེ། བདག་དང་གཙོ་བོ་ཐུན་མོང་དུ་དང་། བདག་རྟག་པ་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། གཙོ་བོ་ཞེས་བྱར་གང་འདོད་དང་བདག་གཅེས་བཏགས་པ་གང་ཡིན་པ་དེ་ཉིད་ཆོས་ཅན། བདག་ནི་གནོད་པ་ལ་སོགས་པ་བྱ་བའི་ཕྱིར་འབྱུང་བར་བྱའོ་ཞེས་ཆེད་དུ་བསམས་ནས་འབྱུང་བ་མེད་དེ། མ་སྐྱེས་པའི་ཕྱིར། མོ་གཤམ་གྱི་བུ་བཞིན་ནོ། །རྟགས་ནི། དེ་དག་རྟག་པ་རང་དབང་དུ་ཁས་བླངས་བས། སྐྱེས་ནས་མི་རྟག་པ་དང་། རྒྱུ་རྐྱེན་གྱིས་གཞན་དབང་ཅན་དུ་འགྱུར་བས་སོ། །ཁྱབ་པ་ནི། མ་སྐྱེས་པར་ནི་དེ་ཉིད་ཀྱང་མེད་ན་དེའི་ཚེ་གནོད་བྱེད་སོགས་སུ་སྐྱེ་བར་འདོད་པ་གང་སྟེ་དེ་མེད་པས་ཁྱབ་བོ། །གཉིས་པ་ལ་གཉིས་ཏེ། ལོངས་སྤྱོད་བྱེད་དགག་པ་དང་། འབྲས་བུ་སྐྱེད་བྱེད་དགག་པའོ། །དང་པོ་ནི། བདག་དེ་གཙོ་བོས་གཏད་པའི་ཡུལ་ལ་ལོངས་སྤྱོད་བྱེད་དོ་ཞེ་ན། བདག་ཆོས་ཅན། ཡུལ་དགྲ་ལྟ་བུ་གཅིག་འཛིན་པ་དེ་ནམ་ཡང་འགག་པ་སྟེ་མེད་པར་འགྱུར་བ་མ་ཡིན་པར་ཐལ། ཡུལ་དགྲ་ལྟ་བུ་གཅིག་བུ་དེ་ལ་གཡེངས་པར་འགྱུར་བ་སྟེ་དེ་འཛིན་བྱེད་དུ་རྟག་པའི་ཕྱིར། རྟགས་ཁས་བླངས་སོ། །རང་གི་སྒྲས་འཇུག་པར་ཡང་མི་འགྱུར་ཏེ་རྟག་པའི་ཕྱིར། ཞེས་བསྟན་ཏོ། །གཉིས་པ་ནི། འགྲེལ་ཆེན་ལས་རིགས་པ་ཅན་བདག་རྟག་པ་སེམས་པ་མེད་པ་ཞིག་འདོད་པ་འགོག་པར་འཆད་པས་དེ་འདྲའི་བདག་དེ་ཆོས་ཅན། གནོད་སེམས་ཀྱི་དོན་བྱེད་པ་མིན་པར་མངོན་པར་ཐལ། ཅི་སྟེ་རྟག་ན་ནི་རྟག་པའི་ཕྱིར་ནམ་མཁའ་བཞིན་ནོ། །གལ་ཏེ་བདག་རྟག་ཀྱང་རྐྱེན་གཞན་མི་རྟག་པ་རྣམས་དང་ཕྲད་ན་དོན་བྱེད་དོ་ཞེ་ན། དེ་ཡང་མི་འཐད་དེ། རང་བཞིན་འགྱུར་བ་མེད་པ་ལ་རྐྱེན་གྱིས་སྔར་མེད་ཁྱད་པར་ཅི་བྱར་ཡོད་དེ་མེད་པས་སོ། །འདི་ལྟར་རྐྱེན་གཞན་གྱིས་ཕན་པར་བྱེད་པའི་ཚེ་ཡང་བདག་དེ་སྔོན་བཞིན་ལས་མ་འགྱུར་ན་རྐྱེན་གྱི་བྱེད་པས་དེ་ལ་སྔར་མེད་ཀྱི་ཁྱད་པར་ཅི་ཞིག་བྱས་ཏེ་བྱས་པར་མ་གྲུབ་ལ། འགྱུར་ན་རྟག་པ་ཉམས་སོ། །དེ་བས་ན་བདག་དེའི་ཕན་འདོགས་པར་བྱེད་པ་པོ་འདི་ཡིན་ནོ་ཞེས་དེ་གཉིས་ཕན་གདགས་བྱ་འདོགས་བྱེད་དུ་འབྲེལ་བར་འགྱུར་བ་གང་ཞིག་ཡོད་དེ། རྟག་པ་རྐྱེན་གྱིས་ཕན་གདགས་པར་མི་ནུས་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་དངོས་པོ་ཐམས་ཅད་གཞན་གྱི་དབང་གིས་འབྱུང་བ་ཡིན། རྐྱེན་རྣམས་ཀྱང་སྔ་མ་སྔ་མ་དེའི་དབང་གིས་འབྱུང་བས་ན་དེ་དག་རང་དབང་མེད་པ་ཡིན་ཞིང་། སྔ་མའི་མཐར་ཐུག་པ་མེད་པས་རང་དབང་ཅན་གྱི་དངོས་པོ་འགའ་ཡང་མི་སྲིད་པས་དེ་ལྟར་ཤེས་ནས་བདེན་པ་མེད་བཞིན་དུ་སྣང་བ་སྤྲུལ་པ་ལྟ་བུའི་དངོས་པོ་ཀུན་ལ་ཁྲོ་བར་མི་འགྱུར་རོ། །གཉིས་པ་ནི། གལ་ཏེ་སྤྲུལ་པ་ལྟར་ཐམས་ཅད་བདེན་པ་མེད་ན་གང་ཟག་གམ་གཉེན་པོ་གང་གིས་ཁྲོ་བ་གང་ཞིག་བཟློག་པར་བྱ་སྟེ་བཟློག་པའང་རིགས་པ་མིན་ནོ་ཞེ་ན། ཀུན་རྫོབ་ཏུ་ཁྲོ་བ་བཟློག་པ་ལ་བརྟེན་ནས་ཁྲོ་བ་ལ་བརྟེན་པའམ་སྡུག་བསྔལ་རྣམས་རྒྱུན་འཆད་བར་འགྱུར་བར་འདོད་པས་མི་རིགས་པ་མེད་ཅེས་དགེ་ལྷ་དང་རྣམ་བཤད་ལས་སོ། །འགྲེལ་ཆེན་ལས། ཐམས་ཅད་རྐྱེན་ལས་སྐྱེ་ན་ཁྲོ་བ་བཟློག་པར་མི་རིགས་ཞེས་པའི་ལན་དུ་འཆད་དོ། །གསུམ་པ་ནི། དེ་བས་ན་དགྲ་བོའམ་མཛའ་བོ་ཡང་རུང་སྟེ་མི་རིགས་པ་བྱེད་པ་མཐོང་བར་གྱུར་ན་མི་རིགས་པ་འདི་འདྲ་ནི་རང་དབང་མ་ཡིན་གྱི། རྐྱེན་ལས་གྱུར་ཏོ་ཞེས་དེ་ལྟར་སོམས་ཏེ་བདེ་བར་ཏེ་ཡིད་འཁྲུགས་པ་མེད་པར་མནོས་སོ། །གལ་ཏེ་རང་དགས་འདོད་པ་འགྲུབ་པར་འགྱུར་ན་འགའ་ཡང་རང་ལ་སྡུག་བསྔལ་མི་འདོད་པས་ལུས་ཅན་དག་ནི་ཐམས་ཅད་ཀྱང་སུ་ལའང་སྡུག་བསྔལ་འབྱུང་བར་མི་འགྱུར་རོ། །གསུམ་པ་གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ་ལ་གསུམ་སྟེ། གནོད་བྱེད་སྙིང་རྗེའི་ཡུལ་དུ་རིགས་པ་དང་། ཁྲོ་བའི་ཡུལ་དུ་མི་རིགས་པ་དང་། ཁྲོ་བའི་རྒྱུ་མཚན་ཕྱིན་ཅི་ལོག་ཏུ་བསྟན་པའོ། །དང་པོ་ནི། གནོད་བྱེད་དེ་དག་བག་མེད་པ་སྟེ་ཉོན་མོངས་པའི་དབང་གིས་བདག་གི་ལུས་ལའང་བདག་ཉིད་ཀྱི་ཚེར་མ་ལ་སོགས་པས་གནོད་པར་བྱེད་ཅིང་། བུད་མེད་དང་ནོར་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་དུ་ནམ་ཞིག་ཟས་གཅོད་ལ་སོགས་བྱེད། ཁ་ཅིག་འགག་ཅིང་གཡང་སར་མཆོང་བ་དང་དུག་དང་མི་འཕྲོད་པ་ཟ་བ་སོགས་འཕྲལ་དང་། བསོད་ནམས་མ་ཡིན་པ་སྤྱོད་པ་ཡིས་རང་ལ་ཡུན་དུ་གནོད་པར་བྱེད་པ་ཡོད། གང་ཚེ་ཉོན་མོངས་དབང་དུ་གྱུར་པས་ཤིན་ཏུ་སྡུག་པ་བདག་ཉིད་ཀྱང་གསོད་པར་བྱེད་པ་དེའི་ཚེ་དེ་དག་གཞན་གྱི་ལུས་ལ་གནོད་པ་མི་བྱེད་པར་ཇི་ལྟར་འགྱུར། ཉོན་མོངས་སྐྱེས་པས་དེ་ལྟ་བུར་བདག་གསོད་པ་ལ་སོགས་པ་ལ་ཞུགས་པ་དེ་དག་ལ་སྙིང་རྗེ་སྐྱེ་བར་རིགས་ཤིང་། བརྒྱ་ལམ་སྐྱེས་ནའང་དེ་དག་ལ་ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག་སྟེ་མི་རིགས་སོ། །གཉིས་པ་ལ་གཉིས་ཏེ། གནོད་བྱེད་ཀྱི་རང་བཞིན་ལ་བརྟག་པ་དང་། གནོད་པ་རང་གི་ཉེས་པར་བརྟག་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་དང་། གནོད་ཚུལ་ལ་བརྟག་པའོ། །དང་པོ་ནི། གལ་ཏེ་གཞན་ལ་འཚེ་བ་བྱེད་པ་བྱིས་པ་སོ་སྐྱེ་རྣམས་ཀྱི་རང་བཞིན་ཡིན་ན་དེ་ལ་ཁྲོ་བར་མི་རིགས་ཏེ། དེ་ནི་སྲེག་པ་མེ་ཡི་རང་བཞིན་ཡིན་པ་ལ་བཀོན་ཏེ་ཁྲོ་བ་དང་འདྲའོ། །འོན་ཏེ་འཚེ་སོགས་ཀྱི་སྐྱོན་དེ་གློ་བུར་བ་ཡིན་ལ་སེམས་ཅན་ནི་རང་བཞིན་གྱི་ངེས་པ་ཡིན་ནའང་འོ་ནའང་ཁྲོ་བར་མི་རིགས་ཏེ། དེ་ནི་ནམ་མཁའ་རང་བཞིན་གྱིས་སྟོང་པ་ལ་དུད་པ་འཐུལ་བའི་སྐྱོན་གྱིས་བཀོན་པ་བཞིན་དུ་འགྱུར་རོ། །གཉིས་པ་ནི། དགྲ་བོས་དབྱུག་པ་དང་མཚོན་ཆ་ལ་སོགས་པའི་དངོས་པོ་བཀོལ་ཏེ་གནོད་པ་བྱས་པ་ན། དངོས་སུ་གནོད་མཁན་ཡིན་པས་དབྱུག་པ་དེ་ལ་ཁྲོ་བར་རིགས་ལ། གལ་ཏེ་དེ་འཕེན་མཁན་དགྲ་བོ་ཡིན་པས་དེ་ལ་ཁྲོ་ན་དགྲ་དེའང་ཞེ་སྡང་གིས་རྦད་པས་ཉིས་སུ་ན་ཞེ་སྡང་ལ་ཁྲོ་བར་རིགས་སོ། །གཉིས་པ་ལ་གསུམ་སྟེ། སྔོན་གཞན་ལ་གནོད་པ་བྱས་པ་དང་། རང་གི་ལུས་དང་། ལས་ཀྱི་ཉེས་པར་བསྟན་པའོ། །དང་པོ་ནི། བདག་གིས་སྔོན་ཆད་སེམས་ཅན་ལ་ད་ལྟ་རང་ལ་འབྱུང་བ་འདི་འདྲ་ཡི་གནོད་པ་བྱས་ཏེ། དེ་བས་ན་སེམས་ཅན་ལ་འཚེ་བར་བྱེད་པ་བདག་ལ་ལན་དུ་གནོད་པ་འདི་འབྱུང་བར་རིགས་སོ། །གཉིས་པ་ནི། དགྲ་དེའི་མཚོན་ཆ་དང་བདག་གི་ལུས་གཉིས་ཀ་རྨའི་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། དགྲ་དེས་མཚོན་ཕྱུང་བདག་གིས་ལུས་ཕྱུང་སྟེ་བཅད་ན་དེ་གཉིས་ལས་གང་ཞིག་ལ་ནི་ཁྲོ་བར་བྱ་སྟེ་རྒྱུ་མཚན་མཚུངས་པས་སོ། །དེས་ན་མིའི་གཟུགས་ཤུ་བ་འདྲ་བར་རེག་ཏུ་མི་བཟོད་པ་སྡུག་བསྔལ་ཅན་ལུས་ལ་སོགས་པར་སྲེད་པས་ལྡོངས་པ་སྟེ། ཤེས་རབ་ཀྱི་མིག་བཀག་པ་བདག་གིས་བཟུང་བས་གནོད་པ་ཐམས་ཅད་བྱུང་བར་གྱུར་ན་དེ་ལ་གནོད་པར་སུ་ལ་ཁྲོ་སྟེ་གཞན་ལ་ཁྲོ་བར་མི་རིགས་སོ། །གསུམ་པ་ནི། བྱིས་པ་སྡུག་བསྔལ་མི་འདོད་ཅིང་སྡུག་བསྔལ་གྱི་རྒྱུ་ལས་ངན་པ་དང་ལུས་ལ་བརྐམ་པས་ན་རང་གིས་དེ་གཉིས་བྱས་ཤིང་བཟུང་བའི་ཉེས་པས་གནོན་པ་འབྱུང་བར་གྱུར་པ་ལ་གཞན་ལ་བཀོན་དུ་ཅི་ཞིག་ཡོད་དེ་མེད་དོ། །དཔེར་ན་སེམས་ཅན་དམྱལ་བའི་སྲུང་མ་དང་རལ་གྲི་ལོ་མའི་ནགས་ཚལ་ལ་སོགས་པ་དམྱལ་བ་པ་དེ་ཉིད་ཀྱི་ལས་ཀྱིས་བསྐྱེད་པ་ལྟར་རང་གིས་ལས་ཀྱིས་གནོད་པ་འདི་དག་བསྐྱེད་ན་གཞན་གང་ཞིག་ལ་ཁྲོ་བར་བྱ་སྟེ་བྱ་བར་མི་རིགས་སོ། །གསུམ་པ་ནི། བདག་གི་གནོད་པ་མྱོང་འགྱུར་གྱི་ལས་ཀྱིས་བསྐུལ་བྱས་ནས་བདག་ལ་གནོད་བྱེད་རྣམས་བྱུང་སྟེ། དེ་ཡིས་གནོད་བྱེད་དེ་དག་སེམས་ཅན་དམྱལ་བར་འདོང་ན་བདག་གིས་གནོད་བྱེད་དེ་དག་མ་བརླག་གམ་སྟེ་བརླག་པར་བྱས་སོ། །གཞན་ཡང་གནོད་བྱེད་འདི་དག་ཉིད་ལ་རྟེན་བཅས་ནས་བཟོད་པ་བསྒོམས་པས་བདག་གི་སྡིག་པ་མང་དུ་འབྱང་ཞིང་། བདག་ལ་གནོད་པ་བྱས་པ་ལ་བརྟེན་ནས་དེ་དག་ནི་ཡུན་རིང་པོར་སྡུག་བསྔལ་བའི་དམྱལ་བར་འདོང་བར་འགྱུར་བས་བདག་ནི་དགྲ་དེ་ལ་གནོད་བྱེད་ཡིན་ལ། དགྲ་དེ་དག་བདག་ལ་ཕན་འདོགས་བྱེད་ཡིན་ན་ཕྱིན་ཅི་ལོག་ཏུ་ཅིའི་ཕྱིར་མ་རུངས་སེམས་ཁྱོད་ཁྲོ་བར་བྱེད་དེ་བྱེད་པར་མི་རིགས་སོ། །གལ་ཏེ་གཞན་གྱི་སྡིག་རྐྱེན་བྱས་པས་བདག་ཀྱང་དམྱལ་བར་འགྲོའོ་སྙམ་ན། བདག་ལ་བསམ་པའི་ཡོན་ཏན་བཟོད་པ་ཡོད་ན་དམྱལ་བར་མི་འགྲོའོ། །གལ་ཏེ་གནོད་བྱེད་དུ་མཉམ་པས་དམྱལ་བར་འགྲོ་མི་འགྲོའི་ཁྱད་མི་རུང་ངོ་སྙམ་ན། རུང་སྟེ་བདག་གིས་བསམ་པའི་ཡོན་ཏན་གྱིས་བདག་དམྱལ་བ་ལས་བསྲུང་པ་ཡིན་ན་དེ་དག་ལ་འདིར་སྲུང་བྱེད་ཅི་ཞིག་འབྱུང་སྟེ་མ་བྱུང་བས་སོ། །འོ་ན་ཁྱོད་ཀྱིས་བཟོད་པས་ཁྱོད་རང་བསྲུངས་ལ་ཕན་བྱེད་དུ་གྱུར་པའི་དགྲ་བོ་དེ་མ་བསྲུངས་པས་དྲིན་མི་ཤེས་པའམ་སྙིང་རྗེ་མེད་པར་འགྱུར་རོ་སྙམ་ན། བདག་གི་བཟོད་པས་དེ་བསྲུང་བར་མ་ནུས་མོད་ཀྱི། བཟོད་པ་མེད་པར་ཡང་གང་གིས་བསྲུང་། འོན་ཏེ་ལན་དུ་གནོད་པ་བྱས་ན་ནི་དེ་དག་གི་སྡིག་པ་ལྷག་པར་འཕེལ་བས་ན་དེ་དག་བསྲུངས་བར་མ་གྱུར་ལ། བདག་གི་དགེ་སྦྱོང་གི་སྤྱོད་པ་བཞི་ཡང་ཉམས་པར་འགྱུར་དེས་ན་དཀའ་ཐུབ་ཀྱི་མཆོག་བཟོད་པ་ཞིག་པར་འགྱུར་རོ། །གཉིས་པ་བརྙས་སོགས་བྱེད་པ་ལ་ཁྲོ་བ་དགག་པ་ལ་གསུམ་སྟེ། བརྙས་སོགས་ཀྱིས་མི་གནོད་པ་དང་། རྙེད་པའི་བར་ཆད་བྱེད་པས་དང་། གཞན་མ་དད་པར་བྱེད་པས་ཁྲོ་བར་མི་རིགས་པའོ། །དང་པོ་ནི། དགྲས་ཡིད་དམ་ལུས་གང་ལ་གནོད་ནས་ཁྲོ། །དང་པོ་མི་རིགས་ཏེ། ཡིད་ནི་ལུས་ཅན་མ་ཡིན་པས་དེ་ནི་མཚོན་ཆ་ལ་སོགས་པས་སུས་ཀྱང་གང་དུའང་གཞོམ་པར་མི་ནུས་པས་སོ། །འོན་ཏེ་སེམས་དེས་ལུས་ལ་མངོན་པར་ཞེན་པའི་ཕྱིར་ལུས་ནི་སྡུག་བསྔལ་དག་གིས་གནོད་པར་ནུས་པ་ཡིན་ལ། དེ་ལ་གནོད་པས་ལུས་སེམས་གཉིས་ཀ་ལ་གནོད་དེ་ཞེ་ན། འོ་ན་བརྙས་དང་ཚིག་རྩུབ་སྨྲ་བ་དང་མི་སྙན་པ་ཡི་ཚིག་དེ་ཡིས་ལུས་ལ་གནོད་པར་མི་འགྱུར་ན་སེམས་ལ་ལྟ་ཅི་སྨོས་ཏེ། དེ་དག་ལ་སེམས་ཁྱོད་ཅིའི་ཕྱིར་རབ་ཏུ་ཁྲོ། །གལ་ཏེ་བརྙས་སོགས་དེའི་སྟོབས་ཀྱིས་སེམས་ཅན་གཞན་དག་བདག་ལ་མི་དགའ་བར་འགྱུར་བས་སོ་ཞེ་ན། དེས་ནི་ཚེ་འདིའམ་ཚེ་གཞན་ལ་བདག་ལ་ཟ་བར་ཏེ་གནོད་པ་མི་བྱེད་ན་བདག་ནི་ཅིའི་ཕྱིར་མ་དད་པ་དེ་མི་འདོད། གཉིས་པ་ལ་གསུམ་སྟེ། ཁྲོ་བའི་སྡིག་པ་ལྕི་བ་དང་། རྙེད་པ་ལ་སྙིང་པོ་མེད་པ་དང་། སྙིང་པོ་ཡོད་པར་རྟོག་པ་དགག་པའོ། །དང་པོ་ནི། གལ་ཏེ་བརྙས་སོགས་ཀྱིས་གཞན་མ་དད་ནས་རྙེད་པའི་བར་ཆད་བྱེད་པའི་ཕྱིར་འདི་བདག་བརྙས་སོགས་མི་འདོད་དོ་ཞེ་ན། བདག་གིས་རྙེད་པ་དེ་ནི་གྲུབ་ཀྱང་ཚེ་འདིར་འདོར་ཏེ་ཕྱི་མར་རྗེས་སུ་མི་འབྲང་གི་དེའི་དོན་དུ་ཁྲོས་པ་ཡི་སྡིག་པ་དག་ནི་འབྲས་བུ་མ་སྤྱད་བར་དུ་བརྟན་པར་གནས་སོ། །དེས་ན་བདག་ནི་རྙེད་པ་མེད་པར་དེང་ཉིད་དུ་ཤི་ཡང་སླའི་གཞན་ལ་གནོད་པའི་སྒོ་ནས་ལོག་འཚོ་དང་ལྡན་ཞིང་ཡུན་རིང་དུ་གསོན་པ་ནི་མི་རུང་སྟེ། བདག་ལྟ་ཡུན་རིང་གནས་གྱུར་ཀྱང་འཆི་བའི་སྡུག་བསྔལ་དེ་ཉིད་ལས་མ་འདས་པ་ཡིན་ཞིང་། ཤི་ནས་ལོག་འཚོའི་རྣམ་སྨིན་གྱིས་སྡུག་བསྔལ་བར་འགྱུར་བས་སོ། །གཉིས་པ་ནི། འགའ་ཞིག་གིས་རྨི་ལམ་དུ་ལོ་བརྒྱར་བདེ་བ་མྱོང་ནས་གཉིད་སད་པར་གྱུར་པ་གང་ཡིན་པ་དང་། གཞན་ཞིག་རྨི་ལམ་དུ་ཡུད་ཙམ་བདེ་བ་མྱོང་ནས་སད་པར་གྱུར་པ་གང་ཡིན་པའི་སད་པ་དེ་དག་གཉིས་ཀ་ལའང་རྨི་ལམ་གྱི་བདེ་བ་དེ་ནི་སད་པ་ན་ཕྱིར་འོང་བ་མེད་པ་ལྟར་ཚེ་རིང་ཚེ་ཐུང་གཉིས་ཀ་ཡང་འཆི་བའི་དུས་ན་སྔོན་མྱོང་བའི་བདེ་བ་ཕྱིར་མི་འབྱུང་བ་དེ་འདྲར་ཟད་དོ། །གཞན་ཡང་རྙེད་པ་མང་པོ་ཐོབ་གྱུར་ཏེ་ཡུན་རིང་དུས་སུ་བདེ་སྤྱད་ཀྱང་འཆི་བའི་ཚེ་ཆོམ་པོས་ཕྲོགས་པ་ཇི་བཞིན་དུ་དེ་དག་ཅུང་ཟད་ཀྱང་ཕྱི་མར་ཁྱེར་དབང་མེད་པས་སྒྲེན་མོ་ལག་པ་སྟོང་པར་འགྲོ་བས་རྙེད་སོགས་ལ་སྙིང་པོ་མེད་དོ། །གསུམ་པ་ནི། གལ་ཏེ་རྙེད་པས་འཚོ་བའི་མཐུན་རྐྱེན་ཚང་ནས་ཡུན་རིང་པོར་གསོན་པར་གྱུར་ན། ཆོས་ལ་སྤྱོད་པ་ཇི་སྲིད་ཡུན་རིང་འཚོ། །དེ་སྲིད་དགེ་བའི་རྒྱུན་ནི་རབ་ཏུ་འཕེལ། །ཞེས་གསུངས་པ་ལྟར་སྡིག་པ་ཟད་པ་དང་བསོད་ནམས་འཕེལ་བར་བྱ་བས་རྙེད་པ་དོན་ཆེ་བས་དེའི་བར་ཆད་བྱེད་པ་ལ་ཁྲོའོ་ཞེ་ན། རྙེད་པའི་དོན་དུ་དེའི་བར་ཆད་བྱེད་པ་ལ་ཁྲོས་པར་གྱུར་ནས་བསོད་ནམས་ཟད་ཅིང་སྡིག་པ་འཕེལ་བར་མི་འགྱུར་རམ། དེ་བས་ན་གང་གི་དོན་དུ་བདག་གི་གསོན་པའི་དགོས་པ་བསོད་ནམས་དེ་ཉིད་གལ་ཏེ་ཉམས་གྱུར་ན་སྡིག་པ་འབའ་ཞིག་བྱེད་པ་ཡི་གསོན་པ་དེས་ཀོ་ཅི་ཞིག་བྱ་སྟེ་དོན་མེད་དོ། །གསུམ་པ་ནི། གལ་ཏེ་སེམས་ཅན་གཞན་བདག་ལ་དད་པ་ཉམས་པར་བྱེད་པས་མི་སྙན་པ་སྨྲ་བ་ལ་ཁྲོའོ་ཞེ་ན། འོ་ན་གཞན་ལ་མི་སྙན་པ་བརྗོད་པ་ལའང་ཁྱོད་དེ་བཞིན་ཅི་སྟེ་ཁྲོ་བར་མི་བྱེད་དེ། དེ་ལས་གཞན་དད་པ་ཉམས་པར་བྱེད་པས་སོ། །གཞན་ལ་གཞན་དད་མ་དད་ནི་དེ་དག་ཉིད་ཀྱི་ཡོན་ཏན་དང་དད་པ་ཡོད་མེད་ལ་རག་ལས་པས་གཞན་ལ་དད་པ་མེད་པ་ལ་ཁྱོད་བཟོད་པར་བྱེད་ན་འོ་ན་བདག་ལ་མི་སྙན་པ་སྨྲ་བ་ལ་ཡང་ཅིས་མི་བཟོད་དེ། དེ་ཡང་ཉོན་མོངས་པ་སྐྱེས་པ་ལ་རག་ལས་པའི་ཕྱིར། གཉིས་པ་བཤེས་ལ་ཉེས་པ་བྱེད་པ་ལ་ཁྲོ་བ་དགག་པ་ལ་གཉིས་ཏེ། ཡུལ་ལ་གནོད་པ་མེད་པ་དང་། གནོད་པ་ཅན་ལ་ཉེས་པ་བྱེད་པ་ལ་ཁྲོ་བ་དགག་པའོ། །དང་པོ་ནི། སྐུ་གཟུགས་དང་མཆོད་རྟེན་དང་དམ་ཆོས་ལ་འཁྱལ་པ་སྟེ་ཚུལ་དང་མི་མཐུན་པ་སྨྲ་ཞིང་དེ་དག་འཇིག་པར་བྱེད་པ་ལའང་བདག་གི་སྙིང་རྗེས་དེ་བཟློག་པར་བྱའི་ཞེ་སྡང་བྱ་བར་མི་རིགས་ཏེ། ཡུལ་སངས་རྒྱས་ལ་སོགས་པ་ལ་གནོད་པ་ཅུང་ཟད་ཀྱང་མི་མངའ་ཞིང་གནོད་བྱེད་ནི་སྙིང་རྗེའི་གནས་ཡིན་པས་སོ། །གཉིས་པ་ལ་གསུམ་སྟེ། ཆོས་ལ་ངེས་པར་སེམས་པ་དང་། གནོད་པ་ལ་མི་འཇིག་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བསྒོམ་པའོ། །དང་པོ་ནི། བླ་མ་དང་གཉེན་དང་བཤེས་ལ་སོགས་ལ་གནོད་པར་བྱེད་པ་ལའང་སྔ་མ་དེ་ལྟར་ཐམས་ཅད་གཞན་གྱི་དབང་ཞེས་སོགས་ཀྱི་ཚུལ་གྱིས་རྐྱེན་དག་ལས་འགྱུར་བར་མཐོང་ནས་ཁྲོ་བ་བཟློག་པར་བྱའོ། །གཉིས་པ་ལ་གསུམ་སྟེ། དགྲ་ཁྲོ་བའི་ཡུལ་དུ་མི་རིགས་པ་དང་། དེས་ན་དེ་ལ་ཁྲོ་བ་སྤང་བ་དང་། དེའི་ཐབས་སུ་ཆགས་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། སེསམ་མེད་དང་གནོད་པར་མཚུངས་པ་དང་། ཁྲོ་མཁན་དང་ཉེས་པ་མཚུངས་པ་དང་། གནོད་པ་ལས་བྱུང་བས་དགྲ་ལ་ཁྲོ་བར་མི་རིགས་པའོ། །དང་པོ་ནི། ལུས་ཅན་རྣམས་ལ་སེམས་ཡོད་དང་སེམས་མེད་གཉིས་ཀས་གནོད་པ་བྱས་པར་འདྲ་ན། སེམས་ཡོད་ཁོ་ན་ཅི་སྟེ་གུད་དུ་བཀར་ཏེ་བཀོན་དེ་བས་གནོད་པ་བཟོད་པར་གྱིས། གཉིས་པ་ནི། དགྲ་ལ་ལ་རྨོངས་པས་གནོད་པ་བྱས་བདག་ལྟ་ལ་ལ་རྨོངས་ཏེ་དེ་ལ་ཁྲོ་བར་གྱུར་ན། དེ་གཉིས་ལ་སྐྱོན་མེད་གང་གིས་བྱ་སྐྱོན་དང་བཅས་དེ་གང་ཞིག་ཡིན་ཏེ་གཉིས་ཀ་སྐྱོན་དང་བཅས་དེ་གང་ཞིག་ཡིན་ཏེ་གཉིས་ཀ་སྐྱོན་ཅན་དུ་མཚུངས་སོ། །གསུམ་པ་ནི། ལས་གང་གིས་གཞན་དག་བདག་ལ་གནོད་པ་བྱེད་པར་འགྱུར་བའི་ལས་དེ་ཁྱོད་ཀྱི་སྔོན་ཆད་ཅིའི་ཕྱིར་བྱས་དེས་ན་གནོད་པ་ཐམས་ཅད་རང་གི་ལས་ལ་རག་ལས་པ་ཡིན་ན་བདག་གིས་དགྲ་འདི་ལ་ཅི་སྟེ་བཀོན། གཉིས་པ་ནི། གནོད་པ་ལས་ཀྱིས་བསྐྱེད་པ་ལ་སོགས་པ་དེ་ལྟར་མཐོང་ནས་ཅི་ནས་ཀྱང་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་ཁྲོ་བ་སྤང་ཏེ་བྱམས་སེམས་སུ་འགྱུར་བ་དེ་ལྟར་བྱ་བའི་ཕྱིར་བདག་གིས་ནི་བསོད་ནམས་དག་ལ་བསྒྲིམས་ཏེ་འབད་པར་བྱའོ། །གསུམ་པ་ནི། དཔེར་ན་ཁྱིམ་ཚིག་པར་གྱུར་པའི་མེ་དེ་ཁྱིམ་གཞན་ཞིག་ཏུ་སོང་ནས་ནི་རྩྭ་སོགས་གང་ལ་མེ་དེ་མཆེད་པར་བྱེད་པའི་རྩྭ་སོགས་དེ་ནི་ཕྱིར་ཕྱུངས་ཏེ་དོར་བར་རིགས་པ་དེ་བཞིན་འདོད་པའི་དངོས་པོ་གང་ལ་སེམས་ཆགས་ནས་དེའི་གེགས་བྱས་པ་ལ་སོགས་པའི་རྐྱེན་གྱིས་ཞེ་སྡང་གི་མེ་ནི་མཆེད་པར་གྱུར་པས་བསོད་ནམས་ཚིག་པར་དོགས་པ་ཡིས་ཆགས་པ་དེ་ནི་དེའི་མོད་ལ་སྟེ་དེ་མ་ཐག་དོར་བར་བྱའོ། །གསུམ་པ་ནི། དགྲས་སྡུག་བསྔལ་ཆེན་པོ་བསྐྱེད་པས་དེ་ལ་བཟོད་པར་མི་ནུས་སོ་སྙམ་ན། གསད་པར་བྱ་བའི་མི་ཞིག་ལག་པ་བཅད་དེ་གལ་ཏེ་ཐར་ན་ཅིས་མ་ལེགས་ཏེ་ལེགས་པ་ལྟར། གལ་ཏེ་མིའི་སྡུག་བསྔལ་འདི་ཙམ་གྱིས་སམ་དེ་ལ་བཟོད་པར་བྱས་པས་དམྱལ་བ་བྲལ་ན་ཅིས་མ་ལེགས། ད་ལྟའི་སྡུག་བསྔལ་འདི་ཙམ་ལ་ཡང་བདག་གིས་བཟོད་པར་མི་ནུས་ན་དེས་ན་དམྱལ་བའི་སྡུག་བསྔལ་གྱི་རྒྱུ་ཁྲོ་བ་ཅིའི་ཕྱིར་བཟློག་པར་མི་བྱེད་དེ་བྱེད་པར་རིགས་སོ། །འདི་ལྟར་འདོད་པ་ལ་ཞེན་ཏེ་དེ་བསྒྲུབ་པའི་དོན་དུ་ཁྲོས་པས་དམྱལ་བ་སྟོང་ཕྲག་མྱོང་གྱུར་ཅེས་པའམ། འགྲེལ་ཆེན་ལས་ཁྲོས་པའི་དོན་དུ་ཞེས་སོ། །སྡུག་བསྔལ་དེ་ཙམ་མྱོང་ཡང་བདག་གིས་རང་གི་དོན་དང་ནི་གཞན་གྱི་དོན་ཡང་མ་བྱས་སོ། །ད་ལྟའི་སྡུག་བསྔལ་དང་དེ་དང་དུ་ལེན་པ་འདི་ནི་དེ་ཙམ་དུ་གནོད་མིན་ལ་དེ་ལ་བཟོད་པ་བྱས་པས་དོན་ཆེན་དག་ཀྱང་འགྲུབ་འགྱུར་བས། འགྲོ་བ་ཐམས་ཅད་ཀྱི་གནོད་པ་སེལ་བའི་གནོད་པའམ་དེ་དང་དུ་ལེན་པའི་སྡུག་བསྔལ་ལ་དགའ་བ་འབའ་ཞིག་འདིར་བྱ་བར་རིགས་སོ། །གསུམ་པ་དགྲ་ལ་ལེགས་པ་བྱེད་པ་ལ་ཁྲོ་བ་དགག་པ་ལ་གསུམ་སྟེ། བསྟོད་གྲགས་དང་། བདེ་བ་དང་། རྙེད་པ་སྒྲུབ་པ་ལ་ཁྲོ་བ་དགག་པའོ། །དང་པོ་ལ་གསུམ་སྟེ། རང་བདེ་བའི་རྒྱུར་རུང་བས་བླང་བྱར་བསྟན་པ་དང་། གཞན་བདེ་བའི་རྒྱུ་ཡིན་པས་དོར་བྱར་མི་རིགས་པ་དང་། བླང་དོར་ལ་འཁྲུལ་པའི་ཚུལ་བསྟན་པའོ། །དང་པོ་ནི། གལ་ཏེ་གཞན་གྱིས་དགྲ་ཡོན་ཏན་དང་ལྡན་ནོ་ཞེས་བསྟོད་ནས་བསྟོད་མཁན་དེ་གཞན་དེའི་ཡོན་ཏན་ལ་དགའ་བའི་བདེ་བ་ཐོབ་ནས་མི་བཟོད་ན། ཡིད་ཁྱོད་དེ་ལ་མི་བཟོད་པར་མི་རིགས་ཀྱིས་རང་ཉིད་ཀྱང་དགྲ་དེ་བསྟོད་ནས་བསྟོད་མཁན་གཞན་དེ་ལྟར་ཅིའི་ཕྱིར་དགའ་བར་མི་བྱེད་དེ། ཁྱོད་ཀྱིས་གཞན་གྱི་ཡོན་ཏན་ལ་དགའ་བའི་སྒོ་ནས་དེ་བསྟོད་པའི་བདེ་བ་འདི་ནི་བདེ་བའི་འབྱུང་གནས་ཁ་ན་མ་ཐོ་བ་མེད་པ་ཡོན་ཏན་དང་ལྡན་པ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་བྱ་བར་གནང་བ་ཡིན་ཞིང་། ཕྲག་དོག་མེད་པར་ཤེས་ཏེ་དད་པར་འགྱུར་བས་གཞན་སྡུད་པའི་ཐབས་ཀྱི་མཆོག་ཡིན་ནོ། །གཉིས་པ་ནི། གལ་ཏེ་གཞན་བསྟོད་བྱ་དེ་ཡང་དེ་ལྟར་བདེ་བར་འགྱུར་ཞེས་དེའི་རྒྱུ་མཚན་གྱིས་ཁྱོད་གཞན་བསྟོད་པའི་བདེ་བ་མི་འདོད་ན་ལས་བྱེད་པ་ལ་གླ་རྔན་བྱིན་པ་ལ་སོགས་པས་ཀྱང་དེ་བདེ་བར་འགྱུར་བས་དེའང་སྤངས་དགོས་པར་འགྱུར་བའི་ཕྱིར། དེ་ལྟ་ན་མཐོང་བ་ཚེ་འདིར་ལས་བྱེད་པ་ལ་སོགས་དང་། མ་མཐོང་བ་ཕྱི་མར་སྦྱིན་པའི་འབྲས་བུ་མྱོང་བ་ལ་སོགས་པ་ཐམས་ཅད་ཉམས་པར་འགྱུར་རོ། །གསུམ་པ་ནི། རང་གི་ཡོན་ཏན་བརྗོད་པའི་ཚེ་གཞན་ལའང་དེ་བརྗོད་པའི་བདེ་བ་འདོད་པར་བྱེད་ལ་གཞན་གྱི་ཡོན་ཏན་བརྗོད་པའི་ཚེ་རང་ལའང་དེ་བརྗོད་པའི་བདེ་བ་མི་འདོད་པར་བྱེད་པས་འཁྲུལ་པ་ཡིན་ནོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་འདོད་པའི་བསམ་པས་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས་བདག་གིས་གྲོགས་མི་དགོས་པར་སེམས་ཅན་རང་གིས་བདེ་བ་རྙེད་ན་དེས་ཀོ་ཅི་སྟེ་ཁྲོ་བར་བྱེད་དེ་མི་རིགས་སོ། །གསུམ་པ་ལ་གཉིས་ཏེ། རྙེད་སོགས་འབྱུང་བའི་རྒྱུས་གཞན་ལ་ཁྲོ་བར་མི་རིགས་པ་དང་། མ་བྱུང་བའི་རྒྱུས་བདག་ལ་ཁྲོ་བར་རིགས་པའོ། །དང་པོ་ལ་གཉིས་ཏེ། བདག་གི་འདོད་པ་གྲུབ་པས་དང་། བདག་ལ་མི་གནོད་པས་ཁྲོ་བར་མི་རིགས་པའོ། །དང་པོ་ནི། སེམས་ཅན་ཐམས་ཅད་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱིས་མཆོད་པའི་གནས་སངས་རྒྱས་སུ་འགྱུར་བར་འདོད་དོ་ཞེས་ཁས་ལེན་ན། དེ་དག་ལ་བསྙེན་བཀུར་ངན་ངོན་ཙམ་འདུག་པ་མཐོང་ནས་དེ་ལ་ཅིའི་ཕྱིར་གདུང་བར་བྱེད་དེ། དཔེར་ན་གསོ་བྱ་གཉེན་གང་ཞིག་ཁྱོད་ཀྱིས་གསོ་བར་བྱ་བ་ཡིན་པས་ཁྱོད་ཉིད་ཀྱིས་ཟས་ལ་སོགས་པ་སྦྱིན་པར་བྱ་དགོས་པ་དེ་ལ་ཁྱོད་ཀྱིས་སྦྱིན་མ་དགོས་པར་གཉེན་དེ་ཉིད་ཀྱིས་འཚོ་བ་རྙེད་པར་གྱུར་ན་དགའ་བར་མི་འགྱུར་བར་སླར་ཁྲོའམ་ཅི། འཕྲལ་གྱི་རྙེད་བཀུར་དེ་ཙམ་ཡང་ཅི་འགྲོ་བ་ལ་ཡོད་པར་མི་འདོད་ན་འགྲོ་བ་དེ་ལ་བྱང་ཆུབ་འདོད་གང་ཡིན་མི་སྲིད་དོ། །དགེ་ལྷས་དགྲ་ལ་མི་འདོད་ན་ཞེས་བཤད་དོ། །གང་ཞིག་གཞན་གྱི་འབྱོར་པ་ལ་ཁྲོ་བ་དེ་ལ་བྱང་ཆུབ་སེམས་ནི་ག་ལ་ཡོོད་དེ་མེད་དོ། །གཉིས་པ་ནི། གལ་ཏེ་དགྲ་དེས་སྦྱིན་བདག་དེ་ལས་ལོངས་སྤྱོད་རྙེད་དམ་དེས་མ་རྙེད་པར་སྦྱིན་བདག་ཉིད་ཀྱི་ཁྱིམ་དུ་གནས་པར་གྱུར་པ་དེ་གཉིས་ཀ་ཀུན་ཏུའང་དེ་ཁྱོད་ལ་མེད་པར་མཉམ་ན་བྱིན་ནམ་མ་བྱིན་ཡང་རུང་སྟེ། ལོངས་སྤྱོད་དེའམ་དགག་སྒྲུབ་དེས་ཁྱོད་ལ་ཅི་ཞིག་བྱ་སྟེ་དོན་མེད་དོ། །གཉིས་པ་ནི། གལ་ཏེ་དགྲའི་རྙེད་པ་ལ་ཁོང་ཁྲོ་ཞིང་རང་ལ་རྙེད་པ་ལ་ལྷག་པར་འདོད་ན་རང་གི་རྙེད་པ་འབྱུང་བའི་རྒྱུ་སྔོན་གྱི་བསོད་ནམས་དང་། སྦྱིན་བདག་གི་དད་པ་དང་། རང་གི་འཕྲལ་གྱི་ཡོན་ཏན་རྣམས་ཁོང་ཁྲོའི་སྟོབས་ཀྱིས་ཅིའི་ཕྱིར་འདོར། རྙེད་པར་འགྱུར་བ་འབྱུང་བའི་རྒྱུ་དེ་དག་མི་འཛིན་པ་བདག་ཉིད་ལ་རྒྱུ་མཚན་གང་གིས་ཁྲོ་བར་མི་བྱེད་སྨྲོས་ཤིག །གཞན་ཡང་བདག་ལ་རྙེད་པ་མེད་ཕྱིན་ཆད་གཞན་ལ་ཡང་མེད་ན་ལེགས་སོ་སྙམ་ན། ཁྱོད་ནི་རང་གིས་མི་རྙེད་པའི་རྒྱུ་སྡིག་པ་བྱས་པ་ལ་འགྱོད་པ་མེད་པར་མ་ཟད་ཀྱི། རྙེད་པའི་རྒྱུ་བསོད་ནམས་བྱས་པ་གཞན་དག་དང་ལྷན་ཅིག་འགྲན་པར་བྱེད་འདོད་དམ་སྟེ་བྱེད་པར་མི་རིགས་སོ། །བམ་པོ་གཉིས་པ། གཉིས་པ་འདོད་པའི་གེགས་བྱེད་པ་ལ་ཁྲོ་བ་དགག་པ་ལ་གཉིས་ཏེ། དགྲ་ལ་ཉེས་པ་འགྲུབ་པའི་དང་། བདག་དང་བཤེས་ལ་ལེགས་པ་འགྲུབ་པར་གེགས་བྱེད་པ་ལ་ཁྲོ་བ་དགག་པའོ། །དང་པོ་ལ་གཉིས། དགྲའི་ཉེས་པས་བདག་ལ་མི་ཕན་པ་དང་། ཉེས་འདོད་ཀྱི་སེམས་ཀྱིས་གནོད་པའོ། །དང་པོ་ནི། གལ་ཏེ་དགྲ་ཞིག་མི་དགའ་སྟེ་སྡུག་བསྔལ་ནའང་དེ་ལ་ཁྱོད་དགར་ཅི་ཞིག་ཡོད། གལ་ཏེ་ཡོད་དུ་ཆུག་ནའང་ཁྱོད་ཀྱིས་དགྲ་འདུལ་བར་འདོད་པའི་ཡིད་སྨོན་ཙམ་གྱིས་དགྲ་དེ་ལ་གནོད་པའི་རྒྱུར་མི་འགྱུར་བས་དོན་མེད་དོ། །གཉིས་པ་ནི། ཁྱོད་ཀྱི་འདོད་པས་དགྲ་ལ་སྡུག་བསྔལ་དེ་གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད། གལ་ཏེ་དེ་ལྟ་ན་བདག་འཚེངས་པར་འགྱུར་རོ་ཞེ་ན། དེ་ལས་ཕུང་བ་གཞན་ཅི་ཡོད་དེ་ལས་ཀྱི་ཀུན་སློང་ཉོན་མོངས་པའི་ཉ་པས་བཏབ་པའི་གཞན་སྡུག་བསྔལ་བར་འདོད་པའི་མཆིལ་པ་སྟེ་ལྕགས་ཀྱུ་འདི་ནི་མི་བཟད་གཟེབས་དེས་བཟུང་ནས་སེམས་ཅན་དམྱལ་བའི་བུམ་པ་སྟེ་ཟངས་སུ་དམྱལ་སྲུང་རྣམས་ཀྱིས་བདག་འཚེད་པར་ངེས་པས་སོ། །གཉིས་པ་ལ་གཉིས་ཏེ། འཇིག་རྟེན་གྱི་ཆོས་དང་། བསོད་ནམས་ཀྱི་གེགས་བྱེད་པ་ལ་ཁྲོ་བ་དགག་པའོ། །དང་པོ་ལ་གཉིས་ཏེ། བསྟོད་གྲགས་འགོག་པ་གནོད་བྱེད་མ་ཡིན་པ་དང་། ཕན་བྱེད་ཡིན་པར་བལྟ་བའོ། །དང་པོ་ལ་གཉིས་ཏེ། བསྟོད་གྲགས་ལ་ཕན་བདེ་མེད་པ་དང་། དེ་ལ་དགའ་བར་མི་རིགས་པའོ། །དང་པོ་ནི། བསྟོད་དང་གྲགས་པའི་རིམ་གྲོས་ནི་མ་འོངས་པ་ན་ཕན་པའི་བསོད་ནམས་སུ་མི་འགྱུར་ལ། འདིར་བདེ་བའི་རྒྱུ་ཚེར་མི་འགྱུར་བདག་གི་ལུས་ཀྱི་སྟོབས་སུ་མི་འགྱུར་ནད་མེད་པར་འགྱུར་བ་མིན་ལ་ལུས་བདེ་བར་ཡང་མི་འགྱུར་རོ། །བདག་རང་གི་དོན་དུ་འགྱུར་མི་འགྱུར་དཔྱད་ཤེས་པ་ཡིན་ན་འདི་ལ་རང་དོན་ཅི་ཞིག་ཡོད་དེ་མེད་དོ། །དེས་ཡིད་བདེ་ཙམ་བསྐྱེད་དོ་ཞེ་ན། ཡིད་བདེ་འབའ་ཞིག་དོན་དུ་གཉེར་ན་རྒྱན་པོ་འགྱེད་པ་དང་ཆང་དང་བུད་མེད་ལ་སོགས་པ་ཡང་བསྟེན་དགོས་སོ། །དོན་མེད་པ་ཙམ་དུ་མ་ཟད་གཏོང་ཕོད་པར་གྲགས་པའི་དོན་དུ་ནོར་ཟད་པར་གཏོང་ཞིང་དཔའ་བར་གྲགས་པའི་ཕྱིར་གཡུལ་དུ་ཞུགས་ཏེ་བདག་ཉིད་ཀྱང་གསོད་པར་བྱེད་པ་ལ་སོགས་པའི་ཉེས་པ་ཡོད་ན་ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། བདག་ཤི་ན་གྲགས་པ་དེས་ཀོ་སུ་ལ་བདེ། དེས་ན་བྱེ་མའི་ཁང་བུ་རྡིབ་གྱུར་ན་བྱིས་པ་རྣམས་ནི་ག་ཆད་དུ་དེ་བཞིན་དུ་བསྟོད་དང་གྲགས་པ་ཉམས་ན་རང་གི་སེམས་འདི་བྱིས་པ་བཞིན་དུ་མི་དགའ་བར་བྱེད་པ་ནི་མི་རིགས་སོ། །གཉིས་པ་ནི། རེ་ཞིག་བསྟོད་པའི་སྒྲ་ལ་ནི་སེམས་མེད་པས་ན་བདག་ལ་བསྟོད་པ་བྱའོ་སྙམ་པའི་སེམས་ཡོད་མི་སྲིད་པས་དེ་ལ་དགའ་བར་མི་རིགས་ལ། བདག་ལ་གཞན་བསྟོད་མཁན་དེ་དགའོ་ཞེས་གྲགས་པའི་གཞན་གྱིས་དགའ་བ་དེ་ནི་བདག་དགའ་བའི་རྒྱུ་ཡིན་གྲང་ན། གཞན་དགྲའམ་ཡང་ན་བདག་ལ་བསྟོད་པའང་རུང་སྟེ་གཞན་བསྟོད་པ་པོའི་དགའ་བས་བདག་ལ་ཅི་ཞིག་ཕན་ཏེ་དགའ་བ་དེ་ནི་བསྟོད་པ་པོ་དེ་ཉིད་ཀྱི་ཡིན་པས་བདག་གིས་དེ་ལས་ཤས་ཙམ་ཡང་མི་ཐོབ་པའི་ཕྱིར་རོ། །གལ་ཏེ་བདག་ནི་བྱང་ཆུབ་སེམས་དཔའ་ཡིན་པས་བསྟོད་པ་པོ་དེ་བདེ་བས་བདག་བདེའོ་ཞེ་ན། འོ་ན་སེམས་ཅན་ཀུན་བདེ་བ་ལའང་དེ་བཞིན་དུ་དགའ་བར་བྱེད་དགོས་ན། ཇི་ལྟར་གཞན་དགྲ་ལ་དགའ་བ་ཡིས་བདེ་བར་གྱུར་ན་བདག་ཇི་ལྟར་མི་བདེ་སྟེ་བདེ་བར་རིགས་པས་སོ། །དེ་བས་ན་བདག་ནི་གཞན་གྱིས་བསྟོད་དོ་ཞེས་རང་གི་དགའ་བ་སྐྱེ་བར་འགྱུར་བ་དེ་ཡང་དེ་ལྟར་མི་རིགས་པས་དོན་མེད་པ་ལ་དགའ་བ་བྱིས་པའི་སྤྱོད་པ་ཁོ་ནར་ཟད་དོ། །གཉིས་པ་ནི། བསྟོད་གྲགས་ལ་སོགས་པ་རྣམས་ནི་དགེ་བའི་དམིགས་པ་ལས་སེམས་གཡེང་བར་བྱེད་ལ། དེ་ཡིས་འཁོར་བ་ལ་སྐྱོ་བའང་འཇིག་སྟེ་མེད་པར་བྱེད་ཅིང་དེའི་དོན་དུ་ཡོན་ཏན་དང་ལྡན་པ་རྣམས་ལ་ཕྲག་དོག་བྱེད་པ་དང་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཁྲོ་བར་བྱེད་ཅེས་འགྲེལ་ཆེན་དང་རྣམ་བཤད་ལས་སོ། །རྣམ་སྣང་ཡང་གཞན་གྱི་ཕུན་སུམ་ཚོགས་པའང་ཞེ་སྡང་གིས་འཇིག་པར་བྱེད་པའོ། །ཞེས་འཆད་དོ། །དེའི་ཕྱིར་བདག་གི་བསྟོད་སོགས་ནི་གཞིག་པའི་ཕྱིར་གང་དག་ཉེ་བར་གནས་པ་དེ་དག་བདག་ཉེས་པ་དེ་དག་གི་སྟོབས་ཀྱིས་ངན་སོང་དུ་ལྟུང་བ་བསྲུང་བའི་ཕྱིར་ཞུགས་པ་མིན་ནམ་སྟེ་ཡིན་པས་ཁྲོ་བར་མི་རིགས་ལ། གཞན་ཡང་བདག་ནི་འཁོར་བ་ལས་གྲོལ་བ་དོན་དུ་གཉེར་བ་ལ་དེའི་གེགས་སུ་གྱུར་པའི་རྙེད་པ་དང་བཀུར་སྟིས་འཆིང་བར་བྱེད་མི་དགོས་སོ། །གང་དག་དེའི་གེགས་བྱས་ནས་བདག་འཁོར་བར་བཅིངས་བ་འགྲོལ་བར་བྱེད་པ་དེ་ལ་བདག་ནི་ཇི་ལྟར་ཁྲོ། །གཞན་ཡང་བདག་ནི་དེའི་ཉེས་པས་ངན་སོང་གི་ནང་དུ་འཇུག་པར་འདོད་པ་ལ་སངས་རྒྱས་ཀྱིས་ནི་བྱིན་གྱིས་བརླབས་པ་བཞིན་དུ་རྙེད་སོགས་ཀྱི་གེགས་བྱས་པའི་སྒོ་ནས་དེར་མི་གཏོང་བའི་སྒོ་འཕར་ཉིད་དུ་གྱུར་པ་དེ་ལ་བདག་ནི་ཇི་ལྟར་ཁྲོ་སྟེ་ཁྲོ་བར་མི་རིགས་སོ། །གཉིས་པ་ལ་གསུམ་སྟེ། ཁྲོ་བ་ཉིད་བསོད་ནམས་ཀྱི་གེགས་ཡིན་པ་དང་། གནོད་བྱེད་མཐུན་རྐྱེན་ཡིན་པ་དང་། དེས་ན་དེ་ལ་ཁྲོ་བ་བཟློག་སྟེ་གུས་པར་བྱ་བའོ། །དང་པོ་ནི། དགྲ་དེ་ནི་བསོད་ནམས་ཀྱི་གེགས་བྱེད་དོ་ཞེས་བསོད་ནམས་ཀྱི་གེགས་བྱེད་པ་དེ་ལའང་ཁྲོ་བར་མི་རིགས་ཏེ། བཟོད་པ་དང་མཚུངས་པའི་བསོད་ནམས་ཀྱི་དཀའ་ཐུབ་ཡོད་པ་མིན་ན་བདག་ནི་དེ་ལ་མི་གནས་སམ་སྟེ་གནས་པར་རིགས་ལ་དེ་དགྲ་ལ་བརྟེན་པའི་ཕྱིར་རོ། །གལ་ཏེ་བདག་ནི་རང་གི་སྐྱོན་གྱིས་དགྲ་འདི་ལ་བཟོད་པར་མི་བྱེད་ན་བསོད་ནམས་ཀྱི་རྒྱུ་བཟོད་པ་ཉེ་བར་གནས་པ་འདི་བདག་ཉིད་ཀྱིས་གེགས་བྱེད་པར་ཟད་དོ། །གཉིས་པ་ནི། འབྲས་བུ་གང་ཞིག་ཆོས་གང་མེད་ན་མི་འབྱུང་ལ་ཆོས་གང་ཞིག་ཡོད་ན་ཡོད་པར་འགྱུར་བའི་ཆོས་དེ་ཉིད་འབྲས་བུ་དེའི་རྒྱུ་ཡིན་ལ། བཟོད་པ་ཡང་དེའི་རྗེས་སུ་འགྲོ་ལྡོག་བྱེད་ན་ཇི་ལྟར་དགྲ་དེ་ལ་བསོད་ནམས་ཀྱི་གེགས་ཞེས་བྱ་སྟེ་རྒྱུ་ཉིད་ཡིན་པས་སོ། །དཔེར་ན་སྦྱིན་པའི་དུས་སུ་ཕྱིན་པའི་སློང་མོ་བ་སྦྱིན་པའི་རྒྱུ་ཡིན་པས་དེའི་གེགས་བྱས་པ་ཡོད་པ་མ་ཡིན་ཞིང་། རབ་ཏུ་འབྱིན་པར་བྱེད་གྱུར་པའི་མཁན་པོ་ལ་སོགས་པ་རབ་བྱུང་གི་གེགས་ཞེས་བྱ་བར་མི་རུང་བ་བཞིན་ནོ། །གསུམ་པ་ལ་གསུམ་སྟེ། སེམས་ཅན་རང་གི་ཡོན་ཏན་གྱིས་གུས་པར་བྱ་བ་དང་། སངས་རྒྱས་ལ་དད་པས་དེ་ལ་གུས་པར་བྱ་བ་དང་། འབྲས་བུ་ལ་བརྟགས་ནས་གུས་པར་བྱ་བའོ། །དང་པོ་ལ་གཉིས་ཏེ། བདག་གི་བྱང་ཆུབ་སྒྲུབ་པའི་གྲོགས་ཡིན་པས་གུས་པར་བྱ་བ་དང་། སངས་རྒྱས་དང་མཚུངས་པར་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། གུས་པའི་རྒྱུ་མཚན་སྒྲུབ་པ་དང་། དེ་ལ་འཁྲུལ་པ་སྤང་བའོ། །དང་པོ་ནི། སློང་བ་དང་དགྲ་བསོད་ནམས་ཀྱི་རྒྱུར་འདྲ་ཡང་འཇིག་རྟེན་ན་ནི་སློང་བ་མོད་ལ་གནོད་པར་བྱེད་པ་དཀོན་པ་སྟེ། དེའི་རྒྱུ་མཚན་འདི་ལྟར་ཕར་གནོད་པ་མ་བྱས་ན་ཚུར་འགའ་ཡང་གནོད་པ་མི་བྱེད་པའི་ཕྱིར་དང་། བསོད་ནམས་ཀྱང་བཟོད་པ་ཆེ་བའི་ཕྱིར་དགྲ་ནི་དྲིན་ཆེའོ། །དེ་བས་ན་ངལ་བས་མ་བསྒྲུབས་པར་རང་གི་ཁྱིམ་དུ་གཏེར་ནི་བྱུང་བ་ལྟར་བྱང་ཆུབ་སྤྱོད་པ་སྟེ་སངས་རྒྱས་སྒྲུབ་པའི་གྲོགས་སུ་གྱུར་པས་ན་བདག་གིས་དགྲ་ལ་དགའ་བར་བྱའོ། །གཞན་ཡང་དགྲ་འདི་དང་བདག་གིས་བཟོད་པ་འདི་བསྒྲུབས་པས་ན་གཉིས་ཀ་བཟོད་པའི་རྒྱུ་ལ་གཏོགས་པ་དེའི་ཕྱིར་འབྲས་བུ་དམ་པའི་ཆོས་ཀྱི་བདུད་རྩི་ནི་དགྲ་འདི་ལ་ཐོག་མར་བདར་བར་བྱ་སྟེ་སྦྱིན་པར་འོས་སོ། །འདི་ལྟར་དེ་ནིབཟོད་པའི་རྒྱུ་ཡིན་པས་སོ། །གཉིས་པ་ནི། གལ་ཏེ་དགྲ་འདི་བཟོད་པ་བསྒྲུབ་པར་བྱ་སྙམ་པའི་བསམ་པ་མེད་པས་དེའི་རྒྱུ་ཡིན་ཀྱང་མཆོད་པར་བྱ་བ་མིན་ནོ་ཞེ་ན། དགེ་བ་འགྲུབ་པ་ཡི་ནི་རྒྱུ་རུང་བའི་དམ་པའི་ཆོས་ཀྱང་ཅི་སྟེ་མཆོད་དེ་མི་འགྱུར་རོ། །གལ་ཏེ་མི་མཚུངས་ཏེ་ཆོས་ལ་གནོད་སེམས་མེད་ལ་དགྲ་འདི་གནོད་པར་བྱ་བའི་བསམ་པ་ཡོད་པས་མཆོད་པར་བྱ་བ་མིན་ནོ་ཞེ་ན། སྨན་པ་བཞིན་དུ་ཕན་བརྩོན་ན་མི་བཟོད་པའི་གནས་མ་ཡིན་པས་དེ་ལ་བརྟེན་ནས་བདག་གིས་བཟོད་པ་ཇི་ལྟར་འགྲུབ། དེ་བས་ན་རབ་ཏུ་སྡང་བའི་སེམས་དང་ལྡན་པ་ལ་བརྟེན་ནས་བཟོད་པ་སྐྱེ་བས་ན་དགྲ་དེ་ཉིད་བཟོད་པའི་རྒྱུ་ཡིན་པས་དེ་དམ་པའི་ཆོས་བཞིན་དུ་མཆོད་པར་འོས་སོ། །གཉིས་པ་ལ་གཉིས་ཏེ། ལུང་འགོད་པ་དང་། ལུང་གི་དོན་སྒྲུབ་པའོ། །དང་པོ་ནི སེམས་ཅན་ལས་དགེ་བ་སྐྱེ་བ་དེའི་ཕྱིར་སེམས་ཅན་གྱི་ཞིང་དང་རྒྱལ་བའི་ཞིང་གཉིས་ཀ་ལས་སངས་རྒྱས་ཀྱི་ཆོས་སྐྱེ་བར་ཐུབ་པས་ཆོས་ཡང་དག་པར་སྡུད་པའི་མདོར། སེམས་ཅན་གྱི་ཞིང་ནི་སངས་རྒྱས་ཀྱི་ཞིང་སྟེ་སངས་རྒྱས་ཀྱི་ཞིང་དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་འགྱུར་གྱིས་དེར་ནི་ལོག་པར་བསྒྲུབ་པར་མི་རིགས་སོ། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི། ལུང་གི་དོན་ལ་སྒྲུབ་བྱེད་ཀྱི་རིགས་པ་མེད་པས་ཡིད་ཆེས་ཀྱི་གནས་མ་ཡིན་ནོ་སྙམ་ན་རིགས་པ་ཡོད་དེ། སེམས་ཅན་འདི་དག་མགུ་བར་བྱས་པ་མང་པོ་ཞིག་འདི་ལྟར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཕ་རོལ་ཏེ་མཐར་ཕྱིན་པའི་སངས་རྒྱས་ཐོབ་པའི་ཕྱིར་རོ། །དེས་ན་སེམས་ཅན་རྣམས་དང་རྒྱལ་བ་ལ་འབྲས་བུ་སངས་རྒྱས་ཀྱི་ཆོས་འགྲུབ་པར་འདྲ་བ་ལ་རྒྱ་བ་ལ་གུས་པར་བྱ་བ་ཡིན་པ་དེ་བཞིན་དུ་སེམས་ཅན་ལ་མིན་པ་ཅིའི་ཚུལ་ཏེ་རིགས་པའི་ཚུལ་མིན་ནོ། །གཉིས་པ་ནི། གལ་ཏེ་དེ་གཉིས་ཡོན་ཏན་མི་མཉམ་པས་གུས་པ་མཉམ་དུ་བྱ་བར་མི་རིགས་སྙམ་ན། རང་གི་བསམ་པ་ཡོན་ཏན་གྱིས་མཉམ་པར་འཇོག་པ་མིན་གྱི་དེ་གཉིས་ཀ་ལས་འབྲས་བུ་སངས་རྒྱས་འགྲུབ་པར་མཚུངས་པ་ལས་མཉམ་པར་འཇོག་པ་ཡིན་ཏེ། དེས་ན་སངས་རྒྱས་དང་མཚུངས་པར་སེམས་ཅན་རྣམས་ལའང་སངས་རྒྱས་བསྐྱེད་པའི་ཡོན་ཏན་ཡོད་པ་དེའི་ཕྱིར་དེ་དག་མཚུངས་པ་ཡིན་ནོ། །གཞན་ཡང་བྱམས་པའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལས་ལངས་པ་ལ་མཆོད་པས་བསོད་ནམས་མཐོང་ཆོས་སུ་འབྱུང་བ་གང་ཡིན་པ་དེ་ནི་སེམས་ཅན་གྱི་ཆེ་བ་ཉིད་དེ་ཡུལ་སེམས་ཅན་མེད་ན་མེད་པས་སོ། །སངས་རྒྱས་ལ་དད་པའི་བསོད་ནམས་གང་དེ་ཡང་སངས་རྒྱས་ཀྱི་ཆེ་བ་ཉིད་དོ། །མདོར་ན་སངས་རྒྱས་ཀྱི་ཆོས་འགྲུབ་པའི་ཆ་མཉམཔར་ཡོད་པ་དེས་ན་དེ་དག་མཉམ་པར་འདོད། ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སངས་རྒྱས་རྣམས་དང་སེམས་ཅན་འགའ་ཡང་ཡོན་ཏན་མི་མཉམ་མོ། །དེར་མ་ཟད་ཀྱི་ཡོན་ཏན་མཆོག་གི་ཚོགས་ཐམས་ཅད་མངའ་བའི་གང་ཟག་གཅིག་པུ་སངས་རྒྱས་དེའི་ཡོན་ཏན་གྱི་ཆ་ཤས་ཙམ་འགའ་ཞིག་ལ་སྣང་ནའང་དེ་ལ་མཆོད་པའི་དོན་དུ་ཁམས་གསུམ་ཕུལ་ཡང་ཆུང་བར་འགྱུར་བས་ཡོན་ཏན་མི་མཚུངས་ཀྱང་སངས་རྒྱས་ཆོས་མཆོག་སྐྱེ་བའི་རྒྱུའི་ཆ་ཤས་སེམས་ཅན་རྣམས་ལའང་ཡོད་པས་ན་འདི་ཙམ་གྱིས་ནི་ཆ་བསྟུན་ནས་སེམས་ཅན་མཆོད་བྱར་རིགས་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། སྟོན་པས་སེམས་ཅན་བདག་གིར་མཛད་པ་དང་། བདག་ཏུ་མཛད་པའོ། །དང་པོ་ལ་གཉིས་ཏེ། གུས་པར་རིགས་པའི་རྒྱུ་མཚན་དང་། མ་གུས་པའི་ནོངས་པ་བཤགས་པའོ། །དང་པོ་ནི། སེམས་ཅན་ལ་གུས་པར་བྱ་བའི་རྒྱུ་མཚན་གཞན་ཡང་གཡོ་སྒྱུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་གཉེན་དུ་གྱུར་ཅིང་ཕན་པ་དཔག་མེད་མཛད་པའི་སངས་རྒྱས་དང་བྱང་སེམས་རྣམས་ལ་སེམས་ཅན་མགུ་བར་བྱ་བ་མ་གཏོགས་པ་གཞན་གང་ཞིག་གི་ནི་ལན་ལོན་འགྱུར་ཏེ་མི་འགྱུར་ལ། གང་ཞིག་སེམས་ཅན་དོན་ལ་སྐུ་གཏོང་ཞིང་མནར་མེད་དུ་ཡང་འཇུག་པར་མཛད་པ་དེ་དག་ལ་སེམས་ཅན་དེ་ལ་ཕན་བཏགས་པས་ལན་ལོན་པར་འགྱུར་བས་ན། དེ་བས་ན་འདི་དག་གནོད་པ་ཆེན་པོ་བྱེད་ན་ཡང་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་བཟང་རྒུ་སྟེ་དེ་དག་ལ་ཕན་པ་འབའ་ཞིག་ཏུ་སྤྱད་པར་བྱའོ། །གཞན་ཡང་རེ་ཞིག་བདག་གི་རྗེར་གྱུར་པ་དེ་དག་ཉིད་ཀྱང་ནི་སེམས་ཅན་གྱི་དོན་གང་གི་ཕྱིར་རང་གི་སྐུ་ལ་ཡང་མི་གཟིགས་པར་གཏོང་བའི་ཡུལ་དེ་ལ་རྨོངས་པ་བདག་གིས་ཇི་ལྟར་ན་ང་རྒྱལ་བྱ་ཞིང་བྲན་གྱི་དངོས་པོ་མི་བྱ། གང་ཞིག་བདེ་བས་ཐུབ་པ་རྣམས་ཀྱི་བཞེད་པ་གྲུབ་པས་དགྱེས་པར་འགྱུར་ཞིང་། གང་ལ་གནོད་པ་བྱས་ན་མི་དགྱེས་པ་འབྱུང་བར་འགྱུར་བའི་ཡུལ་དེ་དག་དགའ་བས་ཐུབ་རྣམས་ཀུན་དགྱེས་ཤིང་དེད་དག་ལ་གནོད་པ་བྱས་ན་བཞེད་པའི་གེགས་བྱས་པས་ཐུབ་པ་ལ་གནོད་པ་བྱས་པར་འགྱུར་རོ། །དེ་ཉིད་དཔེས་བསྟན་པའི་ཕྱིར་ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ་ལ་འདོད་པའི་ཡོན་ཏན་ཀུན་གྱིས་ཡིད་བདེ་བར་མི་འགྱུར་བ་དེ་བཞིན་དུ་སེམས་ཅན་ལ་གནོད་པ་བྱས་ན་ཡང་ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་གཞན་མེད་དོ། །གཉིས་པ་ནི། དེ་བས་ན་བདག་གིས་འགྲོ་ལ་གནོད་པ་བྱས་པས་ཐུགས་རྗེ་ཆེ་ཀུན་མི་དགྱེས་པར་གྱུར་པ་གང་ཡིན་པའི་སྡིག་པ་དེ་དེ་རིང་སོ་སོར་བཤགས་པར་བགྱི་ཡིས་མི་དགྱེས་པ་གང་ལགས་པ་དེ་ཐུབ་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ་ཞིང་། ཕྱིན་ཆད་དེ་བཞིན་གཤེགས་པ་རྣམས་མཉེས་པར་བགྱི་སླད་དུ་དེང་ནས་སེམས་ཅན་ལ་གནོད་པ་ངེས་པར་བརྟུལ་ཏེ་འཇིག་རྟེན་གྱི་བྲན་དུ་མཆི། འགྲོ་མང་རྡོག་པས་བདག་གི་སྤྱི་བོར་འཚོག་གམ་འགུམས་ཀྱང་དེ་ལ་མི་བསྡོ་ཡིས་འཇིག་རྟེན་གྱི་མགོན་པོ་རྣམས་དགྱེས་པར་མཛོད་ཅིག །གཉིས་པ་ནི། འགྲོ་བ་འདི་ཀུན་ཏེ་ཐམས་ཅད་ཐུགས་རྗེའི་བདག་ཉིད་ཅན་དེ་རྣམས་ཀྱིས་ཆོས་དབྱིངས་མཉམ་པ་ཉིད་རྟོགས་པ་དང་བདག་གཞན་བརྗེ་བའི་སྒོ་ནས་བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད་པས་སེམས་ཅན་གྱི་ངོ་བོར་མཐོང་བ་འདི་དག་ཉིད་མགོན་པོ་སངས་རྒྱས་ཉིད་ཡིན་ཏེ་དེས་ན་བདག་ཉིད་ཅིའི་ཕྱིར་གུས་པར་མི་བྱེད་དེ་བྱེད་པར་རིགས་སོ། །གསུམ་པ་ལ་གསུམ་སྟེ། སེམས་ཅན་མགུ་བ་ལེགས་པ་ཐམས་ཅད་ཀྱི་རྒྱུར་བསྟན་པ་དང་། དེའི་སྒོ་ནས་དེ་ལ་འབད་པར་གདམས་པ་དང་། དོན་བསྡུ་བའོ། །དང་པོ་ནི། སེམས་ཅན་མགུ་བར་བྱེད་པ་འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། རང་གི་དོན་ཡང་དག་པར་སྒྲུབ་པའང་འདི་ཉིད་དོ། །འཇིག་རྟེན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བའང་འདི་ཉིད་དོ། །དེ་ལྟ་བས་ན་བདག་གིས་རྟག་ཏུ་འདི་ཉིད་བྱའོ། །གཉིས་པ་ནི། དཔེར་ན་རྒྱལ་པོའི་མི་འགའ་ཞིག་སྐྱེ་བོ་མང་པོ་ལ་གནོད་པ་བྱེད་ཀྱང་སྐྱེ་བོ་མིག་རྒྱང་རིང་པོ་སྟེ་ཕྱིས་ཀྱི་སྐྱོན་དང་ཡོན་ཏན་ལ་རྟོག་པ་དག་ནུས་ཀྱང་ཕྱིར་གནོད་པ་མི་བྱེད་དེ། འདི་ལྟར་དེ་གཅིག་བུ་དཔུང་མེད་པ་བཞིན་མ་ཡིན་གྱི་རྒྱལ་པོའི་མཐུ་སྟོབས་དེའི་དཔུང་ཡིན་པར་ཤེས་སོ། །དེ་བཞིན་དུ་གནོད་བྱེད་ཉམ་ཆུང་བ་འགའ་ཡང་ཁྱད་དུ་གསད་པར་མི་བྱ་སྟེ། འདི་ལྟར་དམྱལ་བའི་སྲུང་མ་དང་ཐུགས་རྗེ་ལྡན་རྣམས་དེའི་དཔུང་སྟེ་གནོད་ལན་བྱེད་པ་དང་མི་དགྱེས་པར་འགྱུར་བས་སོ། །དེ་ལྟར་ན་དམངས་ཀྱིས་རྒྱལ་པོ་གཏུམ་པོ་ཉེས་པ་ཆུང་ངུ་ཙམ་བྱས་པ་ལ་ཡང་གནོད་པ་ཆེན་པོ་བྱེད་པ་དེ་མགུ་བར་བྱ་བ་ལྟར་སེམས་ཅན་རྣམས་ནི་མགུ་བར་བྱའོ། །རྒྱལ་པོ་ལྟ་ཞིག་ཁྲོས་ན་ཡང་སེམས་ཅན་མི་མགུ་བྱས་པ་ཡིས་མྱོང་བར་འགྱུར་བ་གང་ཡིན་པ་དམྱལ་བའི་གནོད་པ་དེས་བྱེད་དམ་སྟེ་མི་བྱེད་ལ། རྒྱལ་པོ་ལྟ་ཞིག་མགུ་ན་ཡང་སེམས་ཅན་མགུ་བར་བྱས་པ་ཡིས་ཐོབ་པར་འགྱུར་བ་གང་ཡིན་པ་སངས་རྒྱས་ཉིད་སྦྱིན་མི་སྲིད་དོ། །དེས་ན་དཔེ་དོན་ཕན་གནོད་མཉམ་པ་མ་ཡིན་ནོ། །གསུམ་པ་ནི། སེམས་ཅན་མགུ་བར་བྱས་པ་ཡིས་མ་འོངས་པ་ན་སངས་རྒྱས་འགྲུབ་པ་ལྟ་ཞོག་གི། ཚེ་འདི་ཉིད་ལའང་དཔལ་འབྱོར་ཆེ་བ་དང་སྙན་པར་གྲགས་པ་དང་སྐྱིད་པར་འགྱུར་བ་ཅིས་མ་མཐོང་། འདིར་མ་ཟད་ཀྱི་འཁོར་བར་གནས་པའི་ཚེ་ན་སྐྱེ་བོ་གཞན་དུའང་བཟོད་པས་གཟུགས་མཛེས་པ་སོགས་དང་། ནད་མེད་པ་དང་གྲགས་པ་དང་ལྡན་པ་ལ་སོགས་པ་ཡིས་ཤིན་ཏུ་ཡུན་རིང་དུ་འཚོ་བ་དང་། འཁོར་ལོས་སྒྱུར་བའི་བདེ་རྒྱས་ཐོབ་པར་འགྱུར་རོ། །གནོད་བྱེད་ཐོག་མེད་དུས་ཀྱི་དྲིན་ཅན་ལ། །སྡུག་བསྔལ་དང་ལེན་བདེ་ཆེན་སྒྲུབ་པའི་རྒྱུ། །བརྟག་ན་ཁྲོ་བྱ་ཁྲོ་བྱེད་མ་གྲུབ་ཀྱི། །ཁྲོ་བས་རང་རྒྱུད་མ་སྲེགས་ཤེས་ལྡན་རྣམས། །ལེའུ་དྲུག་པ་བཤད་ཟིན་ཏོ།། །།བརྩོན་འགྲུས་ཀྱི་ལེའུ་ལ་གཉིས་ཏེ། མཚམས་སྦྱར་བའི་སྒོ་ནས་བརྩོན་འགྲུས་བརྩམ་པར་གདམས་པ་དང་། བརྩམ་བྱའི་བརྩོན་འགྲུས་ཉིད་བཤད་པའོ། །དང་པོ་ནི། དེ་ལྟར་བཟོད་པ་དང་ལྡན་པས་བརྩོན་འགྲུས་བརྩམ་པར་བྱ་སྟེ། འདི་ལྟར་བརྩོན་འགྲུས་དང་ལྡན་པ་ལ་བྱང་ཆུབ་གནས་ཏེ་འབྱུང་གི་བརྩོན་འགྲུས་མེད་པར་ནི་བྱང་ཆུབ་ཀྱི་རྒྱུ་བསོད་ནམས་དང་ཡེ་ཤེས་མི་འབྱུང་སྟེ། དཔེར་ན་རླུང་མེད་ན་གཡོ་བ་མེད་པ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། བརྩོན་འགྲུས་ངོས་བཟུང་བ་དང་། དེའི་མི་མཐུན་ཕྱོགས་སྤོང་བ་དང་། གཉེན་པོ་སྤེལ་བའོ། །དང་པོ་ནི། བརྩོན་འགྲུས་དེ་གང་ཡིན་ཞེ་ན། དགེ་བ་ལ་སྤྲོ་བའི་རྣམ་པ་ཅན་གྱི་ལས་ལས་བྱུང་བའོ། །གཉིས་པ་ལ་གཉིས་ལས། དང་པོ་སྤང་བྱ་ལེ་ལོ་བཤད་པ་ནི། བརྩོན་འགྲུས་དེའི་མི་མཐུན་ཕྱོགས་ལེ་ལོའི་དབྱེ་བ་བཤད་པར་བྱས་ན་གསུམ་སྟེ། དགེ་བ་ལ་མི་མཐུན་པ་སྦྱོར་བ་མེད་པའི་ལེ་ལོ་དང་། བྱ་བ་ངན་པ་མི་དགེ་བ་དང་ལུང་མ་བསྟན་ལ་ཞེན་པ་དང་། བདག་གིས་དགེ་བ་སྒྲུབ་མི་ནུས་ཞེས་སྒྱིད་ལུག་ནས་བདག་ཉིད་ལ་བརྙས་པའོ། །གཉིས་པ་དེ་སྤོང་ཚུལ་ལ་གསུམ་སྟེ། སྦྱོར་བ་མེད་པ་དང་། བྱ་བ་ངན་པ་ལ་ཞེན་པ་དང་། སྒྱིད་ལུག་པའི་ལེ་ལོ་སྤོང་བའོ། །དང་པོ་ལ་གཉིས་ཏེ། རྒྱུ་ངོས་བཟུང་བ་དང་། དེ་སྤོང་བའོ། །དང་པོ་ནི། སྙོམ་ལས་ཏེ་དགེ་བ་ལ་མི་བརྩོན་པར་ཡིད་དལ་དུ་གནས་པའི་བདེ་བའི་རོ་མྱང་བ་སྟེ་དེ་ལ་ཞེན་པ་དང་། གཉིད་ལ་བརྟེན་པ་ལ་ལྷག་པར་ཆགས་པའི་སྲེད་པ་ཡིས་འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་ལས་ལེ་ལོ་ཉེ་བར་སྐྱེ་བར་འགྱུར་རོ་ཞེས་པའམ། འགྲེལ་ཆེན་ལས་འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་ལས་སྙོམ་ལས་ཀྱི་བདེ་བའི་རོ་མྱང་བ་དང་། དེ་ལས་གཉིད་ལ་སྲེད་པ་འབྱུང་ཞེས་འབྱུང་ངོ། །གཉིས་པ་ལ་གཉིས་ཏེ། བརྩོན་པའི་བསམ་པ་བསྐྱེད་པ་དང་། སྦྱོར་བས་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཚེ་འདི་མི་རྟག་པ་དང་། ཕྱི་མའི་སྡུག་བསྔལ་བསམ་པའོ། །དང་པོ་ལ་གཉིས་ཏེ། ངེས་པ་དང་། མྱུར་དུ་འཆི་བ་བསམས་ནས་བསྐུལ་བའོ། །དང་པོ་ནི། ཉོན་མོངས་རྒྱ་པས་བཤོར་ཏེ་དབང་དུ་བྱས་ནས་སྐྱེ་བའི་རྒྱར་ནི་ཆུད་གྱུར་ནས་འཆི་བདག་ཁར་ནི་སོང་གྱུར་པ་ཅི་སྟེ་ད་དུང་མི་ཤེས་སམ། རང་གི་སྡེ་ཚན་རྣམས་འཆི་བདག་གིས་རིམ་གྱིས་གསོད་པ་ཡང་ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ་སྟེ་གྱུར་བཞིན་དུ། འོན་ཀྱང་གཉིད་ལ་བརྟེན་ཅིང་དགེ་བ་ལ་མི་སྦྱོར་བ་གང་ཡིན་པ་དེ་ནི་གདོལ་པས་རིམ་གྱིས་གསོད་པའི་མ་ཧེ་གཉིད་ལོག་པ་ལྟར་བླུན་ནོ། །ལམ་ནི་ཀུན་ནས་བཀག་ནས་སུ་འཆི་བདག་གིས་ནི་གསད་བྱར་བལྟས་བཞིན་དུ་ཇི་ལྟར་ཁྱོད་ནི་ཟ་ལ་དགའ་ཞིང་། འདི་ལྟར་གཉིད་ལོག་ཇི་ལྟར་དགའ་སྟེ། སྐྱེས་རབས་ལས། ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པར་རབ་ཏུ་དགའ་ཞིང་སྤྱོད། །འགྲོ་བ་འདི་ལྟ་བུར་ནི་འཁོད་པ་ལ། །སྐྱེ་བོ་འཇིགས་པ་མེད་པ་ངོ་མཚར་ཆེ། །ཞེས་པ་ལྟར་རོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། འཆི་བར་ངེས་ཀྱང་འཆིར་ཉེ་བ་ན་དགེ་བ་སྒྲུབ་པས་ཆོག་གོ་སྙམ་ན། བཤེས་སྦྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར། མྱུར་བ་ཉིད་དུ་འཆི་འགྱུར་བས་ཇི་སྲིད་འཆི་བར་མ་ཐུག་པ་དེ་སྲེད་དུ་ནི་ཚོགས་བསགས་བྱའི་འཆི་བས་ཐུག་པ་དེའི་ཚེ་ལེ་ལོ་སྤངས་ཀྱང་ནི་དགེ་བ་སྒྲུབ་པར་ནུས་པའི་དུས་མ་ཡིན་པས་ལེ་ལོ་སྤངས་པས་ཅི་ཞིག་བྱ་སྟེ་དོན་མེད་དོ། །གཉིས་པ་ནི། བྱ་བ་འདི་ནི་མ་བྱས་ཤིང་འདིའི་མགོ་བརྩམས་པ་དང་འདི་ཕྱེད་ཙམ་བྱས་པར་གནས་པ་ལ་གློ་བུར་འཆི་བདག་འོངས་གྱུར་ནས་ཀྱི་ཧུད་བདག་འཆི་བས་བཅོམ་མོ་ཞེས་སེམས་པར་འགྱུར་ཞིང་། བདག་དང་འབྲལ་བའི་མྱ་ངན་གྱི་ཤུགས་ཀྱིས་སྐྲངས་པའི་མིག་དམར་པོར་གྱུར་ཅིང་གདོང་ལས་མཆི་མ་འཛག་པའི་ཉེ་དུ་རྣམས་བདག་ལ་གསོན་པའི་རེ་ཐག་ཆད་པ་ན། བདག་དམྱལ་བར་འཁྲིད་པར་བྱེད་པའི་གཤིན་རྗེའི་ཕོ་ཉའི་བཞིན་ལ་བལྟ་ཞིང་རང་གི་སྡིག་པ་རྣམས་དྲན་པས་གདུངས་པ་དང་། དམྱལ་བའི་སྨྲེ་སྔགས་ཀྱི་སྒྲ་ནི་ཐོས་པ་ཡིས་བདག་ཀྱང་དེར་འགྲོའོ་སྙམ་སྟེ་སྐྲག་པས་མི་གཙང་བ་དབང་མེད་དུ་ཟག་པས་ལུས་ལ་གོས་ཤིང་སྡུག་བསྔལ་གྱིས་མྱོས་པར་གྱུར་པའི་ཚེ་དགེ་བ་ཅི་བྱར་ཡོད་དེ་མེད་དོ། །གཉིས་པ་ནི། ཁྱོད་ནི་ཚེ་འདིར་འཆི་བ་ན་ཉ་གསོན་བྱེ་ཚན་ལ་འགྲེ་བ་ལྟ་བུའི་འཇིགས་པ་དང་ལྡན་པར་གྱུར་ན་སྡིག་པ་བྱས་པའི་འབྲས་བུ་ཕྱི་མ་དམྱལ་བ་མི་བཟད་པའི་སྡུག་བསྔལ་རྣམས་དངོས་སུ་མྱོང་ན་སྨོས་ཅི་དགོས་པས་འཇིགས་པར་རིགས་ཏེ། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་པས་ཀྱང་། །འཇིགས་པ་བསྐྱེད་པར་བགྱིད་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་གསུངས་པ་བཞིན་ནོ། །དེར་ཁྲོའི་ཆུ་ཚན་གྱིས་ལུས་གཞོན་ཤ་ཅན་ལ་རེག་པ་ན་རབ་ཏུ་ཚ་བའི་སྡུག་བསྔལ་འབྱུང་བའི་དམྱལ་བར་སྐྱེ་བའི་ལས་བྱས་ན་ཅིའི་ཕྱིར་འདི་ལྟར་བདེ་བར་གནས། རྒྱུ་དགེ་བ་ལ་བརྩོན་པ་མེད་པར་འབྲས་བུ་བདེ་བ་འདོད་པ་དང་བཟེ་རེ་ཅན་ཏེ་བཟོད་སྲན་ཆུང་བ་ལ་གནོད་པ་མང་པོ་འབབ་པ་དང་། འཆི་བས་བཟུང་བཞིན་དུ་ལྷ་དང་འདྲ་བར་ཡུན་རིང་དུ་གནས་པར་འདོད་པ་རྣམས་ནི་མི་འདོད་པའི་དོན་ཐོབ་སྟེ། སྡུག་བསྔལ་དག་གིས་བཅོམ་པར་འགྱུར་བས་སྙིང་རྗེའི་དབང་གིས་ཀྱི་ཧུད་སྨྲས་པའོ། །གཉིས་པ་ནི། མིའི་གྲུ་ལ་བརྟེན་ནས་ནི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་སྒྲོལ་བར་གྱིས་ཤིག །གྲུ་འདི་ཕྱི་ནས་རྙེད་པར་དཀའ་བས་ཀྱེ་རྨོངས་པ་བརྩོན་དགོས་པའི་དུས་སུ་གཉིད་མ་ལོག་ཅེས་པས་མཚོན་ནས་ལེ་ལོ་ཐམས་ཅད་སྤོངས་ཤིག །གཉིས་པ་ནི། དགའ་བའི་རྒྱུ་ནི་མཐའ་ཡས་པར་གྱུར་པའི་དམ་པའི་ཆོས་ཀྱི་དགའ་བ་མཆོག་སྤངས་ནས་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ལུས་སེམས་རྒོད་པར་གྱུར་པ་གཡེང་བ་དང་། ངག་གི་དགོད་པ་དང་གླུ་ལ་སོགས་པ་ལ་ཁྱོད་ཅིའི་ཕྱིར་དགའ་སྟེ་དགའ་བར་མི་རིགས་སོ། །གསུམ་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དཔེར་ན་རྒྱལ་པོ་དག་ཆོས་བཞིའི་སྒོ་ནས་རྒྱལ་བར་བྱེད་པ་ལྟར་བྱང་ཆུབ་སེམས་དཔའ་སྤང་བྱ་ལས་རྒྱལ་བར་བྱེད་པས་ཀྱང་ཐོག་མར་བསམ་པ་སྒྱིད་ལུག་མེད་པར་གོ་ཆའི་བརྩོན་འགྲུས་དང་། དེ་ནས་འཆད་པར་འགྱུར་བའི་དཔུང་ཚོགས་བཞི་བསགས་པ་དང་། དེ་ནས་དྲན་ཤེས་ཀྱིས་དངོས་སུ་དགག་སྒྲུབ་ལྷུར་བླང་བ་དང་། དེ་ནས་བདག་ཉིད་ཀྱི་སྒོ་གསུམ་གཉེན་པོས་དབང་དུ་བྱ་ཞིང་། དེ་ནས་བདག་དང་གཞན་དུ་མཉམ་པ་དང་བདག་དང་གཞན་དུ་བརྗེ་བར་གྱིས་ཤིག་པའོ། །གཉིས་པ་ལ་གཉིས་ཏེ། རྒྱུ་ནུས་པ་མེད་པར་སེམས་པ་དང་། རྐྱེན་བསྒྲུབ་དཀའ་བས་སྒྱིད་ལུག་པའི་གཉེན་པོ་སྒོམ་པའོ། །དང་པོ་ནི། བདག་གིས་བྱང་ཆུབ་ག་ལ་ཐོབ་ཅེས་སྒྱིད་ལུག་པར་ནི་མི་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ནི་བདེན་པ་འབའ་ཞིག་གསུངས་པས་བདེན་པའི་ཚིག་འདི་གསུངས་ཏེ། སྦྲང་བུ་ཤ་སྦྲང་བུང་བ་དང་དེ་བཞིན་སྲིན་བུར་གང་གྱུར་པ་དེས་ཀྱང་བརྩོན་པའི་སྟོབས་སྐྱེད་ན་བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ་པར་ལག་བཟངས་ཀྱིས་ཞུས་པ་ལས། གཞན་ཡང་བྱང་ཆུབ་སེམས་དཔས་འདི་ལྟར་ཡང་དག་པར་རྗེས་སུ་སློབ་སྟེ། གང་དག་སེང་གེ་དང་། སྟག་དང་། ཁྱི་དང་། ཅེ་སྤྱང་དང་། བྱ་རྒོད་དང་། ཁྲུང་ཁྲུང་དང་། བྱ་རོག་དང་། འུག་པ་དང་། སྲིན་བུ་དང་། སྦྲང་མ་དང་། སྦྲང་བུ་དང་། ཤ་སྦྲང་དུ་གྱུར་པ་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ན། བདག་མིར་གྱུར་བཞིན་དུ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་བྱང་ཆུབ་ཐོབ་པའི་བརྩོན་འགྲུས་ཉམས་པར་བྱེད་སྙམ་ཞེས་པ་དང་། རྨི་ལམ་བསྟན་པ་ལས། གང་ཞིག་ཇི་ཙམ་ཡོན་ཏན་ཆུང་བས་ཀྱང་། །ལྷག་པའི་བསམ་པས་སྐྱོབ་ན་བྱང་ཆུབ་འཐོབ། །ཅེས་གསུངས་སོ། །དེའི་རྒྱུ་མཚན་ཡང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པའི་ཕྱིར་ཏེ། སྤྱིར་རིགས་གཉིས་ཀྱི་རང་བཞིན་དུ་གནས་པའི་རིགས་ནི་སེམས་ཀྱི་ཆོས་ཉིད་ཡིན་ལ། རྒྱས་པ་ལས་བྱུང་བའི་རིགས་ནི་དེ་དྲི་མ་ཅི་རིགས་པས་དག་པའམ་སེམས་ལ་བཞག་པའི་དགེ་བའི་བག་ཆགས་སོ། །དེ་ལས་དང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་སྟེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། ཞེས་གསུངས་པས་སོ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ཏེ་བསམ་པས་ཕན་པ་དང་གནོད་པ་ངོ་ཤེས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་མ་བཏང་ན་བདག་གིས་བྱང་ཆུབ་ཅིས་མི་འཐོབ། གཉིས་པ་ལ་གཉིས་ཏེ། ཞུམ་པའི་རྒྱུ་མེད་པ་དང་། སྤྲོ་བའི་རྒྱུ་ཡོད་པའོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་བྱ་དཀའ་བས་འཇིགས་པ་སྤང་བ་དང་། དུས་ཡུན་རིང་བས་སྐྱོ་བ་སྤང་བའོ། །དང་པོ་ལ་གཉིས་ལས། ལོག་རྟོག་བརྗོད་པ་ནི། འོན་ཏེ་དེ་ལྟ་ན་ཡང་དེའི་དོན་དུ་རྐང་ལག་ལ་སོགས་པ་བཏང་དགོས་པས་བདག་ནི་དེ་ལ་འཇིགས་སོ་ཞེ་ན། གཉིས་པ་དེ་སྤོང་བ་ལ་གཉིས་ཏེ། ལྟོས་པ་དང་། གོམས་པས་སྤང་བའོ། །དང་པོ་ནི། ལྕི་དང་ཡང་བའི་ཁྱད་པར་ལ་མ་དཔྱད་པར་བླང་དོར་ལ་རྨོངས་པས་ཁྱོད་ནི་འཇིགས་པར་ཟད་དེ། བྱང་ཆུབ་ཀྱི་ཆེད་དུ་དཀའ་བ་མ་སྤྱད་པས་བསྐལ་པ་བྱེ་བ་གྲངས་མེད་དུ་འཁོར་བར་ལན་གྲངས་དུ་མར་ལུས་གཅོད་པ་དང་དབུག་པ་དང་བསྲེག་པ་དང་གཤགས་པ་ལ་སོགས་པར་འགྱུར་གྱི་སྡུག་བསྔལ་དེ་དག་གི་སྒོ་ནས་བྱང་ཆུབ་ཐོབ་པར་ནི་མི་འགྱུར་རོ། །བདག་གིས་བྱང་ཆུབ་བསྒྲུབ་པའི་ཕྱིར་གྱི་སྡུག་བསྔལ་འདི་ནི་ཚོད་ཡོད་དེ་ཆུང་བས་བཟོད་པར་ནུས་ཏེ། དཔེར་ན་ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར་ཏེ་དབྱུང་བའི་དོན་དུ་ལུས་ལ་རྨ་བཏོད་པའི་སྡུག་བསྔལ་བཟོད་པར་ནུས་པ་བཞིན་ནོ། །སྨན་པ་ཀུན་ཀྱང་གསོ་དཔྱད་ཀྱིས་མི་བདེ་བ་ཡི་ནད་མེད་པ་ཙམ་བྱེད་པ་ན་དཀའ་སྤྱད་ཀྱི་སྡུག་བསྔལ་དེ་བཟོད་དགོས་པ་དེ་བས་ན། ངན་སོང་སོགས་ཀྱི་སྡུག་བསྔལ་མང་པོ་དག་གཞོམ་པའི་ཕྱིར་དཀའ་སྤྱད་ཀྱི་མི་བདེ་བ་ཆུང་ངུ་བཟོད་པར་བྱའོ། །གསོ་དཔྱད་ཕལ་པ་འདི་འདྲའི་སྡུག་བསྔལ་དང་ལྡན་པའི་ཐབས་ཀྱང་སྨན་པའི་མཆོག་སངས་རྒྱས་ཀྱིས་མ་མཛད་དེ། ཆོ་ག་ཤིན་ཏུ་འཇམ་པོ་སྟེ་སྒྲུབ་སླ་བས་ཉོན་མོངས་པའི་ནད་ཆེན་པོ་ཐམས་ཅད་རྩད་ནས་འབྱིན་པར་མཛད་དོ། །ཤེར་འབྱུང་དང་རྣམ་སྣང་ལུས་གཏོང་བའི་དཀའ་སྤྱད་ལས་དང་པོ་པས་མི་བྱ་བའི་དོན་དུ་འཆད་དོ། །གཉིས་པ་ནི། རང་གི་ཤ་ལ་སོགས་པ་གཏོང་དགོས་པས་ཇི་ལྟར་ཆོ་ག་འཇམ་པོ་ཡིན་ཞེ་ན། སྔར་མ་གོམས་པ་དང་སྦྱིན་པ་ལ་འཇུག་པའི་ཆེད་དུ་ཐོག་མར་འདྲེན་པས་ཚོད་མ་ལ་སོགས་པ་ཆུང་ངུ་དངོས་པོ་དམན་པ་ཙམ་སྦྱིན་པ་ལ་སྦྱོར་བར་མཛད་དེ། དེ་ལ་གོམས་ནས་ཕྱི་ནས་ནི་རིམ་གྱིས་རང་གི་ཤ་ཡང་གཏོང་ནུས་པར་འགྱུར་རོ། །ཤིན་ཏུ་གོམས་པས་གང་གི་ཚེ་རང་གི་ལུས་ལ་ཡང་ཚོད་མ་ལ་སོགས་པ་ལྟ་བུར་མཐོང་ནས་ཞེན་པ་མེད་པའི་བློ་སྐྱེས་ནས་དེའི་ཚེ་རང་གི་ཤ་ལ་སོགས་པ་གཏོང་བ་དེ་ལ་དཀའ་བ་ཅི་ཞིག་ཡོད། གཉིས་པ་ནི། འཁོར་བ་ཇི་སྲིད་པར་གཞན་གྱི་ཕྱིར་དཀའ་སྤྱད་དགོས་པས་སྡུག་བསྔལ་གྱིས་སྐྱོ་བར་འགྱུར་རོ་སྙམ་ན་མ་ཡིན་ཏེ། དེས་སྡིག་པ་སྤངས་པའི་ཕྱིར་ལུས་ལ་སྡུག་བསྔལ་མེད་ལ། ཤེས་བྱའི་གནས་ལུགས་ལ་མཁས་པའི་ཕྱིར་སེམས་ལ་མི་དགའ་མེད་དེ། འདི་ལྟར་ལོག་པར་རྟོག་པས་བདག་ལ་སོགས་པར་མངོན་པར་ཞེན་པས་སེམས་དང་། སྡིག་པས་སྡུག་བསྔལ་བསྐྱེད་ནས་ལུས་ལ་གནོད་པ་ཡིན་པས་སོ། །སྡུག་བསྔལ་མེད་པ་ཙམ་དུ་མ་ཟད་དེ། བསོད་ནམས་ཀྱི་འབྲས་བུས་ནི་ལུས་བདེ་ལ་མཁས་པ་ཡིས་ནི་སེམས་བདེ་ན་གཞན་དོན་དུ་འཁོར་བར་གནས་ཀྱང་ནི་སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་སྡུག་བསྔལ་གྱི་རྒྱུ་སྔོན་གྱི་སྡིག་པ་ཟད་བྱེད་ཅིང་། བདེ་བའི་རྒྱུ་བསོད་ནམས་རྒྱ་མཚོ་སྡུད་བྱེད་ཕྱིར་ཉན་ཐོས་ཀུན་བས་མཆོག་ཏུ་གྱུར་པར་བཤད་དོ། །ཤེར་དང་ལྷ་ཉན་ཐོས་ལས་བྱང་ཆུབ་སྒྲུབ་པ་མྱུར་ཞེས་པར་འཆད་དོ། །དེ་བས་ན་སྐྱོ་ངལ་ཀུན་སེལ་བའི་བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས་བདེ་བ་ནས་བདེ་བར་འགྲོ་བ་ལ་སྐྱོན་ཡོན་སེམས་ཤེས་པ་སུ་ཞིག་སྒྱིད་ལུག་པར་འགྱུར། གསུམ་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སེམས་ཅན་གྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་སྤང་བྱའི་དགྲ་འཇོམས་པའི་དཔུང་ནི་མོས་པ་ཞེས་བྱུང་ཡང་། འགྲེལ་ཆེན་ལས། འདུན་པ་ནི་འདིར་དགེ་བ་འདོད་པ་ཡིན་ལ་ཞེས་བྱུང་ཞིང་། བླ་མ་དཔང་ལོ་ཙཱ་བ་འདི་རྣམས་རྒྱ་དཔེ་ལ་འདུན་པར་ཡོད་གསུངས་པས། སྐབས་འདིར་ནི་མོས་པ་ཞེས་པ་ཐམས་ཅད་འདུན་པར་ཤེས་པར་བྱའོ། །འདིར་ཡང་དགེ་བ་ལ་འདུན་པ་དང་། དེ་བརྩམས་པ་ལས་མི་ལྡོག་པའི་བརྟན་པ་དང་། དེ་ལས་ལྷག་པར་དགའ་བ་དང་། དོར་ན་དགོས་པ་ཆེ་བའི་སྐབས་སུ་དོར་བ་རྣམས་ཡིན་ལ། དེ་ཡང་མོས་པ་ནི་མི་དགེ་བའི་འབྲས་བུ་སྡུག་བསྔལ་གྱིས་འཇིགས་པ་དེ་དང་མོས་པ་དེའི་ཕན་ཡོན་བསམས་པས་བསྐྱེད་དོ། །དེ་ལྟར་མི་མཐུན་ཕྱོགས་ལེ་ལོས་སྤངས་ཏེ་བརྩོན་འགྲུས་སྤེལ་བའི་ཕྱིར་འབད་པར་བྱའོ། །ཐབས་གང་གིས་ཤེ་ན། བཤད་པའི་ཚུལ་དེ་ལྟར་མོས་པ་དང་། ང་རྒྱལ་ཏེ་བརྟན་པ་དང་། དགའ་བ་དང་། དོར་བའི་དཔུང་བསགས་ཏེ་བླང་དོར་ལྷུར་བླང་ཞིང་ལུས་སེམས་ལ་དབང་བསྒྱུར་བའི་སྟོབས་ཀྱིས་ནིའོ། །གཉིས་པ་ལ་གསུམ་སྟེ། དཔུང་ཚོགས་བསྐྱེད་པ་དང་། ལྷུར་བླང་བ་དང་། བདག་ཉིད་དབང་དུ་བྱ་བའོ། །དང་པོ་ལ་བཞི་སྟེ། མོས་པ་དང་། ང་རྒྱལ་དང་། དགའ་བ་དང་། དོར་བའོ། །དང་པོ་ལ་གསུམ་སྟེ། མོས་པ་མེད་པའི་ཉེས་པ་དང་། མོས་པའི་ཕན་ཡོན་དང་། རྒྱུ་བསྟན་པའི་སྒོ་ནས་དེ་བསྐྱེད་པའོ། །དང་པོ་ལ་གསུམ་སྟེ། མོས་པའི་བྱ་བ་མི་བྱེད་པ་དང་། དེའི་རྒྱུ་མཚན་དགོད་པ་དང་། ཆོས་ལ་མོས་པ་མེད་པའི་ཉེས་པ་བསམས་ཏེ་དེ་གཏོང་མི་རིགས་པར་བསྟན་པའོ། །དང་པོ་ནི། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པས་ན་བདག་དང་གཞན་གྱི་ཉེས་པ་ནི་དཔག་མེད་བདག་གིས་གཞོམ་པར་བྱ་དགོས་ཏེ། གང་དུ་ཉེས་པ་དེ་དག་རེ་རེ་འཇོམས་པ་ལའང་བསྐལ་པ་རྒྱ་མཚོ་ཟད་ཀྱི་བར་དུ་འབད་དགོས་པར་འགྱུར་བ་ལས་ཉེས་པ་ཟད་པར་བྱེད་པའི་བརྩོན་འགྲུས་རྩོམ་པ་དེ་ཡི་ནི་ཆ་ཙམ་ཡང་བདག་ལ་མ་མཐོང་ན། སྡུག་བསྔལ་དཔག་ཏུ་མེད་པའི་སྣོད་དུ་གྱུར་པ་བདག་གི་ཅི་སྟེ་སྙིང་མ་གས། དེ་བཞིན་དུ་བདག་དང་གཞན་གྱི་ཡོན་ཏན་ནི་མང་པོ་བདག་གིས་བསྒྲུབ་པར་བྱ་བ་སྟེ། དེ་ལ་ཡོན་ཏན་རེ་རེ་ཡང་བསྐལ་པ་རྒྱ་མཚོར་གོམས་པར་བྱ་དགོས་པར་འགྱུར་བ་ལ། བདག་ནི་ཡོན་ཏན་དེ་དག་གི་ཆ་ལ་ཡང་གོམས་པ་ནམ་ཡང་མ་སྐྱེས་ཏེ། དེས་ན་རྙེད་པར་དཀའ་ཡང་ཇི་ཞིག་ལྟར་རྙེད་པའི་སྐྱེ་བ་འདི་ནི་བདག་གིས་དོན་མེད་པར་བྱས་པ་མཚར་རོ། །གཉིས་པ་ནི། བདག་གིས་ཞེས་སོགས་རྣམ་སྣང་ཇི་ལྟར་དོན་མེད་པར་བྱས་ཤེ་ན། ཞེས་གོང་མ་ལ་སྦྲེལ་ལ། འགྲེལ་ཆེན་ལས་རྣམ་གྲངས་གཞན་དུ་འཆད་དོ། །བཅོམ་ལྡན་འདས་མ་མཆོད་ལ་སེམས་ཅན་ལ་དགའ་སྟོན་ཆེན་པོའི་བདེ་བ་མ་བྱིན། བསྟན་ལ་བྱ་བ་མ་བྱས་དང་དབུལ་པོའི་བསམ་པ་རྫོགས་མ་བྱས་འཇིགས་ལ་མི་འཇིགས་མ་བྱིན་པ་སྟེ། དེ་དག་གིས་ཆོས་དང་། ཟང་ཟིང་དང་། མི་འཇིགས་པའི་སྦྱིན་པ་གསུམ་མ་བྱས་ཞེས་པའོ། །ཤེར་དང་རྣམ་སྣང་བསྟན་པའི་བྱ་བ་ལྷ་ཁང་འབུལ་བ་ཡིན་ཟེར་རོ། །སྡུག་བསྔལ་གྱིས་ཉམས་ཐག་པ་རྣམས་ལ་བདེ་བ་མ་བྱིན་ན་བདག་གིས་མ་ཡི་མངལ་གྱི་ཟུག་རྔུ་དང་སྡུག་བསྔལ་འབའ་ཞིག་བསྐྱེད་པ་ཟད་ཀྱི་དལ་འབྱོར་ཐོབ་པའི་དགོས་པ་མ་གྲུབ་བོ་ཞེས་པའོ། །གསུམ་པ་ནི། བདག་ནི་སྔོན་ཚེ་དང་ད་ལྟ་ཆོས་ལ་མོས་པ་དང་བྲལ་བས་ན་བདེ་བས་ཕོངས་པ་འདི་འདྲར་བྱུང་གྱུར་ན་ཞེས་པའི་དོན་དུ་འགྲེལ་ཆེན་ལས་སྡེབས་སོ། །ཤེས་ལྡན་སུ་ཞིག་ཆོས་ལ་མོས་པ་གཏོང་། གཉིས་པ་ནི། དགེ་བའི་ཕྱོགས་རྣམས་ཐམས་ཅད་ཀྱི་རྩ་བ་མོས་པ་ཡིན་པར་བློ་གྲོས་རྒྱ་མཚོས་ཞུས་པ་ལས། དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་མོས་པའོ། །ཞེས་དང་། འཇམ་དཔལ་ཞིང་བཀོད་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་ཐུབ་པས་གསུངས་སོ། །གསུམ་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། མོས་པ་དེ་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། མོས་པ་དེའི་ཡང་རྩ་བ་རྟག་ཏུ་ནི་དགེ་སྡིག་གི་རྣམ་སྨིན་གྱི་འབྲས་བུ་སོ་སོར་མྱོང་བར་འགྱུར་རོ་སྙམ་དུ་བསྒོམས་པའོ། །གཉིས་པ་ལ་གཉིས་ཏེ། དཀར་ནག་གི་ལས་འབྲས་སྤྱིར་བསྟན་པ་དང་། དེ་དག་གི་ཁྱད་པར་གྱི་འབྲས་བུ་བཤད་པའོ། །དང་པོ་ནི། འབྲས་བུ་སྒོ་ལྔའི་འཁོར་གྱི་སྡུགབསྔལ་དང་། ཡིད་ཤེས་ཀྱི་འཁོར་གྱི་ཡིད་མི་བདེ་བ་དང་། འཇིགས་པ་རྣམ་པ་སྣ་ཚོགས་པ་དང་། འདོད་པ་རྣམས་དང་བྲལ་བ་ནི་རྒྱུ་སྡིག་པ་སྤྱོད་པ་ལས་འབྱུང་བར་འགྱུར། ཡིད་ལ་བསམས་པ་སྟེ་འདུན་པས་ཀུན་ནས་བསླངས་པའི་དགེ་བ་བྱས་པས་སྐྱེ་བ་གང་དང་གང་དུ་འགྲོ་བར་འགྱུར་བ་དེ་དང་དེ་ནི་བསོད་ནམས་དེའི་འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། སྡིག་པ་བྱེད་པ་བདེ་འདོད་ཀྱང་གང་དང་གང་དུ་འགྲོ་བར་འགྱུར་བ་དེ་དང་དེར་ནི་སྡིག་པ་དེས་སྡུག་བསྔལ་གྱི་མཚོན་གྱིས་རྣམ་པར་འཇོམས་ཏེ། རྒྱལ་པོ་ལ་གདམས་པ་ལས། དུས་ཀྱི་ཉེན་ནས་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་དང་གར་འགྲོ་བ། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་པ་ལྟར། གཉིས་པ་ལ་གཉིས་ཀྱི། དང་པོ་དགེ་བ་ཁྱད་པར་ཅན་གྱི་འབྲས་བུ་ནི། སྐྱེ་གནས་མངལ་དོག་ཅིང་དྲི་ངལ་ཚ་བ་ལས་ཁྱད་པར་དུ་གྱུར་པ་རྒྱ་ཆེ་དྲི་བཟང་བསིལ་བའི་པདྨའི་སྙིང་པོར་གནས། དེར་ཟས་བད་ཀན་གྱི་ཟག་ཆུས་འཚོ་བ་ལས་ཁྱད་པར་དུ་གྱུར་པ་རྒྱལ་བའི་གསུངས་སྙན་པས་བསྟན་པའི་ཆོས་ཀྱི་ཟས་ཀྱིས་གཟི་བརྗིད་བསྐྱེད་བྱས་པ། སྐྱེ་བའི་ཆ་དོག་པའི་སྡུག་བསྔལ་ལས་ཁྱད་པར་གྱུར་པ་ཐུབ་པའི་འོད་ཀྱིས་རྒྱས་པར་བྱས་པའི་པདྨ་ལས་བྱུང་ལུས་མཆོག་ཅན། སྐྱེ་བོས་ཡོངས་སུ་འཛིན་པ་ལས་ཁྱད་པར་དུ་གྱུར་པ་རྒྱལ་བ་སྣང་བ་མཐའ་ཡས་སོགས་ཀྱི་མདུན་དུ་གནས་ནས་དེའི་ཆོས་ཀྱིས་སྐྱོང་བ་སྟེ། ཁྱད་པར་དེ་དང་ལྡན་པའི་སངས་རྒྱས་ཀྱི་སྲས་སུ་སོ་སྐྱེ་དང་ཐུན་མོངས་མ་ཡིན་པའི་དགེ་བས་འགྱུར་རོ། །གཉིས་པ་སྡིག་པ་ཁྱད་པར་ཅན་གྱི་འབྲས་བུ་ནི། རང་གི་ལས་ཀྱིས་གྲུབ་པའི་གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་པ་བཤུས་པས་ཉམ་ཐག་ཅིང་རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ་སླར་ཡང་མེ་རབ་ཏུ་འབར་བའི་རལ་གྲི་དང་མདུང་ཐུང་གིས་བསྣུན་ནས་ཤ་ཡི་དུམ་བུ་བརྒྱར་ལྷགས་ཤིང་། ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྷུང་བ་ནི་མཚམས་མེད་ལ་སོགས་པའི་མི་དགེ་བ་ཆེན་པོ་མང་པོས་འགྱུར་རོ། །གསུམ་པ་ནི། དེ་བས་ན་དགེ་བ་ལ་མོས་ཏེ་འདུན་པར་བྱ་ཞིང་། དགེ་སྡིག་གི་བླང་དོར་ལ་གུས་པ་སྟེ་ཡིད་ཆེས་པ་ཉིད་དུ་བྱས་ནས་དེ་དག་གི་བླང་དོར་བསྒོམ་པར་བྱའོ། །གཉིས་པ་ང་རྒྱལ་གྱི་དཔུང་ལ་གཉིས་ཏེ། རྩོམ་པ་དང་། ཞུགས་པ་བསྟན་པའོ། །དང་པོ་ནི། ཕལ་པོ་ཆེའི་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་དྲུག་པ་ལས། དཔེར་ན་ལྷའི་བུ་ཉི་མ་འཆར་བ་ནི་དམུས་ལོང་དང་རི་མི་མཉམ་པ་ལ་སོགས་པའི་ཉེས་པས་མི་ལྡོག་པར་འོས་སུ་གྱུར་པའི་ཡུལ་རྣམས་སྣང་བར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་འཆར་བ་ཡང་སེམས་ཅན་གྱི་ཉེས་པ་སྣ་ཚོགས་ཀྱིས་མི་ལྡོག་ཅིང་། འོས་སུ་གྱུར་པའི་གདུལ་བྱ་རྣམས་སྨིན་པ་དང་གྲོལ་བར་བྱེད་དོ་ཞེས་གསུངས་པའི་ཆོ་ག་ཡིས་དགེ་བའི་རྩ་བ་བརྩམས་ནས་དེ་བསྒྲུབ་ནུས་སྙམ་པའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ལ་འཇུག་པའི་དང་པོར་འབྱོར་པ་དེ་སྒྲུབ་པའི་ནུས་པ་ཡོད་མེད་བརྟགས་ནས་ནི་ཡོད་ན་བརྩམ་མམ་མེད་ན་མི་བརྩམ་བྱ། གལ་ཏེ་མི་ནུས་ན་མ་བརྩམས་པ་ཉིད་མཆོག་ཡིན་གྱི་བརྩམས་ནས་དེ་ལས་ལྡོག་པར་མི་བྱའོ། །ལོག་ན་དེ་ནི་རྒྱུ་མཐུན་གྱི་འབྲས་བུ་སྐྱེ་བ་གཞན་དུ་ཡང་དམ་བཅས་ནས་ལྡོག་པ་དེ་གོམས་ནས་སྐྱེས་བུ་བྱེད་འབྲས་སྡིག་པ་དང་རྣམ་སྨིན་སྡུག་བསྔལ་འཕེལ་བར་འགྱུར་ཞིང་། དེ་དོར་ནས་བརྩམས་པ་གཞན་དེ་དང་དེའི་འབྲས་བུའི་དུས་ཀྱི་དགེ་བ་དེ་གཉིས་ཀྱང་དམན་ཏེ་མཐར་མི་ཕྱིན་པར་འགྱུར། དེ་རང་ཡང་འགྲུབ་པར་མི་འགྱུར་བས་སོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དགེ་བའི་ལས་དང་། ཉོན་མོངས་པ་གཞོམ་པ་དང་། དེའི་ནུས་པ་སྟེ་གསུམ་པོ་དག་ལ་ང་རྒྱལ་བྱའོ། །གཉིས་པ་ལ་གསུམ་ལས། དང་པོ་ལས་ཀྱི་ང་རྒྱལ་ནི། རང་གཞན་གྱི་དོན་གྱི་དགེ་བའི་ལས་ཐམས་ཅད་བདག་ཉིད་གཅིག་པུས་བྱའོ་ཞེས་སེམས་པ་འདི་ནི་ལས་ཀྱི་ང་རྒྱལ་ཉིད་དོ། །དེ་ལྟར་སེམས་པའི་རྒྱུ་མཚན་ནི་ཉོན་མོངས་པས་རང་དབང་མེད་པར་བྱས་པ་རྣམས་ཀྱི་འཇིག་རྟེན་འདིར་ཡང་རང་དོན་སྒྲུབ་པར་མི་ནུས་པས་ན་འགྲོ་བས་བདག་ལྟར་རང་གཞན་གྱི་དོན་ཐམས་ཅད་མི་ནུས་ཏེ། དེ་བས་ན་བདག་གིས་རང་གཞན་གྱི་དོན་འདི་དག་ཐམས་ཅད་བྱའོ། །དེ་ལྟར་ན་ཡང་ལས་དམན་པའི་གྲོགས་མི་བྱའོ་སྙམ་ནས་གཞན་དག་ཁུར་འཁུར་བ་ལ་སོགས་པ་དམ་པའི་ལས་བྱེད་ན་བདག་ཉིད་ཀྱང་ནི་ཇི་ལྟར་དེའི་གྲོགས་མི་བྱེད་བར་འདུག་པར་མི་རིགས་སོ། །གལ་ཏེ་ལས་དེ་ནི་དམན་པ་ལ་བདག་ནི་མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་གྱིས་ནི་ལས་དེ་མི་བྱེད་དེ་བདག་ལ་ང་རྒྱལ་དེ་མེད་པ་མཆོག་ཡིན་པས་དེ་ཡང་སྤང་བར་བྱའོ། །གཉིས་པ་ནུས་པའི་ང་རྒྱལ་ལ་བཞི་སྟེ། བརྟེན་པར་རིགས་པ་དང་། གཉེན་པོའི་ང་རྒྱལ་གྱི་རང་བཞིན་དང་། སྤང་བྱའི་ང་རྒྱལ་སྨད་པ་དང་། གཉེན་པོའི་ང་རྒྱལ་བསྔགས་པའོ། །དང་པོ་ནི། དཔེར་ན་ཤི་བའི་སྦྲུལ་དང་ཕྲད་པར་གྱུར་ན་ཁྭ་ཡང་ནམ་མཁའ་ལྡིང་བཞིན་དུ་དེ་ལ་བརྙས་ཐབས་ཀྱི་སྤྱོད་པ་དེ་བཞིན་དུ་གལ་ཏེ་བདག་ཉིད་ནུས་པའི་ང་རྒྱལ་གྱི་ཉམ་ཆུང་ན་ལྟུང་བ་ཆུང་ངུའང་བདག་ལ་གནོད་པ་བྱེད་པས། ཉོན་མོངས་པ་སྤོང་བ་ལ་བསམ་པ་ཞུམ་པ་དང་བཅས་ཤིང་སྦྱོར་བས་རྩོལ་བ་དོར་བ་ལ་ཕོངས་པ་ལས་ནམ་ཡང་ཐར་པ་ཡོད་དམ་ཅི། དེ་བས་བསམ་པ་ང་རྒྱལ་དང་སྦྱོར་བ་རྩོལ་བ་བསྐྱེད་ན་སྤང་བྱ་ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ་དེ་བས་ན་སེམས་ནི་བརྟན་པ་ཡིས་ལྟུང་བ་རྣམས་ནི་གཞོམ་པར་བྱ་སྟེ། བདག་ནི་ལྟུང་བས་ཚུར་ཕམ་པར་བྱས་ན་ཁམས་གསུམ་ལས་རྒྱལ་བར་བྱེད་འདོད་པ་བཞད་གད་ཀྱི་གནས་སུ་འགྱུར་རོ། །གཉིས་པ་ནི། རྒྱལ་བ་མི་ཡི་སེང་གེའི་སྲས་བྱང་ཆུབ་སེམས་དཔའ་དག་གི་བདག་གིས་སྤང་བྱ་ཀུན་ལས་རྒྱལ་བར་བྱ་སྟེ་བདག་ལས་སྤང་བྱ་སུ་ཡང་རྒྱལ་བར་མི་བྱའོ་སྙམ་པའི་ང་རྒྱལ་འདི་ལ་གནས་པར་བྱའོ། །གསུམ་པ་ནི། འགྲོ་བ་གང་ཡོན་ཏན་ལ་སོགས་པས་སེསམ་ཁེངས་པའི་ང་རྒྱལ་གྱིས་བདག་ཉིད་བཅོམ་པ་དེ་ནི་ཉོན་མོངས་པ་ཅན་ཡིན་གྱི། ང་རྒྱལ་ཅན་ནི་མ་ཡིན་ཏེ་ང་རྒྱལ་ཅན་དགྲའི་དབང་དུ་མི་འགྲོ་ལ་དེ་དག་ཉོན་མོངས་པ་ང་རྒྱལ་གྱི་དགྲའི་དབང་དུ་གྱུར་པས་སོ། །སོང་བ་ལ་ཉེས་པ་ཅི་ཡོད་སྙམ་ན། ཉོན་མོངས་པའི་ང་རྒྱལ་གྱིས་ཁེངས་ནས་ང་རྒྱལ་གྱིས་ངན་འགྲོར་འཁྲིད་ཅིང་། མིར་སྐྱེས་ནའང་དགའ་སྟོན་བཅོམ་པ་སྟེ་ཡིད་མི་དགའ་བ་དང་། གཞན་གྱི་ཟན་ཟ་བའི་བྲན་དང་། གླེན་པ་དང་། གཟུགས་མི་སྡུག་པ་དང་། ལུས་ཉམ་ཆུང་བ་དང་། གནས་སྐབས་ཐམས་ཅད་དུ་གཞན་གྱིས་བརྙས་པར་འགྱུར་རོ། །ཡང་ང་རྒྱལ་གྱིས་ཁེངས་དཀའ་ཐུབ་སྟེ་ཉོན་མོངས་པ་ཅན་དེ་ཡང་ང་རྒྱལ་ཅན་གྱི་ནང་དུ་གཏོགས་ན་དམན་པ་སྙིང་རྗེའི་གནས་སུ་གྱུར་པ་ཅི་འདྲ་བ་ཞིག་ཡིན་པ་སྨྲོས། བཞི་པ་ནི། གང་ཞིག་ཉོན་མོངས་པ་ང་རྒྱལ་གྱི་དགྲ་ལས་རྒྱལ་བར་བྱ་བའི་ཕྱིར་དུ་གཉེན་པོའི་ང་རྒྱལ་འཆང་བ་དེ་ནི་ང་རྒྱལ་ཅན་དང་། རྣམ་པར་རྒྱལ་བ་དང་། དཔའ་བོ་ཡང་དེ་ཉིད་ཡིན་ནོ། །དེ་འདྲའི་གང་ཟག་གང་ཞིག་གིས་ནི་ང་རྒྱལ་གྱི་དགྲ་བདོ་བ་དེ་ཡང་ངེས་པར་བཅོམ་སྟེ། འགྲོ་བ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་གནས་སྐབས་དང་མཐར་ཐུག་རྒྱལ་བའི་གོ་འཕང་ཉིད་ཀྱི་འབྲས་བུའང་རྫོགས་པར་སྒྲུབ་པར་བྱེད་པའི་ཕྱིར་རོ། །གསུམ་པ་ཉོན་མོངས་པ་གཞོམ་པའི་ང་རྒྱལ་ནི། ཉོན་མོངས་པའི་ཕྱོགས་ཏེ་མང་པོ་ཚོགས་པའི་ཁྲོད་ན་གནས་ན་རྣམ་པ་སྟོང་སྟེ་མང་པོར་གཉེན་པོའི་སྲན་གཟུག་པར་བྱ་སྟེ། དཔེར་ན་ཝ་ལ་སོགས་པ་མང་པོས་སེང་གེ་ལ་མི་ཚུགས་པ་བཞིན་དུ་ཉོན་མོངས་ཚོགས་ཀྱིས་མི་ཚུགས་པར་བྱའོ། །ཉམ་ང་ཆེ་ཐང་སྟེ་འཇིགས་པ་ཆེན་པོ་བྱུང་བར་གྱུར་ཀྱང་མི་ཡིས་མིག་ནི་གཅེས་པར་བསྒྲིམས་ཏེ་བསྲུང་བ་ལྟར། དེ་བཞིན་དུ་ཉམ་ང་བ་སྟེ་ཉོན་མོངས་པའི་རྐྱེན་དྲག་པོ་བྱུང་བར་གྱུར་ཀྱང་བསྒྲིམས་ཏེ་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱ་ཞེས་བྱ་བར་རྩ་བའི་འགྱུར་ལྟར་ན་གསལ་ཡང་། ཤེར་དང་ལྷས་ཉམ་ང་སྟེ། སྡུག་བསྔལ་ཆེ་ཐང་བྱུང་གྱུར་ཀྱང་། རོ་ནི་མིག་གིས་མི་མཐོང་ལྟར། ཞེས་མིག་རོ་སོགས་ལ་གཏན་ནས་མི་འཇུག་པ་ལྟར། དེ་བཞིན་ཉམ་ང་བྱུང་ཀྱང་ཉོན་མོངས་པའི་དབང་དུ་གཏན་ནས་མི་འགྱུར་བར་བྱ་ཞེས་པར་འཆད་དོ། །བདག་ནི་བསྲེགས་ཏེ་བསད་གྱུར་ཏམ་བདག་གི་མགོ་བོ་བཅད་ཀྱང་སླའི་རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ལ་འདུད་པ་སྟེ་དེའི་དབང་དུ་འགྲོ་བར་མི་བྱའོ། །གཞུང་ཁ་ཅིག་ལས། དེ་བཞིན་གནས་སྐབས་ཐམས་ཅད་དུ། །རིགས་པ་ལས་ནི་གཞན་མི་སྤྱད། །ཅེས་འབྱུང་བ་ནི་སློན་དཔོན་གྱི་གསུངས་ཡིན་ཟེར་ཏེ། དཔྱད་དཀའ་བས་རང་སོར་བཞག་ན་ལེགས་སྙམ་མོ། །གསུམ་པ་དགའ་བའི་དཔུང་ལ། བསྟན་བཤད་གཉིས་ལས། དང་པོ་ནི། རྩེད་མོ་ལ་དགའ་བ་དག་རྩེད་མོའི་བདེ་འབྲས་འདོད་པ་ལྟར་བྱང་སེམས་འདི་ཡིས་བྱ་བ་གང་ཡིན་པ་དགེ་བའི་ལས་དེ་ལ་ནི་བླང་བྱར་ཞེན་པར་བྱ་སྟེ། ལས་དེས་མི་ངོམས་ཤིང་དགའ་བར་བྱའོ། །གཉིས་པ་ལ་གསུམ་སྟེ། དགེ་བ་བྱེད་པར་རིགས་པ་ངོ་བོ་བདེ་བ་དང་། མི་ངོམས་པར་རིགས་པ་རྣམ་སྨིན་བདེ་བ་དང་། དེས་ན་དགའ་བས་འཇུག་བྱར་བསྟན་པའོ། །དང་པོ་ནི། འཇིག་རྟེན་པ་རྣམས་ཀྱིས་རང་བདེ་བའི་དོན་དུ་ལས་བྱས་ཀྱང་དེས་བདེ་བར་འགྱུར་མི་འགྱུར་གཏོལ་མེད་ཀྱི་གང་གི་ལས་ཉིད་ཀྱང་བདེ་ལ་འབྲས་བུ་ཡང་བདེ་བར་འགྱུར་བ་དེ་ལྟ་བུའི་ལས་མི་བྱེད་པ་ཇི་ལྟར་བདེ། འགྲེལ་ཆེན་ལས། ལས་ཉིད་བདེ་བར་འགྱུར་བ་དེའི་ཕྱིས་ཀྱི་བདེ་བ་གཞན་འདོད་པ་དེ་ལས་མི་བྱེད་ན་ཇི་ལྟར་བདེ་ཞེས་འཆད་དོ། །གཉིས་པ་ནི། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟར་ཕན་ཆུང་ལ་ཉེས་དམིགས་ཆེ་བའི་འདོད་ཡོན་རྣམས་ཀྱིས་ཀྱང་མི་ངོམས་ན། རྣམ་སྨིན་བདེ་བ་གནས་སྐབས་མངོན་མཐོ་དང་ཞི་བ་མཐར་ཐུག་ངེས་ལེགས་སྐྱེད་པར་བྱེད་པའི་བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། གསུམ་པ་ནི། དེ་ལྟས་ལས་བརྩམས་པ་དེ་ཚར་ཕྱིན་པར་བྱ་བའི་ཕྱིར་སོས་ཀ་ཉི་མ་ཕྱེད་དུས་སུ་ཚ་བས་གདུངས་བའི་གླང་ཆེན་མཚོར་ཕྲད་མཚོར་འཇུག་པ་ལྟར་དགེ་བའི་ལས་དེ་ཉིད་ལ་དགའ་བས་འཇུག་པར་བྱའོ། །བཞི་པ་དོར་བའི་དཔུང་ལ་གཉིས་ལས། མི་ནུས་པ་རེ་ཞིག་དོར་བ་ནི། སྟོབས་ཉམས་པ་དང་རྗེས་སུ་འབྲེལ་ཏེ་ད་ལྟ་ལས་དེ་སྒྲུབ་པའི་ནུས་པ་མེད་ན་སླར་ནུས་པར་བྱ་དོན་དུ་རེ་ཞིག་དོར་བར་བྱའོ། །གཉིས་པ་ཟིན་པ་གཏན་དུ་དོར་བ་ནི། སྔ་མ་དེ་ལེགས་པར་ཟིན་ནས་ཕྱི་མ་དང་དེའི་ཡང་ཕྱི་མ་ལ་སོགས་པ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་རྣམས་བསྒྲུབ་པར་འདོད་པས་སྔ་མ་དེ་སྤང་བར་བྱའོ། །གཉིས་པ་དཔུང་གིས་ལྷུར་བླང་བར་བྱ་བ་ལ་གསུམ་སྟེ། གཉེན་པོ་ལྷུར་བླང་ཚུལ་དང་། ཉེས་པ་སྤང་ཚུལ་དང་། རྗེས་སུ་མཐུན་པའི་བྱ་བ་སྒྲུབ་པའོ། །དང་པོ་ལ་གཉིས་ལས། དང་པོ་བག་ཡོད་ལྷུར་བླང་བ་ནི། དཔེར་ན་འཐབ་མོ་རྙིང་པ་དེ་ལ་ཤིན་ཏུ་གོམས་པ་དག་དགྲ་དང་ལྷན་ཅིག་དུ་གཡུལ་ངོར་རལ་ཁ་ལྷགས་པ་ན་རང་ལ་མཚོན་གྱིས་མི་འཕོག་པ་དང་ཕར་འཇོམས་པ་བྱེད་པ་ལྟར། ཉོན་མོངས་མཚོན་ལས་གཟུར་བར་བྱ་ཞིང་ཉོན་མོངས་རྣམས་ནི་འཇེབས་པར་བཏགས་ཏེ་དེས་སླར་གནོད་མི་ནུས་པར་བྱའོ། །གཉིས་པ་དྲན་པ་ལྷུར་བླང་བ་ནི། དཔེར་ན་གཡུལ་དུ་རལ་གྲི་ལྷུང་གྱུར་ན་འཇིགས་པས་མྱུར་དུ་ལེན་པ་ལྟར། དེ་བཞིན་དུ་དྲན་པའི་མཚོན་ཤོར་ཏེ་གཉེན་པོ་བརྗེད་པར་གྱུར་ན་དམྱལ་བའི་འཇིགས་པ་དྲན་པའི་སྒོ་ནས་དྲན་པའི་མཚོན་མྱུར་དུ་བླང་ངོ་། གཉིས་པ་ལ་གཉིས་ལས། དང་པོ་ཉེས་པ་མི་འབྱུང་བར་བྱ་བ་ནི། ཇི་ལྟར་མདའ་དུག་ཅན་བསྣུན་པ་ན་ཁྲག་ལ་བརྟེན་བྱས་ནས་དུག་ནི་ལུས་ལ་ཁྱབ་པར་འགྱུར་བ་དེ་བཞིན་ཉེས་པ་ཅུང་ཟད་ཅིག་གིས་གླགས་རྙེད་པར་གྱུར་ན་དེ་ལ་བརྟེན་ནས་རིམ་གྱིས་ཉེས་པས་སེམས་ལ་ཁྱབ་པར་འགྱུར་རོ། །དེ་བས་ན་ཡུངས་མར་གྱིས་བཀང་བའི་སྣོད་བསྐུར་ལ་ལམ་འདྲེད་པ་ལ་འགྲོར་བཅུག་སྟེ། རལ་གྲི་ཐོགས་པས་དྲུང་དུ་བསྡད་དེ་ཅུང་ཟད་ཅིག་བོ་ན་གསོད་དོ་ཞེས་བསྡིགས་ན་འཇིགས་ནས་ཤིན་ཏུ་སྒྲིམ་པ་ལྟར་བརྟུལ་ཞུགས་ཅན་གྱིས་སྡོམ་པ་འཛིན་པས་དེ་བཞིན་དུ་བསྒྲིམ་པར་བྱའོ། །གཉིས་པ་བྱུང་ན་བཟློག་པ་ནི། ཉེས་པ་ཅུང་ཟད་བྱུང་ན་ཡང་གནོད་པ་ཆེན་པོ་འབྱུང་བ་དེ་བས་ན་པང་དུ་དུག་སྦྲུལ་འོངས་ན་ཇི་ལྟར་རིངས་པས་ལྡང་བ་དེ་བཞིན་དུ་གཉིད་དང་སྙོམ་ལས་ལ་སོགས་པ་འོངས་ན་མྱུར་དུ་དེ་དག་བཟློག་པར་བྱའོ། །དེ་ལྟར་འབད་ཀྱང་གལ་ཏེ་ཉེས་པ་ཅུང་ཟད་བྱུང་ན་ཉེས་པ་བྱུང་བ་རེ་རེ་ཞིང་བདག་ཉིད་ཀྱིས་བདག་ཉིད་ལ་སྨད་ནས་ཅི་ནས་ཀྱང་བདག་ལ་ཕྱིས་འདི་མི་འབྱུང་བར་དེ་ལྟར་འབད་པར་བྱའོ་ཞེས་ཡུན་རིང་དུ་བསམ་མོ། །གསུམ་པ་ནི། ཇི་ལྟར་ཉེས་པ་མི་འབྱུང་བར་བྱ་བ་དང་། བྱུང་བ་བཟློག་པའི་གནས་སྐབས་འདི་དག་ལ་གཉེན་པོ་དྲན་པ་གོམས་པ་ཉིད་དུ་འགྱུར་ཞེས་སེམས་པའི་རྒྱུ་འདི་ཡིས་ནི་དེའི་རྒྱུ་དགེ་བའི་བཤེས་གཉེན་དང་ཕྲད་པའམ། རིགས་པ་ནི་འགྲེལ་ཆེན་ལས་ཐོབ་པ་ཞེས་པར་འབྱུང་ཞིང་། དེའི་དོན་ཡང་དེས་གདམས་པ་དང་རྗེས་སུ་བསྟན་པ་དང་ལྟུང་བ་ལས་ལྡང་ཆེད་དུ་ཆད་པའི་ལས་འབྱིན་པ་སྒྲུབ་པར་འདོད་པར་བྱ། ཞེས་འཆད་དོ། །གསུམ་པ་བདག་ཉིད་དབང་དུ་བྱ་བ་ནི། ཅི་ནས་དགེ་བའི་ལས་དེ་བྱེད་པའི་སྔོན་རོལ་ནས་ལས་དེ་ཐམས་ཅད་ལ་བརྩོན་འགྲུས་ཀྱི་མཐུ་ཡོད་པ་དེ་ལྟར་བྱ་བའི་ཆེད་དུ་བག་ཡོད་བསྟེན་ཚུལ་གྱི་གཏམ་རྣམས་དྲན་པར་བྱ་སྟེ། བདག་ཉིད་ལྡང་བ་ཡང་བ་སྟེ་ཤིན་ཏུ་སྤྲོ་བས་འཇུག་པར་བྱའོ། །དེའི་དགོས་པ་ནི། ཇི་ལྟར་རླུང་ནི་འགྲོ་བ་དང་འོང་བས་ཤིང་བལ་ལ་དབང་བསྒྱུར་བ་དེ་བཞིན་དུ་བསམ་པ་དགེ་བ་ལ་སྤྲོ་བས་ལུས་ངག་ལ་དབང་བསྒྱུར་བར་བྱ་སྟེ། དེ་ལྟ་ན་ནི་དགེ་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །ལེའུ་བདུན་པ་བཤད་ཟིན་ཏོ།། །།བསམ་གཏན་གྱི་ལེའུ་ལ་གསུམ་སྟེ། མཚམས་སྦྱར་བའི་སྒོ་ནས་བསམ་གཏན་བསྒོམ་པར་གདམས་པ་དང་། མི་མཐུན་ཕྱོགས་སྤང་བ་དང་། གཉེན་པོ་སྡོམ་པའོ། །དང་པོ་ནི། དེ་ལྟར་མཉམ་པར་འཇོག་པའི་ཐབས་ལ་སོགས་པ་ཐོས་བསམ་ལ་སོགས་པའི་སྒོ་ནས་བརྩོན་འགྲུས་བསྐྱེད་ནས་ནི་ཡིད་ནི་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་བྱའོ། །བསླབ་བཏུས་ལས། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ་གཉིས་ལས། མདོར་བསྟན་ནི། ཏིང་ངེ་འཛིན་ལ་མ་བཞག་ན་ཅིར་འགྱུར་ཞེ་ན། སེམས་ནི་རྣམ་པར་གཡེངས་པའི་མི་ཉོན་མོངས་པའི་མཆེ་བའི་ཕྲག་ན་གནས་ཏེ། དེས་མྱུར་དུ་འཇོམས་པར་འགྱུར་བས་སོ། །འོ་ན་གཡེང་བ་གང་གིས་སྤོང་ཞེ་ན། ལུས་དང་སེམས་ནི་དབེན་པ་ཡིས་རྣམ་པར་གཡེང་བ་མི་འབྱུང་ངོ་དེ་བས་ན་འཇིག་རྟེན་གྱི་འདུ་འཛི་སྤངས་ཏེ་ལུས་དབེན་པ་དང་འདོད་པ་ལ་སོགས་ཀྱི་རྣམ་རྟོག་ཡོངས་སུ་དོར་ནས་སེམས་དབེན་པར་བྱའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། འཇིག་རྟེན་སྤང་བ་དང་། རྣམ་རྟོག་དོར་བའོ། །དང་པོ་ལ་གཉིས་ཏེ། ཉེས་དམིགས་ཀྱི་སྒོ་ནས་འདུ་འཛི་སྤང་བ་དང་། ཡོན་ཏན་གྱི་སྒོ་ནས་དབེན་པ་བསྟེན་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། སྤང་བྱ་བློ་བསྐྱེད་པ་དང་། སྤོང་བའི་ཐབས་བསྟེན་པའོ། །དང་པོ་ནི། སེམས་ཅན་ལ་ཆགས་པའི་ཕྱིར་དང་རྙེད་སོགས་ལ་སྲེད་པས་འཇིག་རྟེན་མི་སྤངས་ཏེ། དེ་བས་ཉོན་མོངས་པ་སྤང་བར་འདོད་པའི་མཁས་པ་ལྟར་ཆགས་སྲེད་འདི་དག་ཡོངས་སུ་སྤངས་ལ་འདི་ལྟར་སྤྱད་པར་བྱ་སྟེ། མདོ་སྡེའི་རྒྱན་ལས། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ཉིད་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་གསུངས་པ་ལྟར་སེམས་ཀྱི་ཆོས་ཉིད་ལ་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང་རབ་ཏུ་ལྡན་ཏེ། དེས་བསྐྱེད་པའམ་དེ་དང་ཟུང་དུ་འབྲེལ་བའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ལྷག་མཐོང་གིས་ཉོན་མོངས་པ་རྩ་བ་ནས་རྣམ་པར་འཇོམས་པར་ཤེས་པར་བྱས་ནས། ཐོག་མར་ཞི་གནས་བཙལ་བར་བྱ་སྟེ་དེ་ཡང་ནི་འཇིག་རྟེན་ལ་ཆགས་པ་མེད་པ་ལ་མངོན་པར་དགའ་བས་འགྲུབ་ཀྱི་གཞན་གྱིས་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། ནང་སེམས་ཅན་དང་། ཕྱི་ཡོ་བྱད་དང་། མི་ནུས་པའི་གཞན་དོན་ལ་ཆགས་པ་སྤང་བའོ། །དང་པོ་ལ་གཉིས་ལས། དང་པོ་ཆགས་པའི་ཉེས་པ་ནི ། རང་ཉིད་མི་རྟག་པ་སུ་ཞིག་གཉེན་བཤེས་མི་རྟག་པ་ལ་ཡང་དག་ཆགས་པར་བྱེད་པ་ཡོད་དེ་ཆགས་པ་དེས་ནི་ཚེ་རབས་སྟོང་དུ་ཡང་སྡུག་པ་མཐོང་བར་ཡོད་མི་འགྱུར་བར་བྱེད་དེ། ལས་ངན་པས་འབྲས་བུ་མི་འདོད་པ་བསྐྱེད་པས་སོ། །མ་མཐོང་ན་ནི་དགར་མི་འགྱུར་ཏེ་ཡིད་མི་བདེ་བར་འགྱུར་ཞིང་དེས་ཡིད་ཀྱང་མཉམ་པར་འཇོག་པར་མི་འགྱུར་ལ། གལ་ཏེ་མཐོང་ཡང་ངོམས་པར་མི་འགྱུར་བས་སྔར་བཞིན་དུ་དེ་ལ་སྲེད་པས་གདུངས་པར་འགྱུར། སེསམ་ཅན་རྣམས་ལ་ཆགས་བྱས་ན་ཡང་དག་པ་ཉིད་ཀྱི་དོན་མཐོང་བ་ལ་ཡང་ཀུན་ནས་སྒྲིབ་ཅིང་སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད། ཐ་མར་དེ་དང་བྲལ་བའི་མྱ་ངན་གྱིས་གདུངས་བར་འགྱུར་ཏེ་དེ་ལ་སེམས་དཔའ་འབའ་ཞིག་གིས་དུས་འདས་ཏེ་དགེ་བ་མ་གྲུབ་པས་ཚེ་འདི་དོན་མེད་དུ་འདའ་བར་འགྱུར་རོ། །གཉིས་པ་ཆགས་བྱ་ཡུལ་གྱི་ཉེས་པ་ལ་གཉིས་ཏེ། བྱིས་པ་ཞེན་པས་བསྟེན་བྱ་མ་ཡིན་པ་དང་། སྐབས་སུ་བབ་ན་ཇི་ལྟར་འགྲོགས་ཚུལ་ལོ། །དང་པོ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། རྟག་པ་མེད་པའི་མཛའ་བཤེས་ཀྱིས་གཡུང་དྲུང་ནི་ཐར་པ་སྟེ་དེའི་རྒྱུར་གྱུར་པའི་ཆོས་ཀྱང་འཇིག་པར་བྱེད་ཅེས་པ་དགེ་ལྷས་སོ། །བྱིས་པ་ནི་རྒན་པོ་དང་འཕགས་པ་དང་མཁས་པའི་ཟླས་དྲངས་པ་གསུམ་ལས་འདི་ཕྱི་མ་གཉིས་ཡིན་ཞིང་། དེ་ལས་ཀྱང་གཙོ་ཆེར་ཐ་མ་སྟེ། དེ་དག་དང་སྐལ་བ་མཉམ་པ་སྟེ་འདྲ་བར་སྤྱོད་ན་ངེས་པར་ངན་འགྲོར་འགྲོ་གྱུར་ཏེ། འཕགས་པ་རྣམས་དང་སྐལ་བ་མི་མཉམ་པར་ཏེ་དེའི་རྗེས་སུ་མི་འབྲང་བར་གཞན་དུ་འཁྲིད་པར་བྱེད་ན་བྱིས་པ་བསྟེན་པས་ཅི་ཞིག་བྱ། གཉིས་པ་ལ་གཉིས་ཏེ། བདག་གིས་དེ་ལ་མི་ཕན་པ་དང་། དེས་བདག་ལ་མི་ཕན་པའོ། །དང་པོ་ནི། སྐད་ཅིག་གཅིག་གིས་མཛའ་འགྱུར་ལ་དེ་ཉིད་ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར། དགའ་བའི་གནས་དགེ་བ་ལ་སྦྱར་ན་ཡང་ཁྲོ་བར་བྱེད་པས་སོ་སོའི་སྐྱེ་བོ་མགུ་བར་དཀའ། ཕན་པའི་ཆོས་སྨྲས་ནའང་ཁྲོ་བར་བྱེད་ཅིང་དང་དུ་མི་ལེན་ལ་བདག་ཀྱང་ཕན་པའི་ཆོས་དེ་ལས་ཟློག་པར་བྱེད་ལ་དེ་དག་གི་ཚིག་དེ་མ་ཉན་ན་ཁྲོ་བས་དེ་དག་ངན་འགྲོར་འགྲོ་བར་འགྱུར་རོ། །གཉིས་པ་ནི། མཐོ་ལ་ཕྲག་དོག་མཉམ་པ་ལ་འགྲན་དམའ་ལ་ང་རྒྱལ་བསྟོད་ན་དྲེགས། མི་སྙན་བརྗོད་ན་ཁོང་ཁྲོ་སྐྱེ་བས་དེས་ན་ནམ་ཞིག་བྱིས་པ་དང་འགྲོགས་པ་ལས་ཕན་པ་ཐོབ། མི་ཐོབ་པར་མ་ཟད་གཞན་ཡང་བྱིས་པ་དང་འགྲོགས་ན་བྱིས་པ་ལས་བདག་བསྟོད་གཞན་ལ་སྨོད་པ་དང་འཁོར་བར་དགའ་བ་སྟེ་དེ་ལ་ཆགས་པའི་གཏམ་ལ་སོགས་པ་མི་དགེ་ཅིས་ཀྱང་ངེས་པར་འབྱུང་ངོ། །གསུམ་པ་ནི། དེ་ལྟར་ན་བདག་དང་གཞན་བསྟེན་ཏེ་འགྲོགས་པ་དེས་ནི་ཕུང་བར་འགྱུར་བར་ཟད་དོ། །དེས་ཀྱང་བདག་དོན་མ་བྱས་ལ་བདག་ཀྱང་དེ་དོན་མི་འགྱུར་བ་དེས་ན་བྱིས་ལས་ཐག་རིང་བྱོལ་བར་བྱ་སྟེ། སྐྱེ་རབས་ལས། བྱིས་པ་རྣམས་ནི་ནམ་ཡང་མི་མཐོང་ཤིང་། །མཐོང་བར་མི་འགྱུར་ནམ་ཡང་མི་སྨྲ་དང་། །བྱིས་དང་འགྲོགས་ལས་སྐྱོ་བའི་སྡུག་བསྔལ་ཡང་། །མི་མྱོང་མཆོག་དེ་བདག་གིས་ཁྱོད་ལ་སློང་། །ཞེས་པ་ལྟར་རོ། །གཉིས་པ་ནི། གལ་ཏེ་ཕྲད་ན་དགའ་བའི་སྤྱོད་ཚུལ་གྱིས་མགུ་བར་བྱ་སྟེ། དེ་དང་ཧ་ཅང་འདྲིས་ཆེན་པོ་ཉིད་དུ་མི་འགྱུར་བས་ཐ་མལ་པ་ཙམ་སྟེ་དེ་ལ་ཆགས་སྡང་གཉིས་དང་བྲལ་བའི་སྤྱོད་ལམ་ལེགས་པར་བྱའོ། །བུང་བས་མེ་ཏོག་ལ་མ་ཆགས་བཞིན་དུ་དེ་ལས་སྦྲང་རྩི་ལེན་པ་བཞིན་དུ་ཆོས་ཀྱི་དོན་ཏེ་ལེགས་བཤད་དམ་ཆོས་ཀྱི་དོན་དུ་འགྱུར་བའི་ཆོས་སྤྱོད་ལ་སོགས་པ་ཙམ་བླངས་ནས་ནི། ཀུན་ལ་སྔོན་ཆད་མ་མཐོང་བ་བཞིན་དུ་འདྲིས་པ་མེད་པར་གནས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ཆགས་པས་སྡུག་བསྔལ་བསྐྱེད་པ་དང་། ཆགས་ཡུལ་ལ་སྙིང་པོ་མེད་པའོ། །དང་པོ་ནི། བདག་ནི་རྙེད་མང་བཀུར་སྟི་བཅས་བདག་ལ་མང་པོ་དགའ་འོ་ཞེས་དེ་འདྲའི་སྙེམས་པ་སྟེ་ང་རྒྱལ་འཆང་གྱུར་ན་དེའི་རྒྱུས་ཤི་བའི་འོག་ཏུ་འཇིགས་པ་སྐྱེ་སྟེ། བྱམས་པ་སེང་གེ་སྒྲས་ཞུས་པ་ལས། རྙེད་བཀུར་དང་མཛའ་བཤེས་དང་སློང་མོ་སྟེར་བའི་ཁྱིམ་དང་མཁས་པ་དང་བཙུན་པ་སྟེ་བཞིས་རློམ་པ་ནི་མྱུར་དུ་དམྱལ་བར་སྐྱེ་བའི་རྒྱུར་གསུངས་སོ། །དེ་བས་ན་རྣམ་པར་རྨོངས་པའི་ཡིད་རྙེད་སོགས་གང་དང་གང་ལ་ཆགས་གྱུར་པའི་ཡུལ་རྙེད་སོགས་དེ་དང་དེ་བསྡོངས་ཏེ་བསྡོམས་པས་སྟོང་འགྱུར་དུ་སྡུག་བསྔལ་ཉིད་དུ་འགྱུར་ཞིང་ལྡང་ངོ་། དེ་དང་དེ་བསྡོངས་ཞེས་པ་ནི་རྙེད་པ་ལ་སོགས་པ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུར་གྱུར་པའོ་ཞེས་གསུངས་སོ། །དེ་བས་ན་མཁས་པས་གང་ལ་ཡང་ཆགས་པར་མི་བྱ་སྟེ། ཆགས་པ་ལས་ནི་འཇིགས་པ་སྐྱེ་བས་སོ། །གཉིས་པ་ལ་གཉིས་ལས། དང་པོ་རྙེད་སོགས་མི་རྟག་པ་ནི། རྙེད་སོགས་འདི་དག་གི་རང་བཞིན་གདོན་མི་ཟ་བར་འདོར་བར་འགྱུར་བར་བློ་བརྟན་པར་གྱིས་ཏེ་རབ་ཏུ་རྟོགས་པར་གྱིས་ཤིག །འདི་ལྟར་རྙེད་པ་དག་ནི་མང་བྱུང་ཞིང་གྲགས་དང་སྙན་པ་བྱུང་གྱུར་ཀྱང་རྙེད་དང་གྲགས་པའི་ཚོགས་བཅས་ཏེ་གང་དུ་འདོང་བའི་གཏོལ་མེད་དོ་སྟེ་འཆི་ཚེ་དེ་དག་རྗེས་སུ་མི་འབྲང་ཞེས་པའོ། །གཉིས་པ་བསྟོད་སྨད་ལ་དགའ་མི་དགའ་མི་རིགས་པ་ནི། བདག་ལ་སྨོད་པ་གཞན་ཡོད་ན་འགའ་ཞིག་གིས་བསྟོད་པས་བདག་དགར་ཅི་ཞིག་ཡོད་དེ། དེའི་དགའ་བ་ལ་གེགས་བྱེད་ཡོད་པས་སོ། །བདག་ལ་བསྟོད་པ་གཞན་ཡོད་ན་འགའ་ཞིག་གིས་སྨོད་པས་མི་དགར་ཅི་ཞིག་ཡོད་དེ། དེའི་གེགས་བྱེད་ཡོད་པས་སོ། །གསུམ་པ་ནི། སེམས་ཅན་མོས་པ་སྣ་ཚོགས་པ་རྒྱལ་བས་ཀྱང་ནི་མི་མགུ་སྟེ་ལེགས་པའི་སྐར་མ་ལ་སོགས་པ་བཞིན་བདག་འདྲ་ངན་པས་སྨོས་ཅི་དགོས་ཏེ། དེ་བས་ན་འཇིག་རྟེན་པ་རྣམས་དང་འགྲོགས་པ་ཡི་བསམ་པ་བཏང་ངོ་། ཇི་ལྟར་མགུ་དཀའ་ཞེ་ན། སེམས་ཅན་རྣམས་ནི་རྙེད་པ་མེད་པ་ལ་སྨོད་ཅིང་རྙེད་པ་ཅན་ལ་མི་སྙན་བརྗོད་པར་བྱེད་པས་གང་གིས་ཀྱང་མི་མགུ་བར་རང་བཞིན་གྱིས་འགྲོགས་དཀའ་བ་དེ་དག་གི་དགའ་བ་བདག་ལ་བརྟེན་ནས་ཇི་ལྟར་སྐྱེ་བར་འགྱུར། འགྲེལ་ཆེན་ལས་དེ་དག་གིས་ཞེས་པའི་དོན་འཆད་དོ། །བྱིས་པ་དང་མི་འགྲོགས་པའི་རྒྱུ་མཚན་གང་གི་ཕྱིར་ན། བྱིས་པས་ནི་ཇི་ལྟར་ཡང་གཞན་པས་རང་དོན་ལྷག་པ་ཞིག་མེད་པར་དགའ་བ་མི་འབྱུང་བས་ན་བྱིས་པ་འགའ་ཡང་བཤེས་པར་བྱ་བ་མིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ལས། ཇི་ལྟར་གཅན་གཟན་ཁྲོད་གནས་ན། །ནམ་ཡང་དགའ་བར་མི་འགྱུར་བ། །དེ་བཞིན་བྱིས་པ་བསྟེན་པས་ཀྱང་། །ནམ་ཡང་དགའ་བར་མི་འགྱུར་རོ། །ཞེས་སོ། །འོ་ན་སྔར་བྱང་སེམས་ཀྱིས་སེམས་ཅན་གྱི་དོན་འབའ་ཞིག་བྱ་བར་བཤད་པ་དང་འགལ་ལོ་སྙམ་ན་མ་ཡིན་གྱི། སྔར་ནི་རང་མི་ཉམས་ཤིང་གཞན་ལ་ཕན་པའི་དབང་དུ་བྱས་ལ། འདིར་དེ་ལས་བཟློག་པའི་དབང་དུ་བྱས་པ་ཡིན་ལ། དེས་དངོས་སུ་གཞན་དོན་མི་ནུས་ཀྱང་གཞན་དོན་གྱི་བསམ་པས་དགེ་བ་བྱས་ན་གཞན་དོན་སྤངས་བར་མི་འགྱུར་ཏེ། གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་པ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། དབེན་པ་ལ་སྤྲོ་བ་བསྐྱེད་པ་དང་། དེ་ལ་མི་སྤྲོ་བའི་རྒྱུ་སྤང་བ་དང་། དེ་བསྟེན་པར་གདམས་པའོ། །དང་པོ་ལ་བཞི་སྟེ། དབེན་པའི་གྲོགས་དང་། གནས་དང་། ལོངས་སྤྱོད་དང་། བསམ་པའི་ཡོན་ཏན་ལ་སྨོན་པའོ། །དང་པོ་ནི། ནགས་ཚལ་དབེན་པ་དེ་ན་གྲོགས་ཀྱི་ཁྱད་པར་རི་དྭགས་དང་བྱ་རྣམས་དང་ཤིང་རྣམས་མི་སྙན་བརྗོད་མི་བྱེད། འགྲོགས་ན་བདེ་བ་དེ་དག་དང་ནམ་ཞིག་ལྷན་ཅིག་བདག་གནས་འགྱུར་ཞིག་གུ་ཞེས་སེམས་ཤིང་སྨོན་པའོ། །གཉིས་པ་ནི། དེར་ཕུག་གམ་ལྷ་ཁང་སྟོང་པའམ་ལྗོན་ཤིང་གི་དྲུང་དུ་གནས་བཅས་ཏེ། ཁྱིམ་ལ་སོགས་པ་སྔར་སྤངས་པ་དེ་དག་ཕྱིར་ལེན་པར་མི་འདོད་པས་ན་ནམ་ཞིག་རྒྱབ་ཏུ་མི་བལྟ་ཞིང་དེ་དག་ལ་ཆགས་པ་མེད་པར་འགྱུར་ཞིག་གུ། ས་ཕྱོགས་སུས་ཀྱང་བདག་གིར་གཟུང་བ་མེད་ཅིང་རང་བཞིན་གྱིས་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་གང་ཡང་གཞན་ལ་རག་མ་ལས་པས་རང་དབང་སྤྱོད་ཅིང་ཆགས་མེད་པར་ནམ་ཞིག་བདག་ནི་གནས་པར་འགྱུར། གསུམ་པ་ནི། དེར་ས་ལས་བྱས་པའི་ལྷུང་བཟེད་ལ་སོགས་པ་ཡོ་བྱད་དམན་པ་ཉི་ཚེ་དང་། ཀུན་ལ་མི་མཁོ་བའི་ཕྱགས་དར་ཁྲོད་ཀྱི་གོས་འཆང་ཞིང་། དེ་ལུས་ལ་ཡང་ལྟོས་པ་མེད་པས་ལོངས་སྤྱོད་དེ་དག་དང་ལུས་འདི་སྦ་བར་མ་བྱས་ཀྱང་འཇིགས་མེད་གནས་པར་ནམ་ཞིག་འགྱུར། བཞི་པ་ནི། དེ་ཡང་སྐབས་སུ་དུར་ཁྲོད་དུ་སོང་ནས་གཞན་དག་གི་རུས་གོང་དག་དང་བདག་གི་ལུས་འདི་མཐར་འཇིག་པའི་ཆོས་ཅན་དག་ཏུ་ནི་འདྲའོ་ཞེས་ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར་ཞེས་དེར་སྨོན་པའོ། །གཉིས་པ་དབེན་པ་ལ་མི་སྤྲོ་བའི་རྒྱུ་ནི། བདག་དང་གཞན་ལ་ཆགས་པ་ཡིན་པས་དེ་སྤང་བ་ནི། བདག་གི་ལུས་ནི་འདི་ཉིད་ཀྱང་རུལ་ཏེ་གང་ཞིག་དྲི་ང་བ་ཡིས་ཤ་དོན་དུ་གཉེར་བའི་ཝ་དག་ཀྱང་དེའི་དྲུང་དུ་ཉེ་བར་འགྲོ་བར་མི་འགྱུར་ན་གཞན་ལྟ་ཅི་སྨོས། དེ་ལྟ་བུར་ནི་འགྱུར་བར་འོང་ཞེས་ལུས་ལ་ཆགས་པའི་གནས་མ་ཡིན་པ་དང་། ལུས་འདི་གཅིག་པུ་བྱུང་བ་ཡང་ལྷན་ཅིག་ཏུ་སྐྱེས་པའི་ཤ་རུས་དག་ཞིག་ཅིང་སོ་སོར་འགྱེས་འགྱུར་ན་མཛའ་བ་གཞན་རྣམས་འགྱེས་པར་ལྟ་ཅི་ཞིག་སྨོས་ཞེས་ཏེ་གཉིས་ཀ་དང་འབྲལ་བར་འགྱུར་བ་དང་། སྐྱེ་ནའང་རང་ཉིད་གཅིག་པུར་སྐྱེ་འགྱུར་ཞིང་། འཆི་ནའང་དེ་ཉིད་གཅིག་པུར་འཆི་སྟེ། བདག་གི་སྡུག་བསྔལ་གྱི་སྐལ་བ་གཞན་གྱིས་མི་ལེན་ན་དགེ་བའི་གེགས་བྱེད་པའི་མཛའ་བོས་ཅི་ཞིག་བྱ་ཞེས་མཛའ་བཤེས་ཀྱིས་ཕན་མི་ཐོགས་པ་དང་། དཔེར་ན་ལམ་དག་ཏུ་ཞུགས་པའི་མགྲོན་པོ་རྣམས་ཇི་ལྟར་གནས་གཅིག་སྤང་ཤིང་གཅིག་འཛིན་པ་ལྟར། དེ་བཞིན་དུ་སྲིད་པའི་ལམ་དུ་ཞུགས་པ་རྣམས་ཀྱང་སྐྱེ་བའི་གནས་གཅིག་སྤངས་ཤིང་གཅིག་ཡོངས་སུ་འཛིན་པས་ལུས་དང་གཉེན་དང་ཡང་བདག་གིར་མ་ངེས་པས་དེ་རྣམས་ལ་ཆགས་པ་སྤང་བའོ། །གསུམ་པ་ནི། ཇི་སྲིད་འཇིག་རྟེན་གཉེན་སོགས་སྡུག་བསྔལ་གྱིས་ཀུན་ནས་གདུངས་བཞིན་དུ་སྐྱེས་བུ་བཞི་ཡིས་ནི་ཁྱིམ་དེ་ལས་ལུས་དེ་ནི་དུར་ཁྲོད་དུ་མ་བཏེག་པ་དེ་སྲིད་དུ་ནི་ནགས་སུ་སོང་ཞིག་ཅེས་གདམས་ནས་དེར་ཕྱིན་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེར་སུ་དང་ཡང་བཤེས་མེད་འཁོན་པའང་མེད་བྱས་ནས་ལུས་འདི་གཅིག་པུ་དབེན་པར་གནས་ཏེ། ཉེ་དུ་སོགས་ཀྱིས་སྔ་ནས་ཤི་དང་འདྲར་བརྩིས་ནས་ཤི་ནའང་མྱ་ངན་བྱེད་པ་མེད་ཅིང་དྲུང་ན་འཁོད་པ་སུ་དག་ཀྱང་དེ་ཤི་བའི་མྱ་ངན་གྱིས་གནོད་པ་བྱེད་པ་མེད་པས་མྱ་ངན་བྱེད་པ་མཐོང་ནས་བདག་ཀྱང་ཡིད་མི་བདེ་བ་མེད་པ་དང་། འདི་ཡིས་སངས་རྒྱས་རྗེས་དྲན་སོགས་དགེ་བ་རྣམས་སུས་ཀྱང་གཡེངས་པར་འགྱུར་བ་མེད་དོ། །ཞེས་ཡོན་ཏན་བསྟན་ནས་དེར་གནས་བཅའ་བར་གདམས་པ་ནི། དེ་བས་ཤིན་ཏུ་མདངས་ཏེ་ཉམས་དགའ་བའི་ནགས་ཚལ་ཚེགས་ཆུང་ངུས་རྙེད་ཅིང་བདེ་ཞིང་སྐྱིད་པ་སྒོ་གསུམ་གྱི་གཡེང་བ་ཐམས་ཅད་ཞི་བྱེད་པར་བདག་ཉིད་གཅིག་པུ་གནས་པར་བྱའོ། །ཞེས་པའོ། །གཉིས་པ་རྣམ་རྟོག་དོར་བ་ལ་བསྟན་བཤད་གཉིས་གྱི། དང་པོ་ནི། བསམ་པ་དགེ་ལ་སེམས་པ་ལས་གཞན་ནི་ཀུན་བཏང་སྟེ། གཞན་དག་བདག་གིས་འཁྲུལ་པའམ། །གཞན་གྱིས་བྱས་དང་མ་བྱས་ལས། །བརྟག་པར་མི་བྱ་བདག་ཉིད་ཀྱིས། །མཉམ་དང་མི་མཉམ་ཡང་དག་བརྟག །ཅེས་པ་ལྟར་བདག་གི་བྱང་ཆུབ་ཀྱི་སེམས་འཕེལ་བའི་ཐབས་ལ་སེམས་པ་གཅིག་པུ་ཡིས་སེམས་ནི་ཞི་གནས་ཀྱིས་མཉམ་པར་བཞག་ཕྱིར་དང་ལྷག་མཐོང་གིས་དུལ་བར་བྱ་བའི་ཕྱིར་བརྩོན་པར་བྱའོ། །གཉིས་པ་ལ་གཉིས་ཏེ། འདོད་པ་ལ་སྐྱོ་བ་བསྐྱེད་པ་དང་། དབེན་པ་ལ་དགའ་བ་བསྐྱེད་པའོ། །དང་པོ་ལ་གསུམ་སྟེ། འབྲས་བུ་འཇིགས་པ་དང་། ངོ་བོ་ལ་མི་གཙང་བ་དང་། རྒྱུས་གནོད་པ་བརྟག་པའོ། །དང་པོ་ནི། འཇིག་རྟེན་འདི་དང་ཕ་རོལ་ཏུའང་འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་དེ། འདིར་ནི་དེའི་རྒྱུས་གསོད་དང་འཆིང་དང་གནོད་པ་དང་། ཕ་རོལ་ཏུ་ཡང་དམྱལ་སོགས་བསྒྲུབ་སྟེ། བུ་མོ་ཟླ་མཆོག་ལུང་བསྟན་པ་ལས། འདོད་པའི་ཁོལ་པོ་རྣམས་ནི་གཤགས་ཤིང་གཏུབ། །མགོ་དང་མིག་དང་རྐང་ལག་བཅད་ཕྱུང་གྱུར། །འདོད་ཆགས་ཀྱིས་ནི་སེམས་ཅན་དམྱལ་བར་ལྟུང་། །འདོད་ཆགས་ཀྱིས་ནི་ཡི་དྭགས་དུད་འགྲོར་འགྲོ། །ཞེས་དང་། རྒྱ་ཆེར་རོལ་པ་ལས། འདོད་པའི་སྐྱོན་རྣམས་མ་ལུས་བདག་གིས་རིག །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཇིགས་བྱེད་དུག་གི་ལོ་མ་ལྟ་བུ་དང་། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། སྲོག་དང་བྲལ་བ་དང་མཚུངས་པ་དང་། སྲོག་ལྡན་ཉིད་ལ་བརྟགས་ནས་དེ་མི་གཙང་བར་བརྟག་པའོ། །དང་པོ་ལ་དྲུག་གི་དང་པོ་བརྣག་བྱའི་ཆོས་མེད་པ་ནི། ཕོ་ཉ་བ་དང་ཕོ་ཉ་མོ་ལ་སྔོན་བུད་མེད་གང་དང་ཕྲད་པའི་ཕྱིར་དུ་རྣམ་པ་དུ་མར་གསོལ་བ་བཏབ་ཅིང་། སྡིག་པ་རྣམས་སམ་གྲགས་མིན་ལའང་གང་གི་དོན་དུ་མ་འཛེམས་པར་སྲོག་ཆད་པ་ལ་སོགས་པའི་འཇིགས་པ་ལ་ཡང་བདག་ཞུགས་ཤིང་རྫས་ཀྱང་ཟད་པར་བྱས་གྱུར་ཏེ། གང་ལ་ཡོངས་སུ་འཁྱུད་པས་ན་མཆོག་ཏུ་དགའ་བར་འགྱུར་བའི་ཡུལ་བུད་མེད་དེ་དག་ཀེང་རུས་ཉིད་ཡིན་གྱི་གཞན་མིན་ན། རང་དབང་དུ་གྱུར་པ་དང་བདག་ཏུ་གྲུབ་པ་མིན་པ་འདི་ལ་རབ་ཏུ་འདོད་ཅིང་འདི་ལ་ཡོངས་སུ་ཞེན་ནས་ཅིའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་བར་བྱེད། དྲན་པ་ཉེར་གཞག་ལས། བུད་མེད་ཕུང་བར་བྱེད་པ་སྟེ། །འཇིག་རྟེན་འདི་ཕུང་ཕ་རོལ་ཕུང་། །གལ་ཏེ་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་རྣམ་པར་སྤང་། །ཞེས་གསུངས་སོ། །འདིས་གཞན་གྱི་དང་ཕྱི་མ་རྣམས་རང་གི་ཆུང་མ་ལ་ཞེན་པའི་དབང་དུ་བྱས་ཞེས་འགྲེལ་ཆེན་ལས་སོ། །གཉིས་པ་ཞེན་པས་ལྟ་བར་མི་རིགས་པ་ནི། གང་ཞིག་དང་པོར་དེའི་གདོང་གསལ་པོར་བལྟ་བའི་ཕྱིར་འབད་དེ་བཏེག་ཅིང་གྱེན་དུ་དྲངས་ཀྱང་དེ་ངོ་ཚས་འོག་ཏུ་བལྟ་བར་བྱེད་ལ། དུར་ཁྲོད་དུ་འགྲོ་བ་ལས་སྔོན་ཞེས་འགྲེལ་ཆེན་ལས་འབྱུང་བས་བག་མའི་ཚེ་གཞན་གྱིས་མཐོང་ངམ་མ་མཐོང་ཡང་རུང་སྟེ། གོས་ཏེ་གདོང་གཡོགས་ཀྱིས་བག་མ་དེའི་གདོང་གཡོགས་པར་འགྱུར་ཞེས་ཡུལ་དབུས་ཀྱི་ཆོ་རིགས་ཅན་ཕལ་མོ་ཆེའི་ལུགས་ཀྱི་དབང་དུ་བྱས་པའོ། །གང་ལྟ་བར་འདོད་ནས་ཁྱོད་ཉོན་མོངས་པའི་གདོང་དེ་ནི་ད་ལྟ་མངོན་སུམ་གྱུར་པ་བཞིན་དུར་ཁྲོད་ན་བྱ་རྒོད་ཀྱིས་བསལ་བར་བྱས་པ་མཐོང་ནས་ད་ལྟ་ཅིའི་ཕྱིར་སྐྲག་ནས་འབྱེར་བར་བྱེད། གསུམ་པ་ཕྲག་དོག་གིས་བསྲུང་བར་མི་རིགས་པ་ནི། སྐྱེས་པ་གཞན་རྣམས་མིག་གིས་བལྟ་ན་ཡང་གང་ཞིག་ཡོངས་སུ་བསྲུངས་གྱུར་པའི་ལུས་དེ་ནི་ཇི་སྲིད་དུ་དེས་ཟ་ན་སེར་སྣ་ཅན་ཁྱོད་ཅིས་མི་བསྲུང་། བཞི་པ་གུས་པས་མཆོད་པར་མི་རིགས་པ་ནི། ཤ་ཡི་ཕུང་པོ་འདི་མཐོང་ནས་བྱ་རྒོད་དང་གཞན་ཅེ་སྤྱང་ལ་སོགས་པས་ཟ་བར་བྱེད་ན། གཞན་གྱི་ཟས་ལ་མེ་ཏོག་གི་ཕྲེང་བ་དང་ཙནྡན་དང་རྒྱན་སོགས་ཀྱི་ཅིའི་ཕྱིར་མཆོད་། ལྔ་པ་དགའ་བས་རེག་པར་མི་རིགས་པ་ནི། དུར་ཁྲོད་དུ་རུས་གོང་ཉིད་དུ་མཐོང་ནས་ནི་མི་འགུལ་ཡང་ནི་ཁྱོད་སྐྲག་ན། གསོན་པའི་ཚེ་རོ་ལངས་བཞིན་དུ་ཀུན་སློང་འགའ་ཡིས་ཀྱང་བསྐྱོད་པར་གྱུར་ན་ཅི་སྟེ་མི་འཇིགས། དྲུག་པ་ཆགས་པས་འཁྱུད་པར་མི་རིགས་པ་ནི། གང་ལ་པགས་པས་གཡོགས་ཀྱང་འདི་ལ་ཆགས་པ་ཁྱོད་དེ་པགས་པས་མ་གཡོགས་ན་ཅིས་མི་འདོད། མ་གཡོགས་པ་དེ་ལ་དགོས་པ་མེད་ཅེ་ན། གཡོགས་པ་ལ་ནི་ཅི་ཕྱིར་འཁྱུད། གཉིས་པ་ལ་གསུམ་སྟེ། མི་གཙང་བ་མངོན་དུ་གྱུར་པ་དང་། རྟགས་ཀྱི་ངེས་པ་དང་། དེ་ལ་གཙང་བའི་མཚན་མ་འགག་པའོ། །དང་པོ་ལ་གཉིས་ཏེ། མི་གཙང་བའི་བྱེ་བྲག་ལ་ཆགས་པར་མི་རིགས་པ་དང་། འཁྲུལ་པ་ཅན་ལ་སྨད་པའོ། །དང་པོ་ལ་གསུམ། ཁ་ཆུ་དང་། རེག་བྱ་དང་། ཤ་ལ་ཆགས་པ་དགག་པའོ། །དང་པོ་ནི། བུད་མེད་ཀྱི་ཁ་ཆུ་ལ་དགའོ་ཞེ་ན། རྒྱུ་ཟས་ནི་གཅིག་པུ་ཉིད་ལས་ནི་འབྲས་བུ་གཤང་གཅི་དང་ཁ་ཆུ་གཉིས་ཀ་འབྱུང་བར་འགྱུར་ན་དེ་གཉིས་ལས་གཤང་བ་ལ་མི་དགའ་ཞིང་བུད་མེད་ཀྱི་ཁ་ཆུ་ལ་ཁྱོད་ཅིའི་ཕྱིར་དགའ། གཉིས་པ་ནི། དེའི་རེག་བྱ་འཇམ་པོ་ལ་དགའོ་ཞེ་ན། དེ་ལྟ་ན་ཤིང་བལ་རེག་ན་འཇམ་པ་ཡི་སྔས་ལ་དགའ་བར་མི་བྱེད་པར་དྲི་ང་བ་འཛག་པ་ཡིན་བཞིན་དུ་མ་ཡིན་ནོ་ཞེས་འདོད་ལྡན་ཁྱོད་ཅིའི་ཕྱིར་མི་གཙང་བ་ལ་རྨོངས་པར་འགྱུར། འདོད་ལྡན་ངན་པ་རྨོངས་པ་རྣམས་ཤིང་བལ་རེག་ན་འཇམ་པ་ལའང་འདིས་ཉལ་པོ་བྱ་བར་མི་ནུས་སོ་ཞེས་དེ་ལ་ཁྲོ་བ་དག་ཏུ་བྱེད་པས་རེག་བྱ་ལ་ཆགས་པ་མ་ཡིན་གྱི་མི་གཙང་བ་ལ་ཆགས་པར་ཟད་དོ། །གལ་ཏེ་མི་གཙང་བ་ལ་ཆགས་པ་མེད་ན། རུས་གཟེབ་རྒྱུས་པས་སྦྲེལ་བ་ལ་ཤ་ཡི་འདམ་གྱིས་ཞལ་ཞལ་བྱས་པའི་གཞན་བུད་མེད་དེ་ལ་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད། ཁྱོད་ཉིད་ཀྱི་ལུས་མི་གཙང་བ་མང་པོ་ཡོད་པ་དེ་ཉིད་ལ་ཁྱོད་རྟག་ཏུ་ལོངས་སྤྱོད་ཅིང་མི་གཙང་རྐྱལ་པ་གཞན་བུད་མེད་དག་ལའང་མི་གཙང་བ་ལ་བརྐམ་པས་ཅིའི་ཕྱིར་འདོད་པར་བྱེད། གསུམ་པ་ནི། བདག་ནི་ཤིང་བལ་ལ་སོགས་ལ་མི་དགའི་ཤ་འདི་ལ་དགའ་འོ་ཞེས་ཤ་ལ་རེག་པ་དང་བལྟ་བར་འདོད་ན་ཀོ་ཤི་སྟེ་སེམས་མེད་པ་ཡི་རང་བཞིན་གྱི་ཤ་ནི་ཁྱོད་ཀོ་ཅིས་མི་འདོད། དེ་ལ་སེམས་མེད་པས་མི་འདོད་དོ་ཞེ་ན། ཁྱོད་འདོད་པའི་སེམས་གང་ཡིན་པ་དེ་ནི་རེག་བྱ་དང་གཟུགས་མ་ཡིན་པས་རེག་པ་དང་བལྟ་བར་ནུས་པ་མ་ཡིན་ལ། གང་ཞིག་རེག་པ་དང་བལྟ་བར་ནུས་པའི་ལུས་དེ་ནི་ཤེས་པ་མིན་པས་དོན་མེད་པའི་ལུས་དེ་ལ་འཁྱུད་པས་ཅི་ཞིག་བྱ། གཉིས་པ་ནི། མི་གཙང་རང་བཞིན་གཞན་གྱི་ལུས་དེ་མི་གཙང་བར་མི་རྟོགས་པ་ཙམ་ཡང་ངོ་མཚར་མི་ཆེ་ཡི། རང་ཉིད་མི་གཙང་བ་ཉིད་ཡིན་ཡང་ཡིན་པར་རྟོགས་པར་མི་འགྱུར་བ་ནི་ཤིན་ཏུ་ངོ་མཚར་ཆེའོ། །ལུས་ལ་མི་གཙང་བའི་ཆ་ཡོད་ཀྱང་ཁ་དོག་དང་། དབྱིབས་དང་། རོ་དང་། རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པའི་ལུས་ལ་དེ་དག་གི་སྒོ་ནས་ཆགས་སོ་ཞེ་ན། དེ་ལྟ་ན་སྤྲིན་བྲལ་ཉི་ཟེར་གྱིས་ཕྱེ་བའི་པདྨ་གཞོན་ནུ་ལ་དེ་དག་ཚང་ན་དེ་སྤངས་ནས་མི་གཙང་ཞེན་པའི་སེམས་ཀྱིས་ནི་མི་གཙང་བའི་གཟེབ་ལ་ཁྱོད་ཅིའི་ཕྱིར་དགའ། གཉིས་པ་ལ་གསུམ་སྟེ། རྒྱུ་འབྲས་དང་། བྱེད་ལས་དང་། དཔེས་མི་གཙང་བར་ངེས་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་། དེ་ལ་ཆགས་པ་སྨད་པའོ། །དང་པོ་ལ་མི་གཙང་བའི་རྒྱུ་ཡིན་པ་ནི། ས་ཕྱོགས་གཤང་གཅི་ལ་སོགས་པའི་མི་གཙང་བ་དག་གིས་བསྒོས་པ་ལའང་གལ་ཏེ་རེག་པར་མི་འདོད་ན། གང་ལས་དེ་ནི་བྱུང་བའི་ལུས་ལ་ཇི་ལྟར་ཁྱོད་རེག་འདོད། འབྲས་བུ་ཡིན་པ་ནི། གལ་ཏེ་མི་གཙང་བ་ལ་ཆགས་པ་མེད་ན་མི་གཙང་བའི་ཞིང་མའི་མངལ་ལས་བྱུང་གྱུར་ཞིང་མི་གཙང་བ་དེ་ཡི་ས་བོན་དུ་གྱུར་པའི་ཕ་མའི་ཁུ་ཁྲག་དང་གསོ་བྱེད་མས་ཟོས་པའི་ཟས་སོགས་ཏེ་མི་གཙང་བ་དེས་བསྐྱེད་པའི་ལུས་གཞན་ལ་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད། མི་གཙང་བ་གཤང་གཅི་ལས་བྱུང་བའི་མི་གཙང་བའི་སྲིན་བུ་ཆུང་ངུ་ལའང་ཁྱོད་འདོད་པར་མི་བྱེད་ན་མི་གཙང་མང་པོའི་རང་བཞིན་གྱི་ལུས་མི་གཙང་བ་ལས་སྐྱེས་པའང་ཅིའི་ཕྱིར་འདོད་པ་བྱེད། གཉིས་པ་ནི་དེ་ལྟ་མོད་ཀྱི་བདག་ཉིད་ཀྱང་དེ་ལྟ་བུ་ཡིན་པས་དེ་ཅིའི་ཕྱིར་མི་འདོད་དེ། གནོད་སྦྱིན་དང་གཏོར་མ་བཞིན་ནོ་ཞེ་ན། ཁྱོད་ནི་རང་ཉིད་མི་གཙང་བ་ལ་སྨད་པར་རིགས་ན། དེ་ལ་སྨོད་པར་མི་བྱེད་པར་མ་ཟད་ཀྱི། མི་གཙང་བའི་རྐྱལ་པ་ཁྱོད་མི་གཙང་བ་ལ་བརྐམ་པས་མི་གཙང་བ་གཞན་ཡང་འདོད་པར་བྱེད་པ་འདི་ནི་མི་རིགས་སོ། །གཉིས་པ་ནི། ག་བུར་ལ་སོགས་ཡིད་འོང་དང་འབྲས་ཆན་དག་དང་ཚོད་མའང་རུང་གཙང་མ་རྣམས་ཀྱང་ཁར་བཅུག་ནས་ཕྱིར་ཕྱུང་སྟེ་བོར་བ་ཡིས་ས་ཡང་མི་གཙང་བཙོག་པར་འགྱུར་བས་དེ་ལྟར་བྱེད་པའི་ལུས་ཉིད་ལྟ་ཅི་སྨོས། གསུམ་པ་ནི། ལུས་མི་གཙང་བ་འདི་འདྲ་བ་མངོན་སུམ་དུ་གྱུར་མོད་ཀྱང་གལ་ཏེ་ད་དུང་ཐེ་ཚོམ་ཟ་ན། དུར་ཁྲོད་དག་ཏུ་བོར་བའི་ལུས་མི་གཙང་བ་གཞན་ཡང་བལྟ་བར་གྱིས། དེ་ལྟར་བལྟས་ཏེ་བརྟགས་པས་གང་ལས་པགས་པའི་ཁ་ཕྱེ་སྟེ་བཤུས་པ་ན་དེ་མཐོང་བ་རྣམས་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་བར་ཤེས་ཀྱང་ཇི་ལྟར་དེ་ཉིད་ལ་ཕྱིར་ཞིང་དགའ་བ་ཅི་ཕྱིར་སྐྱེ་བར་འགྱུར། གསུམ་པ་ལ་གསུམ་སྟེ། གཞན་གྱི་ཡོན་ཏན་གྱིས་ལུས་ལ་ཆགས་པར་མི་རིགས་པ་དང་། རང་གི་ངོ་བོ་ཆགས་གནས་མ་ཡིན་པ་དང་། དེ་ལ་དགའ་བར་མི་རིགས་པའོ། །དང་པོ་ནི། ཙནྡན་ལ་སོགས་ཀྱིས་བསྒོས་པའི་དྲི་ཞིམ་པོ་ཡོད་པས་ལུས་ལ་ཆགས་སོ་ཞེ་ན། ལུས་ལ་བསྐུས་པའི་དྲི་དེ་ཡང་ཙནྡན་སོགས་ཀྱི་ཡིན་གྱི་གཞན་ལུས་ཉིད་ཀྱི་མིན་པས་ན་གཞན་གྱི་དྲི་ཡིས་གཞན་དག་ལ་ཅིའི་ཕྱིར་ན་ཆགས་པར་བྱེད། གལ་ཏེ་དྲི་ལ་ཆགས་ན་ལུས་འདི་རང་བཞིན་གྱིས་དྲི་ང་བས་འདི་ལ་མ་ཆགས་ན་ལེགས་པ་མིན་ནམ། འཇིག་རྟེན་དོན་མེད་པ་ལ་སྲེད་པ་དག་ཅི་སྟེ་དེ་ལ་དྲི་ཞིམ་སྐུད། འོན་ཏེ་རང་བཞིན་ནི་མིན་ཡང་བསྐུས་པ་སྟེ་དྲི་ཞིམ་པོར་འགྱུར་བས་དེ་ལ་ཆགས་སོ་ཞེ་ན། དྲི་ཞིམ་པོ་དེ་ནི་ཙནྡན་གྱི་ཡིན་ན་ལུས་ཉིད་ལས་འདིར་ནི་དྲི་ཞིམ་པོ་ཅི་ཞིག་འབྱུང་སྟེ་མི་འབྱུང་བས་གཞན་གྱི་དྲི་ཡིས་གཞན་དག་ལ་ཅིའི་ཕྱིར་ན་ཆགས་པར་བྱེད། གཉིས་པ་ནི། གལ་ཏེ་ལུས་ཀྱི་རང་བཞིན་འདི་མ་བཅོས་ན་སྐྲ་སེན་ཤིན་ཏུ་རིང་བ་དང་། སོ་སྐྱ་བོ་དྲི་མ་དང་བཅས་པ་དང་། དྲི་མའི་འདམ་གྱིས་བསྒོས་པ་གཅེར་བུ་འཇིགས་སུ་རུང་བ་ཉིད་ཡིན་ན་རང་ལ་གནོད་པའི་མཚོན་ལ་བྱི་དོར་བྱེད་པ་བཞིན་དུ་དེ་ལ་འབད་དེ་ཅིའི་ཕྱིར་བྱི་དོར་བྱེད། གསུམ་པ་ནི། ཀྱེ་མ་བདག་གི་ལུས་མི་གཙང་བ་ལ་རྨོངས་པའི་དབང་གིས་དེའི་བྱི་དོར་ལ་སོགས་པ་དོན་མེད་པའི་འབད་པ་ཡིས་ཉོན་མོངས་པས་སྨྱོས་པས་ས་སྟེང་འདི་ཀུན་ཏུ་འཁྲུགས་ཤིང་ཁྱབ་པར་གྱུར་ཏོ། །དེ་དག་གིས་ཀྱང་རུས་གོང་འབའ་ཞིག་མཐོང་ནས་ནི་དུར་ཁྲོད་དུ་ནི་ཡིད་འབྱུང་ན། དེ་དག་ཀུན་སློང་གི་སྟོབས་ཀྱིས་གཡོ་བའི་རུས་གོང་གིས་ཁྱབ་པའི་གྲོང་གི་དུར་ཁྲོད་ལ་དགའ་འམ་སྟེ་དགའ་བར་མི་རིགས་སོ། །གསུམ་པ་རྒྱུས་གནོད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ལྟར་མི་གཙང་གྱུར་པའི་བུད་མེད་དེ་ཡང་རིན་མེད་པར་ནི་མི་རྙེད་དོ། །དེའི་དོན་དུ་ནོར་སྒྲུབ་པས་འདིར་ཡང་ཤ་ཐང་ཆད་པ་དང་ཕྱི་མར་ཡང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གནོད་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་ཉིད་སྤྱད་པའི་སྐབས་མེད་པ་དང་། ཉེས་པ་གཞན་དང་འབྲེལ་བའོ། །དང་པོ་ནི། བྱིས་པའི་དུས་སུ་བུད་མེད་རྙེད་པའི་རྒྱུ་ནོར་སྤེལ་བར་མི་ནུས་པས་དར་ལ་བབ་པ་ན་དེ་མི་རྙེད་པས་དེས་ཅི་བདེ། དེ་ནས་ནོར་གསོགས་པའི་བར་ལ་ཚེ་གཏུགས་པར་འགྱུར་ན་རྒས་ནས་འདོད་པས་ཅི་ཞིག་བྱ་སྟེ་བསྟེན་པར་མི་ནུས་སོ། །ཡང་འདོད་ལྡན་ངན་པ་ཁ་ཅིག་ནི་ཉིན་རངས་ལས་ཀྱིས་ཡོངས་སུ་དུབ་སྟེ་མཚན་མོ་ཁྱིམ་དུ་འོངས་ནས་ཆད་པའི་ལུས་རོ་དང་འདྲ་བར་ཉལ་བར་འགྱུར་བས་འདོད་པ་བསྟེན་པར་མི་ནུས་ལ། ཁ་ཅིག་བྱེས་སུ་བགྲོད་པས་ཉོན་མོངས་པ་དང་། རང་གི་ཡུལ་ལས་རིང་དུ་སོང་བའི་སྡུག་བསྔལ་ཅན། བུ་སྨད་འདོད་བཞིན་དུ་བུ་སྨད་རྣམས་ཁྱུད་ཁོར་ལོས་ཀྱང་མཐོང་བར་མི་འགྱུར་ན་འདོད་པ་བསྟེན་པ་ལྟ་ཅི་སྨོས། གཉིས་པ་ལ་དྲུག་ལས། དང་པོ་ལུས་ཀྱི་སྡུག་བསྔལ་ཐོབ་པ་ནི། བདག་ལ་ཕན་པར་འདོད་ལ་དེའི་ཐབས་ལ་རྣམ་པར་རྨོངས་པས་བུ་སྨད་ལ་སོགས་གང་གི་འཚོ་བའི་དོན་ཉིད་དུ་རང་གི་ལུས་བཙོངས་པ་ཡང་དོན་དེ་མ་ཐོབ་པར་རང་ལ་ཕན་པའི་དོན་གཞན་མེད་པར་གཞན་བུ་སྨད་སོགས་དག་གི་ལས་ཀྱི་རླུང་གིས་དབང་མེད་དུ་བདས་ཏེ། འདི་ཕྱི་གཉིས་ཀར་ཤིན་ཏུ་སྡུག་བསྔལ་བར་འགྱུར་བ་དང་། ལ་ལར་རང་གི་ལུས་གཞན་གྱི་གཡོག་ཏུ་བཙོངས་ཏེ་དབང་མེད་དུ་གཞན་གྱིས་བཀོལ་གྱུར་ཏེ། དེར་ཡང་ཆུང་མ་དག་ཀྱང་བུ་བྱུང་ན་བདག་གི་ཁྱིམ་མེད་པས་ཤིང་དྲུང་དང་དགོན་པ་ལ་སོགས་པ་གར་བབ་བབ་ཏུ་གནས་ཤིང་སྡུག་བསྔལ་འབྱུང་བ་དང་འདོད་པས་བསླུས་པའི་གླེན་པ་དག་འཚོ་བར་འདོད་དེ་གཡུལ་བསྟེན་ནས་འཚོ་བར་བྱའོ་ཞེས་བསམས་ནས་སྲོག་སྟོར་བར་དོགས་བཞིན་དུ་ཡང་གཡུལ་དུ་འཇུག་པ་དང་། ཁེའི་ཕྱིར་གཞན་གྱི་བྲན་དུ་འགྲོ་བར་བྱེད། གཞན་ཡང་འདོད་པའི་རྒྱུས་འདོད་ལྡན་ལ་ལའི་ལུས་ཀྱང་བཅད། །ཁ་ཅིག་གསལ་ཤིང་རྩེ་ལ་བཙུགས། །ཁ་ཅིག་མདུང་ཐུང་གིས་བསྣུན་ཞིང་། །ཁ་ཅིག་བསྲེག་པ་དག་ཀྱང་སྣང་ངོ་། །གཉིས་པ་ཐར་པའི་སྐབས་འགོག་པ་ནི། བསགས་དང་བརླག་དང་བསྲུང་བའི་གདུང་བ་ཡིས་གནོད་པར་བྱེད་པས་ན་ནོར་ནི་ཕུང་ཁྲོལ་མཐའ་ཡས་པའི་རྒྱུར་ཤེས་པར་བྱ་སྟེ། ནོར་ལ་ཆགས་པས་གཡེངས་པར་གྱུར་པ་དག་སྲིད་པའི་སྡུག་བསྔལ་ལས་གྲོལ་བའི་སྐབས་མེད་དོ། །གསུམ་པ་ཉེས་དམིགས་དཔེས་བསྟན་པ་ནི། འདོད་ལྡན་རྣམས་ལ་སྔར་བཤད་པའི་དེ་ལ་སོགས་པའི་ཉེས་དམིགས་མང་ལ་མནོག་ཆུང་སྟེ། དཔེར་ན་ཤིང་རྟ་འདྲེན་པའི་ཕྱུགས་དག་གིས་རྩྭ་ནི་ཁམ་འགའ་ཟོས་པ་བཞིན་ནོ། །བཞི་པ་དལ་འབྱོར་ཆུད་གཟོན་པ་ནི། ཕྱུགས་ཀྱིས་བསྒྲུབས་ཀྱང་མི་དཀོན་ཏེ་བདེ་བླག་ཏུ་འགྲུབ་པའི་མནོག་ཆུང་གང་ཡིན་དེ་དོན་དུ་དལ་འབྱོར། སློབ་སྦྲིང་ལས། བདེ་གཤེགས་ལམ་བསྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པ་ལྟར་བྱང་ཆུབ་སྒྲུབ་པར་ནུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་རྙེད་པར་དཀའ་བ་འདི་སྔོན་གྱི་ལས་ཀྱིས་མནར་ཏེ་བླང་དོར་ལ་རྨོངས་པ་རྣམས་ཀྱིས་བཅོམ་སྟེ་དོན་མེད་པར་བྱས་སོ། །ལྔ་པ་སྡུག་བསྔལ་དོན་མེད་པ་ནི། འདོད་པ་རང་གི་ངོ་བོ་ངེས་པར་འཇིག་པར་འགྱུར་ཞིང་ཉེས་དམིགས་དམྱལ་བ་ལ་སོགས་པར་ལྟུང་བར་བྱེད་པ་ཅན། དོན་ཆེན་པོ་མིན་པ་དེའི་ཕྱིར་དུ་དུས་ཀུན་ཏུ་སྡུག་བསྔལ་གྱིས་དུབ་པའི་ཚེགས་ཆེན་པོ་འབྱུང་བ་གང་ཡིན་པ་དེའི་བྱེ་བའི་ཆ་ཙམ་གྱི་ཚེགས་ཀྱིས་ཀྱང་སངས་རྒྱས་ཉིད་འགྲུབ་ན། འདོད་ལྡན་ནི་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པ་བས་སྡུག་བསྔལ་ཆེ་ལ་དེ་ལས་འབྲས་བུ་བྱང་ཆུབ་མེད་དོ། །དྲུག་པ་སྡུག་བསྔལ་དཔེ་ལས་འདས་པ་ནི། འདོད་པའི་འབྲས་བུ་དམྱལ་སོགས་ཀྱི་སྡུག་བསྔལ་བསམ་བྱས་ན། འདོད་པ་རྣམས་ལ་མཚོན་དང་ནི་དུག་དང་མེ་དང་གཡངས་དང་དགྲ་རྣམས་ཀྱིས་ཀྱང་དཔེར་མི་ཕོད་དོ། །གཉིས་པ་དབེན་པ་ལ་དགའ་བ་བསྐྱེད་པ་ལ་གཉིས་ལས། དང་པོ་མཚན་སྦྱར་ཏེ་མདོར་བསྟན་པ་ནི། དེ་ལྟར་འདོད་པ་ལ་སྐྱོ་བར་བྱས་ཏེ་དབེན་པ་ལ་ནི་དགའ་བ་བསྐྱེད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་ཕུན་སུམ་ཚོགས་པའི་ཁྱད་པར་ནི། ཕྱིའི་རྩོད་པ་དང་ནང་གི་ཉོན་མོངས་ཀྱིས་སྟོང་པ་ཞི་བ་སྟེ་ཆོམ་རྐུན་སོགས་ཀྱིས་འཇིགས་པ་མེད་པའི་ནགས་ཀྱི་ནང་དག་ཏུ་སྐལ་ལྡན་བྱང་སེམས་དེ། དཔེར་ན་རྒྱལ་པོ་ཙནྡན་གྱིས་བྱུགས་པའི་ཁང་བཟང་དུ་འཆག་པ་དང་། ཟླ་འོད་ཙནྡན་གྱིས་བསིལ་བར་བྱས་པའི་ཡངས་པའི་རྡོ་ལེབ་ཀྱི་ཁང་བཟང་ཉམས་དགའ་བར། དེ་ལ་བསིལ་ཡབ་ནོར་བུའི་ཡུ་བ་ཅན་གྱིས་གཡོབ་པ་ལྟར་སྒྲ་དྲག་པོ་མེད་ཅིང་ཞི་བ་སྟེ་འཇམ་པའི་ནགས་ཀྱི་རླུང་གིས་བསིལ་ཡབ་གཡོབ་པ་དང་ལྡན་པ་ཡིས་འཁོར་ལ་ཕན་པའི་ཐབས་སེམས་པ་ལྟར་གཞན་ཐམས་ཅད་ལ་ཕན་པའི་དོན་སེམས་ཤིང་འཆག་པར་བྱེད་དོ། །གཉིས་པ་བདེ་བའི་ཁྱད་པར་ནི། ཁང་སྟོང་དང་ཤིང་དྲུང་དང་ཕུག་དག་ཏུ་གང་དུ་ཇི་སྲིད་འདོད་ཀྱི་བར་དུ་གནས་ཤིང་། དེ་འདོད་ཡོན་ལ་ཡོངས་སུ་འཛིན་པ་དང་སྲུང་བའི་སྡུག་བསྔལ་སྤངས་ཏེ་རེ་དོགས་ཀྱི་ལྟོས་པ་མེད་པར་བག་ཡངས་སུ་སྤྱོད་ལ། ཇི་ལྟར་འདོད་པ་བཞིན་རང་དབང་དུ་སྤྱོད་ཅིང་ཡོ་བྱད་ཅི་ལ་ཡང་ཆགས་པ་མེད་ཅིང་སེམས་ཅན་གང་དང་ཡང་ནི་འབྲེལ་བ་མེད་པའི་སྒོ་ནས་ཆོག་ཤེས་ཀྱི་བདེ་བ་སྤྱོད་པ་གང་ཡིན་པ་དེ་ནི་དབང་པོ་ཡིས་ཀྱང་རྙེད་པར་དཀའ་སྟེ། སློབ་སྦྲིང་ལས། ཟླ་བའི་དཀྱིལ་འཁོར་རྒྱས་པས་ཉེ་བར་བརྒྱན་བྱས་ཤིང་། །རྐེད་ཆིངས་ཆར་ཆེན་སྤྲིན་གྱིས་འཁྲིགས་པས་འཁྱུད་གྱུར་པ། །རི་རྩེ་ནགས་ཀྱི་མཐོངས་དེར་ཆགས་པ་མེད་པར་ནི། །རླུང་ལྟར་གཡོ་བའི་རང་བཞིན་ཚེས་གཏུགས་སྐལ་བ་ཆེ། །ནགས་མཐོངས་རི་དྭགས་རྒྱུ་བའི་ཚོགས་ཀྱིས་བསྟེན་བྱས་པ། །ཀུན་ནས་ཉམས་དགའ་བཟང་པོ་དེ་ན་སྐྱིད་པ་གང་། །དེ་ཅི་དགའ་བའི་ནགས་ཚལ་ལྷ་མོའི་ཉམས་ཕག་ཏུ། །ཐེལ་གྱིས་འབེབས་པའི་རྡོ་ལེབ་ཅན་ནའང་ཡོད་དམ་ཅི། །ཞེས་པ་ལྟར་རོ། །སྔར་གྱིས་ལུས་དང་འདིར་སེམས་དབེན་པ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་གསུངས་པས་མི་ཟློས་སོ། །གསུམ་པ་གཉེན་པོ་སྒོམ་པ་ལ་གསུམ་སྟེ། དང་པོ་མཚམས་སྦྱར་ཏེ་སྤྱིར་བསྟན་པ་དང་། ཀུན་རྫོབ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པོ་ནི། དེ་ལ་སོགས་པའི་རྣམ་པ་ཡིས་དབེན་པའི་ཡོན་ཏན་བསམ་བྱས་ནས། འདོད་པ་ལ་སོགས་པའི་རྣམ་རྟོག་ཉེ་བར་ཞི་བ་དང་བྱང་ཆུབ་སེམས་ནི་བསྒོམ་པར་བྱའོ། །གཉིས་པ་ཀུན་རྫོབ་བྱང་སེམས་སྒོམ་པ་ལ་གསུམ་སྟེ། བདག་གཞན་མཉམ་པ་དང་། བརྗེ་བ་དང་། ཐུན་མོངས་གི་བྱ་བའོ། །དང་པོ་ལ་གསུམ་སྟེ། བདག་གཞན་མཉམ་པ་སྒོམ་པར་གདམས་པ་དང་། བསྒོམ་བྱ་རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་གཉིས་ཡོད་པ་ལས་བདག་དང་གཞན་དུ་མཉམ་པ་ནི་དང་པོ་ཉིད་དུ་འབད་དེ་བསྒོམ་པར་བྱ་སྟེ། དེ་མེད་ན་གཞན་ཕན་གྱི་སེམས་རྣམ་དག་མི་སྐྱེ་བས་སོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། ཕན་ཡོན་ནོ། །དང་པོ་ལ་བསྟན་བཤད་བསྡུ་གསུམ་གྱི། དང་པོ་ནི། སེམས་ཅན་ཐམས་ཅད་ཆོས་ཅན། བདག་བཞིན་དུ་བསྲུང་བར་རིགས་ཏེ། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་བདག་དང་མཉམ་པའི་ཕྱིར་རོ། །གཉིས་པ་གཉིས་ཏེ། མཉམ་པའི་བློ་བསྐྱེད་པར་ནུས་པ་དང་། བསྐྱེད་པར་རིགས་པའོ། །དང་པོ་ནི། ལག་པ་དང་རྐང་པ་ལ་སོགས་པའི་དབྱེ་བ་རྣམས་མང་ཡང་དེ་ཐམས་ཅད་ལ་ལུས་གཅིག་ཏུ་ཞེན་པས་ཡོངས་སུ་བསྲུང་བྱར་གཅིག་པ་ལྟར། དེ་བཞིན་དུ་འགྲོ་བའི་བྱེ་བྲག་ཐ་དད་ཀྱང་དེ་དག་བདག་དང་གཅིག་ཏུ་ཞེན་པས་བདག་དང་སྡུག་བསྔལ་བསལ་བ་དང་བདེ་བ་འདོད་པར་མཉམ་ཞིང་གཅིག་པར་འགྱུར། གལ་ཏེ་བདག་གཞན་གྱི་སྡུག་བསྔལ་གྱིས་ཕན་ཚུན་མི་གནོད་པས་དེ་འདྲའི་བློ་ཇི་ལྟར་སྐྱེ་ཞེ་ན། སྐྱེ་སྟེ་བདག་གི་སྡུག་བསྔལ་གྱིས་གཞན་གྱི་ལུས་ལ་མི་གནོད་ཀྱང་དེ་ལྟ་ནའང་དེ་ལྟ་བུའིསྡུག་བསྔལ་དེ་བདག་གི་སྡུག་བསྔལ་ཡིན་ཏེ། རང་ལ་བདག་ཏུ་ཞེན་པས་དེ་མི་བཟོད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་གཞན་གྱི་སྡུག་བསྔལ་དག་བདག་ལ་འབབ་པར་མི་འགྱུར་ཡང་དེ་ལྟ་ནའང་གཞན་དེ་ལ་བདག་ཏུ་ཞེན་ན་དེའི་སྡུག་བསྔལ་བདག་གི་ཡིན་ཏེ། དེ་ལ་བདག་ཏུ་ཞེན་པས་དེ་བཟོད་པར་དཀའ་བས་སོ། །ཞེས་པའི་དོན་དུ་འགྲེལ་ཆེན་ལས་བྱུང་བས་དོན་གཞན་བདག་ཏུ་བཟུང་ན་དེའི་སྡུག་བསྔལ་དེ་བདག་གི་སྡུག་བསྔལ་དང་ཁྱད་པར་མེད་པ་ཤེས་པའི་བློ་འབྱུང་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། རྟགས་དགོད་པ་དང་། ཁྱབ་པ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཡུལ་བདེ་སྡུག་དང་། ཡུལ་ཅན་འདོད་པ་མཚུངས་པའོ། །དང་པོ་ནི། གཞན་གྱི་སྡུག་བསྔལ་ཆོས་ཅན། བདག་གིས་བསལ་བྱ་ཡིན་ཏེ། སྡུག་བསྔལ་ཡིན་པའི་ཕྱིར། དཔེར་ན་བདག་གི་སྡུག་བསྔལ་བཞིན་ནོ། །སེམས་ཅན་གཞན་ཆོས་ཅན། དེས་བདག་གིས་ཕན་པར་བྱ་བ་ཡིན་ཏེ། སེམས་ཅན་ཡིན་པའི་ཕྱིར། བདག་གི་ལུས་བཞིན་ནོ། །གཉིས་པ་ནི། གང་ཚེ་བདག་དང་གཞན་གཉིས་ཀ་བདེ་བ་འདོད་དུ་མཚུངས་པ་ལ་བདག་དང་གཞན་ཁྱད་པར་ཅི་ཡོད་ན། རྒྱུ་མཚན་གང་གི་ཕྱིར་གཞན་མ་ཡིན་པར་བདག་གཅིག་པུ་བདེ་བར་བརྩོན། དེ་བཞིན་དུ་གང་ཚེ་བདག་དང་གཞན་གཉིས་ཀ་སྡུག་བསྔལ་མི་འདོད་མཚུངས་པ་ལ་བདག་དང་ཁྱད་པར་ཅི་ཡོད་ན། གང་ཕྱིར་གཞན་མིན་བདག་སྲུང་བྱེད་ཅེས་འདོད་པ་མཚུངས་པས་བླང་དོར་བྱེད་མི་བྱེད་ཀྱི་ཁྱད་པར་མི་རིགས་ཞེས་པའོ། །འགྲེལ་ཆེན་ལས་འདི་གོང་མའི་ཁྱབ་སྒྲུབ་ཏུ་འཆད་དོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ལ་གཉིས་ཏེ། ཐ་དད་གཅིག་ཏུ་མི་བདེན་པས་ཕན་ཚུན་དུ་མི་སྲུང་བར་ཐལ་བ་དང་། དེས་ན་བདག་འཛིན་སྤང་བར་རིགས་པའོ། །དང་པོ་ལ་གཉིས་ཀྱི། དུས་ཐ་དད་ཀྱི་སྡུག་བསྔལ་མི་སྲུང་བར་ཐལ་བ་ནི། གལ་ཏེ་བདག་གི་སྡུག་བསྔལ་གྱིས་ནི་རང་ལ་གནོད་པས་བདག་གིས་བསྲུང་དགོས་ལ། གཞན་དེ་ལ་སྡུག་བསྔལ་འབྱུང་བས་བདག་ལ་མི་གནོད་པའི་ཕྱིར་དེ་མི་བསྲུང་ངོ་ཞེ་ན། མ་འོངས་པའི་ངན་སོང་གི་སྡུག་བསྔལ་ཡང་ཚེ་འདིར་རྒྱུ་བཟློག་པའི་སྒོ་ནས་ཅིའི་ཕྱིར་བསྲུང་སྟེ་མི་བསྲུང་བར་ཐལ། དེས་འདིར་གནོད་པ་མིབྱེད་པའི་ཕྱིར་རོ། །སྡུག་བསྔལ་དེ་ནི་འདིར་མི་གནོད་ཀྱང་བདག་གིས་ཚེ་ཕྱི་མ་ལ་མྱོང་བར་འགྱུར་བས་བསྲུང་ངོ་སྙམ་ན། ཚེ་འདི་ཕྱིའི་ཕུང་པོ་ལ་གཅིག་ཏུ་འཛིན་པའི་རྣམ་པར་རྟོག་པ་དེ་ནི་ལོག་པ་ཁོ་ན་སྟེ་དེའི་རྒྱུ་མཚན། འདི་ལྟར་ཤི་བ་སྟེ་ཚེ་འདིའང་གཞན་ཡིན་ལ། སྐྱེ་བ་སྟེ་ཕྱི་མ་ཡང་ནི་གཞན་ཉིད་ཡིན་པའི་ཕྱིར་སྐད་ཅིག་སྔ་ཕྱིའི་བར་དུ་ཡང་ངོ། །གཉིས་པ་ཡུལ་ཐ་དད་ཀྱི་སྡུག་བསྔལ་མི་སྲུང་བར་ཐལ་བ་ནི། གང་གི་ཚེ་ཡུལ་གང་གི་སྡུག་བསྔལ་གང་ཡིན་པ་དེ་ཉིད་ཀྱིས་བསྲུང་གིས་གཞན་གྱིས་མིན་ནོ་ཞེ་ན། རྐང་པའི་སྡུག་བསྔལ་ཆོས་ཅན། ཅིའི་ཕྱིར་ལག་པ་དེས་བསྲུང་བར་བྱ་སྟེ་མི་སྲུང་བར་ཐལ། ལག་པའི་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རིགས་པ་མིན་ཡང་འདིར་བདག་ཏུ་འཛིན་པ་གོམས་པས་ཚེ་སྔ་ཕྱི་དང་རྐང་ལག་སོགས་ཕན་ཚུན་བསྲུང་བའི་བློ་འཇུག་གོ་ཞེ་ན། བདག་གམ་གཞན་གྱི་ཡང་རུང་སྟེ་མི་རིགས་པ་གང་ཡིན་པ་དེ་ནི་ཅི་ནུས་ཀྱིས་སྤང་བར་བྱ་བ་ཉིད་ཡིན་ནོ་ཞེས་པར་འགྲེལ་པ་དག་ལས་སོ། །གཉིས་པ་ནི། ཐ་དད་དུ་འདྲ་ཡང་རང་གི་ཚེ་སྔ་ཕྱི་རྒྱུད་གཅིག་ལ་རྐང་ལག་སོགས་ཚོགས་པ་གཅིག་པ་ཡིན་པས་ཕན་ཚུན་བསྲུང་གི་སེམས་ཅན་གཞན་ནི་དེ་ལྟ་མ་ཡིན་པས་མི་བསྲུང་ངོ་ཞེ་ན། རྒྱུད་གཅིག་ཅེས་པ་ནི་ཕྲེང་བ་དུ་མ་ལ་གཅིག་བྱེད་པ་དང་། ཚོགས་པ་གཅིག་པ་ཞེས་བྱ་བ་ནི་སྐྱེ་བུ་དུ་མ་ལ་དམག་གཅིག་ཅེས་པ་ལ་སོགས་པ་བཞིན་དུ་བརྫུན་པ་ཡིན་གྱི་གཅིག་ཏུ་བདེན་པར་མ་གྲུབ་བོ། །ཡང་དེ་དག་ཡུལ་དུས་ཐ་དད་ཀྱང་མྱོང་བྱེད་ཀྱི་བདག་པོ་གཅིག་པས་བསྲུང་ངོ་སྙམ་ན། སྡུག་བསྔལ་ཅན་གྱི་བདག་གང་ཡིན་པ་དེ་མེད་པ་དེས་ན་སྡུག་བསྔལ་འདི་སུ་ཞིག་དབང་བར་འགྱུར་ཏེ། སྡུག་བསྔལ་མྱོང་བྱེད་ཀྱི་བདག་པོ་མེད་པ་ནི་བདག་གཞན་ཐམས་ཅད་བྱེ་བྲག་མེད་པ་ཉིད་ཡིན་པས་བདག་པོ་གཅིག་མི་གཅིག་གིས་བསྲུང་མི་བསྲུང་གི་དབྱེ་བ་མི་རིགས་སོ། །གསུམ་པ་ལ་གཉིས་ཏེ། དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི། སྡུག་བསྔལ་ཡིན་པའི་ཕྱིར་གཞན་གྱི་སྡུག་བསྔལ་དེ་ཡང་བསལ་བར་བྱའོ། །དེ་འདྲ་བ་ལ་བདག་གི་སེལ་ལ་གཞན་གྱི་མི་སེལ་བའི་ངེས་པས་འདིར་ནི་ཅི་ཞིག་བྱ། བདག་གི་སྡུག་བསྔལ་བཟློག་བྱར་འདོད་པ་དག་གིས་སྡུག་བསྔལ་དང་སྡུག་བསྔལ་བ་པོ་མེད་པས་ཅིའི་ཕྱིར་ཀུན་གྱི་སྡུག་བསྔལ་ནི་བཟློག་པར་བྱ་ཞེས་བརྩད་དུ་མེད་དེ། དེ་ལྟར་ཡིན་ཡང་གལ་ཏེ་བདག་གི་སྡུག་བསྔལ་བཟློག་ན་སྡུག་བསྔལ་ཐམས་ཅད་བཟློག་པར་རིགས་པ་ལ་རྒྱུ་མཚན་དེས་གཞན་གྱི་དེ་མི་བཟློག་ན་བདག་གི་ཡང་སེམས་ཅན་གཞན་གྱི་བཞིན་བཟློག་བྱ་མིན་པར་མཚུངས་སོ། །བདེ་བ་ལ་ཡང་སྦྱར་རོ། །གཉིས་པ་ནི། སྙིང་རྗེའི་དབང་གིས་གཞན་གྱི་སྡུག་བསྔལ་ཐམས་ཅད་ཀྱང་བདག་གིར་བྱེད་ན་སྡུག་བསྔལ་ཤིན་ཏུ་མང་བར་འགྱུར་བས་དེ་ཅིའི་ཕྱིར་ནན་གྱིས་བསྐྱེད་ཅེ་ན། འགྲོ་བའི་དམྱལ་སོགས་ཀྱི་སྡུག་བསྔལ་བསམ་བྱས་ན་དེ་ལ་ལྟོས་ནས་སྙིང་རྗེ་ཇི་ལྟར་སྡུག་བསྔལ་མང་སྟེ་མང་བ་མིན་ལ། ཅུང་ཟད་ཡོད་ཀྱང་གལ་ཏེ་སྙིང་རྗེ་ཅན་གྱི་སྡུག་བསྔལ་གཅིག་གིས་ནི་གཞན་གྱི་སྡུག་བསྔལ་མང་པོ་མེད་པར་འགྱུར་བས་ན། བརྩེ་དང་ལྡན་པས་སྡུག་བསྔལ་དེ་རང་དང་གཞན་ལ་བསྐྱེད་བྱ་ཉིད་དོ། །དེས་ན་མེ་ཏོག་ཟླ་མཛེས་ཀྱིས་རྒྱལ་པོའི་གནོད་པ་ཤེས་ཀྱང་ནི་བདག་གི་སྡུག་བསྔལ་མ་བསལ་བར་གནོད་པ་འབྱུང་སར་བྱོན་ཏེ། དེ་ལ་བརྟེན་ནས་མང་པོའི་སྡུག་བསྔལ་ཟད་པར་འགྱུར་བའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བཞིན་གཤེགས་པ་རིན་པོ་ཆེ་པདྨའི་ཟླ་བ་མངོན་པར་འཕགས་པའི་རྒྱལ་པོའི་བསྟན་པའི་སྙིགས་མ་ལ་དགེ་སློང་མེ་ཏོག་ཟླ་མཛེས་ཞེས་བྱ་བ་ཞིག་བྱང་ཆུབ་སེམས་དཔའ་བདུན་སྟོང་དང་ལྷན་ཅིག་ཏུ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ནགས་ཚལ་ན་གནས་པས་མངོན་ཤེས་ཀྱིས་བལྟས་པས། རྒྱལ་པོ་དཔའ་བྱིན་གྱིས་ཕོ་བྲང་རིན་ཆེན་ལྡན་དུ་ཕྱིན་ཏེ་ཆོས་བསྟན་ན་སྲོག་ཆགས་མང་པོས་མཐོ་རིས་ཐར་པ་ཐོབ་ཅིང་། མ་བསྟན་ན་མི་ཐོབ་པར་མཐོང་ནས་བདག་ཉིད་རྒྱལ་པོས་གསོད་པར་མཁྱེན་ཡང་དེར་བྱོན་ནས་ཞག་བདུན་དུ་ཟས་མ་གསོལ་བར་མཚན་མོ་དེ་བཞིན་གཤེགས་པའི་སེན་མོའི་མཆོད་རྟེན་ལ་བསྐོར་བ་བྱས། ཉིན་མོ་ཕོ་བྲང་དུ་བྱོན་ནས་ཆོས་བསྟན་པས་སྲོག་ཆགས་ཁྲག་ཁྲིག་དུ་མ་བྱང་ཆུབ་ལ་བཀོད་ནས་རྒྱལ་པོས་བསད་དེ། རྒྱལ་པོ་ཡང་འགྱོད་ནས་དེའི་རུས་པ་ལ་མཆོད་རྟེན་བྱས་ཤིང་མཆོད་པར་གསུངས་སོ། །གཉིས་པ་ནི། དེ་ལྟར་བདག་གཞན་མཉམ་པ་ལ་རྒྱུད་ནི་གོམས་པར་གྱུར་པ་དེ་གཞན་གྱི་སྡུག་བསྔལ་ཞི་བར་དགའ་བས་དེའི་ཐབས་སུ་འགྱུར་བར་མཐོང་ན་པདྨའི་མཚོ་ལ་ངང་པ་དགའ་བས་འཇུག་པ་བཞིན་དུ་མནར་མེད་པར་ཡང་འཇུག་པར་འགྱུར་རོ། །གལ་ཏེ་ཐར་པ་ནི་བདེ་བ་ཆེན་པོ་ཡིན་པས་བདག་ཉིད་ཐར་པ་ཞིག་འདོད་བྱ་ཡིན་གྱི། གཞན་དོན་གྱི་དགའ་བ་ནི་བདེ་བ་ཆེན་པོ་མིན་ལ། དེ་ལ་ཅིའི་ཕྱིར་དགའ་བས་འཇུག་ཅེ་ན། སེམས་ཅན་རྣམས་ནི་སྡུག་བསྔལ་ལས་གྲོལ་བ་ན་དགའ་བའི་རྒྱ་མཚོ་མཐའ་ཡས་པ་དེ་ཉིད་ཀྱིས་ནི་ཆོག་མིན་ནམ། རང་ཉིད་གཅིག་པུ་ཐར་པས་ནི་དེ་ལ་ལྟོས་ནས་བདེ་བའི་རོ་དང་བྲལ་བ་ཡིན་པས་དེ་འདོད་པས་ཅི་ཞིག་བྱ། རོ་བྲལ་བདེ་བས་ཅི་ཞིག་བྱ་ཞེས་པར་འགྲེལ་པ་རྣམས་ལས་གསལ་ལོ། །དེས་ཐར་པ་ཡང་ཞར་ལ་ཐོབ་པར་འགྱུར་ཏེ། འགྲོ་བ་མ་ལུས་རང་བཞིན་མངོན་སུམ་མཛད་གང་གི། །དེ་བཞིན་གཤེགས་པ་ཉིད་ནི་ཞར་ལ་འབྱུང་བ་སྟེ། །གཞན་དབང་གྱུར་པ་ཁྱོད་ཀྱི་ཡོན་ཏན་རྣམས་ལས་ནི། །ཅུང་ཙམ་ཞིག་ལ་ཚིག་གིས་བརྗོད་དེ་སྙན་ངག་མཁན། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བས་ན་གཞན་གྱི་དོན་བྱས་ཀྱང་བདག་ཉིད་རློམ་སེམས་དང་ནི་ངོ་མཚར་དུ་འཛིན་པ་མེད་ལ། གཅིག་ཏུ་གཞན་དོན་ལ་དགའ་བས་དེའི་རྣམ་སྨིན་གྱི་འབྲས་བུ་ལའང་རེ་བ་མེད་དོ། །གསུམ་པ་ནི། བདག་གཞན་མཉམ་པ་དེ་བས་ན་ཇི་ལྟར་ཆུང་ངུ་ན་མི་སྙན་ལས་ཀྱང་བདག་བསྲུང་བ་དེ་བཞིན་དུ་གཞན་ལ་བསྲུང་སེམས་དང་སྙིང་རྗེའི་སེམས་ནི་དེ་ལྟར་བྱའོ། །དེ་ལྟར་མི་ནུས་སོ་སྙམ་ན། གོམས་པ་ཡིས་ནི་གཞན་ཕ་མ་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་ལ་བདག་གི་དངོས་པོ་མེད་པར་གྱུར་ཀྱང་ནི་བདག་གོ་ཞེས་ནི་ཤེས་པ་ལྟར། དེ་བཞིན་དུ་གོམས་ན་གཞན་གྱི་ལུས་ལ་བདག་ཅེས་ཅིའི་ཕྱིར་མི་གཟུང་སྟེ་གཟུང་བར་ནུས་ཞེས་འགྲེལ་ཆེན་ལས་སོ། །གཉིས་པ་བདག་གཞན་བརྗེ་བ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། བདག་གཞན་གཟུང་བར་ནུས་པ་དེ་ལྟར་བདག་གི་ལུས་འདི་གཞན་དུ་ཡང་གཞག་པ་དཀའ་བ་མེད་ཅེས་པ་འགྲེལ་ཆེན་ལས་མཉམ་པའི་ཁོངས་སུ་བསྡུས་ཀྱང་འདིར་བརྗེ་བའི་ཁོངས་སུ་བཤད་པ་ནི་དགེ་བའི་ལྷའི་ལུགས་སོ། །དེས་ན་བདག་ཉིད་དམ་དེ་གཅེས་པར་འཛིན་པ་སྐྱོན་དང་བཅས་པ་དང་གཞན་དག་གམ་དེ་གཅེས་པར་འཛིན་པ་ལ་ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། བདག་འཛིན་ཡོངས་སུ་དོར་བ་དང་གཞན་བླང་བར་ནི་བསྒོམ་པར་བྱའོ། །གཉིས་པ་ལ་གཉིས་ཏེ། མཚན་ཉིད་དང་། བྱ་བ་བཤད་པའོ། །དང་པོ་ལ་ལྔ་སྟེ། གཞན་བླང་བ་དང་། བདག་དོར་བ་དང་། བདག་གཞན་གཙོ་བོར་བྱེད་པའི་སྐྱོན་ཡོན་གྱི་ཁྱད་པར་དང་། མ་བརྗེས་པའི་ཉེས་དམིགས་དང་། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། གཞན་བླང་བ་ལ་འཇུག་པར་རིགས་པ་དང་། ལྡོག་པར་མི་རིགས་པ་དང་། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། བླང་བར་རིགས་པ་དང་། ནུས་པ་དང་། དེའི་ཡོན་ཏན་དང་། དེར་གདམས་པའོ། །དང་པོ་ནི། སེམས་ཅན་ཐ་དད་མང་པོ་རྣམས་བདག་གཅིག་ཏུ་གཟུང་བར་མི་རིགས་སོ་སྙམ་ན་རིགས་ཏེ། ཇི་ལྟར་ལག་པ་ལ་སོགས་པ་དུ་མ་རྣམས་ལུས་ཀྱི་ཡན་ལག་ཡིན་པས་ལུས་གཅིག་པར་འདོད་པ་ལྟར་དེ་བཞིན་དུ་ལུས་ཅན་རྣམས་འགྲོ་བའི་ཡན་ལག་ཡིན་པས་དེ་དག་ལ་འགྲོ་བ་ཞེས་གཅིག་ཏུ་ཞེན་ནས་བླང་དོར་གཅིག་པས་ཅིས་མི་འདོད་དེ་རིགས་པར་མཚུངས་པས་སོ། །གཉིས་པ་ནི། རིགས་པ་མཚུངས་ཀྱང་དེ་འདྲའི་བློ་མི་སྐྱེའོ་སྙམ་ན། ཇི་ལྟར་བདག་མེད་ལུས་འདི་ལ་བདག་འཛིན་གོམས་པས་བདག་གི་བློ་འབྱུང་བ་དེ་བཞིན་དུ། གཞན་གྱི་ལུས་ལ་ཡང་གོམས་པས་བདག་བློ་ཅིས་མི་སྐྱེ་སྟེ་རྒྱུ་མཚན་མཚུངས་པས་སོ། །གསུམ་པ་ནི། གཞན་ལ་བདག་གི་བློ་སྐྱེས་པ་དེ་ལྟར་ན་ནི་གཞན་གྱི་དོན་བྱས་ཀྱང་ངོ་མཚར་དང་རློམ་སེམས་མི་འབྱུང་སྟེ། དཔེར་ན་བདག་ཉིད་ཀྱིས་ནི་ཟན་ཟོས་ནས་དེའི་ལན་ལ་རེ་བ་མི་འབྱུང་བ་བཞིན་དུ་འབྲས་བུ་ལ་རེ་བ་མི་འབྱུང་ངོ་། བཞི་པ་ནི། རིགས་ཤིང་ནུས་ལ་ཕན་ཡོན་ཡོད་པ་དེ་བས་ན་ཇི་ལྟར་ཆུང་ངུ་ན་མི་སྙན་ལས་ཀྱང་བདག་བསྲུང་བ་དེ་བཞིན་དུ། གཞན་ལ་བསྲུང་སེམས་དང་སྙིང་རྗེའི་སེམས་ནི་དེ་ལྟར་གོམས་པར་བྱའོ། །རྣམ་བཤད་ལས། སྙིང་རྗེ་ནི་བསྲུང་སེམས་དང་ཟློས་པས་བྱམས་པའི་སེམས་ནི་ཞེས་པ་ཡིན་ནོ་ཞེས་སོ། །སེམས་དེ་ཤིན་ཏུ་གོམས་པ་དེ་བས་ན་མགོན་པོ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོས་འགྲོ་བ་ཡི་ཐ་ན་འཁོར་གྱི་ནང་དུ་བག་ཚ་བའི་འཇིག་པ་ཙམ་ཡང་བསལ་བའི་ཕྱིར་རང་གི་མཚན་ཡང་ཐོས་པ་ཙམ་གྱིས་དེ་ལ་སྐྱོབ་ནུས་སུ་བྱིན་གྱིས་བརླབས་ཏེ། སྡོང་པོ་བཀོད་པར། བདག་གི་མིང་ལན་གསུམ་དྲན་པས་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མེད་པར་གྱུར་ཅིག་ཅེས་གསུངས་སོ། །གཉིས་པ་ནི། ཕན་ཡོན་ཆེ་ཞིང་ནུས་པ་སྲིད་ཀྱང་ཤིན་ཏུ་དཀའོ་སྙམ་ན། དཀའ་བ་ལས་ཕྱིར་ལྡོག་པར་མི་བྱ་སྟེ་གོམས་ན་དེ་ཉིད་སླ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་གོམས་པའི་མཐུ་ཡིས་ནི་གང་གི་མིང་ཐོས་ན་ཡང་འཇིགས་པའི་སེམས་ཅན་དེ་དང་ཡང་ལྷན་ཅིག་ཏུ་གནས་པ་ལ་གོམས་ན་དེ་ཉིད་མེད་ན་མི་དགའ་བར་འགྱུར་བས་སོ། །གསུམ་པ་ནི། གང་ཞིག་བདག་དང་གཞན་རྣམས་ནི་སྡུག་བསྔལ་ཐམས་ཅད་ལས་མྱུར་དུ་བསྐྱབ་པར་འདོད་པ་དེས། བདག་དང་གཞན་དུ་བརྗེ་བར་བྱ་བ་སྣོད་མིན་ལ་གསང་བར་བྱ་བའི་དམ་པ་འདི་སྤྱད་པར་བྱའོ། །གཉིས་པ་ལ་གཉིས་ལས། དང་པོ་ཚེ་འདིར་འཇིགས་པ་བསྐྱེད་པས་དོར་བ་རིགས་པ་ནི། བདག་གིས་ལུས་གང་ལ་ཆགས་པ་ཡིས་འཇིགས་གནས་ཆུང་ལའང་འཇིགས་པ་སྐྱེ་བས་ན་འཇིགས་པ་ཐམས་ཅད་སྐྱེ་བར་འགྱུར་བའི་རང་ལུས་དེ་ལ་ཤེས་ལྡན་སུ་ཞིག་དགྲ་བཞིན་དེ་ལ་སྡང་མི་བྱེད། གཉིས་པ་ཕྱི་མར་སྡུག་བསྔལ་བསྐྱེད་པར་དོར་བར་རིགས་པ་ནི། རང་གི་ལུས་གང་གི་བཀྲེས་པ་དང་སྐོམ་པ་དང་ནད་ལ་སོགས་པ་གསོ་བའི་ཆོ་ག་བྱེད་འདོད་པས་བྱ་དང་ཉ་དང་རི་དྭགས་ལ་སོགས་པ་དག་གསོད་པར་བྱེད་ཅིང་། ལམ་དུ་བསྒུགས་ཏེ་གཞན་གྱི་ནོར་འཕྲོག་པར་བྱེད་ལ། ལུས་གང་ཞིག་ཁེ་དང་རིམ་གྲོའི་ཕྱིར་ཕ་དང་མ་ཡང་གསོད་བྱེད་ཅིང་། དཀོན་མཆོག་གསུམ་གྱི་དཀོར་བརྐུས་ནས་དེས་ནི་མནར་མེད་དུ་བསྲེག་པར་འགྱུར་ན། མཁས་པ་སུ་ཞིག་ལུས་དེ་ལ་དགའ་བས་འདོད་ཅིང་བསྲུང་བ་དང་མཆོད་པར་བྱེད་ཀྱི་འདི་ལ་སུ་ཞིག་དགྲ་བཞིན་དུ་བལྟ་བར་མི་བྱེད་བརྙས་མི་བྱེད་དེ་བྱེད་པར་རིགས་སོ། །གསུམ་པ་ལ་གཉིས་ལས། དང་པོ་རྣམ་པའི་ཁྱད་པར་ནི། གལ་ཏེ་གཞན་ལ་བྱིན་ན་བདག་རང་ཅི་སྤྱད་ཅེས་རང་དོན་འབའ་ཞིག་སེམས་པ་ནི་འདྲེ་སྟེ་ཡི་དྭགས་ཀྱི་སྤྱོད་ཚུལ་ཡིན་ལ། གལ་ཏེ། སྤྱད་ན་ཅི་སྦྱིན་ཞེས་གཞན་དོན་སེམས་པ་ནི་ལྷ་ཡི་ཆོས་ཏེ་ཆོས་ལུགས་བཟང་པོ་ཡིན་ནོ། །གཉིས་པ་འབྲས་བུའི་ཁྱད་པར་ལ་གསུམ་ལས། དང་པོ་སོ་སོར་བཤད་པ་ནི། བདག་གི་ཕྱིར་གཞན་ལ་གནོད་པ་བྱས་ན་དམྱལ་བ་ལ་སོགས་པར་གདུང་བར་འགྱུར་ལ། གཞན་གྱི་ཕྱིར་བདག་ལ་གནོད་པ་བྱས་ན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །བདག་ཉིད་གཞན་པས་མཐོ་བར་འདོད་པ་དེས་ངན་འགྲོ་དང་རིགས་གཟུགས་ངན་པ་དང་གླེན་པར་འགྱུར་རོ། །དེ་ཉིད་གཞན་ལ་སྤོ་བྱས་ན་བདེ་འགྲོ་དང་དེར་ཡང་རིམ་གྲོ་ཐོབ་པར་འགྱུར་རོ། །བདག་གི་དོན་དུ་གཞན་བཀོལ་ན་བྲན་དང་གླ་མི་ལ་སོགས་པ་མྱོང་བར་འགྱུར་ལ། གཞན་གྱི་དོན་དུ་བདག་སྤྱད་ན་རྗེ་དབོན་ཉིད་ལ་སོགས་པ་གཡོག་འཁོར་དང་ལྡན་པ་ཐོབ་པར་འགྱུར་རོ། །གཉིས་པ་དོན་བསྡུ་བ་ནི། མདོར་ན་འཇིག་རྟེན་གྱི་བདེ་བ་ཇི་སྙེད་པ་དེ་ཀུན་གཞན་བདེ་བར་འདོད་པ་ལས་བྱུང་ལ། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ་དེ་ཀུན་རང་བདེ་འདོད་པ་ལས་བྱུང་ངོ་། གསུམ་པ་དེ་དཔེས་མཚོན་པ་ནི། རྒྱུ་མཚན་སོགས་མང་དུ་བཤད་ལྟ་ཅི་ཞིག་དགོས། བྱིས་པས་རང་དོན་བྱེད་པ་དང་ཐུབ་པ་གཞན་གྱི་དོན་འབའ་ཞིག་མཛད་པ་འདི་གཉིས་ཀྱི་ནི་ཁྱད་པར་ལྟོས་ཤིག །བཞི་པ་ལ་གཉིས་ཏེ། དངོས་དང་། དེའི་རྒྱུ་སྤང་བར་གདམས་པའོ། །དང་པོ་ལ་གསུམ་ལས། དང་པོ་མ་མཐོང་བའི་ཉེས་དམིགས་ནི། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་དག་ཡང་དག་བརྗེ་བར་མ་བྱས་ན་སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། དེར་མ་ཟད་འཁོར་བ་ན་ཡང་བདེ་འགྲོའི་བདེ་བ་ཐོབ་པར་མེད་དོ། །གཉིས་པ་མཐོང་བའི་ཉེས་དམིགས་ནི། འཇིག་རྟེན་ཕ་རོལ་དུ་བདེ་བ་མི་ཐོབ་པ་ཕར་ཞོག་གི། བྲན་གཡོག་ལས་མི་བྱེད་པ་དང་རྗེ་དབོན་ལས་ཀྱི་རྔན་པ་མི་སྟེར་བས་ཚེ་འདིའི་དོན་ཟས་གོས་དང་དགོས་པའི་བྱ་བ་ཡང་འགྲུབ་པར་མི་འགྱུར་རོ། །གསུམ་པ་དོན་བསྡུ་བ་ནི། བདེ་སྡུག་གི་རྒྱུ་ལ་རྨོངས་པས་མཐོང་བ་དང་མ་མཐོང་བའི་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུ་བདག་གཞན་བརྗེ་བ་སྤངས་པས་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཐམས་ཅད་ཡོངས་སུ་བོར་ཞིང་། གཞན་ལ་གནོད་པའི་སྡུག་བསྔལ་བྱས་པའི་རྒྱུས་མཐོང་བ་དང་མཐོང་བའི་སྡུག་བསྔལ་མི་བཟད་པ་ལེན་ནོ། །གཉིས་པ་ནི། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ་དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་བར་གྱུར་ན། གནོད་པ་ཐམས་ཅད་བྱེད་པ་ཡི་འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ་སྟེ་དེ་སྤོངས་ཤིག །གལ་ཏེ་བདག་འཛིན་དེ་ཉིད་ཡོངས་སུ་མ་བཏང་ན་སྡུག་བསྔལ་སྤོང་བར་མི་ནུས་ཏེ། ཇི་ལྟར་མེ་ནི་མ་བཏང་ན་བསྲེག་པ་སྤོང་བར་མི་ནུས་པ་བཞིན་ནོ། །ལྔ་པ་ལ་བསམ་སྦྱོར་གཉིས་ལས། དང་པོ་ནི། བདག་གཅེས་པར་འཛིན་པ་རང་གཞན་གྱི་གནོད་པ་དང་སྡུག་བསྔལ་མང་པོའི་རྒྱུ་ཡིན་པ་དེ་ལྟ་བས་ན་བདག་གི་གནོད་པ་ཞི་བ་དང་། གཞན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་བྱ་བའི་ཕྱིར། བདག་ཉིད་གཞན་ལ་བཏང་བ་དང་གཞན་རྣམས་བདག་བཞིན་གཅེས་པར་གཟུང་བར་བྱ་སྟེ། འདི་ལྟར་བདག་ནི་སེམས་ཅན་གཞན་གྱི་དབང་དུ་གྱུར་ཏོ་ཞེས་ཡིད་ཁྱོད་ཀྱིས་ངེས་པར་ཤེས་པར་གྱིས་ལ། ད་ནི་ཁྱོད་ཀྱིས་སེམས་ཅན་ཀུན་གྱི་དོན་མ་གཏོགས་པ་གཞན་མི་བསམ་མོ། །གཉིས་པ་ནི། བསམ་པ་དེ་ལྟ་བུ་དང་ལྡན་པའི་གང་ཟག་དེའི་མིག་ལ་སོགས་པའི་དབང་པོ་ཡིས་སྦྱོར་བ་རང་དོན་བསྒྲུབ་པར་རིགས་པ་མ་ཡིན་ཏེ་གཞན་ལ་དབང་བའི་ཕྱིར་རོ། །དེའི་དོན་མི་གཅེས་པ་ནི་འགྲེལ་པ་དག་ལས་ལག་པ་ཞེས་པར་འཆད་དེ། མིག་གམ་ལག་པ་ལ་སོགས་དེ་དག་ཆོས་ཅན། གཞན་དེ་ལ་ལོག་པར་བྱ་བར་མི་རིགས་ཏེ་གཞན་དེའི་དོན་དུ་བཏང་བའི་ཕྱིར་རོ། །རྒྱུ་མཚན་དེས་ན་སེམས་ཅན་གཙོས་བྱས་ཏེ། བདག་གི་ལུས་ལ་གོས་ལ་སོགས་པ་འདོད་བྱའི་དངོས་པོ་ཅི་མཐོང་བ་དེ་དང་དེ་ཐམས་ཅད་ནི་ཕྲོགས་ནས་ཀྱང་གཞན་དག་ལ་ནི་ཕན་པར་སྤྱོད། གཉིས་པ་བརྗེ་བའི་བྱ་བ་ལ་གཉིས་ཏེ། བསམ་པ་དང་། སྦྱོར་བའོ། །དང་པོ་ལ་བསྟན་བཤད་བསྡུ་བ་གསུམ་གྱི། དང་པོ་ནི། མཐོ་ལ་ཕྲག་དོག་མཉམ་ལ་འགྲན་དམའ་ལ་ང་རྒྱལ་ཞེས་སྔར་གསུངས་པའི་སྐྱོན་གསུམ་པོ་དེ་སྤང་བའི་ཕྱིར། རང་བས་དམན་པ་ལ་སོགས་གསུམ་པོ་བདག་ཏུ་བྱས་པ་དང་གཞན་གསུམ་པོ་དེ་ཉིད་དུ་ནི་བདག་བྱས་ནས། ཐེ་ཚོམ་གྱི་རྣམ་རྟོག་མེད་པའི་སེམས་ཀྱིས་སུ་དམན་པས་ཕྲག་དོག་དང་མཉམ་པས་འགྲན་སེམས་དང་མཐོ་བས་ང་རྒྱལ་བསྒོམ་མོ། །གཉིས་པ་ལ་གཉིས་ཏེ། སྒོམ་ཚུལ་དངོས་དང་། དེའི་འཐད་པའོ། །དང་པོ་ལ་གསུམ་སྟེ། ཕྲག་དོག་དང་། འགྲན་སེམས་དང་། ང་རྒྱལ་བསྒོམ་པའོ། །དང་པོ་ལ་གཉིས་ལས། དང་པོ་འཇིག་རྟེན་གྱི་ཆོས་ལ་ཕྲག་དོག་བྱ་བ་ནི། བྱང་སེམས་འདི་ནི་འཇིག་རྟེན་གྱིས་བཀུར་བྱས་སེམས་ཅན་བདག་ནི་མིན། འདི་བཞིན་བདག་གིས་མི་རྙེད་ཅིང་འདི་བསྟོད་བྱས་བདག་ལ་སྨད་འདི་བདེ་བ་དག་ནི་སྡུག་བསྔལ་ལ། བདག་ནི་ལས་རྣམས་བྱེད་པ་དང་འདི་ནི་བདེ་བ་ཉིད་དུ་གནས་ཞེས་གཞན་བདག་ཏུ་བྱས་པ་དེས་རང་གཞན་དུ་བྱས་པ་དེ་ལ་ཕྲག་དོག་བྱའོ། །འདིའི་སྐབས་ཀྱི་བདག་གཞན་གྱི་ཐ་སྙད་ཐམས་ཅད་འདི་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ཡོན་ཏན་གྱི་ཆོས་ལ་ཕྲག་དོག་བྱ་བ་ནི། འདི་ནི་ཡོན་ཏན་ཆེ་བ་དང་བདག་དམན་ཞིང་ཡོན་ཏན་མེད་པར་འཇིག་རྟེན་ལ་གྲགས་ན། ཡོན་ཏན་མེད་པ་ཅི་ཞིག་བྱ་སྟེ་མི་འདོད་པས་བདག་ཀུན་ཀྱང་སྦྱངས་པའི་ཡོན་ཏན་དང་ལྡན་པར་བྱ་ཞིང་། རང་བཞིན་ཡོན་ཏན་དེ་བཞིན་གཤེགས་པའི་སྙིང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་ཡོན་ཏན་མེད་པ་ཡང་མ་ཡིན་ནོ། །གཞན་ཡང་མཆོག་དམན་ལྟོས་ནས་འཇོག་པས་ཡོན་ཏན་ཆེན་པོ་ཅན་གང་བས་བྱང་ཆུབ་སེམས་དཔའ་འདི་དམན་པ་དེ་ཡང་ཡོད་ཅིང་། དམན་པ་གང་བས་བདག་མཆོག་ཏུ་གྱུར་པ་དེ་ཡང་ཡོད་པས་མཐོ་དམན་ཕྱོགས་གཅིག་ཏུ་ངེས་ཞེས་པའི་དོན་དུ་འགྲེལ་ཆེན་ལས་འཆད་དོ། །འོ་ན་འདིར་དམན་པ་བདག་ཏུ་བཟུང་བ་ཡིན་པས་དེ་གང་ལ་ལྟོས་ནས་མཆོག་ཏུ་འཇོག་ཅེ་ན། དམན་པ་ཐམས་ཅད་ལས་དམན་པ་མེད་ཀྱང་དམན་པའི་བྱེ་བྲག་འགའ་ཞིག་བདག་ཏུ་བཟུང་ནས་ཀྱང་བསྒོམས་ལ། དེའི་ཚེ་ལྟོས་ས་གྲུབ་པས་སྐྱོན་མེད་དོ། །གལ་ཏེ་ཚུལ་ཁྲིམས་དང་ལྟ་བ་ཉམས་པ་ལ་སོགས་པའི་སྒོ་ནས་བྱང་སེམས་པས་ཁྱོད་དམན་ནོ་ཞེ་ན། ཚུལ་ཁྲིམས་དང་ལྟ་བ་དང་ལ་སོགས་པས་བསྡུས་པའི་འཚོ་བ་རྒུད་པ་ནི་ཉོན་མོངས་པའི་དབང་གིས་བྱུང་བས་བདག་གི་དབང་དུ་གྱུར་པ་མིན་ལ། ཁྱོད་སྙིང་རྗེ་ཅན་དུ་འདོད་པས་ཁྱོད་ཀྱི་ཅི་ནུས་ཀྱིས་བདག་རྒུད་པ་དེ་དག་ལས་གསོ་དགོས་ཏེ། གསོ་ན་དེའི་དོན་གྱི་དཀའ་སྤྱད་ཀྱི་གནོད་པའང་བདག་གིས་དང་དུ་བླང་བར་བྱའོ། །འོན་ཏེ་བདག་བྱང་སེམས་འདིའི་གསོ་བྱ་མིན་ཏེ་འདིས་བདག་གསོ་བར་མི་ནུས་ན་ཅིའི་ཕྱིར་བྱང་སེམས་ཁོ་ཉིད་བཟང་བར་བཟུང་ནས་བདག་ལ་བརྙས་པར་བྱེད། དེ་ལ་ཡོན་ཏན་ཞིག་ཡོད་ཀྱང་བདག་གསོ་བར་མི་ནུས་ན་བདག་ལ་དེའི་ཡོནཏན་གྱིས་ཅི་ཞིག་བྱ་སྟེ། བྱང་སེམས་འདི་བདག་ཉིད་ཡོན་ཏན་ཅན་ཡིན་ཡང་བདག་ལ་ཕན་པ་མེད་པས་སོ། །གཞན་ཡང་སྡིག་པའི་དབང་གིས་ངན་འགྲོའི་ཁར་དང་གདུག་པ་སྟེ་སྦྲུལ་དག་གཅན་གཟན་ལ་སོགས་པའི་ཁར་གནས་པའི་འགྲོ་བ་ལའང་སྙིང་རྗེ་མེད་པའི་སྐྱོན་ཅན་འདི་སྐྱོན་དེ་ཁས་མི་ལེན་པར་མ་ཟད། ཕྱིར་ལ་ཡོན་ཏན་ཅན་དུ་རློམ་པ་ཡིས་མཁས་པ་དག་ལ་བསྡོ་བར་འདོད་པ་ནི་མི་རིགས་པས་ཁྱོད་ལ་ཡོན་ཏན་མེད་ཀྱི་སྟེང་དུ་སྐྱོན་མང་པོ་ཡོད་ཅེས་ཕྲག་དོག་བྱེད་པའོ། །གཉིས་པ་ནི། བདག་དང་མཉམ་པ་ལ་བལྟས་ནས་ནི་རྙེད་སོགས་གང་གིས་རང་ཉིད་ལྷག་པར་བྱ་བའི་ཕྱིར་བདག་གི་རྙེད་པ་དང་བཀུར་སྟི་ནི་འཐབ་མོ་དང་རྩོད་པ་ཡིས་ཀྱང་འདི་ལས་འཕྲོག་ནས་ངེས་པར་བསྒྲུབ་པར་བྱའོ། །ཅི་ནས་ཀྱང་བདག་གི་ཡོན་ཏན་ནི་འཇིག་རྟེན་ཀུན་ལ་གསལ་བ་དང་། གཞན་ཡང་འདིའི་ཡོན་ཏན་གང་ཡོད་པ་སུས་ཀྱང་ཐོས་པར་མི་འགྱུར་བར་བྱའོ། །བདག་གི་སྐྱོན་རྣམས་སྦ་བར་བྱ་ཞིང་འདིའི་སྐྱོན་རྣམས་གསལ་བར་བྱས་ནས་བདག་ནི་སྐྱེ་བོ་མང་པོས་མཆོད་པར་འགྱུར་ཞིང་འདི་ལ་དེ་ལྟ་མིན་པ་དང་། བདག་ནི་རྙེད་པ་ལེགས་པར་རྙེད་ཅིང་འདིས་མི་རྙེད་པ་དང་བདག་ནི་ཀུན་གྱིས་བཀུར་བར་འགྱུར་ཞིང་འདི་ལ་མིན་པ་དང་། འདི་ནི་མ་རུངས་ཏེ་སྡུག་བསྔལ་བར་བྱས་པ་ལ་ཡུན་རིང་དུ་བདག་ནི་དགའ་བས་བལྟ་ཞིང་། འདི་ལ་འགྲོ་བ་ཀུན་གྱིས་ཁྲེལ་ཏེ་བཞད་གད་དང་ཕན་ཚུན་སྨོད་པ་དག་ཏུ་བྱའོ། །གསུམ་པ་ནི། མཐོ་བ་བདག་ཏུ་བཟུང་ནས་ཉོན་མོངས་ཏེ་དམན་པ་འདི་ཡང་བདག་དང་ལྷན་ཅིག་ཏུ་འགྲན་ཞེས་གྲགས་ན་འདི་དང་བདག་ཐོས་པ་དང་ཤེས་རབ་བམ་གཟུགས་དང་རིགས་དང་ནོར་གྱིས་མཉམ་མམ་ཅི་ཞེས་བདག་གིས་བསམ་ཞིང་། དེ་ལྟར་འཇིག་རྟེན་ཀུན་ལ་ཡང་གྲགས་པའི་སྟོབས་ཀྱིས་བདག་གི་ཡོན་ཏན་དེ་བས་ལྷག་པ་ཡིན་པར་སྐྱེ་བོ་ཀུན་གྱིས་བསྒྲགས་པ་ཐོས་ནས་སྤུ་ལྡང་དགའ་བ་སྐྱེ་འགྱུར་བའི་བདེ་སྐྱིད་ལ་ནི་ཡོངས་སུ་སྤྱོད་ཅིག །འབད་དེ་བཀག་ཀྱང་མ་ཁེགས་པར་ཅི་སྟེ་འདི་ལ་རྙེད་སོགས་ཡོད་པར་གྱུར་ཀྱང་། གལ་ཏེ་རྒྱལ་མི་བྱེད་པར་ངའི་ལས་བྱེད་ན་དེའི་རྔན་པར་འདི་ལ་འཚོ་བ་ཙམ་ཞིག་བྱིན་ནས་ལྷག་མ་དེ་རྣམས་བདག་གི་སྟོབས་ཀྱིས་བླང་བར་བྱའོ། །ཞེས་པ་འགྲེལ་པ་དག་ལས་སོ། །འདི་ནི་བདེ་བ་ལ་མཉམ་པར་བྱ་ཞིང་དེ་ཙམ་དུ་མ་ཟད་ཀྱི་བདག་གིས་འདི་གནོད་པ་སྟེ་སྡུག་བསྔལ་ལ་རྟག་ཏུ་སྦྱར་བར་བྱའོ། །གཉིས་པ་ནི། འདི་ལ་དེ་ཙམ་དུ་སྡང་བ་ཅི་སྟེ་ཞེ་ན། འདི་ཡིས་ཡུལ་དུས་བརྒྱ་ཕྲག་མང་པོ་ཐམས་ཅད་དུ་འཁོར་བར་བདག་ལ་གནོད་པ་བྱས་པས་སོ། །གསུམ་པ་ལ་གསུམ་ལས། བརྗེ་བ་མ་བསྒོམས་པའི་ཉེས་དམིགས་ནི། ཡིད་ཁྱོད་རང་དོན་འབའ་ཞིག་བྱེད་པར་འདོད་པས། སྔར་བསྐལ་པ་གྲངས་མེད་པར་འདས་པར་གྱུར་ཀྱང་རང་དོན་བསྒྲུབ་པའི་ངལ་བ་ཆེན་པོ་དེ་ལྟ་བུས་ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས་པས་དེ་སྤང་བའི་རིགས་སོ། །འདི་མན་ཆད་བདག་གཞན་གྱི་སྒྲ་རྣམས་རྣལ་མ་ཡིན་ནོ། །བསྒོམས་པའི་ཕན་ཡོན་ནི། དེ་ལྟར་བདག་གཞན་བརྗེ་བའི་སྒོ་ནས་ངེས་པར་གཞན་གྱི་དོན་ལ་འཇུག་པར་གྱིས་དང་། ཐུབ་པའི་བཀའ་ནི་མི་བསླུ་བས་བདག་གཞན་བརྗེ་བ་དེའི་ཡོན་ཏན་ཐུབ་པས་གསུངས་པ་རྣམས་ཕྱིས་འཕགས་པའི་ས་ཐོབ་པ་ན་གསལ་བར་འགྱུར་ཞིང་། གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ་བརྗེ་བའི་ལས་འདི་བྱས་པར་གྱུར་ན་ནི་སངས་རྒྱས་ཀྱི་མཚན་ཕུན་སུམ་ཚོགས་པའི་བདེ་བ་མིན་པ་ད་ལྟར་གྱི་སྡུག་བསྔལ་གྱི་གནས་སྐབས་འདི་འདྲར་འགྱུར་མི་སྲིད་དོ། །དེས་ན་བརྗེ་བར་གདམས་པ་ནི། དེ་བས་ན་འདི་ལྟར་གཞན་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་ལ་ཁྱོད་ཀྱིས་བདག་གི་ལུས་སོ་ཞེས་ངར་འཛིན་བྱས་པ་ལྟར། དེ་བཞིན་དུ་སེམས་ཅན་གཞན་ལའང་གོམས་པར་གྱིས་ཤིག་པའོ། །གཉིས་པ་སྤྱོར་བ་ལ་གཉིས། སྦྱོར་བ་སྒྲུབ་ཚུལ་དང་། སྦྱོར་བས་སེམས་དབང་དུ་བྱ་བའོ། །དང་པོ་ལ་གསུམ་སྟེ། གཞན་ལ་ཕན་པར་བྱ་བ་དང་། བདག་ལ་གཅེས་འཛིན་སྤང་བ་དང་། དོན་བསྡུ་བའོ། །དང་པོ་ནི། གཞན་གྱི་རྟོག་ཆེན་ཏེ་བདག་ཅི་བྱེད་བརྟགས་ཤིང་ཚར་གཅོད་མཁན་བྱས་ནས་ནི། བདག་གི་ལུས་ལ་འདོད་བྱའི་དངོས་པོ་ཅི་སྣང་བ་དེ་དང་དེ་ཉིད་ཕྲོགས་བྱས་ནས་ཁྱོད་ཀྱིས་གཞན་ལ་ཕན་པར་སྤྱོད་ཅིག་པའོ། །གཉིས་པ་ལ་གསུམ་སྟེ། བསམ་པས་ཕྲག་དོག་བྱ་བ། སྦྱོར་བ་སྡུག་བསྔལ་ལ་སྦྱར་བ། གཉིས་ཀ་དམན་པར་བཞག་པའོ། །དང་པོ་ནི། བདག་སྐྱིད་གཞན་ནི་མི་སྐྱིད་ལ་བདག་མཐོ་གཞན་ནི་དམའ་བ་དང་བདག་ནི་རང་ལ་ཕན་པའི་ལས་དགེ་བ་བྱེད་ལ་གཞན་ནི་མིན་ཞེས་བདག་ལ་ཕྲག་དོག་ཅིས་མི་བྱེད། གཉིས་པ་ནི། བདག་ནི་བདེ་བ་དང་བྲལ་གྱིས་ཏེ་གཞན་གྱི་སྡུག་བསྔལ་ཐམས་ཅད་བདག་ལ་སྦྱོར་ཞིག་པའོ། །གསུམ་པ་ནི། གནས་སྐབས་གང་གི་ཚེ་འདི་ནི་ཉེས་པ་ཅི་བྱེད་ཅེས་བདག་གི་སྐྱོན་ལ་བརྟག་པར་བྱ་ལ། གཞན་གྱིས་ཉེས་པ་བྱས་པ་ཡང་རང་གི་སྐྱོན་དུ་བསྒྱུར་བྱོས་ལ། བདག་གི་ཉེས་པ་ཆུང་བྱས་ཀྱང་སྐྱེ་བོ་མང་ལ་རབ་ཏུ་ཤོགས་ཏེ་བདག་ལ་ཉེས་པ་འདི་ཡོད་དོ་ཞེས་ཁས་ལོངས་ཤིག །གཞན་གྱི་ཡོན་ཏན་གྱི་གྲགས་པ་ལྷག་པར་བརྗོད་པས་རང་གི་གྲགས་པ་ཟིལ་གྱིས་གནོན་པ་སྟེ་མི་མངོན་པར་གྱིས་ཤིག །བདག་ནི་གཞན་གྱི་བྲན་གྱི་ཐ་མ་ལྟར་ང་རྒྱལ་མེད་པར་དེ་དག་གི་དོན་རྣམས་ཀུན་ལ་བཀོལ་བར་གྱིས་ཤིག །བདག་ཉིད་འདི་ནི་སྐྱོན་མང་པོ་དང་བཅས་པའི་རང་བཞིན་ཏེ་གློ་བུར་གྱི་ཡོན་ཏན་གྱི་ཆ་ཅུང་ཟད་ཡོད་ཀྱང་དེའི་སྒོ་ནས་མི་བསྟོད་པར་འདིའི་ཡོན་ཏན་དེ་ཅི་ནས་ཀྱང་འགས་ཀྱང་ཡོད་པར་མི་ཤེས་པ་དེ་ལྟར་གྱིས་ཤིག་པའོ། །གསུམ་པ་ནི། མདོར་ན་སྔར་བདག་གི་དོན་གྱི་ཕྱིར་ཁྱོད་ཀྱིས་གཞན་ལ་གནོད་པ་བྱས་པ་གང་ཡིན་པའི་གནོད་པ་དེ་འདྲ་རྣམས་ཕྱིན་ཆད་སེམས་ཅན་གྱི་དོན་གྱི་ཕྱིར་བདག་ཉིད་ལ་འབབ་པར་གྱིས། བདག་ཉིད་འདི་ནི་གཉའ་དྲགས་ཏེ་ཐོད་རྒྱལ་དུ་འགྱུར་བའི་ཚུལ་དུ་ཤེད་སྐྱེད་པར་ནི་མི་བྱ་སྟེ། བག་མ་གསར་པའི་ཚུལ་བཞིན་དུ་རང་གིས་གཅེས་འཛིན་ལ་སོགས་པའི་སྤྱོད་པ་ལ་ངོ་ཚ་བ་དང་དེ་དག་གི་ཉེས་པས་འཇིགས་པ་དང་དེ་དག་ལ་མི་འཇུག་པར་བསྡམས་ཏེ་བཞག་གོ། །གཉིས་པ་ལ་གསུམ་སྟེ། གཉེན་པོ་དབང་དུ་བྱ་བ་དང་། སྤང་བྱ་ལ་མི་མཐུན་པར་བལྟ་བ་དང་། གཉེན་པོའི་ཐབས་ལ་མཁས་པར་བྱ་བའོ། །དང་པོ་ལ་བསྟན་བཤད་གཉིས་ཀྱི། དང་པོ་ནི། གཞན་དོན་གྱི་བསམ་པ་དེ་བྱ་ལ་སྦྱོར་བས་དེ་ལྟར་གནས་པར་བྱ་ཞིང་། རང་དོན་གྱི་བསམ་སྦྱོར་གཉིས་པོ་དེ་ལྟར་ཁྱོད་ཀྱིས་མི་བྱ་བ། དེ་ལྟར་སེམས་འདི་ནི་གཉེན་པོས་དབང་དུ་བྱས་ཏེ་བླང་དོར་དེ་ལས་འདས་ན་གཉེན་པོས་སེམས་ཚར་གཅོད་པར་བྱའོ། །གཉིས་པ་ནི། འོན་ཏེ་དེ་ལྟར་གདམས་ཀྱང་ནི་སེམས་ཁྱོད་དེ་ལྟར་མི་བྱེད་ན། ཁྱོད་ལ་ཉེས་པ་ཀུན་བསྟེན་པས་ཁྱོད་ཉིད་ཚར་གཅད་བྱ་བར་ཟད་དོ། །དེ་ལྟར་མི་ནུས་སོ་སྙམ་ན། སེམས་ཁྱོད་ཀྱིས་རང་དོན་བྱས་པས་ཁོ་བོ་གར་བརླག་པར་ནུས་པའི་དུས་དེ་ནི་ཁྱོད་ཉེས་པ་ཅན་དུ་མཐོང་བའི་དུས་འདི་ལས་གཞན་སྔོན་ཉེས་པ་མ་མཐོང་བའི་དུས་དེ་ཡིན་དེ། ད་ནི་ངས་ཁྱོད་ཀྱི་རང་བཞིན་དང་ཉེས་པ་མཐོང་བས་ཁྱོད་གང་དུ་འགྲོ་སྟེ། གང་དུའང་འགྲོ་མི་ནུས་པས་ཁྱོད་ཀྱི་རང་དོན་གྱི་དྲེགས་པ་ཀུན་གཞོམ་པར་བྱའོ། །ད་དུང་དུ་བདག་ལ་རང་གི་དོན་བྱར་ཡོད་དོ་སྙམ་དུ་སེམས་པ་དེ་དོར་ཅིག །བདག་གིས་གཞན་ལ་ཁྱོད་བཙོངས་ཀྱིས་གཞན་དོན་ལ་སྐྱོ་བར་མ་སེམས་པར་ཞོ་ཤ་ཕུལ་ཅིག །གཉིས་པ་ནི། གལ་ཏེ་རང་འདོད་ཀྱི་དབང་གིས་བག་མེད་པར་གྱུར་ནས་ཁྱོད་སེམས་ཅན་རྣམས་ལ་མ་བྱིན་ན་ཁྱོད་ཀྱིས་ཁོ་བོ་དམྱལ་བ་ཡི་སྲུང་མ་རྣམས་ལ་བྱིན་དུ་ངེས། དེ་ལྟར་ཁྱོད་ཀྱིས་སྔར་ཡང་རེ་ལྟ་ཞིག་ཁོ་བོ་དམྱལ་སྲུང་པ་རྣམས་ལ་བྱིན་པས་ཡུན་རིང་པོ་སྡུག་བསྔལ་བར་བྱས་པས་ད་ནི་དེའི་ཁོན་རྣམས་དྲན་པར་བྱས་ཏེ་ཁྱོད་ཀྱིས་རང་དོན་བྱེད་པར་སེམས་པ་དེ་གཞོམ་པར་བྱའོ། །གསུམ་པ་ལ་བསྟན་བཤད་གཉིས་ཀྱི། དང་པོ་ནི། དེ་སྟེ་བདག་ནི་གཏན་དུ་དགའ་ཞིང་བདེ་བར་འདོད་ན་རང་ལ་བདག་གིས་དགའ་ཞིང་ཆགས་པར་མི་བྱའོ། །དེ་སྟེ་བདག་ནི་སྡུག་བསྔལ་ལས་བསྲུང་བར་འདོད་ན་གཞན་རྣམས་རྟག་ཏུ་བསྲུང་བར་བྱའོ། །གཉིས་པ་ལ་གཉིས་ཏེ། ལུས་ལ་ཞེན་པ་སྤང་བ་དང་། གཞན་དུ་བཟུང་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཞེན་པའི་ཉེས་དམིགས་དང་། ཞེན་པར་མི་རིགས་པའོ། །དང་པོ་ལ་དངོས་དང་། ཞར་ལ་ཆོག་ཤེས་ཀྱི་ཡོན་ཏན་བསྟན་པའོ། །དང་པོ་ནི། ཇི་ལྟ་ཇི་ལྟར་ལུས་འདི་ནི་གཅེས་པར་བཟུང་སྟེ་ཡོངས་སུ་སྦྱོང་བར་བྱེད་གྱུར་པ་དེ་ལྟ་དེ་ལྟར་ཤིན་ཏུ་ནི་བཟེ་རེ་ཅན་ཏེ་འདོད་པ་ཅུང་ཟད་ཅིག་མ་གྲུབ་ན་ཡང་སྡུག་བསྔལ་ཆེན་པོ་སྐྱེ་བར་འགྱུར་བ་ཉིད་དུ་ལྟུང་ངོ་། དེ་ལྟ་ན་ཡང་འདོད་པ་ཐམས་ཅད་བསྒྲུབས་པས་སྡུག་བསྔལ་མི་འབྱུང་ངོ་སྙམ་ན། དེ་ལྟར་ལྟུང་བ་དེ་ཡི་ཡང་འདོད་པས་འདི་ཐམས་ཅད་ཀྱིས་ཀྱང་རྫོགས་པར་ནུས་པ་ཡོད་པ་མིན་ན་དེའི་འདོད་པ་ཐམས་ཅད་སྒྲུབ་པར་བྱེད་སུས་ནུས་ཏེ། ས་སྟེང་འབྲུ་རྣམས་ཐམས་ཅད་དང་། །གསེར་དང་ཕྱུགས་དང་ནད་མེད་རྣམས། །དེ་དག་ཀུན་གྱིས་གཅིག་མི་ངོམས། །དེ་ལྟར་ཤེས་པ་ཞི་བར་གྱིས། །ཞེས་པའམ། རྒྱལ་པོ་ང་ལས་ནུ་གླིང་བཞི་དང་བརྒྱ་བྱིན་གྱི་སྟན་ཕྱེད་ཀྱིས་མ་ངོམས་པར་གསུངས་པ་ལྟར་རོ། །སྒྲུབ་པའི་ནུས་པ་མེད་བཞིན་དུ་འགྲུབ་པར་འདོད་པ་ལ་བརྟེན་ནས་ཉོན་མོངས་ཏེ་དུབ་པ་དང་ཞེ་སྡང་ལ་སོགས་པ་དང་། བསམ་པ་མཉམ་པ་སྟེ་འདོད་པ་མ་གྲུབ་པའམ་མ་ངོམས་པས་ཡིད་མི་བདེ་བར་སྐྱེ་བར་འགྱུར་རོ། །གཉིས་པ་ནི། གང་ཞིག་ལུས་དང་ལོངས་སྤྱོད་ཀུན་ལ་ལྟོས་མེད་པར་གནས་པ་དེའི་བདེ་བ་ཕུན་སུམ་ཚོགས་པ་ཟད་མི་ཤེས་པ་དེ་བས་ན་རང་གི་ལུས་ཀྱི་འདོད་པ་ནི་འཕེལ་བར་བྱ་བའི་ཕྱིར་སྐབས་དབྱེ་བར་མི་བྱ་སྟེ། གང་ཞིག་ཡིད་དུ་འོང་བའི་དངོས་པོ་ལ་མཆོག་ཏུ་མི་འཛིན་པ་དེའི་ལོངས་སྤྱོད་དེ་ནི་དང་པོ་བསྒྲུབ་སླ་ཞིང་། བར་དུ་ཞེན་པ་དང་མཐར་བྲལ་བའི་སྡུག་བསྔལ་མི་བསྐྱེད་པས་དངོས་པོ་བཟང་པོ་ཡིན་ཏེ། བཤེས་སྦྲིང་ལས། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་ལྡན་ལགས། །ཞེས་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། དམན་པ་དང་། ཕན་གནོད་མི་ཤེས་པས་ཞེན་པར་མི་རིགས་པའོ། །དང་པོནི། ལོངས་སྤྱོད་ལ་མི་ཞེན་ཡང་ལུས་ལ་ཞེན་པར་རིགས་སོ་སྙམ་ན། མ་ཡིན་ཏེ། ལུས་འདི་ནི་ཐ་མར་ཐལ་བའི་མཐར་གཏུགས་ཏེ་དེར་འགྱུར་ཞིང་རང་ཉིད་ཀྱིས་གཡོ་འགུལ་མི་ནུས་པས་གཞན་སེམས་ཀྱིས་བསྐྱོད་པར་བྱ་བ་མི་གཙང་བའི་གཟུགས་མི་ཟད་པ་འདི་ལ་ཅིའི་ཕྱིར་བདག་ཏུ་འཛིན། གསོན་ནམ་ཡང་ན་ཤི་ཡང་སླ་སྟེ་བདག་ལ་འཁྲུལ་འཁོར་འདིས་ཅི་ཞིག་བྱ། བོང་བ་ལ་སོགས་པ་དང་འདི་ལ་ཁྱད་པར་ཅི་ཞིག་ཡོད་ན་ཀྱི་ཧུད་ལུས་འདི་ལ་བདག་གམ་བདག་གིར་ང་རྒྱལ་བ་ཅིའི་ཕྱིར་སེལ་བར་མི་བྱེད། རང་གི་ལུས་ཀྱི་ཁ་ཏ་བྱས་པ་ཡིས་དོན་མེད་སྡུག་བསྔལ་ཉེར་བསགས་ནས་ཤིང་དང་མཚུངས་པ་འདི་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བས་ཅི་ཞིག་བྱ་སྟེ་དེ་གཉིས་ཀའི་ཡུལ་མ་ཡིན་ནོ། །གཉིས་པ་ནི། བདག་གིས་འདི་ལྟར་གཅེས་པར་བསྐྱངས་པའམ། བྱ་རྒོད་སོགས་ཀྱིས་ཟོས་ཀྱང་རུང་སྟེ་དེ་གཉིས་ལ་ཆགས་པ་ཡང་མེད་ལ་ཞེ་སྡང་ཡང་ཡོད་པ་མིན་ན་ཅི་སྟེ་དེ་ལ་བདག་ཆགས་པར་བྱེད། གང་ཞིག་སྨད་པས་ཁྲོ་བ་དང་གང་ཞིག་བསྟོད་པས་མགུ་འགྱུར་བ་གལ་ཏེ་ལུས་དེ་ཉིད་ཀྱིས་ཤེས་པ་མེད་ན། བདག་གིས་ལུས་གང་གི་དོན་དུ་བསྟོད་སྨད་སོགས་ཀྱི་བླང་དོར་གྱིས་ངལ་བ་བྱས་ཏེ་དེ་ལྟར་བྱས་པ་དོན་མེད་དོ། །གལ་ཏེ་ལུས་ཀྱིས་དེ་དག་མི་ཤེས་ཀྱང་གང་ཞིག་ལུས་འདི་འདོད་ཅིང་ཡིད་དུ་འོང་བར་གྱུར་པ་དེ་དང་བདག་བཤེས་པ་ཡིན་ཏེ་དེ་ལ་དགའོ་ཞེ་ན། ཐམས་ཅད་རང་རང་གི་ལུས་འདོད་པས་དེ་ལ་བདག་གིས་ཅིས་མི་དགའ་སྟེ་རིགས་པ་མཚུངས་པས་སོ། །གཉིས་པ་ནི། བདག་ལ་ཞེན་པ་ལ་ཉེས་པ་མང་པོ་ཡོད་པ་དེ་བས་ན་བདག་གིས་ཆགས་མེད་པར་འགྲོ་ལ་ཕན་པའི་ཕྱིར་ལུས་འདི་དེ་དག་གི་བྲན་ནམ་ཡོ་བྱད་དུ་གཏང་བར་བྱའོ། །གཞན་ལ་ཕན་པར་ནུས་པ་དེས་ན་འདི་ལ་ཉེས་པ་མང་ཡང་ལས་ཀྱི་སྤྱད་བཞིན་དུ་གཟུང་བར་བྱའོ། །གསུམ་པ་ཐུན་མོང་གི་བྱ་བ་ལ་གདམས་པ་ལ་སྒྲིབ་པ་བསལ་བ་དང་། གཉེན་པོ་ལ་འབད་པར་གཉིས་ཀྱི། དང་པོ་ནི། བདག་གཞན་མཉམ་པ་དང་བརྗེ་བ་བསྒོམ་དགོས་པ་དེ་བས་ན། ད་ནི་བྱིས་པའི་སྤྱོད་པ་དོན་མེད་པ་ལ་ཞེན་པས་ཆོག་སྟེ་དོན་མེད་ཀྱི། བདག་གིས་མཁས་པ་སངས་རྒྱས་བྱང་སེམས་རྣམས་ཀྱི་རྗེས་སུ་བསྙགས་ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཐབས་སུ་འདི་ཉིད་ཀྱི་ལེའུ་བཞི་པ་དང་བདུན་པ་དང་བསླབ་བཏུས་ལ་སོགས་པར་བཤད་པའི་བག་ཡོད་པའི་གཏམ་རྣམས་དྲན་པར་བྱས་ནས་གཉིད་དང་རྨུགས་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒྲིབ་པ་ལྔ་པོ། །བཤེས་སྦྲིང་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་དང་། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པས་མཁྱེན་པར་མཛོད། །ཅེས་འབྱུང་བ་དེ་རྣམས་བཟློག་པར་བྱའོ། །གཉིས་པ་ནི། རྒྱལ་སྲས་ཐུགས་རྗེ་ཆེ་རྣམས་ལྟར་ཉེས་པ་བྱུང་བ་རྣམས་བཟློག་ཅིང་ཕྱིས་མི་འབྱུང་བར་བྱ་བའི་ཕྱིར་རིགས་པ་ནི་གཉེན་པོ་དགེ་བའི་སྲན་ནི་གཟུག་པར་བྱ་སྟེ། ཚུལ་དེ་ལྟར་ཉིན་མཚན་ཕྱད་པར་འབད་པར་བྱའི། གལ་ཏེ་མ་འབད་ན་བདག་གི་སྡུག་བསྔལ་ནམ་ཞིག་མཐར་ཕྱིན་པར་འགྱུར་ཏེ་མི་འགྱུར་བས་སོ། །གསུམ་པ་ནི། སྔར་གྱི་རྒྱུ་མཚན་དེ་བས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྒྲིབ་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་རྟོག་ཤེས་བྱའི་སྒྲིབ་པ་བསལ་བའི་ཕྱིར་དུ་འདོད་པའི་རྣམ་རྟོག་ལ་སོགས་པ་ལོག་པའི་ལམ་ལས་སེམས་བླན་ཏེ། ཡང་དག་པ་དགེ་བའི་དམིགས་པ་ལ་རྟག་པར་ཡང་བདག་གིས་མཉམ་པར་གཞག་པར་བྱའོ། །ལེའུ་བརྒྱད་པ་བཤད་ཟིན་ཏོ།། །།ཤེས་རབ་ཀྱི་ལེའུ་ལ་གསུམ་སྟེ། མཚམས་སྦྱར་ཏེ་ཤེས་རབ་བསྐྱེད་པར་གདམས་པ་དང་། དེ་ཇི་ལྟར་བསྐྱེད་པའི་ཐབས་དང་། ཤེས་རབ་ཀྱིས་ཐོབ་པའི་བྱ་བའོ། །དང་པོ་ནི། སེམས་བསྐྱེད་ནས་བསམ་གཏན་གྱི་བར་གྱི་ཡན་ལག་སྟེ་ཤེས་རབ་ཀྱི་རྒྱུ་ཚོགས་འདི་དག་ཐམས་ཅད་ནི། ཐུབ་པས་ཤེས་རབ་བསྐྱེད་པའི་དོན་དུ་ཡིན་པར། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་པ་ལ་སོགས་པ་གསུངས་སོ། །དོན་འདི་ཉིད་བསླབ་བཏུས་ལས་ཀྱང་། མཉམ་གཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་འབྱུང་ངོ་། །དེའི་ཕྱིར་ན་རང་གཞན་གྱི་སྡུག་བསྔལ་དག་ཞི་བར་འདོད་པས་ཤེར་རབ་བསྐྱེད་པར་བྱ་སྟེ། འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་ལས་བྱུང་ལ། དེ་དག་ཀྱང་དངོས་པོར་འཛིན་པ་ལས་བྱུང་སྟེ། རིག་པ་དྲུག་ཅུ་པ་ལས། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་མི་བཟད་འབྱུང་། །ཞེས་སོ། །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་དེ་སྤངས་པས་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་ཏེ། འཕགས་པ་སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་གསུངས་སོ། །རང་གིས་སྟོང་ཉིད་རྟོགས་པ་ན། སེམས་འགྲེལ་ལས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་ལ་གོམས་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་ཉིད་དུ་དཀའ་བ་མེད། །ཅེས་འབྱུང་བས། གཞན་ལ་ཡང་སྟོང་ཉིད་བསྟན་ནས་སྡུག་བསྔལ་སེལ་བར་འགྱུར་བས་སོ། །གཉིས་པ་ལ་གསུམ་སྟེ། ཤེས་རབ་ཀྱི་རང་བཞིན་ངོས་བཟུང་བ་དང་། དེ་ཡུལ་བདག་མེད་ལ་འཇུག་པ་དང་། སྤང་བྱ་དངོས་འཛིན་དགག་པའོ། །དང་པོ་ལ་གཉིས་ཏེ། ཡུལ་བདེན་གཉིས་གཏན་ལ་དབབ་པ་དང་། ཡུལ་ཅན་ལམ་དུ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། བདེན་གཉིས་ཀྱི་རང་བཞིན་རྣམ་པར་གཞག་པ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། དབྱེ་བ་དང་། ངོ་བོ་དང་། དེ་འཇལ་བྱེད་ཀྱི་བློའི་ཁྱད་པར་རོ། །དང་པོ་ནི། ཀུན་རྫོབ་ནི་ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པ་བློ་འཁྲུལ་པ་རྣམས་ཡིན་ལ་དེའི་ངོར་གྲུབ་པས་དེའི་བདེན་པ་སྟེ། འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་བ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་འབྱུང་བ་དེ་དང་། དོན་དམ་པ་ནི་འཕགས་པའི་སྣང་མེད་ཀྱི་ཡེ་ཤེས་ཡིན་ལ་དེའི་རྟོགས་བྱའི་དོན་ཡིན་པས་ན་དོན་དམ་སྟེ། དབུས་མཐའ་ལས། འཕགས་པའི་སྤྱོད་ཡུལ་ཕྱིར་གསུངས་པ་ལྟར་ཏེ། འདི་གཉིས་ནི་བདེན་པ་གཉིས་སུ་འདོད་དོ། །གཉིས་པ་ནི། དོན་དམ་པ་ནི། བདེན་པ་གཉིས་བསྟན་པའི་མདོ་ལས། ལྷའི་བུ་དོན་དམ་པ་ནི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་དུ་གྱུར་ན་དོན་དམ་པའི་གྲངས་སུ་མི་འགྲོའི། ཀུན་རྫོབ་ཀྱི་བདེན་པར་འགྱུར་རོ་ཞེས་པ་ནས་དོན་དམ་པའི་བདེན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་སོ། །ཞེས་གསུངས་པ་ལྟར་བློ་ཡི་སྤྱོད་ཡུལ་དུ་འདིའོ་ཞེས་ཡོངས་གཅོད་དུ་གྲུབ་པ་མིན་ཏེ། བློ་ནི་དོན་དམ་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཀུན་རྫོབ་ཡིན་པར་འདོད་ཅེས་པའི་དོན་དུ་དགེ་ལྷ་འཆད་ཅིང་། ཤེར་འབྱུང་དང་རྣམ་སྣང་ནི་བློ་རྣམ་རྟོག་ཡིན་ཞིང་དེ་མ་རིག་པ་ཡིན་པས་དེའི་ཡུལ་མིན་པར་འཆད་ལ། འདིར་བློ་ནི་དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་པ་ལྟར་ཁམས་གསུམ་པའི་སེམས་དང་སེམས་བྱུང་ཡིན་པས་དེ་བཞིན་གཤེགས་པའི་ཡུལ་མིན་པ་དང་། འཕགས་པའི་ཡེ་ཤེས་ཀྱིས་རྟོགས་བྱ་ཡིན་པ་མི་འགལ་ཞིང་། མདོ་ལས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་ཡང་མིན་པར་གསུངས་པ་ནི་དེ་ཅིར་ཡང་མ་གྲུབ་པ་ལ་དགོངས་ཤིང་། དེར་ཅིར་ཡང་མ་གྲུབ་པས་གང་དུ་ཡང་དེ་མ་རྟོགས་པ་ཡིན་ལ། སྣང་མེད་ཀྱི་ཡེ་ཤེས་ཀྱིས་ནི་ཅིར་ཡང་མི་འཛིན་པས་དེ་རྟོགས་པར་འཇོག་སྟེ། མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས། རྒྱལ་པོ་ཆེན་པོ་གང་ཆོས་ཐམས་ཅད་མི་མཐོང་བ་དེ་ནི་ཡང་དག་པའི་མཐོང་བ་སྟེ། རྒྱལ་པོ་ཆེན་པོ་ཡང་དག་པའི་མཐོང་བ་ནི་མཐོང་བ་མེད་པའོ། །ཞེས་གསུངས་པ་ལྟར་ཡིན་པས་དེ་གཉིས་ཀྱང་མི་འགལ་ལོ། །གསུམ་པ་ལ་གསུམ་སྟེ། གང་ཟག་གི་དབྱེ་བ་དང་། གནོད་པའི་རིམ་པ་དང་། གནོད་བྱེད་ཀྱི་རིགས་པའོ། །དང་པོ་ནི། བདེན་པ་གཉིས་པོ་དེ་ལ་སྤྱོད་པའི་འཇིག་རྟེན་པ་སྟེ་གང་ཟག་ནི་རྣམ་པ་གཉིས་སུ་མཐོང་སྟེ། ཞི་ལྷག་གི་ཏིང་ངེ་འཛིན་དང་ལྡན་པ་རྣལ་འབྱོར་པ་དང་མི་ལྡན་པ་ཕལ་པར་འགྲེལ་པ་དག་ལས་འཆད་ཀྱང་། བདག་མེད་ཀྱི་དོན་ལ་ཤེས་རབ་གསུམ་ཅི་རིགས་པ་དང་ལྡན་པ་དང་མི་ལྡན་པར་བྱེད་པ་རིགས་སོ། །གཉིས་པ་ནི། འཇིག་རྟེན་གཉིས་ཡོད་པ་དེ་ལས་འཇིག་རྟེན་ཕལ་པ་རྣམས་ནི་ལུས་གཅིག་པུ་དང་སེམས་རྟག་པ་ལ་སོགས་པར་བལྟ་་སྟེ། དེ་ལ་ནི་རྣལ་འབྱོར་འཇིག་རྟེན་གྱི་རིགས་པ། ལུས་གཅིག་པུ་མ་ཡིན་ཏེ། ཆ་ཤས་དུ་མ་དང་ལྡན་པའི་ཕྱིར་དང་། སེམས་མི་རྟག་སྟེ། གཞན་དུ་འགྱུར་བའི་ཕྱིར། ཞེས་པ་ལ་སོགས་པས་གནོད་ཅིང་། རྣལ་འབྱོར་པ་ཕྱི་རོལ་གྱི་དོན་སྨྲ་བ་དང་། སེམས་ཙམ་པ་དང་། དབུ་མ་པ་གསུམ་པོ་ཡང་བློ་ཤེས་བྱའི་གནས་ལུགས་དང་མཐུན་མི་མཐུན་གྱི་ཁྱད་པར་གྱིས་གོང་མ་གོང་མ་རྣམས་ཀྱིས་འོག་མ་འོག་མ་རྣམས་ལ་གནོད་དེ། འདི་ལྟར་དོན་སྨྲ་སྡེ་པ་གཉིས་ཀྱིས་གཟུང་བ་རྡུལ་ཕྲན་ཆ་མེད་དང་། འཛིན་པ་ཤེས་པ་སྐད་ཅིག་མ་དོན་དམ་དུ་བལྟ་སྟེ། དེ་ལ་སེམས་ཙམ་པའི་རིགས་པ། དྲུག་གི་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པ་ལ་སོགས་པས་གནོད་དེ། གསོག་བྱ་རྡུལ་ཕྲན་མ་གྲུབ་པས་དེ་བསགས་པའི་རགས་པ་མི་འགྲུབ་ལ། དེ་མ་གྲུབ་ན་དེ་གཉིས་བདེན་པ་མི་འགྲུབ་པས་སོ། །སེམས་ཙམ་པས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་བལྟ་སྟེ། དེ་ལ་དབུ་མ་པའི་འདིར་འཆད་པའི་རང་རིག་འགོག་པ་ལ་སོགས་པའི་རིགས་པས་གནོད་པ་བཞིན་ནོ། །གསུམ་པ་ནི། དགེ་ལྷ་ནི་གཉིས་ཀ་འདོད་ཅིང་ཀུན་ལ་གྲགས་པའི་དཔེས་བསྒྲུབ་བྱ་སྒྲུབ་པའི་དོན་དུ་དཔྱད་མི་དགོས་ཞེས་འཆད་ལ། འདིར་འཇིག་རྟེན་པའི་བློ་ངོ་ན་དེ་ལྟར་སྣང་བས་ཡུལ་དེ་དག་མི་བདེན་པར་མ་གྲུབ་པས་དེའི་བློ་འཁྲུལ་པ་ཇི་ལྟར་འགྲུབ་ཅེ་ན། ཕལ་པ་དང་རྣལ་འབྱོར་པ་གཉིས་ཀ་མི་བདེན་པར་འདོད་པ་སྒྱུ་མ་ལ་སོགས་པའི་དཔེས་རྣལ་འབྱོར་པ་དངོས་སྨྲ་བ་རྣམས་ཀྱི་བློ་ངོ་ན་སྣང་བ་ཡང་བདེན་པ་ཁེགས་པས་དེ་དག་གི་བློ་འཁྲུལ་པར་གྲུབ་ན་ཕལ་པ་ལྟ་ཅི་སྨོས་ཞེས་བཤད་ནས་འབྲས་བུ་ཞེས་སོགས་རྩོད་སྤོང་བྱེད་པ་རྣམ་སྣང་གི་ལུགས་སོ། །གཉིས་པ་རྩོད་སྤོང་ལ་གཉིས་ཏེ། ཀུན་རྫོབ་དང་། དོན་དམ་ལ་བརྟེན་པའི་རྩོད་སྤོང་ངོ་། དང་པོ་ལ་ལྔ་སྟེ། ལམ་ལ་མི་འཇུག་པ་དང་། ཡུལ་ལ་མི་རྩོད་པ་དང་། ཚད་མས་བསལ་བ་དང་། ལུང་དང་འགལ་བ་དང་། ཧ་ཅང་ཐལ་བ་སྤང་བའོ། །དང་པོ་ནི། ཆོས་ཐམས་ཅད་བདེན་པ་མེད་ན་སྦྱིན་སོགས་ལས་བྱང་ཆུབ་ཐོབ་པ་མེད་པས་དེའི་དོན་དུ་དེ་སྤྱོད་པར་མི་འགྱུར་རོ་ཞེ་ན། དོན་དམ་པར་དེ་མེད་ཀྱང་མ་དཔྱད་པ་ཀུན་རྫོབ་ཏུ་དེ་ཡོད་པའི་ཕྱིར་འབྲས་བུ་བྱང་ཆུབ་ཀྱི་དོན་དུ་སྦྱིན་སོགས་ལ་འཇུག་པ་མི་འགལ་ལོ། །གཉིས་པ་ནི། གལ་ཏེ་དངོས་པོ་དེ་རྣལ་འབྱོར་པ་དང་ཕལ་པ་གཉིས་ཀ་ལ་སྣང་བས་དེ་ལ་ཅི་ཞིག་རྩོད་ཅེ་ན། སྣང་བར་འདྲ་ཡང་འཇིག་རྟེན་ཕལ་པ་ཡིས་གཟུགས་སོགས་ཀྱི་དངོས་པོ་མཐོང་ཞིང་དེ་ཡང་དག་པ་ཉིད་དུ་རྟོག་པར་བྱེད་ཀྱི། སྒྱུ་མ་ལྟ་བུར་ཤེས་པ་མིན་ལ་རྣལ་འབྱོར་པས་དེ་ལྟར་ཤེས་པས་ན་འདིར་རྣལ་འབྱོར་པ་དང་འཇིག་རྟེན་པ་རྩོད་དོ། །གསུམ་པ་ནི། གཟུགས་སོགས་མངོན་སུམ་གྱིས་གྲུབ་པས་བརྫུན་པར་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ཉིད་ཀྱང་འཇིག་རྟེན་ལ་གྲགས་པ་ཙམ་ཡིན་གྱི་ཚད་མ་ཉིད་དུ་བདེན་པ་ནི་མིན་ཏེ། དེ་ནི་ལུས་མི་གཙང་བ་དང་མི་རྟག་པ་ལ་སོགས་པ་ལ་གཙང་བ་ལ་སོགས་པར་གྲགས་པ་བཞིན་དུ་བརྫུན་པས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་གསུངས་པ་བཞིན་ནོ། །བཞི་པ་ནི། ཆོས་ཐམས་ཅད་རང་བཞིན་མེད་ན་ཐུབ་པས་དངོས་པོ་སྐད་ཅིག་གིས་མི་རྟག་པའི་རང་བཞིན་དུ་གསུངས་པ་ཇི་ལྟར་ཞེ་ན། དེ་ནི་དགོངས་པ་ཅན་ཡིན་ཏེ། དགོངས་གཞི་སྣང་བ་ཙམ་ལ་དགོངས་ནས། དགོས་པ་དངོས་པོར་ཞེན་པའི་འཇིག་རྟེན་རིམ་གྱིས་གཞུག་པའི་དོན་དུ་མགོན་པོས་དངོས་པོ་མི་རྟག་པར་བསྟན་ཏེ། རྒྱལ་བས་བདག་དང་བདག་གི་ཞེས། །གསུངས་པ་དགོངས་པའི་དབང་གིས་ཏེ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་། །དེ་བཞིན་དགོངས་པའི་དབང་གིས་གསུངས། ཞེས་པ་བཞིན་ནོ། །དེ་ཁོ་ན་ཉིད་དུ་དངོས་པོ་དེ་དག་སྐད་ཅིག་མ་ཉིད་དུའང་བདེན་པ་མིན་ཏེ། སྐད་ཅིག་འགོག་པའི་རིགས་པས་གནོད་པས་སོ། །སྐད་ཅིག་ནི་འཇིག་རྟེན་ལ་མི་སྣང་བའི་ཕྱིར་ཀུན་རྫོབ་ཏུ་ཡང་འགལ་ལོ་ཞེ་ན། ཕལ་པ་ལ་མི་སྣང་ཡང་རྣལ་འབྱོར་པའི་འཇིག་རྟེན་ཏེ་གང་ཟག་གི་བདག་མེད་ཙམ་མཐོང་བ་རྣམས་ལ་སྣང་བའི་ཕྱིར། ཀུན་རྫོབ་ཡིན་པ་ལ་ཉེས་པ་མེད་དེ་ཡིན་ནོ། །འོ་ན་སྐད་ཅིག་མཐོང་བ་དེ་ཁོ་ན་ཉིད་མཐོང་བར་གསུངས་པ་དང་འགལ་ལོ་ཞེ་ན། འཇིག་རྟེན་རྟག་སོགས་སུ་ལྟ་བ་ལ་ལྟོས་ནས་རྣལ་འབྱོར་པས་སྐད་ཅིག་མ་མཐོང་བ་དེ་ཉིད་མཐོང་བར་བཞག་སྟེ། སྐད་ཅིག་མ་ནི་རྣམ་གྲངས་ཀྱི་དོན་དམ་ཡིན་པས་སོ། །གཞན་དུ་ཐ་མལ་པ་ཉིད་རྣལ་འབྱོར་པ་ལ་ལྟོས་ཏེ་དེ་ཉིད་མཐོང་བ་ཡིན་ན་རྣལ་འབྱོར་པས་བུད་མེད་མི་གཙང་བར་ངེས་པར་རྟོགས་པ་ལ་འཇིག་རྟེན་གྱིས་གཙང་བར་འཛིན་པས་གནོད་པར་འགྱུར་ཞེས་པའི་དོན་དུ་དགེ་ལྷ་འཆད་དོ། །ལྔ་པ་ལ་བཞི་སྟེ། བསོད་ནམས་མི་འཐོབ་པ་དང་། ཉིང་མཚམས་མི་སྦྱོར་བ་དང་། དགེ་སྡིག་མེད་པ་དང་། སྤྱོད་པ་དོན་མེད་པ་སྤང་བའོ། །དང་པོ་ནི། ཆོས་ཐམས་ཅད་བདེན་པ་མེད་ན་སངས་རྒྱས་ཀྱང་བརྫུན་པས་དེ་མཆོད་པ་ལ་བསོད་ནམས་མི་འབྱུང་བར་འགྱུར་རོ་ཞེ་ན། ཇི་ལྟར་ཁྱོད་རང་རྒྱལ་བ་དངོས་པོར་ཡོད་པ་ལ་མཆོད་པས་བསོད་ནམས་དངོས་པོར་ཡོད་པ་ཞིག་འབྱུང་བར་འདོད་པ་ཇི་ལྟ་བ་བཞིན་དུ་སྒྱུ་མ་འདྲ་བའི་རྒྱལ་བ་ལ་མཆོད་པས་བསོད་ནམས་སྒྱུ་མ་འདྲ་བ་ཐོབ་པས་སྐྱོན་མེད་དོ། །གཉིས་པ་ནི། གལ་ཏེ་སེམས་ཅན་སྒྱུ་མ་དང་འདྲ་ན་དེ་ཤི་ནས་ཇི་ལྟར་སྐྱེ་ཞེ་ན། སྐྱེ་བའི་རྐྱེན་ཚོགས་པ་ཡིན་ཏེ་ཇི་སྲིད་རྐྱེན་རྣམས་ཚོགས་པར་གྱུར་པ་དེ་སྲིད་དུ་སྒྱུ་མའང་འབྱུང་བར་འགྱུར་བས་མི་བདེན་ཡང་འབྱུང་བར་འདྲ་བས་རྒྱུན་རིང་བ་ཙམ་གྱིས་ཇི་ལྟར་ན་སྒྱུ་མ་བས་སེམས་ཅན་བདེན་པར་ཡོད་པ་ཡིན་ཏེ། སྒྱུ་མ་རྒྱུན་རིང་ཐུང་ལའང་ཐལ་བར་འགྱུར་བས་སོ། །གསུམ་པ་ནི། འོ་ན་སེམས་ཅན་གྱིས་སེམས་ཅན་དང་། སྒྱུ་མས་སྒྱུ་མ་བསད་པ་དང་། མཆོད་པ་ལ་སོགས་པ་ལ་དགེ་སྡིག་ཡོད་མེད་མཚུངས་པར་འགྱུར་རོ་ཞེ་ན། སྒྱུ་མའི་སྐྱེས་བུ་སྒྱུ་མས་བསད་པ་དང་མཆོད་པ་ལ་སོགས་པ་ལ་བྱེད་པ་པོ་ལ་སེམས་མེད་པའི་ཕྱིར་དགེ་སྡིག་མེད་དེ། སྒྱུ་མ་ལྟ་བུའི་སེམས་དང་ལྡན་པའི་སེམས་ཅན་གྱིས་དེ་ལྟར་བྱས་པ་ན། བྱེད་པ་པོ་ལ་བྱམས་སྡང་ལ་སོགས་པའི་སེམས་ཡོད་པས་བསོད་ནམས་དང་སྡིག་པ་འབྱུང་། སེམས་ཡོད་མེད་ཀྱི་ཁྱད་པར་འབྱུང་བ་ནི་སྒྱུ་མའི་རྒྱུ་སྔགས་སོགས་རྣམས་ལ་སེམས་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་སྒྱུ་མའི་སེམས་ནི་འབྱུང་བ་མེད་ལ་སེམས་ཅན་གྱི་རྒྱུ་ལ་ཡོད་པས་སོ། །བརྫུན་ཡང་འབྲས་བུ་མི་འདྲ་བ་ནི་རྒྱུ་མི་འདྲ་བ་ལ་ལྟོས་ཏེ། འདི་ལྟར་སྣ་ཚོགས་ཤིང་མི་འདྲ་བའི་རྐྱེན་ལས་བྱུང་བའི་སྒྱུ་མ་དེ་ཡང་སྣ་ཚོགས་ཤིང་མི་འདྲ་བ་ཉིད་དུ་འབྱུང་གི། རྐྱེན་གཅིག་གིས་འབྲས་བུ་ཀུན་བསྐྱེད་ནུས་པ་ནི་གང་ན་ཡང་ཡོད་པ་མ་ཡིན་ནོ། །བཞི་པ་ནི། གལ་ཏེ་དོན་དམ་པར་སེམས་ཅན་ཐམས་ཅད་ཀྱང་རང་བཞིན་གྱིས་མྱ་ངན་ལས་འདས་ཀྱང་དེ་དག་ཀུན་རྫོབ་ཏུ་འཁོར་བ་ཡིན་པ་དེ་ལྟ་ན་རིགས་པ་མཚུངས་པས། སྣང་བའི་ཆ་ནས་སངས་རྒྱས་འཁོར་བར་འགྱུར་བས་བྱང་ཆུབ་ཀྱི་སྤྱོད་པས་ཅི་ཞིག་བྱ་ཞེ་ན། རྐྱེན་རྣམས་རྒྱུན་མ་ཆད་ན་སྒྱུ་མའང་ལྡོག་པར་མི་འགྱུར་བ་བཞིན་དུ་སེམས་ཅན་ལ་འཁོར་བར་འགྱུར་བའི་རྐྱེན་རྒྱུན་མ་ཆད་པས་འཁོར་བ་ཡིན་ལ། སངས་རྒྱས་ལ་ནི་འཁོར་བར་འགྱུར་བའི་རྐྱེན་རྣམས་རྒྱུན་ཆད་པས་ན་འཁོར་བའི་རང་བཞིན་དུ་ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་། ཡང་ཞེས་པས་དོན་དམ་དུ་ལྟ་ཅི་སྨོས་ཞེས་པའམ། ཡང་ན་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་སྟོན་པ་ནི་སྨོན་ལམ་གྱི་ཤུགས་ཀྱིས་ཡིན་གྱི། འཁོར་བར་སྐྱེ་བའི་རྐྱེན་མ་སྤངས་པས་མ་ཡིན་པའི་སྐྱོན་མེད་ཅེས་པ་ལྟར་དགེ་ལྷ་འཆད་ལ། ཤེར་འབྱུང་ནི། རྐྱེན་རྒྱུན་མ་ཆད་ན་འཁོར་བར་མ་ཟད་ཀྱི་སྒྱུ་མ་ཡང་མི་ལྡོག་ལ། འཁོར་བར་འགྱུར་བའི་རྐྱེན་རྒྱུན་ཆད་པ་ན་ཀུན་རྫོབ་ཏུ་ཡང་འཁོར་བ་མི་སྲིད་ཅིང་། དེ་ཁོ་ན་ཉིད་གོམས་པར་བྱས་པས་མ་རིག་པ་ལ་སོགས་རྟེན་འབྲེལ་བཅུ་གཉིས་རིམ་གྱིས་འགགས་པས་སངས་རྒྱས་འཁོར་བར་མི་འགྱུར་ཞེས་པའི་དོན་དུ་འཆད་ཅིང་། རྣམ་སྣང་ནི། སངས་རྒྱས་སྒྱུ་མ་ཡང་རྐྱེན་སེམས་ཅན་གྱི་བསོད་ནམས་ཡོད་ན་འབྱུང་ལ་མེད་ན་ཀུན་རྫོབ་ཏུ་ཡང་མི་འབྱུང་ཞེས་པར་འཆད་དོ། །གཉིས་པ་དོན་དམ་ལ་བརྟེན་པའི་རྩོད་སྤོང་ལ་གཉིས་ཏེ། འཁྲུལ་ཤེས་མེད་ན་འཛིན་པ་མེད་པ་དང་། འཁྲུལ་གཞི་མ་གྲུབ་ན་འཁོར་བ་མེད་པར་ཐལ་བ་སྤང་བའོ། །དང་པོ་ལ་གཉིས་ལས། དང་པོ་རྒོལ་བ་ནི། སེམས་ཙམ་པ་ན་རེ། གང་གི་ཚེ་འཁྲུལ་བའི་ཤེས་པ་ཡོད་པ་མིན་ན་སྣང་བ་སྒྱུ་མ་ལྟ་བུ་གང་གིས་དམིགས་པར་འགྱུར་ཞེ་ན། གཉིས་པ་དེའི་ལན་ལ་གསུམ་སྟེ། རྩོད་པ་མཚུངས་པ་དང་། རྩོད་ལན་དགག་པ་དང་། སྐབས་དོན་ལ་སྦྱར་བའོ། །དང་པོ་ནི། གང་གི་ཚེ་སེམས་ཙམ་པ་ཁྱོད་ལའང་གཟུང་ཆ་སྒྱུ་མ་ལྟ་བུ་དེ་ཉིད་བདེན་པ་མེད་ན་དེའི་ཚེ་གཟུང་ཆ་ཅི་ཞིག་དམིགས་པར་འགྱུར་ཏེ་དེ་གཉིས་མཚུངས་སོ། །གཉིས་པ་ལ་གཉིས་ཏེ། སྣང་བ་སེམས་སུ་འདོད་པ་དང་། དོན་སེམས་གཉིས་ཀ་མ་ཡིན་པའི་དངོས་པོ་དགག་པའོ། །དང་པོ་ལ་གཉིས་ལས། དང་པོ་ལུགས་དགོད་པ་ནི། གལ་ཏེ་གཟུང་ཆ་དེ་ཉིད་དུ་མི་བདེན་ཡང་གཞན་ཤེས་དངོས་སུ་བདེན་པར་ཡོད་དེ་སྣང་བའི་རྣམ་པ་དེ་ནི་སེམས་ཡིན་པས་དམིགས་སུ་རུང་ངོ་ཞེ་ན། གཉིས་པ་དེ་དགག་པ་ལ་གསུམ་སྟེ། རང་རིག་དོན་དམ་ལ་གནོད་པ་བརྗོད་པ་དང་། སྒྲུབ་བྱེད་མེད་པ་དང་། བཀག་པ་ལ་གནོད་པ་སྤང་བའོ། །དང་པོ་ལ་དངོས་དང་། འཁྲུལ་པ་སྤང་བ་གཉིས་ཀྱི། དང་པོ་ནི། གང་སེམས་ཉིད་གཟུང་ཆ་སྒྱུ་མ་དང་རྫས་གཅིག་ན་དེ་ཚེ་མཐོང་བྱ་མཐོང་བྱེད་གཉིས་མེད་པས་གང་ཞིག་གང་གིས་མཐོང་སྟེ། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་། ལང་ཀར་གཤེགས་པ་ལས། ཇི་ལྟར་རལ་གྲི་རང་སོ་དང་། །ཇི་ལྟར་སོར་མོ་རང་རྩེ་ལ། །མི་གཅོད་རེག་པར་མི་འགྱུར་བ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང་། །ཞེས་གསུངས་ཤིང་། གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང་། རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅོད་མི་ནུས་པ་དང་། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས་པ་བཞིན་དུ། སེམས་དེ་ཉིད་ཀྱིས་ཀྱང་སེམས་དེ་ཉིད་མཐོང་བར་མི་ནུས་སོ། །ཞེས་གསུངས་པས། ཇི་ལྟར་རལ་གྲིའི་སོ་རང་ལ་རང་གིས་མི་གཅོད་པ་དེ་བཞིན་དུ་ཡིད་ཀྱིས་ཡིད་མི་མཐོང་ངོ་། གཉིས་པ་ལ་གཉིས་ཏེ། དཔེ་མ་གྲུབ་པ་དང་། དོན་མི་མཚུངས་པའོ། །དང་པོ་ལ་གཉིས་ལས། དང་པོ་མར་མེའི་དཔེ་དགག་པ་ནི། ཇི་ལྟར་མར་མེ་རང་གིས་རང་གི་དངོས་པོ་ཡང་དག་པར་གསལ་བར་བྱེད་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་དེ་ཉིད་རིག་གོ་ཞེ་ན། མར་མེ་ནི་རང་གི་གསལ་བར་བྱ་བ་མིན་ཏེ་གང་གི་ཕྱིར་ན་གསལ་བར་བྱ་བ་ལ་སྔར་ནི་མི་གསལ་བས་ཁྱབ་པ་ལ་དེ་སྐྱེས་ཙམ་ཉིད་ནས་མུན་གྱིས་བསྒྲིབས་པ་སྟེ་མི་གསལ་བ་མེད་པའི་ཕྱིར་ཏེ། རྩ་ཤེས་ལས། མར་མེ་དག་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །མར་མེ་ཅི་ཞིག་སྣང་བར་བྱེད། །མུན་པ་སེལ་བ་སྣང་བྱེད་ཡིན། །ཞེས་པ་བཞིན་ནོ། །གཉིས་པ་སྔོན་པོའི་དཔེ་དགག་པ་ནི། དཔེར་ན་སྔོན་པོ་ལ་ཡང་ཤེལ་བཞིན་དུ་སྔོན་པོ་གཞན་ལ་ལྟོས་པ་དང་། བཻཌཱུརྱ་བཞིན་དུ་སྔོ་ཉིད་གཞན་ལ་མི་ལྟོས་པ་གཉིས་ཡོད་པས། ཤེལ་དཀར་པོ་དེ་སྔོན་པོར་འགྱུར་བ་གཞན་ལ་ལྟོས་པ་དང་། བཻཌཱུརྱ་ལྟ་བུ་སྔོན་པོ་ཉིད་རྣམས་ནི་སྔོན་པོར་འགྱུར་བ་གཞན་ལ་ལྟོས་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་བུམ་སོགས་འགའ་ཞིག་གསལ་བྱེད་དང་རིག་བྱེད་གཞན་ལ་ལྟོས་པ་དང་། མར་མེ་དང་བདེ་སྡུག་ལྟ་བུ་ལྟོས་པ་མེད་པའང་མཐོང་ངོ་ཞེ་ན་མ་ཡིན་ཏེ། དེ་ཡང་བཻཌཱུརྱའི་སྔོན་པོ་ནི་སྐྱེས་ཙམ་ཉིད་ནས་སྔོན་པོར་གྲུབ་པས་སྔོ་ཉིད་མིན་པ་ལ་སྔོན་པོར་བདག་གིས་བདག་ཉིད་བྱས་པ་མེད་པས་རང་གིས་རང་གསལ་བ་དང་རིག་པའི་དཔེར་མི་རུང་ངོ་ཞེས་བོད་ཀྱི་མཁས་པ་འགའ་ཞིག་འཆད་ཅིང་། ཤེར་འབྱུང་ནི། སྔོན་པོ་ཉིད་ཀྱང་སྔོན་པོར་འགྱུར་བ་གཞན་ལ་མི་ལྟོས་པ་མ་ཡིན་ཏེ་རྒྱུ་ལ་ལྟོས་པས་སོ། །གལ་ཏེ་རང་གི་རྒྱུ་ལས་སྔོན་པོ་མིན་པ་ཉིད་དུ་སྐྱེས་ན་དེ་སྔོན་པོར་འགྱུར་བ་རྐྱེན་གཞན་ལ་མ་ལྟོས་པར་བདག་གིས་བདག་ཉིད་སྔོན་པོར་བྱེད་དགོས་ལ་དེ་ནི་མི་སྲིད་དེ། རང་གིས་རང་ལ་བྱེད་པ་འགལ་བའི་ཕྱིར་ཞེས་པའི་དོན་དུ་འཆད་དོ། །གཉིས་པ་ནི། ཐ་སྙད་དུ་མར་མེ་རང་གིས་རང་གསལ་བར་བྱེད་པ་ཉིད་དོ་ཞེས་ཤེས་པས་ཤེས་ཏེ་རྗོད་པར་བྱེད་ན། དོན་དམ་པར་བློ་ནི་རང་ལ་རང་གསལ་བ་ཉིད་ཡིན་ནོ་ཞེས་གང་གིས་ཤེས་ནས་དེ་སྐད་བརྗོད་དེ། དེས་ན་དཔེ་དོན་ཡང་མི་མཚུངས་སོ། །གཉིས་པ་ལ་གཉིས་ཀྱི། དང་པོ་མངོན་སུམ་གྱི་སྒྲུབ་བྱེད་མེད་པ་ནི། གལ་ཏེ་དོན་དམ་དུ་རང་རིག་གཞན་རིག་གང་ཡང་མ་གྲུབ་པས་ཤེས་པ་གཞན་རིག་བློ་འགས་ཀྱང་མཐོང་བ་མིན་ན། དེའི་ཁྱད་པར་གསལ་བའམ་ནི་མི་གསལ་བའོ་ཞེས་བརྗོད་ཀྱང་དོན་མེད་དེ། དཔེར་ན་མོ་གཤམ་གྱི་བུ་མོའི་འགྱིང་བག་མཛེས་མི་མཛེས་བཞིན་ནོ། །གཉིས་པ་རྗེས་དཔག་གི་སྒྲུབ་བྱེད་མེད་པ་ནི། གལ་ཏེ་རང་རིག་ཡོད་མིན་ན་བདག་ཉིད་ཀྱིས་རྣམ་ཤེས་དྲན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བས་དྲན་པའི་རྟགས་ཀྱིས་རང་རིག་འགྲུབ་བོ་ཞེ་ན། དེ་ནི་མ་ངེས་ཏེ། རང་མ་མྱོང་ཡང་གཞན་གཟུགས་སོགས་མྱོང་བ་དང་འབྲེལ་བ་ལས་དེ་དྲན་པར་འགྱུར་ཏེ། དཔེར་ན་བྱི་བའི་དུག་བསྒོས་པ་མ་མྱོང་ཡང་གཞན་དུ་འབྲུག་གི་སྒྲའི་རྐྱེན་དང་འཕྲད་པ་ལས་ནད་མྱོང་བ་དེ་ལས་དཔག་ནས་དྲན་པ་བཞིན་ནོ། །གཉིས་པ་ནི། གལ་ཏེ་ཏིང་ངེ་འཛིན་ལ་སོགས་པའི་རྐྱེན་གཞན་དག་དང་ལྡན་པ་ནི་རིང་བ་གཞན་གྱིས་ཤེས་པའང་མཐོང་བའི་ཕྱིར་ཉེ་བ་རང་གིས་ཤེས་པ་གསལ་བར་རིགས་སོ་ཞེ་ན། མ་ངེས་ཏེ། དཔེར་ན་གྲུབ་པའི་མིག་སྨན་གྱི་སྦྱོར་བ་ལས་རིང་བ་ས་འོག་གི་བུམ་པ་མཐོང་ཡང་ཉེ་བ་མིག་སྨན་དེ་ཉིད་མཐོང་བར་འགྱུར་བ་མིན་པས་སོ། །འདི་འགྲེལ་པ་འགའ་དང་མི་མཐུན་ཡང་སློབ་དཔོན་གྱི་དགོངས་པ་འདི་བཞིན་ཡིན་སྙམ་མོ། །གསུམ་པ་ནི། རང་རིག་མེད་ན་གཞན་རིག་ཀྱང་མེད་པས་མཐོང་ཐོས་ལ་སོགས་པ་འགའ་ཡང་མེད་པར་འགྱུར་ཞེ་ན། ཇི་ལྟར་མཐོང་བ་དང་ཐོས་པ་དང་ཤེས་པ་དག་སྣང་བ་ཙམ་ནི་འདིར་དགག་པར་བྱ་བ་མིན་གྱི་འདིར་ནི་དེ་དག་བདེན་པར་རྟོག་པ་བཟློག་པར་བྱ་བ་ཡིན་ཏེ། དེ་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་ཏེ། དེ་ཁོ་ན་ཉིད་ལ་འཇུག་པ་ལས། བདེན་པར་འཛིན་པའི་དབང་གིས་སྐྱོན། །ཆགས་དང་སྡང་ལ་སོགས་པ་ཡི། །དགྲ་རྣམས་རང་བྱུང་དེ་བཟློག་ན། །དེ་རྣམས་འབྱུང་བ་ག་ལ་འགྱུར། །ཞེས་པ་བཞིན་ནོ། །གཉིས་པ་ནི། གཟུང་ཆ་སྒྱུ་མ་ལྟ་བུ་འདི་སེམས་ལས་གཞན་ཕྱིའི་དོན་ཡང་མིན་ཞིང་། གཞན་མིན་པར་སེམས་ཉིད་དུ་ཡང་མི་བརྟགས་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་དངོས་པོ་ཡིན་ནོ་ཞེ་ན། དངོས་པོ་ཡིན་ན་ཇི་ལྟར་སེམས་ལས་དེ་ཉིད་དང་གཞན་མིན་ཏེ། ཡང་ན་དེ་ཉིད་དམ་ཡང་ན་གཞན་ཡིན་དགོས་ལ། དེ་ཉིད་དང་གཞན་མིན་ཞེ་ན། དེ་དངོས་པོར་མེད་པར་འགྱུར་ཏེ་དེ་འདྲའི་དངོས་པོ་མི་སྲིད་པས་སོ། །གསུམ་པ་ནི། ཇི་ལྟར་སེམས་ཙམ་པའི་ལུགས་ལའང་གཟུང་ཆ་སྒྱུ་མ་ལྟ་བུ་བདེན་པ་མིན་ཡང་བལྟ་བྱ་ཡིན་པ་དེ་བཞིན་དུ་ཡིད་མི་བདེན་ཡང་ཐ་སྙད་དུ་ལྟ་བྱེད་དུ་སྣང་བ་ཡིན་ནོ། །གཉིས་པ་ལ་གཉིས་ལས། རྩོད་པ་དགོད་པ་ནི། གལ་ཏེ་གཉིས་སྣང་འཁོར་བ་ནི་འཁྲུལ་གཞི་གཉིས་མེད་ཀྱི་ཤེས་པ་དངོས་པོ་རྟེན་ཅན་ཡིན་གྱི། གཉིས་སྣང་དེ་ནི་རྟེན་དངོས་པོ་ཡོད་པ་ལས་གཞན་དུ་ན་ནམ་མཁའ་དང་འདྲ་བར་གཟུང་འཛིན་གྱི་དངོས་པོར་སྣང་བ་ཡང་མེད་པར་འགྱུར་རོ་ཞེས་པའོ། །དེ་དགག་པ་ནི། གཉིས་སྣང་ཆོས་ཅན། དངོས་པོ་ལ་བརྟེན་པས་ན་གཟུང་འཛིན་གྱི་དངོས་པོར་སྣང་བའི་བྱེད་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དངོས་པོ་མེད་པའི་ཕྱིར། དེ་བས་ན་ཁྱོད་ཀྱི་ལུགས་ལ་སེམས་གང་ཡིན་པ་དེ་ནི་གཟུང་བའི་གྲོགས་མེད་པར་གཉིས་མེད་ཀྱི་ཤེས་པ་གཅིག་ཏུ་འགྱུར་བ་ཡིན་ལ། གང་གི་ཚེ་སེམས་ནི་གཟུང་འཛིན་དང་བྲལ་བ་ཡིན་ན་དེའི་ཚེ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པར་འགྱུར་ཞིང་། དེ་ལྟ་ན་ཡང་གཉིས་སྣང་འཁོར་བའི་རྟེན་སེམས་ཙམ་དུ་བདེན་པར་བརྟགས་པ་ལ་དགོས་པ་ཅི་ཞིག་ཡོད་དེ་འཁོར་བ་གཏན་ནས་མ་གྲུབ་པས་སོ། །གཉིས་པ་ཡུལ་ཅན་ལམ་དུ་སྒྲུབ་པ་ལ་གཉིས་ལས། ཀུན་རྫོབ་སྒྱུ་མར་ཤེས་པ་དང་། དོན་དམ་སྟོང་པར་ཤེས་པ་ལམ་དུ་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། དངོས་དང་། བསྒོམ་བྱ་ལམ་གྱི་རང་བཞིན་དང་། ལམ་བསྒོམས་པའི་འབྲས་བུའོ། །དང་པོ་ལ་རྒོལ་བ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ན་ཡང་ཇི་ལྟར་ཉོན་མོངས་པ་ཐམས་ཅད་ལྡོག་པར་འགྱུར་ཏེ། གང་གི་ཚེ་སྒྱུ་མའི་བུད་མེད་ལ་དེ་བྱེད་པ་པོ་ཉིད་ཀྱང་ཆགས་པ་སྐྱེ་བར་འགྱུར་བས་སོ་ཞེ་ན། ལན་ནི། སྒྱུ་མ་དེ་བྱེད་པ་པོ་དེ་ནི་བུད་མེད་ལ་སོགས་པའི་ཤེས་བྱ་ལ་ཆགས་པའི་ཉོན་མོངས་པའི་བག་ཆགས་མ་སྤངས་པ་དེས་ན་སྒྱུ་མའི་བུད་མེད་དེ་མཐོང་བའི་དུས་ན་སྒྱུ་མ་མཁན་དེ་སྟོང་ཉིད་ཀྱི་བག་ཆགས་ཉམ་ཆུང་བ་ཉིད་དེ། སྒྱུ་མ་སྟོང་པར་རྟོགས་ཀྱང་ཆོས་ཐམས་ཅད་སྟོང་པར་མ་རྟོགས་པས་ཆགས་པའི་བག་ཆགས་སད་པར་འགྱུར་ལ། ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་པའི་བག་ཆགས་གོམས་པས་ན་དངོས་པོ་བདེན་པར་འཛིན་པའི་བག་ཆགས་སྤོང་བར་འགྱུར་ཞིང་། སྟོང་མི་སྟོང་ཅི་ཡང་གྲུབ་པ་མེད་ཅེས་རྟོགས་ཏེ་གོམས་པར་བྱས་པས་ནི་སྟོང་པའམ་བརྫུན་པར་འཛིན་པ་དེ་ཡང་ཕྱི་ནས་སྤོང་བར་འགྱུར་བས་གང་དུ་ཡང་མི་འཛིན་པ་ལ་ཉོན་མོངས་སྐྱེ་མི་སྲིད་པས་དེ་གཉིས་མི་མཚུངས་སོ། །གཉིས་པ་ལ་གཉིས་ཀྱི། དང་པོ་ཡུལ་ཅིར་ཡང་མ་གྲུབ་པ་ནི། གང་གི་ཚེ་དངོས་པོ་གང་ཞིག་མེད་དོ་ཞེས་བརྟག་ཅིང་དགག་པར་བྱ་བའི་དངོས་པོ་མི་དམིགས་པ་དེའི་ཚེ་དངོས་མེད་དུ་འཇོག་པའི་རྟེན་ཏེ་ལྟོས་པ་དང་བྲལ་བས་བློའི་མདུན་ཏེ་ཡུལ་ན་དངོས་མེད་དུ་ཇི་ལྟར་གནས་ཏེ་མོ་གཤམ་གྱི་བུ་མེད་པས་དེ་ཤི་བ་མེད་པ་བཞིན་ནོ། །གཉིས་པ་བློས་ཅིར་ཡང་མི་དམིགས་པ་ནི། གང་གི་ཚེ་དངོས་པོ་དང་དངོས་མེད་དག་བློ་ཡི་མདུན་ན་མི་གནས་པ་དེའི་ཚེ་རྣམ་པ་གཞན་ཏེ་གཉིས་ཡིན་ནམ་གཉིས་མ་ཡིན་གྱི་ཕུང་གསུམ་པ་ཡང་མེད་པས་དེ་གོམས་པས་མཐར་ཐུག་པ་ན་ཡུལ་དག་ཏུ་དམིགས་པར་བྱེད་པའི་བློ་མེད་པར་རབ་ཏུ་ཞི་བར་འགྱུར་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་ཀྱི་སྐུ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པས་དེ་སྐུ་ཡིས་མངོན་དུ་མཛད། །ཅེས་པ་བཞིན་ནོ། །འདི་དག་སངས་རྒྱས་ལ་ཡེ་ཤེས་མེད་པའི་དོན་ཡིན་པར་ཡང་བཤད་དུ་རུང་བར་སྣང་མོད་ཀྱི། འགྲེལ་ཆེན་ལས། རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བ་ཡིན་ཏེ། མེ་བཞིན་དུ་འདས་པ་ནི་མ་ཡིན་ནོ། །ཞེས་འབྱུང་བས་ཡུལ་མུ་བཞི་པོ་དེར་དམིགས་བྱེད་ཀྱི་བློ་སྟེ་དེར་འཛིན་གྱི་རྟོག་པ་མེད་པར་རབ་ཞི་ཞེས་བཤད་ནས། འོག་ནས་སེམས་མེད་ཅེས་སོགས་འབྱུང་བ་ཡང་གཟུང་འཛིན་གྱི་རྟོག་པ་མེད་པའི་དོན་ཡིན་གྱི་ཡེ་ཤེས་མེད་པའི་དོན་མ་ཡིན་སྙམ་མོ། །གསུམ་པ་ལ་གསུམ་སྟེ། ཀུན་སློང་མེད་ཀྱང་དོན་གྲུབ་པ་དང་། བྱེད་པ་པོ་འགགས་ཀྱང་བྱ་བ་བྱེད་པ་དང་། སེམས་མེད་ཀྱང་བསོད་ནམས་འབྱུང་བའོ། །དང་པོ་ནི། དེ་ལྟར་ན་སངས་རྒྱས་ཀྱིས་གཞན་དོན་མི་མཛད་པར་འགྱུར་ཏེ་དེ་བྱའོ་སྙམ་པ་མེད་པའི་ཕྱིར་རོ་ཞེ་ན། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལ་ཀུན་སློང་རྟོག་པ་མེད་ཀྱང་དེ་དག་གི་ནུས་པ་དང་སེམས་ཅན་གྱི་བསོད་ནམས་ཚོགས་ནས་རེ་འདོད་སྐོང་བ་བཞིན་དུ་གདུལ་བྱའི་རྒྱུད་དག་པ་དང་བྱང་སེམས་ཀྱིས་དེ་དག་གི་དོན་བྱེད་པར་སྨོན་ལམ་བཏབ་པ་གཉིས་ཀྱི་དབང་གིས་རྒྱལ་བའི་གཟུགས་སྐུ་སྣང་ཞིང་དོན་བྱེད་པ་འབྱུང་བས་སྐྱོན་མེད་དོ། །རྟོག་པ་མེད་བཞིན་དུ་གཞན་དོན་མཛད་པའི་ཚུལ་འདི་ནི་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་རྒྱས་པར་གསུངས་སོ། །གཉིས་པ་ནི། བྱང་སེམས་ཀྱི་སྨོན་ལམ་སངས་རྒྱས་པ་ན་འགགས་པས་དེས་དེའི་ཚེ་དོན་བྱེད་པ་མི་རིགས་སོ་ཞེ་ན་སྐྱོན་མེད་དེ། དཔེར་ན་བྲམ་ཟེ་སང་ཀུ་ཞེས་བྱ་བས་ནམ་མཁའ་ལྡིང་གི་མཆོད་སྡོང་གཟུངས་སྔགས་ཀྱི་ནུས་པས་བསྒོས་པ་བསྒྲུབས་ནས་སྒྲུབ་པ་པོ་དེ་འདས་པར་གྱུར་པ་ན། དེ་འདས་ནས་ཡུན་རིང་པོ་ལོན་ཡང་མཆོད་སྡོང་དེས་དུག་ལ་སོགས་པ་ཞི་བར་བྱེད་པ་བཞིན་དུ། བྱང་ཆུབ་སེམས་དཔའ་བྱང་ཆུབ་དང་རྗེས་སུ་མཐུན་པའི་སྤྱོད་པ་ཚོགས་དང་སྨོན་ལམ་ལ་སོགས་པས་རྒྱལ་བའི་སྐུའི་མཆོད་སྡོང་བསྒྲུབ་པ་ཡང་སྒྲུབ་པ་པོ་བྱང་ཆུབ་སེམས་དཔའ་མི་གནས་པའི་མྱ་ངན་ལས་འདས་ཏེ། གཞན་དོན་སྒྲུབ་འདོད་ཀྱི་རྟོག་པ་འགགས་ཀྱང་དེས་གཞན་དོན་ཐམས་ཅད་མཛད་པ་མི་འགལ་ལོ། །གསུམ་པ་ནི། ཉན་ཐོས་པ་དག་ན་རེ། སངས་རྒྱས་ལ་སེམས་མེད་ན་དེ་ལ་མཆོད་པ་བྱས་པས་ཇི་ལྟར་འབྲས་བུ་བསོད་ནམས་དང་ལྡན་པར་འགྱུར་ཏེ་མི་འགྱུར་རོ་ཞེ་ན། མ་ངེས་ཏེ། གང་གི་ཕྱིར་བཞུགས་པའམ་མྱ་ངན་ལས་འདས་པའི་སྐུ་གདུང་ལས་མཆོད་པ་གཉིས་བསོད་ནམས་མཚུངས་པ་ཉིད་དུ། མཆོད་རྟེན་བསྐོར་བའི་ཕན་ཡོན་ལས། གང་ཞིག་བཞུགས་ལ་མཆོད་པ་དང་། མྱ་ངན་འདས་པའི་སྐུ་གདུང་ལ། སེམས་ནི་མཉམ་པར་དང་བ་ཡིས། བསོད་ནམས་ལ་ནི་ཁྱད་པར་མེད། ཅེས་བཤད་པའི་ཕྱིར་རོ། །སངས་རྒྱས་སེམས་མེད་ཅིང་ཀུན་རྫོབ་པའམ་ནི་སེམས་དང་བཅས་ཤིང་དེ་ཁོ་ན་ཉིད་དུ་བདེན་པ་ཡིན་རུང་སྟེ། དེ་མཆོད་པ་ལས་འབྲས་བུ་འབྱུང་བ་ནི་ལུང་ལས་གྲུབ་པ་ཡིན་པས། དཔེར་ན་ཁྱེད་སེམས་ལྡན་དུ་བདེན་པའི་སངས་རྒྱས་ལ་མཆོད་པས་ཇི་ལྟར་འབྲས་བུ་བསོད་ནམས་བདེན་པ་འབྱུང་བར་འདོད་པ་བཞིན་དུ། ངེད་ཀྱང་བརྫུན་པའི་སངས་རྒྱས་ལ་མཆོད་པས་བསོད་ནམས་བརྫུན་པ་འབྱུང་བར་འདོད་པ་ལ་སྐྱོན་མེད་དོ། །འདིར་ཡང་སེམས་མེད་ཅེས་པ་ནི་གཟུང་འཛིན་གྱི་རྟོག་པ་མེད་པའི་དོན་ཏེ། འགྲེལ་ཆེན་ལས། ཀུན་རྫོབ་ཀྱི་སེམས་དང་བྲལ་བའི་བཅོམ་ལྡན་འདས་ལ་ཞེས་འབྱུང་ངོ་། གཉིས་པ་དོན་དམ་སྟོང་པར་ཤེས་པ་ལམ་དུ་སྒྲུབ་པ་ལ་བརྒལ་ལན་གཉིས་ཀྱི། དང་པོ་ནི། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ན་རེ། བདེན་པ་བཞི་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་དུ་མངོན་སུམ་དུ་མཐོང་བ་གོམས་པས་ལས་དང་ཉོན་མོངས་པ་ལས་གྲོལ་བར་འགྱུར་གྱི། ཅི་ཡང་མ་གྲུབ་པའི་སྟོང་པ་ཉིད་མཐོང་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེའོ། །གཉིས་པ་ལན་ལ་གསུམ་སྟེ། ལུང་གིས་མདོར་བསྟན་པ་དང་། བརྒལ་ལན་གྱིས་རྒྱས་པར་བཤད་པ་དང་། སྤྱིའི་དོན་བསྡུ་བའོ། །དང་པོ་ནི། སྟོང་པ་ཉིད་མཐོང་དགོས་པའི་རྒྱུ་མཚན་གང་གི་ཕྱིར་ན། ལུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལམ་སྟོང་ཉིད་རྟོགས་པའི་ཤེས་རབ་འདི་མེད་ན་འབྲས་བུ་བྱང་ཆུབ་མེད་པར། དངོས་པོ་འདུ་ཤེས་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མེད་དོ། །ཞེས་པ་ནས། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་སྤོང་བ་མེད་དོ། །ཞེས་པའི་བར་དང་། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་འགྱུར་ཏེ། །ཞེས་གསུངས་པས་སོ། །གཉིས་པ་ལ་གསུམ་སྟེ། མ་གྲུབ་པའི་རྒོལ་བ་དགོད་པ་དང་། ཐེག་ཆེན་གྱི་གཞུང་བཀར་སྒྲུབ་པ་དང་། དོན་དམ་ལམ་དུ་སྒྲུབ་པའོ། །དང་པོ་ནི། ཉན་ཐོས་ལ་སྤྲུལ་པའི་དང་། བྱང་ཆུབ་ཆེན་པོར་འགྱུར་བ་དང་། ཞི་བ་བགྲོད་པ་གཅིག་པ་དང་། མངོན་པའི་ང་རྒྱལ་ཅན་དང་བཞི་ཡོད་པའི་ཕྱི་མ་ནི་བདེན་པ་མ་མཐོང་བ་རང་གི་གྲུབ་མཐའ་ལ་མངོན་པར་ཞེན་པ་སྟེ། དེ་དག་ན་རེ། ཐེག་ཆེན་བཀའ་མ་ཡིན་པས་དེ་ཡིད་ཆེས་པའི་ལུང་དུ་མ་གྲུབ་པོ་ཞེ་ན། གཉིས་པ་ལ་གཉིས་ཏེ། ཁྱད་པར་ཀྱི་རྒྱུ་མཚན་དྲི་བ་དང་དེའི་ལན་དགག་པའོ། །དང་པོ་ནི། ཁྱོད་ཀྱི་ལུང་སྡེ་བཞི་ལ་སོགས་པ་འདི་རྣམས་ཡིད་ཆེས་སུ་ཇི་ལྟར་གྲུབ་ཅེས་འདྲི་བའོ། །གཉིས་པ་ལ་གཉིས་ཏེ། ལུང་གི་དང་། བཀའི་རྒྱུ་མཚན་དགག་པའོ། །དང་པོ་ལ་གཉིས་ཏེ། ཡིན་པ་དང་། མ་ཡིན་པའི་རྒྱུ་མཚན་དགག་པའོ། །དང་པོ་ནི། ལུང་སྡེ་བཞི་སོགས་ནི་ཡིད་ཆེས་སུ་རུང་སྟེ། གང་གི་ཕྱིར་ན་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་འདི་བཀར་གྲུབ་པའི་ཕྱིར་ཞེ་ན། ཅི་གཉིས་ཀའི་དོན་ཁྱོད་དང་གཉིས་སམ། འོན་ཏེ་གང་རུང་གཉིས་ཡིན། དང་པོ་ལྟར་ན། དང་པོ་ཁྱོད་གྲུབ་མཐའ་ལ་མ་ཞུགས་པ་ན་སྡེ་བཞི་སོགས་བཀར་མི་འགྱུར་ཏེ། དེ་ཚེ་ཁྱོད་ལ་འདི་བཀར་མ་གྲུབ་པས་སོ། །འོན་ཏེ་དམ་པ་བརྒྱུད་པ་བར་མ་ཆད་པ་ལས་ཐོས་པ་ལ་སོགས་པས་ཡིད་ཆེས་སོ་ཞེ་ན། རྐྱེན་གང་གིས་ཁྱོད་ཀྱི་ལུང་དེར་ཡིད་ཆེས་པའི་རྐྱེན་དེ་ནི་ཐེག་ཆེན་ལ་ཡང་མཚུངས་ཏེ། དམ་པ་བརྒྱུད་པ་བར་མ་ཆད་པ་སོགས་ཡོད་པས་སོ། །གཉིས་པ་ལྟར་ན། གཞན་གང་ཡང་རུང་བ་གཉིས་འདོད་པས་དེར་བདེན་ན་ནི་རིགས་བྱེད་ལ་སོགས་པ་མུ་སྟེགས་པའི་གཞུང་རྣམས་ཀྱང་ཡིད་ཆེས་ཀྱི་ལུང་དུ་བདེན་པར་འགྱུར་རོ། །གཉིས་པ་ནི། ཐེག་ཆེན་རྩོད་པ་དང་བཅས་པའི་ཕྱིར་ཡིད་ཆེས་ཀྱི་ལུང་མིན་ནོ་ཞེ་ན། འོ་ན་ཁྱོད་ཀྱི་ལུང་སྤྱི་ལ་མུ་སྟེགས་པ་རྣམས་དང་ལུང་གཞན་བྱེ་བྲག་རྣམས་ལ་སྡེ་པ་རང་གཞན་དག་རྩོད་པ་དང་བཅས་པའི་ཕྱིར་ན་དོར་བྱར་འགྱུར་རོ། །གཉིས་པ་ནི། ངག་གང་ཞེས་པ་ལ་སོགས་པའི་ཤློ་ཀ་གསུམ་སྟེ། ཤེས་འབྱུང་ནི་འདི་དག་ནི་གཞན་གྱིས་བཅུག་པ་ཡིན་གྱི་སློབ་དཔོན་གྱི་གཞུང་མིན་ཞེས་ཟེར་ཞིང་། འགའ་ཞིག་ཡིན་པར་འདོད་ལ། གཞུང་ཁ་ཅིག་ལ་འདིར་བྲིས་ཤིང་ཕལ་ཆེར་ལ་འོག་ཏུ་འབྱུང་ཡང་འཆད་ན་འདིར་བླངས་ལ་བཤད་པར་བྱ་སྟེ། འདི་ལྟར་སྡེ་པ་དག་ན་རེ། ངག་གང་ཞིག་སེམས་ཀྱི་བསླབ་པ་སྟོན་པས་མདོ་སྡེ་ལ་འཇུག །ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་འདུལ་བ་ལ་སྣང་། ཤེས་རབ་ཀྱི་བསླབ་པ་སྟོན་པས་མངོན་པ་ལ་མི་འགལ་ཞིང་། སངས་རྒྱས་ཀྱིས་གསུངས་པར་འདོད་ལ། ཐེག་ཆེན་ལ་དེ་མེད་པས་བཀའ་མིན་ནོ་ཞེ་ན། འོ་ན་དགོངས་འགྲེལ་ལ་སོགས་པ་ཐེག་ཆེན་གྱི་མདོ་ཕལ་ཆེར་ལས་ཀྱང་བསླབ་པ་གསུམ་པོ་དེ་སྟོན་པས་ན། དེ་དག་ཁྱེད་ཅག་གི་མདོ་དང་མཚུངས་པས་བཀར་འདོད་པ་མིན་ནམ་ཅི་སྟེ་འདོད་པར་རིགས་སོ། །གལ་ཏེ་ཐེག་ཆེན་འགའ་ཞིག་བཀའ་ཡིན་ཡང་ཡུམ་ལ་སོགས་པ་ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པ་དེ་རྣམས་ལ་བཀའི་མཚན་ཉིད་གསུམ་པོ་དེ་མེད་པས་བཀའ་མིན་ནོ་ཞེ་ན། མདོ་སྡེའི་རྒྱན་ལས། རང་གི་མདོ་ལ་འཇུག་ཕྱིར་དང་། །རང་གི་འདུལ་ལ་སྣང་ཕྱིར་དང་། །ཟབ་པ་དང་ནི་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཅེས་པ་ལྟར་དེ་རྣམས་ལ་ཡང་མཚན་ཉིད་གསུམ་པོ་ཡོད་མོད་ཀྱི། ཁྱོད་རང་གིས་དེ་ལྟར་མ་རྟོགས་པ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་བཀའི་མཚན་ཉིད་ཚང་བར་མ་རྟོགས་པའི་ཡུམ་ལྟ་བུ་གཅིག་གིས་ནི་ཐེག་ཆེན་གྱི་མདོ་ཐམས་ཅད་བཀའ་མིན་པའི་སྐྱོན་དང་བཅས་པར་འགྱུར་ན། དགོངས་འགྲེལ་ལ་སོགས་པ་ཁྱོད་ཀྱི་མདོ་དང་བཀའི་མཚན་ཉིད་ཚང་བར་མཚུངས་པ་གཅིག་གིས་ཀྱང་ཐེག་ཆེན་གྱི་མདོ་ཐམས་ཅད་ནི་རྒྱལ་བས་གསུངས་པ་ཅིས་མ་ཡིན་ཏེ་རྒྱུ་མཚན་མཚུངས་པས་སོ། །གལ་ཏེ་ཐེག་ཆེན་གྱི་ལུང་དང་ཡུམ་ལ་སོགས་པ་འདི་དག་བཀའ་ཡིན་ན་འོད་སྲུང་ཆེན་པོ་ལ་སོགས་པས་རྟོགས་པར་རིགས་པ་ལས་དེ་དག་གིས་ཀྱང་མ་རྟོགས་པས་བཀའ་མིན་ནོ་ཞེ་ན། ཐེག་ཆེན་གྱི་མདོའི་ངག་གང་གི་བརྗོད་བྱ་འོད་སྲུང་ཆེན་པོ་ལ་སོགས་པས་ཀྱང་གཏིང་དཔོག་པར་མི་འགྱུར་བ་ཤིན་ཏུ་ཟབ་པ་དེ་ཁྱོད་ཀྱིས་མི་རྟོགས་པས་བཀར་གཟུང་བྱ་མིན་པར་སུ་ཞིག་བྱེད་དེ། མདོ་སྡེའི་རྒྱན་ལས། རྣམ་པ་སྣ་ཚོགས་དཔག་ཏུ་མེད་ལུས་ལ། རྨོངས་པ་གང་གི་ཕྱིར་ན་ངེས་པར་བྱེད། ཅེས་པ་ལྟར་རམ། ཡང་ན་འོད་སྲུང་ལ་སོགས་པས་ཐེག་ཆེན་གྱི་མདོའི་དོན་གཏིང་མ་དཔོག་པ་ཁྱོད་ཀྱིས་མ་རྟོགས་ཏེ་མ་གྲུབ་པས་དེ་རྒྱུ་མཚན་དུ་བྱས་ནས་ཐེག་ཆེན་བཀར་གཟུང་བྱ་མིན་པར་སུ་ཞིག་བྱེད་དེ། རྒྱུ་མཚན་མ་གྲུབ་པས་རྒྱུ་མཚན་ཅན་དེ་མི་འགྲུབ་ཅེས་པའོ། །གསུམ་པ་ལ་གསུམ་སྟེ། དོན་དམ་མ་བསྒོམས་པའི་ཉེས་པ་དང་། བསྒོམས་པའི་ཕན་ཡོན་དང་། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཉོན་མོངས་མི་སྤོང་བས་མྱང་འདས་སུ་མི་རུང་བ་དང་། སྤངས་ཀྱང་མྱང་འདས་མི་འཐོབ་པ་དང་། སེམས་འགགས་ཀྱང་སླར་འབྱུང་བའོ། །དང་པོ་ནི། བསྟན་པ་གནས་པའི་རྩ་བ་དགེ་སློང་དགྲ་བཅོམ་པ་ཡིན་ན། སེམས་དམིགས་པ་དང་བཅས་པ་སྟེ་སྟོང་ཉིད་མ་རྟོགས་པ་རྣམས་ཀྱིས་དགེ་སློང་དགྲ་བཅོམ་པ་ཉིད་ཀྱང་དཀའ་བར་གནས་ཏེ། དེས་ཉོན་མོངས་རྩད་ནས་མི་སྤོང་བས་སོ། །དེས་སྡུག་བསྔལ་མི་སྤོང་བས་མྱ་ངན་ལས་འདས་པའང་དཀའ་བར་གནས་ཏེ་ཐོབ་པར་མི་འགྱུར་རོ། །གཉིས་པ་ནི། དེའདྲའི་སྟོང་ཉིད་མ་རྟོགས་ཀྱང་ཕུང་པོ་མི་རྟག་པ་ལ་སོགས་པ་གང་ཟག་གི་བདག་མེད་བསྒོམས་པས་ཉོན་མོངས་པ་སྤངས་པས་སྡུག་བསྔལ་ལས་གྲོལ་ལོ་ཞེ་ན། འོ་ན་ལྷག་བཅས་ཀྱི་དགྲ་བཅོམ་ཐོབ་པ་དེའི་དེ་མ་ཐག་ཏུ་སྡུག་བསྔལ་མེད་པ་དེར་འགྱུར་ཏེ། ཉོན་མོངས་པ་སྤངས་བའི་ཕྱིར་རོ། །འདོད་ན། དགྲ་བཅོམ་པ་དེ་དག་ལ་ཉོན་མོངས་མེད་ཀྱང་མོའུ་འགལ་གྱི་བུ་ལ་སོགས་པ་འགའ་ཞིག་ལ་སྔོན་གྱི་ལས་ཀྱི་ནུས་པས་སྡུག་བསྔལ་མཐོང་བ་ཡིན་པར་གསུངས་པས་གསལ་ལོ། །གལ་ཏེ་རེ་ཞིག་ཉོན་མོངས་པ་སྤངས་མ་ཐག་ཉིད་དུ་སྡུག་བསྔལ་ལས་མི་གྲོལ་ཡང་སྐུ་ཚེའི་འདུ་བྱེད་བཏང་བ་ན་གྲོལ་བར་འགྱུར་ཏེ། དེ་དག་སྲིད་པ་ཉེ་བར་ལེན་པའི་རྐྱེན་ཕུང་པོ་ལ་སྲེད་པ་མེད་པ་ཉིད་དུ་ངེས་པས་སོ་ཞེ་ན། དེ་དག་ལ་ཤེས་བྱ་ལ་ཀུན་ཏུ་རྨོངས་པ་ཉོན་མོངས་ཅན་མིན་པ་ཡོད་པ་བཞིན་དུ་ཕུང་པོ་ལ་སྲེད་པ་ཉོན་མོངས་པ་ཅན་མིན་པ་འདི་ཡང་ཅི་སྟེ་མེད་དེ། དངོས་འཛིན་དང་བཅས་པའི་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བར་ངེས་པ་ཡིན་ལ། ཚོར་བ་ནི་དགྲ་བཅོམ་པ་དེ་དག་ལ་ཡང་ཡོད་པས་སོ། །གསུམ་པ་ནི། སྟོང་པ་ཉིད་རྟོགས་པ་དང་བྲལ་བའི་སེམས་གང་ཡིན་པ་དེ་ནི་དམིགས་པ་དང་བཅས་པའི་སེམས་ཡིན་པས་ཡུལ་འགའ་ཞིག་ལ་གནས་ཏེ་ཞེན་པར་འགྱུར་ལ། དེ་མངོན་འགྱུར་རེ་ཞིག་འགགས་ཀྱང་སླར་ཡང་སྐྱེ་བར་འགྱུར་ཏེ་འདུ་ཤེས་མེད་པའི་སྙོམས་འཇུག་གི་ཚེ་སེམས་རེ་ཞིག་འགགས་ཀྱང་སླར་སྐྱེ་བ་བཞིན་ནོ། །དེས་ན་སྡུག་བསྔལ་ཐམས་ཅད་ཟད་པར་འདོད་པས་སྟོང་པ་ཉིད་བསྒོམ་པར་བྱའོ། །གཉིས་པ་ལ་གཉིས་ལས། དང་པོ་དོན་གཉིས་འགྲུབ་པ་ནི། རང་གིས་སྟོང་ཉིད་རྟོགས་པ་ན་སྟོང་ཉིད་ལ་རྨོངས་པས་བསྐྱེད་པའི་སྡུག་བསྔལ་ཅན་རྣམས་ལ་སྙིང་རྗེ་སྐྱེ་བས་དེ་དག་གི་དོན་དུ་འཁོར་བའི་བདེ་བ་ལ་ཆགས་པ་དང་སྡུག་བསྔལ་གྱིས་འཇིགས་པའི་མཐའ་གཉིས་ལས་གྲོལ་བའི་སྒོ་ནས་འཁོར་བར་གནས་པའི་ཚུལ་གྱིས་གཞན་དོན་དཔག་ཏུ་མེད་པ་འགྲུབ་པ་འདི་ནི་སྟོང་ཉིད་བསྒོམས་པའི་འབྲས་བུ་ཡིན་ནོ། །གཉིས་པ་སྒྲིབ་གཉིས་སྤོང་བ་ནི། རྣམ་མཁྱེན་གྱི་གེགས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་མུན་པའི་གཉེན་པོ་ནི་སྟོང་པ་ཉིད་སྒོམ་པ་ཡིན་པས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་སྟོང་ཉིད་དེ་ནི་ཅི་སྟེ་སྒོམ་པར་མི་བྱེད་དེ་བྱེད་དགོས་སོ། །གསུམ་པ་ནི། སྟོང་ཉིད་རྟོགས་མ་རྟོགས་པ་ལ་སྐྱོན་ཡོན་ཏེ་ལྟར་ཡོད་པས་ན་སྟོང་པ་ཉིད་ཀྱི་ཕྱོགས་ལ་སུན་འབྱིན་བརྗོད་པ་འཐད་པ་མ་ཡིན་པ་དེས་ན་དེ་སངས་རྒྱས་ཀྱི་ལམ་ཡིན་མིན་ཐེ་ཚོམ་མི་ཟ་བར་སྟོང་ཉིད་བསྒོམ་པར་བྱའོ། །གསུམ་པ་སྤྱིའི་དོན་བསྡུ་བ་ནི། སྟོང་པ་ཉིད་ལ་སྐྲག་པས་དེ་མི་སྒོམ་མོ་སྙམ་ན། དངོས་པོར་འཛིན་པ་གང་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པ་དེ་ལ་སྐྲག་པ་སྐྱེ་བ་རིགས་པར་འགྱུར་ན་མི་སྐྱེ་བར་སྟོང་ཉིད་ནི་བསྒོམས་པས་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ་ཡིན་ན། དེ་ལ་འཇིགས་པ་ཇི་ལྟར་སྐྱེ་སྟེ་སྐྱེ་བར་མི་རིགས་སོ། །གཉིས་པ་ཡུལ་བདག་མེད་ལ་འཇུག་པ་ལ་གཉིས་ཏེ། གང་ཟག་དང་། ཆོས་ཀྱི་བདག་མེད་པའོ། །དང་པོ་ལ་གཉིས་ཀྱི། མཚམས་སྦྱར་ཏེ་མདོར་བསྟན་པ་ནི། གལ་ཏེ་འཇིགས་པ་པོའི་བདག་འགའ་ཞིག་ཡོད་ན་ནི་ཡུལ་ཅི་ཡང་རུང་བ་ལས་འཇིགས་པར་འགྱུར་བ་རིགས་ན་བདག་ནི་འགའ་ཡང་ཡོད་པ་མིན་པས་འཇིགས་པ་སྐྱེ་བ་སུ་ཞིག་ཡིན། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཕུང་པོ་རྣམ་པར་དབྱེ་བས་སྤྱིར་དགག་པ་དང་། འདོད་པའི་བདག་བྱེ་བྲག་ཏུ་དགག་པ་དང་། བདག་མེད་ལ་རྩོད་པ་སྤང་བའོ། །དང་པོ་ནི། སོ་དང་སྐྲ་སེན་བདག་མ་ཡིན། བདག་ནི་རུས་པ་ཁྲག་མ་ཡིན། སྣབས་མིན་བད་ཀན་མ་ཡིན་ཏེ། ཆུ་སེར་དང་ནི་རྣག་ཀྱང་མིན། བདག་ནི་ཞག་དང་རྔུལ་མིན་ཏེ། གློ་མཆིན་དག་ཀྱང་བདག་མ་ཡིན། ནང་ཁྲོལ་གཞན་ཡང་བདག་མིན་ཏེ། བདག་ནི་ཕྱི་ས་གཅིན་མ་ཡིན། ཤ་དང་པགས་པ་བདག་མིན་ཏེ། དྲོད་དང་རླུང་ཡང་བདག་མ་ཡིན། བུ་ག་བདག་མིན་རྣམ་ཀུན་ཏུ། རྣམ་ཤེས་དྲུག་ཀྱང་བདག་མ་ཡིན། ཁམས་དྲུག་པོ་དེ་རྣམས་ནི་མི་རྟག་དུ་མ་རང་དབང་མེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གྲངས་ཅན་དང་། རིག་པ་ཅན་གྱིས་བཏགས་པའི་བདག་དགག་པའོ། །དང་པོ་ལ་གཉིས་ཏེ། དགག་པ་བརྗོད་པ་དང་། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། གལ་ཏེ་སྒྲ་འཛིན་པའི་ཤེས་རིག་རྟག་པ་ཡིན་ན་སྒྲ་མེད་པའི་དུས་ཐམས་ཅད་ཀྱི་ཚེ་ན་སྒྲ་འཛིན་གྱི་ཤེས་པ་ཡོད་པར་འགྱུར་ལ། འདོད་ན། སྒྲ་ཤེས་ནི་སྒྲ་ལ་ལྟོས་པས་ཤེས་བྱ་སྒྲ་མེད་ན་ཡུལ་ཅི་ཞིག་རིག་ནས་རྒྱུ་མཚན་གང་གིས་སྒྲ་འཛིན་གྱི་ཤེས་པ་ཞེས་རྗོད་པར་བྱེད། གལ་ཏེ་སྒྲ་ཤེས་པ་མེད་ཀྱང་སྒྲ་འཛིན་གྱི་ཤེས་པ་ཡིན་ན་ཤིང་ཡང་སྒྲ་འཛིན་གྱི་ཤེས་པར་ཐལ་བར་འགྱུར་བ་དེས་ན་ཤེས་བྱ་ཡུལ་ཉེ་བར་གནས་པ་མེད་པར་དེ་འཛིན་གྱི་ཤེས་པ་མེད་ཅེས་བྱ་བར་ངེས་སོ། །གཉིས་པ་ལ་གཉིས་ཀྱི། དང་པོ་ལན་དགོད་པ་ནི། སྒྲ་མེད་པའི་ཚེ་སྒྲ་འཛིན་མེད་པར་མི་འགྱུར་ཏེ། སྔར་སྒྲ་ཤེས་པ་དེ་ཉིད་ཀྱིས་ཕྱིས་སྒྲ་མེད་པ་ན་གཟུགས་སོགས་ཤེས་པ་ལ་དེ་གཉིས་གཅིག་ཡིན་ནོ་ཞེ་ན། གཉིས་པ་དེ་དགག་པ་ལ་གསུམ་སྟེ། ཐལ་བ་སྔ་མ་གནས་པ་དང་། རྣམ་པ་འགལ་བ་དང་། ཕན་ཚུན་མི་དམིགས་པའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། དེ་ལྟ་ན་གཟུགས་ཤེས་པ་དེ་ཉིད་ཀྱི་ཚེ་སྒྲ་ཐོས་པའང་ཅི་སྟེ་མིན་ཏེ་ཡིན་པར་འགྱུར་རོ། །གལ་ཏེ་སྒྲ་མི་ཉེ་སྟེ་མེད་པའི་ཕྱིར་དེ་མི་ཐོས་སོ་ཞེ་ན། དེས་ན་སྒྲ་དེ་འཛིན་པའི་ཤེས་པའང་མེད་པར་གྲུབ་བོ། །གཉིས་པ་ལ་གཉིས་ཀྱི། དང་པོ་རྟགས་དགོད་པ་ནི། སྒྲ་འཛིན་རང་བཞིན་གང་ཡིན་པ་དེ་གཟུགས་འཛིན་པར་ཇི་ལྟར་འགྱུར་ཏེ་རྣམ་པ་འགལ་བའི་ཕྱིར་རོ། །གཉིས་པ་དཔེ་མ་གྲུབ་པ་ནི། རྣམ་པ་འགལ་བ་སྔ་ཕྱི་ཡུལ་གཉིས་ལ་ལྟོས་ནས་གཅིག་ཡིན་པ་མི་འགལ་ཏེ། སྐྱེས་བུ་གཅིག་ཉིད་ཕ་དང་བུ་ལ་ལྟོས་ནས་བུ་དང་ཕར་འཇོག་པ་བཞིན་ནོ་ཞེ་ན། ཁྱོད་ཀྱི་ལུགས་ལ་ཡང་ཕ་དང་བུ་ནི་གཅིག་ཉིད་དུ་བརྟགས་པ་ཡིན་གྱི་ཡང་དག་པ་ཉིད་དུ་བདེན་པ་མིན་ཏེ། འདི་ལྟར་བེམས་པོ་བདེན་པ་གང་ཡིན་པ་དེ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་གསུམ་ཆ་མཉམ་པ་མི་སྣང་བ་ཞིག་ཏུ་འདོད་ལ་དེ་ནི་བུ་མིན་ལ་ཕ་ཡང་མིན་པས་སོ། །གསུམ་པ་ལ་གཉིས་ཏེ། རྟགས་དགོད་པ་དང་། མ་གྲུབ་པ་སྤང་བའོ། །དང་པོ་ནི། གཟུགས་འཛིན་དེ་ནི་སྒྲ་འཛིན་དང་ལྡན་པ་སྟེ་སྒྲ་འཛིན་དུ་ཡོད་པ་མ་ཡིན་ཏེ། དེའི་རང་བཞིན་དུ་ཡོད་ན་སྣང་དུ་རུང་བ་ལས་དེར་མཐོང་བ་མ་ཡིན་པས་སོ། །གཉིས་པ་ལ་གཉིས་ཀྱི། དང་པོ་དངོས་ནི། དཔེར་ན་གར་མཁན་གཅིག་ཉིད་རྣམ་འགྱུར་མི་འདྲ་བ་ཐ་དད་དུ་སྣང་བ་ལྟར་སྔར་གྱི་སྒྲ་འཛིན་དེ་ཉིད་ཕྱིས་ཚུལ་གཞན་གཟུགས་འཛིན་གྱི་ཚུལ་གྱིས་མཐོང་ངོ་ཞེ་ན། འོ་ན་ཤེས་པ་དེ་རྟག་པ་མིན་པར་འགྱུར་ཏེ། ཚུལ་གཞན་དང་གཞན་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་དེ་ལ་མ་ངེས་པ་སྤང་བ་ལ་གཉིས་ལས། དང་པོ་རྒོལ་བ་ནི། གལ་ཏེ་ཚུལ་གཞན་དུ་འགྱུར་ཡང་རང་བཞིན་སྔར་གྱི་དེ་ཉིད་རྟག་གོ་ཞེ་ན། གཉིས་པ་དེ་དག་དགག་པ་ལ་གཉིས་ལས། རྣམ་པ་འགལ་བས་རང་བཞིན་གཅིག་པར་མི་འཐད་པ་ནི། དེ་ལྟ་བུའི་གཅིག་ཉིད་དེ་ནི་སྔོན་གང་ན་ཡང་མེད་པའི་གཅིག་ཚུལ་ཞིག་གོ། །གལ་ཏེ་ཚུལ་གཞན་དུ་སྣང་ཡང་བདེན་པ་མིན་པས་གཅིག་ཡིན་ནོ་ཞེ་ན། འོ་ན་གཅིག་ཏུ་བདེན་པ་དེའི་རང་བཞིན་གང་ཡིན་པ་དེ་སྨྲོས་ཤིག །ཤེས་པ་ཙམ་ཉིད་དུ་གཅིག་པ་ཡིན་ནོ་ཞེ་ན། དེ་ལྟ་ན་རྒྱུད་ཐ་དད་ཀྱི་སྐྱེས་བུ་ཀུན་སེམས་ཀྱང་ཤེས་པ་ཙམ་དུ་མཚུངས་པས་གཅིག་ཏུ་ཐལ་བར་འགྱུར་ལ། སེམས་པ་ཅན་བདག་དང་སེམས་པ་མེད་པ་གཙོ་བོ་དེ་དག་ཀྱང་གཅིག་པར་འགྱུར་ཏེ་ཤེས་བྱར་ཡོད་ཙམ་ཉིད་དུ་མཚུངས་པས་སོ། །གཉིས་པ་བྱེ་བྲག་བརྫུན་པས་སྤྱི་བདེན་པ་མི་འཐད་པ་ནི། གང་གི་ཚེ་ཤེས་པའི་བྱེ་བྲག་གཟུགས་འཛིན་སྒྲ་འཛིན་ལ་སོགས་པ་ཐམས་ཅད་ཕྱིན་ཅི་ལོག་མི་བདེན་པ་ཡིན་པ་དེའི་ཚེ་ཤེས་པ་ཙམ་དུ་འདྲ་བའི་རྟེན་སྤྱི་གཅིག་ཏུ་བདེན་པ་དེ་གང་ཡིན་ཏེ་མེད་དོ། །གཉིས་པ་ནི། རིགས་པ་ཅན་རྟག་པ་གཅིག་པུ་སྐྱེས་བུའི་རྒྱུད་དུ་གཏོགས་པའི་བེམས་པོ་དང་སེམས་ཐ་དད་དུ་ལྡན་པས་ཡུལ་ལ་ལོངས་སྤྱོད་པའི་བདག་འདོད་པས། དེ་འགོག་པ་ལ་གསུམ་ལས། དང་པོ་རྟགས་དགོད་པ་ནི། སེམས་མེད་པའི་དངོས་པོ་ལ་ཡང་ཡུལ་ལ་ལོངས་སྤྱོད་པའི་བདག་མིན་ཏེ། སེམས་ཀྱི་ངོ་བོ་མེད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །གཉིས་པ་ཁྱབ་པ་ལ་འཁྲུལ་པ་སྤང་བ་ནི། འོན་ཏེ་དེ་ཁོ་ན་ཉིད་སེམས་ཀྱི་ངོ་བོར་མེད་ཀྱང་སེམས་ཐ་དད་དུ་ལྡན་པའི་ཕྱིར་ཡུལ་ལོངས་སྤྱོད་པ་པོ་ཡིན་ནོ་ཞེ་ན། མི་རིགས་ཏེ། བདག་གི་རང་བཞིན་ཡུལ་མི་ཤེས་པ་ཡིན་པ་ཞིག་སེམས་དང་ལྡན་པས་ཤེས་པར་འགྱུར་ན་མི་ཤེས་པའི་བདག་དེ་འཇིག་ཅིང་མི་རྟག་པར་ཐལ་བར་འགྱུར་ལ། ཅི་སྟེ་བདག་ལ་འགྱུར་བ་མེད་ན་ཡང་སེམས་དང་ལྡན་པས་བདག་ཡུལ་མི་ཤེས་པ་དེ་ལ་ཤེས་པར་འགྱུར་བའི་ཁྱད་པར་ཅི་ཞིག་བྱས་ཏེ་བྱས་པར་མི་རུང་ངོ་། གསུམ་པ་དོན་བསྡུ་བ་ནི། དེ་ལྟར་བེམས་པོ་ཡིན་པས་ཡུལ་ཤེས་པ་མེད་ཅིང་རྟག་པས་ན་འབྲས་བུ་བསྐྱེད་པའི་བྱ་བ་དང་བྲལ་བ་དེ་འདྲ་བདག་ཏུ་འདོད་ན་ནི་ནམ་མཁའ་བདག་ཏུ་བྱས་པ་སྟེ་བདག་ཡིན་པར་འགྱུར་རོ། །གསུམ་པ་བདག་མེད་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། ལས་འབྲས་མི་འཐད་པ་དང་། སྙིང་རྗེ་མི་འཐད་པ་སྤང་བའོ། །དང་པོ་ལ་གཉིས་ལས། དང་པོ་རྒོལ་བ་ནི། གལ་ཏེ་བདག་རྟག་པ་ཡོད་པ་མིན་ན་ལས་འབྲས་ཀྱི་འབྲེལ་ཏེ་ལས་བྱེད་པ་པོ་ཉིད་ཀྱིས་འབྲས་བུ་མྱོང་བ་དེ་རིགས་པ་མིན་པར་འགྱུར་ཏེ། ལས་བྱས་ནས་བྱེད་པ་པོ་ཞིག་པས་འབྲས་བུ་མྱོང་དུས་ན་མེད་པའི་ཕྱིར་སུའི་ལས་སུ་འགྱུར་ཞེ་ན། གཉིས་པ་ལན་ལ་གསུམ་ལས། དང་པོ་རྩོད་པ་མཚུངས་པ་ནི། བྱ་བ་ལས་ཀྱི་གཞི་ཚེ་འདིའི་ཕུང་པོ་དང་། འབྲས་བུ་རྣམ་སྨིན་གྱི་གཞི་ཚེ་ཕྱི་མའི་ཕུང་པོ་གཉིས་ཐ་དད་པ་དང་། སྐབས་གཉིས་པོ་དེར་བདག་དེས་ལས་བསགས་པ་དང་རྣམ་སྨིན་མྱོང་བ་མེད་པར་ཡང་ཁྱེད་ཅག་རྟག་པ་དང་བེམས་པོར་འདོད་པ་དང་ངེད་བདག་མེད་དུ་འདོད་པ་གཉིས་ཀ་ལ་གྲུབ་པས་ཡུ་བུ་ཅག་གཉིས་འདིར་དེ་ལ་རྩོད་པ་དོན་མེད་པ་མ་ཡིན་ནམ་སྟེ་ཡིན་ནོ། །གཉིས་པ་རྩོད་ལན་དགག་པ་ནི། གལ་ཏེ་མཐོང་ཆོས་མྱོང་འགྱུར་གྱི་ལས་ལ་ལསའབྲས་བུ་གཉིས་གཞི་ཐ་དད་མེད་དོ་སྙམ་ན། དེ་ལ་ཡང་རྒྱུ་ལས་བྱེད་པ་དང་ལྡན་པའི་ཕུང་པོ་སྐད་ཅིག་དེ་ཉིད་ཀྱིས་དེའི་འབྲས་བུ་མྱོང་བ་དང་བཅས་པར་མཐོང་བ་འདི་ཉིད་སྲིད་པ་མ་ཡིན་ཏེ་ཕ་བུ་དུས་མཉམ་དུ་མི་སྐྱེ་བ་བཞིན་ནོ། །གསུམ་པ་ལུང་འགལ་སྤང་བ་ནི། ལུང་ལས་འདི་ཉིད་ཀྱིས་བྱས་པའི་ལས་ཇི་ལྟར་གཞན་གྱིས་མྱོང་བར་འགྱུར། དགེ་སློང་དག་བྱས་ཤིང་བསགས་པའི་ལས་འདི་ནི་ཕྱི་རོལ་གྱི་སའི་ཁམས་ལ་སོགས་པ་ལ་སྨིན་པར་མི་འགྱུར་གྱི། ཟིན་པའི་ཕུང་པོ་ལ་སོགས་པ་ཉིད་ལ་སྨིན་པར་འགྱུར་རོ་ཞེས་འབྲས་བུ་ལས་བྱེད་པ་པོ་ཉིད་ཀྱིས་མྱོང་བར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་དགོངས་པ་ཅན་ཡིན་ཏེ། དགོངས་གཞི་རྒྱུན་གཅིག་པ་ལ་དགོངས་ནས་དགོས་པ་ལས་འབྲས་ལ་སྐུར་བ་འདེབས་པ་དགག་པའི་ཕྱིར་ལས་བྱེད་པ་པོ་ཉིད་འབྲས་བུ་ལ་ལོངས་སྤྱོད་པ་པོ་ཡིན་ནོ་ཞེས་བསྟན་གྱི། དངོས་ནི་མ་ཡིན་ཏེ། རྟག་པའི་བདག་མ་གྲུབ་པས་སོ། །དེ་ཅི་སྟེ་ཞེ་ན། འདས་པ་དང་མ་འོངས་པའི་སེམས་ནི་བདག་མིན་ཏེ། དེ་དག་ནི་འགགས་པ་དང་མ་སྐྱེས་ནས་མེད་པའི་ཕྱིར་རོ། །འོན་ཏེ་སྐྱེས་ལ་མ་འགགས་པ་ད་ལྟར་བའི་སེམས་བདག་ཡིན་ནོ་ཞེ་ན། དེ་སྐད་ཅིག་གཉིས་པ་ལ་ཞིག་པ་ན་བདག་མེད་པར་འགྱུར་རོ། །རིགས་པ་འདིས་ཕུང་པོ་ལྔ་ཅར་ལ་ཡང་བདག་ཁེགས་པས། དཔེར་ན་ཆུ་ཤིང་གི་སྡོང་པོ་དག་ལ་ཆ་ཤས་སུ་ཕྱེ་ན་སྙིང་པོ་འགའ་ཡང་མེད་པ་དེ་བཞིན་དུ་རིགས་པས་རྣམ་པར་དཔྱད་པ་ཡིས་བཙལ་ན་བདག་ཀྱང་ཡང་དག་པར་ཡོད་པ་མིན་ནོ། །གཉིས་པ་ལ་གསུམ་སྟེ། ཡུལ་མེད་པ་དང་། འབྲས་བུ་མེད་པ་དང་། སྤང་བྱ་ཡིན་པས་བསྒོམ་པར་མི་འཐད་པ་སྤང་བའོ། །དང་པོ་ནི། གལ་ཏེ་སེམས་ཅན་ཡོད་པ་མིན་ན་སུ་ལ་སྙིང་རྗེ་བསྒོམ་པར་བྱ་ཞེ་ན། ཡུལ་སེམས་ཅན་བདེན་པ་མེད་ཀྱང་ཀུན་རྫོབ་ཏུ་གང་དག་འབྲས་བུ་ཐར་པ་ལ་དགོད་པའི་དོན་དུ་སྤྱོད་པ་སྤྱད་པར་ཁས་བླངས་པ་ཡི་དམིགས་ཡུལ་རྨོངས་པས་བརྟགས་པ་སྟེ་འཁྲུལ་ངོར་སྣང་བ་དེ་དག་ལ་སྙིང་རྗེ་སྒོམ་པ་མི་འགལ་ལོ། །གཉིས་པ་ནི། སེམས་ཅན་མེད་ན་སྙིང་རྗེ་སྒོམ་པའི་འབྲས་བུ་སུ་ཡིས་ཐོབ་པ་ཡིན་ཞེ་ན། དོན་དམ་དུ་དེ་ལྟར་བདེན་ན་འོན་ཀྱང་ཀུན་རྫོབ་ཏུ་ཆོས་སུ་རྨོངས་པ་འཁྲུལ་པའི་བློ་ངོ་ན་སེམས་ཅན་སྣང་ཙམ་དུ་ཡོད་པ་ལས་སྙིང་རྗེ་སྣང་ཙམ་བསྒོམས་པས་འབྲས་བུ་སྣང་ཙམ་ཡོད་པར་འདོད་དོ། །གསུམ་པ་ནི། སྙིང་རྗེ་ཡང་བརྫུན་སྣང་གི་ཡུལ་ཅན་ཆོས་སུ་རྨོངས་པ་ཡིན་པས་བདག་ཏུ་རྨོངས་པ་དང་བཟློག་བྱར་མཚུངས་སོ་ཞེ་ན། སྡུག་བསྔལ་ཉེ་བར་ཞི་བའི་དོན་དུ་འགྱུར་བས་བཟློག་མི་དགོས་ཤིང་བཟློག་མི་ནུས་པས་འབྲས་བུ་རྨོངས་པ་སྣང་ཙམ་ནི་བཟློག་པར་མི་བྱའི་བདག་ཏུ་རྨོངས་པ་ནི་བཟློག་པར་བྱ་སྟེ། དེས་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ང་རྒྱལ་ལ་སོགས་པ་འཕེལ་བར་འགྱུར་བས་བཟློག་དགོས་སོ། །དེ་ལས་ཀྱང་བཟློག་པའི་ཐབས་མེད་དོ་ཞེ་ན་ཡོད་དེ། བདག་མེད་སྒོམ་པ་ནི་དེའི་གཉེན་པོ་མཆོག་ཡིན་པས་སོ། །གཉིས་པ་ཆོས་ཀྱི་བདག་མེད་ལ་འཇུག་པའི་ཚུལ་ནི། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། འཇམ་དཔལ་ལུས་ནམ་མཁའ་དང་འདྲ་བར་མཐོང་ན་དེ་ནི་ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པའོ། །དེ་བཞིན་དུ་སྦྱར་ཏེ་ཚོར་བ་མི་དམིགས་ན། སེམས་མིང་ཙམ་དུ་ཤེས་ན། དགེ་བ་དང་མི་དགེ་བའི་ཆོས་མི་དམིགས་ན་ཆོས་ལ་ཆོས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པའོ། །ཞེས་གསུངས་པ་ལྟ་བུའི་དྲན་པ་ཉེར་གཞག་བཞི་སྟོན་པ་ལས། དང་པོ་ལུས་དྲན་པ་ཉེ་བར་གཞག་པ་ལ་གསུམ་སྟེ། ཡན་ལག་ཅན་གྱི་ལུས་མ་གྲུབ་པ་དང་། ཡན་ལག་ཉིད་མ་གྲུབ་པ་དང་། སྐབས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཡུལ་ལུས་མ་གྲུབ་དང་། ལུས་འཛིན་འཁྲུལ་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཡན་ལག་དང་འབྲེལ་བ་དང་། མ་འབྲེལ་བའི་ལུས་དགག་པའོ། །དང་པོ་ལ་གསུམ་ལས། ཡན་ལག་སོ་སོ་ལུས་ཡིན་པ་དགག་པ་ནི། ལུས་ནི་རྐང་པ་བྱིན་པ་མིན། བརླ་དང་རྐེད་པ་ལུས་མ་ཡིན། ལྟོ་དང་རྒྱབ་ཀྱང་ལུས་མིན་ཏེ། བྲང་དང་དཔུང་པ་ལུས་མ་ཡིན། རྩིབས་ལོགས་ལག་པ་ལུས་མིན་ཏེ། མཆན་ཁུང་ཕྲག་པ་ལུས་མ་ཡིན། ནང་ཁྲོལ་རྣམས་ཀྱང་ལུས་མིན་ལ། མགོ་དང་མགྲིན་པའང་ལུས་མིན་ནོ། །ཡན་ལག་འདི་དག་ལ་ལུས་སུ་བདེན་པར་གྲུབ་པ་གང་ཞིག་ཡིན་ཏེ་གང་ཡང་མེད་དོ། །གཉིས་པ་ཆ་རེ་རེ་བ་ལ་གནས་པ་དགག་པ་ནི། གལ་ཏེ་ལུས་འདི་ཡན་ལག་ཐམས་ཅད་ལ་ཕྱོགས་རེ་ཡིས་གནས་པར་གྱུར་ན་ལུས་ཀྱི་ཆ་རྣམས་ཡན་ལག་གི་ཆ་ལ་གནས་པར་གྱུར་མོད། ཆ་མེད་དུ་བདེན་པའི་ལུས་དེ་རང་ཉིད་ནི་གང་ལ་གནས། གལ་ཏེ་བདག་ཉིད་ཀུན་གྱི་ལུས་རིལ་པོ་རེ་རེ་ལག་སོགས་རྣམས་ལ་སོ་སོར་གནས་ན་ནི་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་ལུས་དུ་མ་ཡོད་པར་འགྱུར་རོ། །གསུམ་པ་དོན་བསྡུ་བ་ནི། ཕྱི་དང་ནང་གང་ན་ཡང་ལུས་མེད་ན་ཇི་ལྟར་ལག་སོགས་ལ་ལུས་བདེན་པ་ཡོད་དེ་མེད་དོ། །གཉིས་པ་ནི། ལག་སོགས་རྣམས་ལས་གཞན་དུ་མ་དམིགས་པའི་ཕྱིར་མེད་ན་རིལ་པོའི་ལུས་དེ་ནི་ཡན་ལག་དང་མ་འབྲེལ་བ་ཡང་ཇི་ལྟར་ཡོད་པ་ཡིན་ཏེ་མེད་དོ། །གཉིས་པ་ནི། ལུས་བདེན་པ་མེད་པ་དེས་ན་ལུས་མེད་པའི་ལག་པ་ལ་སོགས་པ་ལ་རྨོངས་པ་ཡིས་ནི་ལུས་སུ་འཁྲུལ་པའི་བློ་སྐྱེ་བར་འགྱུར་གྱི། བློ་དེས་བཟུང་བ་ལྟར་བདེན་པ་ནི་མ་ཡིན་ཏེ། དཔེར་ན་མི་དང་འདྲ་བའི་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས་ཐོ་ཡོར་ལ་མི་ཡིན་པར་འཛིན་པའི་བློ་བཞིན་ནོ། །ཇི་སྲིད་དུ་དེ་ལ་མིར་འཁྲུལ་པའི་རྐྱེན་ཚོགས་པ་དེ་སྲིད་དུ་ཐོ་ཡོར་དེ་སྐྱེས་བུ་ལྟར་སྣང་བ་དེ་བཞིན་དུ་ཇི་སྲིད་དུ་ལག་སོགས་ལ་ལུས་སུ་འཁྲུལ་པའི་རྐྱེན་དེ་ཡོད་པ་དེ་སྲིད་དུ་དེ་དག་ལུས་སུ་སྣང་བར་འགྱུར་རོ། །གཉིས་པ་ནི། ལུས་རིལ་པོ་གཅིག་ཏུ་བདེན་པར་མ་གྲུབ་པ་དེ་བཞིན་དུ་སོར་མོའི་ཚོགས་འདུས་པ་ཡིན་པའི་ཕྱིར་ལག་པ་གཅིག་ཏུ་བདེན་པ་གང་ཞིག་ཡིན་པར་འགྱུར། སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་ཡིན་པའི་ཕྱིར་དེ་ཚིགས་སུ་མི་བདེན་ལ། ཚིགས་དེ་དག་ཀྱང་རང་རང་གི་ཆ་ཤས་ཕྱེ་བས་རེ་རེར་མེད་ལ། ཆ་དེ་ཡང་རྡུལ་ཕྲ་རབ་ཏུ་ཕྱེ་བ་བྱས་ཏེ་རྡུལ་ཕྲན་དེ་ཡང་ཕྱོགས་ཆའི་དབྱེ་བ་ཡིས་དུ་མར་འགྱུར་བས་གཅིག་ཏུ་མི་བདེན་ལ། དེའི་ཕྱོགས་རེ་རེ་ལ་དབྱེ་ན་ཆ་ཤས་སུ་བདེན་པ་དང་བྲལ་བས་ན་ནམ་མཁའ་བཞིན་དུ་སྟོང་པ་དེས་ན་རྡུལ་ཕྲན་རང་ཡང་བདེན་པར་མེད་དོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་སྣང་ཡང་བདེན་པ་མེད་པས་རྨི་ལམ་ལྟ་བུའི་གཟུགས་ལ་རྟོག་དཔྱོད་དང་བཅས་པ་སུ་ཞིག་ཆགས་པར་བྱེད་དེ་ཆགས་པར་མི་རིགས་སོ། །གང་ཚེ་དེ་ལྟར་ལུས་མེད་པ་དེའི་ཚེ་དེའི་བྱེ་བྲག་སྐྱེས་པའི་ལུས་གང་བུད་མེད་ཀྱི་ལུས་གང་ཡིན་ཏེ་མེད་དོ། །གཉིས་པ་ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་བཞི་སྟེ། ཚོར་བའི་རང་བཞིན་དང་། རྒྱུ་རེག་པ་དང་། ཡུལ་དང་། འཛིན་པ་མ་གྲུབ་པའོ། །དང་པོ་ལ་གཉིས་ཏེ། ཚོར་བ་དོན་དམ་དུ་མ་གྲུབ་པའི་ཚུལ་དང་། དེར་རྟོག་པའི་གཉེན་པོ་སྒོམ་པའོ། །དང་པོ་ལ་གཉིས་ལས། འགོག་པའི་རིགས་པ་ནི། རྩ་ཤེ་ལས། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་པར་མི་འགྱུར་ཏེ། ར།ང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་རིགས་པ་མ་ཡིན་ནོ། །ཞེས་པ་བཞིན་དུ་ཚོར་བ་སྡུག་བསྔལ་ཉིད་བདེན་པར་ཡོད་ན་ནམ་ཡང་དེ་མི་འདོར་བས་དེ་དང་རྣམ་པ་འགལ་བ་རབ་ཏུ་དགའ་བ་དང་བདེ་བ་ལ་ཅི་སྟེ་མི་གནོད་དེ་གནོད་པས་དེ་དག་ནམ་ཡང་མི་སྐྱེ་བར་འགྱུར་བ་ལས་སྐྱེ་བས་གསལ་ལོ། །བདེ་བ་ཡང་དེ་ཉིད་དུ་བདེན་པར་ཡོད་ན་མྱ་ངན་དང་ནད་ལ་སོགས་པའི་གདུང་བ་དྲག་པོ་ཅན་ལ་སོགས་པ་ལ་ཟས་ཞིམ་པོ་ལ་སོགས་པས་དགའ་ཞིང་བདེ་བར་ཅི་སྟེ་མི་བྱེད་དེ་བྱེད་པར་འགྱུར་བ་ལས་མི་བྱེད་པས་གསལ་ལོ། །གཉིས་པ་དེའི་ལན་དགག་པ་ནི། གལ་ཏེ་སྡུག་བསྔལ་ཡང་དག་ཏུ་ཡོད་མོད་ཀྱི་བདེ་བ་སྟོབས་དང་ལྡན་པ་སྐྱེས་པ་ན་དེས་ཟིལ་གྱིས་མནན་པའི་ཕྱིར་སྡུག་བསྔལ་དེ་མྱོང་བ་མིན་ནོ་ཞེ་ན། གང་ཞིག་ཉམས་སུ་མྱོང་བའི་བདག་ཉིད་མིན་པ་དེ་ནི་ཚོར་བ་ཇི་ལྟར་ཡིན་ཏེ་དེའི་མཚན་ཉིད་མེད་པས་སོ། །སྡུག་བསྔལ་ཕྲ་མོ་ཉིད་དུ་མྱོང་བ་ཡོད་པས་ཚོར་བ་ཡིན་མོད་ཀྱི་འདིའི་རགས་པ་ནི་བདེ་བ་སྟོབས་ལྡན་གྱིས་བསལ་བ་མིན་ནམ་སྟེ་ཡིན་ལ། ཕྲ་མོ་དེའི་ངོ་བོ་ནི་བདེ་བ་རགས་པ་ལས་གཞན་དགའ་བདེ་སྟོབས་ཆུང་ཙམ་ཡིན་ནོ་ཞེ་ན། ཕྲ་མོ་ཉིད་དུ་མྱོང་བ་དེ་ཡང་སྡུག་བསྔལ་མིན་པར་འགྱུར་ཏེ། བདེ་བ་དེའི་རིགས་ཡིན་པས་སོ། །གལ་ཏེ་འགལ་རྐྱེན་བདེ་བ་སྐྱེས་པས་ན་རྒྱུད་དེ་ལ་སྡུག་བསྔལ་སྐྱེས་པ་མ་ཡིན་ན་མ་སྐྱེས་པ་དེ་ཚོར་བར་རྟོག་པ་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་པ་མིན་ནམ་སྟེ་ཡིན་ནོ། །གཉིས་པ་ནི། ཚོར་བར་རྟོག་པས་འཁྲུལ་པ་ཡིན་པ་དེའི་ཕྱིར་ན་འཁྲུལ་པ་འདིའི་གཉེན་པོར་ཆོས་ཀུན་རང་བཞིན་མེད་པར་རྣམ་པར་དཔྱད་པའི་ཤེས་རབ་འདི་བསྒོམ་པར་བྱ་སྟེ། བློ་དེས་རྣམ་པར་བརྟགས་པའི་ཞིང་ལས་བྱུང་བའི་འབྲས་བུ་བསམ་གཏན་ནི་རྣལ་འབྱོར་པའི་གནས་ལུགས་རྟོགས་པའི་ལུས་རྒྱས་པར་བྱེད་པའི་ཟས་ཡིན་པས་སོ། །གཉིས་པ་རེག་པ་ནི། ཡུལ་དབང་རྣམ་ཤེས་གསུམ་ཕྲད་པ་ཡིན་པར་འདོད་པས་དེ་དགག་པ་ལ་གསུམ་སྟེ། དབང་དོན་ཕྲད་པ་དགག་པ་དང་། རྣམ་ཤེས་དང་ཕྲད་པ་དགག་པ་དང་། སྐབས་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། སྤྱིར་ཕྲད་པ་དགག་པ་ནི། གལ་ཏེ་མིག་སོགས་དབང་པོ་དང་གཟུགས་སོགས་དོན་རྣམས་བར་དང་བཅས་པ་ཡིན་ན་དེ་དག་གང་དུ་ཕྲད་པར་འགྱུར་ཏེ། ཤར་ནུབ་ཀྱི་རི་བཞིན་ནོ། །བར་དུ་ཆོད་པའི་ཆ་གང་ཡང་མེད་ན་གཅིག་ཉིད་དུ་འགྱུར་བས་དེ་དག་གང་ཞིག་གང་དང་ཕྲད་པར་འགྱུར་ཏེ། འཕྲད་བྱ་ཕྲད་བྱེད་གཉིས་མེད་པས་སོ། །གཉིས་པ་རྡུལ་ཕྲན་ཕྲད་པ་དགག་པ་ནི། དབང་དོན་གྱི་རྡུལ་ཕྲན་དག་ནི་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་མེད་དེ། རྡུལ་ཕྲན་རྡུལ་ཕྲན་ལ་འཇུག་པ་སྟེ་གཅིག་གི་ནང་དུ་ཐིམ་པ་མེད་པས་སོ། །དེའི་རྒྱུ་མཚན་རྡུལ་ཕྲན་དེ་ནི་ཁོང་སྟོང་གི་སྐབས་མེད་པ་དང་བོངས་མཉམ་པ་ཁོ་ན་ཡིན་པའི་ཕྱིར། ཁྱབ་པ་ནི་མ་ཞུགས་པ་ལ་འདྲེས་པ་མེད་ཅིང་མ་འདྲེས་པ་ལ་ཕྱོགས་ཀུན་གྱིས་ཕྲད་པ་མེད་པས་ཁྱབ་ཅེས་པའོ། །རྡུལ་ཕྲན་ཆ་མེད་པ་ཉིད་དུ་འདོད་པ་ལའང་ཕྱོགས་གཅིག་གིས་ཕྲད་པ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ཏེ། དེ་ལྟར་ན་ཕྲད་མ་ཕྲད་ཀྱི་ཆ་གཉིས་སུ་འགྱུར་བས་སོ། །ཕྲད་པ་དང་ཆ་མེད་པར་ཡང་གནས་པ་དེ་ལྟ་བུ་གལ་ཏེ་མཐོང་ན་བསྟན་པར་གྱིས་ཏེ་བསྟན་པར་མི་ནུས་སོ། །གཉིས་པ་ནི། རྣམ་ཤེས་ལ་ནི་ཆོས་ཅན། ཕྲད་པ་འཐད་པ་མ་ཡིན་པ་ཉིད་དུ་ཐལ། ལུས་ཏེ་གཟུགས་མེད་པའི་ཕྱིར་རོ། །དེ་ལ་གཟུགས་ཅན་གྱི་ཕྲད་པ་མེད་ཀྱང་འབྲས་བུ་བསྐྱེད་པ་ལ་ཚོགས་པ་ཙམ་ཡོད་དོ་ཞེ་ན། མི་རིགས་ཏེ། ཚོགས་པའང་བདེན་པའི་དངོས་པོར་མེད་པའི་ཕྱིར་ཏེ་སྔར། རྒྱུད་དང་ཚོགས་ཞེས་བྱ་བ་ནི། ཞེས་པར་ཇི་ལྟར་རྣམ་པར་དཔྱད་པ་བཞིན་ནོ། །གསུམ་པ་ནི། འདི་ལྟར་རྒྱུ་རེག་པ་ཡོད་པ་མིན་ན་འབྲས་བུ་ཚོར་བ་གང་ལས་འབྱུང་བར་འགྱུར་ཏེ། དེས་ན་ཚོར་བ་བདེ་བ་ཐོབ་པའི་དོན་དུ་ངལ་བ་བྱེད་པ་འདི་ཅིའི་དོན་དུ་ཡིན་ཞིང་ཚོར་བ་སྡུག་བསྔལ་གང་གིས་རྒྱུད་གང་ལ་གནོད་པར་འགྱུར་ཏེ་ཐོབ་བྱ་དང་གནོད་བྱེད་མེད་དོ། །གང་གི་ཚེ་ཚོར་བ་པོའི་བདག་འགའ་ཡང་མེད་ཅིང་ཚོར་བ་ཉིད་ཀྱང་ཡོད་པ་མ་ཡིན་པའི་གནས་སྐབས་འདི་མཐོང་ནས་དེའི་ཚེ་ཚོར་བ་བདེ་སྡུག་ལ་འཐོབ་པ་དང་འབྲལ་བར་སྲེད་པ་ཅིའི་ཕྱིར་ལྡོག་པར་མི་འགྱུར་ཏེ་འགྱུར་རོ། །གསུམ་པ་ནི། མཐོང་བའམ་རེག་པའི་བར་ཡུལ་ལྔ་པོ་དེ་ཡང་སྣང་ཡང་མི་བདེན་པས་རྨི་ལམ་དང་སྒྱུ་མ་འདྲ་བའི་བདག་ཉིད་ཡིན་པ་ཉིད་ཀྱིས་དེ་དག་གི་ཡུལ་ཅན་ཚོར་བ་བདེན་པ་མེད་དོ། །བཞི་པ་ནི། ཚོར་བ་ནི་རང་དང་ལྷན་ཅིག་ཏུ་སྐྱེས་པའི་སེམས་དེ་ཡིས་མཐོང་བ་མ་ཡིན་ཏེ། སེམས་དེ་དང་ལྷན་གཅིག་སྟེ་དུས་གཅིག་ཏུ་སྐྱེས་པས་འབྲེལ་བ་མེད་པའི་ཕྱིར་རོ། །ཚོར་བའི་སྔ་མ་དང་ཕྱིར་མར་སྐྱེས་པས་ཀྱང་དེ་དྲན་པ་དང་དེ་ལ་འདུན་པར་འགྱུར་གྱི་མྱོང་བ་ནི་མ་ཡིན་ཏེ། དེ་དག་གི་ཚེ་ཚོར་བ་མ་སྐྱེས་པས་དང་འགགས་པས་སོ། །མྱང་བྱ་དང་མྱོང་བྱེད་གཉིས་མེད་པས་རང་གིས་བདག་ཉིད་མྱོང་བ་མིན་ལ། དུས་གསུམ་དུ་བརྟགས་ན་གཞན་དག་གིས་ཀྱང་མྱོང་བར་རིགས་པ་མ་ཡིན་པས་ཚོར་བ་པོ་འགའ་ཡང་ཡོད་པ་མིན་ཏེ། དེས་ན་ཚོར་བ་ཡང་དེ་ཉིད་དུ་ཡོད་པ་མ་ཡིན་ནོ། །དེ་ལྟར་བདག་མེད་པའི་ཕུང་པོའི་ཚོགས་འདི་ལ་ཚོར་བ་བདེ་བས་ཕན་པ་དང་སྡུག་བསྔལ་འདི་ཡིས་ཅི་སྟེ་གནོད་པར་བྱ་སྟེ་ཕན་བྱེད་གནོད་བྱེད་དུ་མ་གྲུབ་པས་སོ། །གསུམ་པ་སེམས་དྲན་པ་ཉེ་བར་གཞག་པ་ལ་གཉིས་ཏེ། ཡིད་ཀྱི་དང་། སྒོ་ལྔའི་རྣམ་ཤེས་མ་གྲུབ་པའོ། །དང་པོ་ནི། ཡིད་ཀྱི་རྣམ་ཤེས་ནི་མིག་ལ་སོགས་པའི་དབང་པོ་རྣམས་ལ་མི་གནས་ཤིང་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཡང་གནས་པ་མིན་ཏེ། དབང་ཡུལ་དེ་དག་ཡོད་ཀྱང་རེས་མི་སྐྱེ་བས་སོ། །བར་ཏེ་གཞན་ནའང་ཡོད་པ་མིན་ཏེ་མ་དམིགས་པས་སོ། །ལུས་ཀྱི་ནང་ན་སེམས་ཡོད་པ་མིན་ལ་ཕྱི་ནའང་མིན་ཞིང་། དེ་ལས་གཞན་དུ་ཡང་སེམས་དེ་རྙེད་པ་མ་ཡིན་ལ། གང་ཞིག་ལུས་ཉིད་ཀྱང་མིན་ལ་དེ་ལས་གཞན་དུའང་བདེན་པ་མིན་ཞིང་ལུས་དང་འདྲེས་པ་མིན་ལ། ལུས་ལས་ལོགས་སུ་འགར་ཡང་མེད་པའི་ཡིད་དེ་ནི་ཅུང་ཟད་ཀྱང་བདེན་པར་ཡོད་པ་མིན་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་ན་ཡང་མེད་ཅིང་མི་དམིགས་སོ། །འོད་སྲུང་སེམས་དེ་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པའོ། །འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་སེམས་ཅན་གདོད་མ་ནས་མྱ་ངན་ལས་འདས་པ་ཡིན་ནོ། །གཉིས་པ་ནི། ཡིད་ཤེས་དེ་ལྟ་ནའང་སྒོ་ལྔའི་རྣམ་ཤེས་ཡུལ་ལྔ་འཛིན་བྱེད་དུ་བདེན་ནོ་ཞེ་ན། འོ་ན་དེའི་ཡུལ་ལྔའི་སྔར་རམ་དུས་མཉམ་མམ་ཕྱིས་ཡོད་ཅེས་བརྟགས་ནས། ཤེས་བྱ་ཡུལ་ལྔ་ལས་སྔར་སྒོ་ལྔའི་ཤེས་པ་ཡོད་དོ་ཞེ་ན། ཤེས་པ་དེ་ཡུལ་ཅི་ལ་དམིགས་ནས་སྐྱེ་སྟེ། དེའི་ཚེ་ཡུལ་མ་སྐྱེས་ནས་མེད་པས་སོ། །འོན་ཏེ་ཤེས་པ་དང་ཤེས་བྱ་ལྷན་ཅིག་སྟེ་དུས་མཉམ་ན་ཡང་དེ་ཡུལ་ཅི་ལ་དམིགས་ནས་སྐྱེ་སྟེ། དེ་མ་སྐྱེས་པ་ན་ཡུལ་ཡང་མ་སྐྱེས་ཤིང་སྐྱེས་པ་ན་ཡུལ་གྱིས་བསྐྱེད་མི་དགོས་པས་སོ། །འོན་ཏེ་ཤེས་བྱའི་ཕྱིས་ཤེས་པ་ཡོད་ན་དེའི་ཚེ་ཤེས་པ་ཡུལ་གང་ལས་སྐྱེ་སྟེ་ཡུལ་འགགས་ནས་མེད་པས་སོ། །བཞི་པ་ཆོས་དྲན་པ་ཉེ་བར་གཞག་པ་ལ་གཉིས་ལས། དང་པོ་ཆོས་ཐམས་ཅད་སྐྱེ་མེད་དུ་གྲུབ་ཚུལ་ནི། དེ་ལྟར་སྔ་ཕྱི་དུས་མཉམ་གང་ལས་ཀྱང་མི་སྐྱེ་བའི་རིགས་པ་འདིས་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་བདེན་པར་རྟོགས་པར་འགྱུར་བ་མ་ཡིན་ནོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས་ལས། དང་པོ་ཀུན་རྫོབ་མེད་པར་ཐལ་བ་སྤང་བ་ལ་གཉིས་ལས། རྩོད་པ་ནི། གལ་ཏེ་དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་ན་སྐྱེ་འཇིག་ཅན་གྱི་ཀུན་རྫོབ་མེད་པས་དབུ་མ་པ་དེའི་ལུགས་ལ་བདེ་གཉིས་ག་ལ་ཡོད་དེ་མེད་པར་འགྱུར་ལ། གལ་ཏེ་ཆོས་ཐམས་ཅད་སྐྱེ་འཇིག་མེད་པ་དེ་ལྟར་ན་ཀུན་རྫོབ་གཞན་འཁྲུལ་པའི་བློ་ཅན་ཀྱིས་སྐྱེ་འཇིག་ཅན་དུ་བཏགས་པ་ཙམ་གྱིས་འཇོག་ན་ནི་སེམས་ཅན་མྱ་ངན་ལས་ག་ལ་འདའ་སྟེ་མི་འདའ་བར་འགྱུར་ཏེ། ཁ་ཅིག་མྱ་ངན་ལས་འདས་ཀྱང་གཞན་གྱིས་སྐྱེ་འཇིག་ཅན་དུ་བཏགས་པས་ཀུན་རྫོབ་ཏུ་འགྱུར་བས་སོ་ཞེ་ན། དེའི་ལན་ནི། དོན་ལ་སྐྱེ་མེད་ཡིན་ཡང་དེ་མ་རྟོགས་པས་སྐྱེ་འཇིག་ཅན་དུ་རྟོག་ཅིང་བློས་ཡུལ་དུ་བྱས་པ་དེ་ལ་ལྟོས་ཏེ་ཀུན་རྫོབ་ཏུ་འཇོག་པས་དེ་མེད་པར་མི་འགྱུར་ལ། དེས་མྱང་འདས་མེད་པར་མི་འགྱུར་ཏེ། གཞན་གྱིས་འཁྲུལ་པས་གཞན་ཀུན་རྫོབ་ཏུ་མི་འགྱུར་ལ། འཁྲུལ་རྟོག་འདི་ནི་མྱ་ངན་ལས་འདས་པ་ལས་གཞནཔའི་སེམས་ཀྱི་རྣམ་རྟོག་སྟེ། དེ་ནི་མྱ་ངན་ལས་འདས་པ་རང་གི་ཀུན་རྫོབ་སྟེ་འཁྲུལ་རྟོག་མིན་པའི་ཕྱིར་རོ། །ཕྱིས་མྱང་འདས་ཀྱི་ཚེ་འཁྲུལ་རྟོག་ཡོད་པར་ངེས་ན་དེ་ལ་ཡང་ཀུན་རྫོབ་དེ་ཡོད་པ་ཡིན་ཏེ། འཁྲུལ་རྟོག་དེ་ཡོད་པ་མིན་པ་དེས་ན་ཀུན་རྫོབ་མེད་པ་ཉིད་དོ། །འགྲེལ་ཆེན་ལས། ཆོས་རྣམས་ལས་ཆོས་རྣམས་སྐྱེ་བ་ནི་ཕྱིས་ནས་འབྱུང་ཞིང་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་ཕྱིས་ནས་ངེས་པའི་ཆོས་གལ་ཏེ་ཡོད་པ་ཡིན་ན་དེའི་ཚེ་ཀུན་རྫོབ་ཡོད་པ་ཡིན་ནོ་ཞེས་འབྱུང་བས་མྱ་ངན་ལས་འདས་པ་ན་གཅིག་གིས་ཕྱིས་གཅིག་སྐྱེ་བར་ངེས་པ་དེ་ཡོད་ན་ཞེས་པར་བཤད་ཀྱང་རུང་སྙམ་མོ། །གཉིས་པ་རྣམ་དཔྱོད་མི་འཐད་པ་སྤང་བ་ལ་གཉིས་ལས། དང་པོ་རྩོད་པ་ནི། རྟོག་བྱེད་བློ་དང་བརྟག་བྱ་ཡུལ་གཉིས་པོ་ཕན་ཚུན་བརྟེན་པ་ཡིན་པས་ཡུལ་མ་གྲུབ་ན་བློ་ཡང་མེད་པས་རྣམ་དཔྱོད་མི་འཐད་དོ་ཞེ་ན། གཉིས་པ་ལ་གསུམ་ལས། དང་པོ་དཔྱོད་བྱེད་བདེན་པ་མི་དགོས་པ་ནི། ཡུལ་བདེན་པ་མེད་པས་བློ་ཡང་བདེན་པ་མེད་མོད་ཀྱི་རྣམ་དབྱོད་མི་འཐད་པར་མི་འགྱུར་ཏེ། ཇི་ལྟར་རྣམ་པར་དཔྱོད་པ་ཐམས་ཅད་ནི་ཐ་སྙད་པའི་ཤེས་པ་འཇིག་རྟེན་པ་ལ་གྲགས་པའི་རིགས་པ་ལ་བརྟེན་ནས་བརྗོད་པའི་ཕྱིར་རོ། །གཉིས་པ་དགོས་ན་ཧ་ཅང་ཐལ་བ་ནི། གང་གི་ཚེ་རྣམ་པར་དཔྱོད་ཅིང་བདེན་པར་གྲུབ་པའི་རྣམ་དཔྱོད་ཀྱིས་དཔྱོད་པར་བྱེད་དགོས་ན་དེའི་ཚེ་རྣམ་དཔྱོད་དེ་ཡང་རྣམ་དཔྱོད་གཞན་གྱིས་དཔྱོད་དགོས་པའི་ཕྱིར་ན་ཐུག་མེད་དུ་འགྱུར་བས་རྩ་བའི་དཔྱད་བྱ་མ་ངེས་པར་འགྱུར་རོ། །གསུམ་པ་མ་དཔྱད་ཀྱང་སྟོང་པར་གྲུབ་པ་ནི། དཔྱད་པའི་ཡུལ་རྣམ་པར་དཔྱོད་པར་བྱས་ཏེ་སྟོང་པར་གྲུབ་ན་རྣམ་དཔྱོད་ཀྱི་བློ་ལ་ནི་མ་དཔྱད་ཀྱང་རྟེན་ཡུལ་ཡོད་པ་མིན་ལ། རྟེན་ཏེ་ཡུལ་མེད་པའི་ཕྱིར་ན་དེ་མི་སྐྱེ་སྟེ་ཡུལ་ཤེས་གཉིས་ཀ་སྐྱེ་མེད་དུ་ཞི་བ་དེ་ཡང་མྱ་ངན་ལས་འདས་པ་ཡིན་པར། དམིགས་པ་མེད་པར་རབ་ཏུ་ཞི། ཞེས་སྔར་བརྗོད་པ་ཡིན་ནོ། །གསུམ་པ་སྤང་བྱ་དངོས་པོར་འཛིན་པ་དགག་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང་། སྒྲུབ་བྱེད་དགག་པ་དང་། གནོད་བྱེད་བརྗོད་པའོ། །དང་པོ་ནི། དངོས་སྨྲ་བ་གང་གི་ལྟར་ན་ཡུལ་ཤེས་འདི་གཉིས་བདེན་པར་འདོད་པར་དེ་ཉིད་ཤིན་ཏུ་དཀའ་བར་གནས་ཏེ། སྒྲུབ་བྱེད་མེད་ལ་གནོད་བྱེད་ཡོད་པས་སོ། །གཉིས་པ་ལ་གཉིས་ལས། དང་པོ་ཕན་ཚུན་བརྟེན་པས་མི་འགྲུབ་པ་ནི། གལ་ཏེ་ཤེས་པའི་དབང་པོ་བདེན་པ་ལས་དོན་བདེན་པར་འགྲུབ་བོ་ཞེ་ན། ཤེས་པ་བདེན་པར་ཡོད་པ་ཉིད་ལ་བརྟེན་ནམ་སྒྲུབ་བྱེད་ཅི་ཞིག་ཡོད། འོན་ཏེ་ཤེས་བྱ་ལས་ཤེས་པ་གྲུབ་བོ་ཞེ་ན། ཤེས་བྱ་ཡོད་པ་ལ་རྟེན་ཅི་ཡོད། ཕན་ཚུན་གཅིག་གིས་དབང་གིས་གཅིག་ཡོད་ན། དེའི་ཚེ་གཅིག་མ་གྲུབ་པར་གཅིག་མི་འགྲུབ་པས་གཉིས་ཀ་ཡང་མེད་པར་འགྱུར་ཏེ། དཔེར་ན་གལ་ཏེ་བུ་མེད་ན་ནི་ཕ་གྲུབ་པ་མིན་ལ་ཕ་མ་གྲུབ་ནའང་བུ་ཉིད་གང་ལས་བྱུང་བ་ཡིན། དེ་ལྟ་བུ་མེད་པར་ཕ་དང་ཕ་མེད་པར་བུ་མེད་པས་མཐའ་གཉིས་ཀ་མེད་པ་དེ་བཞིན་དུ་ཡུལ་ཤེས་དེ་གཉིས་ཀྱང་མེད་པ་ཉིད་དོ། །གཉིས་པ་ཉེས་སྤོང་གི་ལན་དགག་པ་ནི། གལ་ཏེ་ལྟོས་ཀྱང་འགྲུབ་པ་མི་འགལ་ཏེ། དཔེར་ན་མྱུ་གུ་ས་བོན་ལས་སྐྱེ་བས་དེ་ལ་ལྟོས་ཀྱང་ས་བོན་ཡོད་པར་མྱུ་གུ་དེ་ཉིད་ཀྱིས་རྟོགས་པ་བཞིན་དུ་ཤེས་བྱ་ལས་སྐྱེས་པའི་ཤེས་པ་ཡིས་ཤེས་བྱ་དེ་ཡོད་པར་ནི་ཅིས་མི་རྟོགས་ཤེ་ན། མི་མཚུངས་ཏེ། མྱུ་གུ་ནི་དེ་ཉིད་ལས་གཞན་ཤེས་པ་ཡིས་མཐོང་ནས་ས་བོན་ཡོད་ཅེས་རྟོགས་པར་འགྱུར་ན། གང་གི་ཕྱིར་ཤེས་བྱ་བདེན་པར་ཡོད་པ་རྟོགས་བྱེད་ཤེས་པ་བདེན་པར་ཡོད་པ་ཉིད་གང་ལས་རྟོགས་ཏེ་རྟོགས་བྱེད་མེད་པས་སོ། །གསུམ་པ་ལ་གསུམ་སྟེ། རྒྱུ་ཕྱོགས་ནས་དང་། འབྲས་ཕྱོགས་ནས་སྟོང་པར་སྒྲུབ་པ་དང་། གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ་གཉིིས་ཏེ། ཡང་དག་པར་མ་སྐྱེས་པ་དང་། ཐ་སྙད་དུ་རྒྱུ་ལས་སྐྱེས་པ་སྟོང་པར་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་མེད་དང་། རྒྱུ་རྟག་པ་ལས་སྐྱེས་པ་དགག་པ་དང་། དོན་བསྡུ་བའོ། །དང་པོ་ནི། རྒྱང་འཕེན་པ་དང་སྤྱོད་པ་བ་དག །ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟེང་རིང་རྣོ་བ་དང་། །རྨ་བྱའི་མདོངས་ལེགས་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་རང་གི་ངོ་བོས་བྱུང་། །ཞེས་དངོས་པོ་རྣམས་རྒྱུ་མེད་ལས་སྐྱེ་བར་འདོད་པ་འགོག་པ་ནི། རེ་ཞིག་འཇིག་རྟེན་གྱི་མངོན་སུམ་གྱིས་ཀྱང་འབྲས་བུ་དེ་རང་གི་རྒྱུ་རྣམས་ཐམས་ཅད་ཚོགས་པ་ལས་སྐྱེ་བ་མཐོང་བ་ཡིན་ལ། རྗེས་དཔག་སོགས་ཀྱིས་ཀྱང་གྲུབ་པས་འདི་ལྟར་པདྨའི་སྡོང་བུ་ལ་སོགས་པ་འབྲས་བུ་ཐ་དད་ཀྱི་དབྱེ་བ་ནི་རྒྱུ་ཐ་དད་ཀྱི་དབྱེ་བས་བསྐྱེད་པ་ཡིན་ལ། རྒྱུའི་དབྱེ་བ་དེ་གང་གིས་བྱས་ཤེ་ན་སྔར་གྱི་རྒྱུའི་དབྱེ་བ་ཉིད་ལས་སོ། །རྒྱུ་ཐ་དད་ཀྱིས་འབྲས་བུ་ཐ་དད་བསྐྱེད་པར་ནུས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སྔར་གྱི་རྒྱུའི་མཐུ་ཉིད་ལས་དེ་ལྟར་སྐྱེས་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། དབང་ཕྱུག་དང་། རྡུལ་ཕྲན་དང་། གཙོ་བོ་ལས་སྐྱེས་པ་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་དབང་ཕྱུག་མ་གྲུབ་པ་ནི། རིགས་པ་ཅན་དང་བྱེ་བྲག་པ་དག་དབང་ཕྱུག་ཅེས་པ་ལྷར་གཏོགས་པ། གཙང་ཞིང་མཆོད་པར་འོས་པ། རྟག་པ་གཅིག་པུ། ཀུན་གྱི་བྱེད་པ་པོ་ཡིན་སྟེ། ཆོས་ལྔ་ལྡན་ཞིག་འགྲོ་བ་ཀུན་གྱི་རྒྱུ་ཡིན་པར་འདོད་ན་རེ་ཞིག་དབང་ཕྱུག་དེ་གང་ཡིན་སྨྲོས་ཞེས་དྲིས་པ་ན། འབྱུང་བ་ཆེན་པོ་རྣམས་ཡིན་ནོ་ཞེ་ན། དེ་དག་འབྱུང་འགྱུར་གྱི་རྒྱུ་ཡིན་པ་དེ་ལྟ་མོད། དེ་དག་ལ་དབང་ཕྱུག་ཏུ་འདོགས་ན་མིང་ཙམ་ལ་ཡང་ཅི་ཞིག་ངལ་ཏེ་མི་རྩོད་མོད་ཀྱི། འོན་ཀྱང་ཁྱོད་རང་འདོད་པའི་མཚན་ཉིད་ནི་མེད་དེ། ས་ལ་སོགས་པ་འབྱུང་བ་ཆེན་པོ་རྣམས་ནི་དུ་མ་དང་། མི་རྟག་པ་དང་། གཡོ་བའི་སེམས་མེད་པ་དང་། ལྷ་མིན་ཞིང་འགོམ་པར་བྱ་བ་ཉིད་དང་། མི་གཙང་བ་དང་བཅས་པས་དེ་ནི་དབང་ཕྱུག་ཉིད་མ་ཡིན་ལ། ནམ་མཁའ་དབང་ཕྱུག་མིན་ཏེ། གཡོ་བ་མེད་པའི་ཕྱིར། བདག་ཀྱང་དེ་མིན་ཏེ། བདག་སྔར་བཀག་ཟིན་པའི་ཕྱིར། བྱེད་པོ་དབང་ཕྱུག་དེ་ཡང་བསམ་པར་ནུས་པ་མིན་ན་བསམ་བྱ་མིན་པ་དེ་བྱེད་པོར་བརྗོད་པས་ཅི་ཞིག་བྱ་སྟེ་དོན་མེད་དོ། །གཉིས་པ་དེ་ཡིས་བསྐྱེད་པ་མེད་པ་ནི། དབང་ཕྱུག་དེས་བསྐྱེད་པར་འདོད་པའི་འབྲས་བུ་གང་ཞིག་ཡིན་ཞེས་དྲིས་པ་ན། བདག་དང་ས་སོགས་ཀྱི་རྡུལ་དང་དབང་ཕྱུག་ཉིད་ཀྱི་རིགས་རྒྱུན་ཕྱི་མ་ཡིན་ནོ་ཞེ་ན། དེ་དག་གི་ངོ་བོ་རྟག་པར་འདོད་པ་མིན་ནམ་སྟེ་ཡིན་པས་བསྐྱེད་བྱར་འགལ་ལོ། །ཤེས་པ་ཡང་དོན་གྱི་རྣམ་པ་ཅན་དུ་ཤེས་བྱ་ལས་སྐྱེས་ལ་རིག་ཙམ་དུ་ཐོག་མ་མེད་པ་ཅན་གྱི་རིག་པ་སྔ་མ་སྔ་མ་ལས་སྐྱེས་ཤིང་། བདེ་སྡུག་ནི་ལས་དགེ་མི་དགེ་ལས་སྐྱེས་པ་ཡིན་པས་དབང་ཕྱུག་དེ་ཡིས་འབྲས་བུ་གང་ཞིག་སྐྱེས་པ་སྨྲོས་ཤིག །གསུམ་པ་དེ་སྐྱེད་བྱེད་དུ་མི་རུང་བ་ལ་གཉིས་ལས། དང་པོ་ཐལ་བ་བརྗོད་པ་ནི། རྒྱུ་དབང་ཕྱུག་འབྲས་བུ་སྐྱེད་བྱེད་རྟག་པ་དེ་ལ་ཐོག་མ་ཡོད་པ་མིན་ན་དེའི་འབྲས་བུ་བདེ་སོགས་ལ་ཡང་ཐོག་མ་ག་ལ་ཡོད་དེ་མེད་པར་འགྱུར་ཞིང་། དེ་བཞིན་ཐ་མ་ཡང་མེད་པས་བདེ་སྡུག་སོགས་རྟག་ཏུ་ཅིའི་ཕྱིར་ཡོད་མིན་ཏེ་ཡོད་པར་འགྱུར་བ་ལས། དེ་དག་རེས་འགའ་བར་འགྲུབ་པས་གསལ་ལོ། །གཉིས་པ་ཁྱབ་པ་ལ་འཁྲུལ་པ་སྤང་བ་ནི། དབང་ཕྱུག་རྟག་ཀྱང་འབྲས་བུ་བསྐྱེད་པ་རྐྱེན་གཞན་རེ་འགའ་ལ་ལྟོས་པས་འབྲས་བུ་རྟག་ཏུ་བསྐྱེད་པས་མ་ཁྱབ་བོ་ཞེ་ན། དབང་ཕྱུག་དེ་ནི་གཞན་ལ་ལྟོས་པ་མིན་པར་ཐལ་ཏེ། དེས་བྱས་པ་མིན་པས་དངོས་པོ་གཞན་ཡོད་པ་མིན་པས་སོ། །དེས་ན་དེས་འབྲས་བུ་བསྐྱེད་པ་འདི་གང་ལ་ལྟོས་པར་འགྱུར། གལ་ཏེ་རྐྱེན་ཚོགས་པ་ལ་ལྟོས་ན་ཚོགས་པ་དེ་ཉིད་རྒྱུ་ཡིན་པར་འགྱུར་གྱི་དབང་ཕྱུག་རྒྱུ་མིན་པར་ཐལ་ཏེ། རྒྱུ་རྐྱེན་ཚོགས་ན་དབང་ཕྱུག་ལ་འབྲས་བུ་མི་བསྐྱེད་པའི་དབང་མེད་ཅིང་ཚོགས་པ་དེ་མེད་པར་བསྐྱེད་དབང་ཡང་མེད་པས་སོ། །གལ་ཏེ་དབང་ཕྱུག་མི་འདོད་བཞིན་དུ་འབྲས་བུ་སྐྱེད་པར་བྱེད་ན་དེ་གཞན་གྱི་དབང་དུ་ཐལ་བར་འགྱུར་ལ། འདོད་ནས་འབྲས་བུ་བྱེད་ནའང་འབྲས་བུ་བསྐྱེད་པ་འདོད་པ་ལ་རག་ལས་པར་འགྱུར། རག་ལས་ནས་འབྲས་བུ་བྱེད་ན་དབང་ཕྱུག་ག་ལ་ཡིན་ཏེ་འདོད་པ་མི་རྟག་པ་དེའི་གཞན་དབང་ཅན་ཡིན་པས་སོ། །གཉིས་པ་ནི། བྱེ་བྲག་པ་གང་དག་རྡུལ་ཕྲན་རྟག་པས་སྣོད་བཅུད་ཐམས་ཅད་བསྐྱེད་པར་འདོད་པ་དེ་དག་ཀྱང་མི་རིགས་ཏེ། རྡུལ་ཕྲན་རྟག་པ་ནི་སྔར། རྡུལ་དེ་ཡང་ཕྱོགས་ཆའི་དབྱེ་བ་ཡིས། ཞེས་པས་བཟློག་ཟིན་པས་སོ། །གསུམ་པ་ལ་གཉིས་ཏེ། འདོད་པ་དགོད་པ་དང་། དེ་དགག་པའོ། །དང་པོ་ནི། གྲངས་ཅན་པ་དག་ཤེས་བྱ་ཐམས་ཅད་བདག་རིག་པ་དང་གཙོ་བོ་བེམས་པོ་གཉིས་སུ་འདུས་པ་ལས་བདག་ནི་སྔར་ལྟར་ཆོས་ལྔ་ལྡན་ཏེ་རྒྱུ་འབྲས་གང་ཡང་མ་ཡིན་ལ། གཙོ་བོ་རྟག་པ་གཅིག་པུ་བེམས་པོ་སུས་ཀྱང་མི་མཐོང་བ་ཀུན་གྱི་བྱེད་པ་པོ་ཡིན་པ་སྟེ་ཆོས་ལྔ་ལྡན་ཞིག་འགྲོ་བའི་རྒྱུ་ཡིན་པར་འདོད་ལ། དེའི་ངོ་བོ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བའི་མིང་ཅན་བདེ་སྡུག་བཏང་སྙོམས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པར་གནས་པ་སྟེ། དེའི་རང་བཞིན་རྒྱུའི་གཙོ་བོ་ཞེས་བྱ་བར་བརྗོད་ཅིང་། དེ་རྣམས་ཆ་མི་མཉམ་པ་ལས་རྣམ་འགྱུར་ཏེ། དེ་ཡང་ཐོག་མར་ཆེན་པོ་ཞེས་བྱ་བ་ཤེལ་ལྟར་དྭངས་པ་འབྱུང་ཞིང་། དེ་ལ་ནང་ནས་སྐྱེས་བུ་དང་། ཕྱི་ནས་ཡུལ་གྱི་གཟུགས་བརྙན་འཆར་བས་དེ་གཉིས་འདྲེས་པ་ལས་སྐྱེས་བུས་ཡུལ་ལ་ལོངས་སྤྱོད་པའི་ཐ་སྙད་བྱེད་དོ། །དེ་ནས་ང་རྒྱལ་དང་། དེ་ལས་མིག་ལ་སོགས་པའི་བློའི་དབང་པོ་ལྔ་དང་། ཁ་དང་། རྐང་པ་དང་། ལག་པ་དང་། གཤང་གཅིའི་ལམ་གཉིས་ཏེ་ལས་ཀྱི་དབང་པོ་ལྔ་དང་། ཐུན་མོང་དུ་ཡིད་དེ་དབང་པོ་བཅུ་གཅིག་དང་། སྒྲ་དང་། རེག་བྱ་དང་། རོ་དང་། གཟུགས་དང་། དྲི་སྟེ་དེ་ཙམ་ལྔ་དང་བཅས་པས་ཚོགས་པ་བཅུ་དྲུག་འབྱུང་ཞིང་། དེ་ཙམ་ལྔ་ལས་རིམ་པ་ལྟར་ནམ་མཁའ་དང་། རླུང་དང་། མེ་དང་། ཆུ་དང་། ས་སྟེང་བྱུང་བ་ལྔ་འབྱུང་སྟེ། ཉི་ཤུ་རྩ་གཉིས་པོ་དེ་དག་ནི་འབྲས་བུར་འགྲོ་བ་ཡིན་པར་བརྗོད་དེ། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་གོ། །བཅུ་དྲུག་པོ་ནི་དེ་དག་རྣམས་ལས་ཀྱང་། །དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་འབྱུང་། །ཞེས་སོ། །གཉིས་པ་ལ་བཞི་སྟེ། རང་བཞིན་གཅིག་ཡིན་པ་དང་། བདེ་སོགས་དོན་ཡིན་པ་དང་། དངོས་པོ་རྟག་པ་དང་། སྔར་ཡོད་སྐྱེ་བ་དགག་པའོ། །དང་པོ་ནི། གཙོ་བོ་གཅིག་ཏུ་བདེན་པ་དེ་རང་བཞིན་གསུམ་ཉིད་དུ་བདེན་པར་ཡོད་པ་རིགས་པ་མ་ཡིན་པས་ན་གཙོ་བོ་དེ་ཡོད་པ་མིན་ལ། དེ་བཞིན་དུ་ཡོན་ཏན་ཡང་གསུམ་དུ་བདེན་པ་མིན་ཏེ། གསུམ་པོ་དེ་ཡང་སོ་སོར་རྣམ་པ་གསུམ་གསུམ་དུ་འགྱུར་བའི་ཕྱིར་རོ། །རྟགས་འདི་གསུམ་པོ་དེ་བདག་གཅིག་པའམ་བེམས་པོ་བདེན་པ་གང་ཡིན་ཐམས་ཅད་ཡོན་ཏན་གསུམ་གྱི་བདག་ཉིད་དུ་ཡོད་པར་ཁས་བླངས་པས་གྲུབ་ཅེས་ཟེར་ཏེ། འགྲེལ་ཆེན་ལས་ཕྱི་མ་གསལ་ལོ། །རྒྱུ་ཡོན་ཏན་གསུམ་མེད་ན་འབྲས་བུ་སྒྲ་སོགས་རྣམ་འགྱུར་རྣམས་ཀྱང་ཡོད་པ་ཉིད་ཤིན་ཏུ་རྒྱང་རིང་སྟེ་མི་སྲིད་པར་འགྱུར་རོ། །གཉིས་པ་ནི། གོས་ལ་སོགས་ཏེ་དེ་ཙམ་ལྔ་པོ་ཆོས་ཅན། དེ་ལ་བདེ་སོགས་ངོ་བོ་གཅིག་ཏུ་ཡོད་པ་སྲིད་པ་མ་ཡིན་ཏེ་སེམས་མེད་པས་སོ། །གོས་སོགས་ཀྱི་དངོས་པོ་རྣམས་བདེ་སོགས་ཀྱི་རྒྱུའི་རང་བཞིན་དུ་བདེན་པས་དེ་ལ་བདེ་སོགས་ཡོད་དོ་ཞེ་ན། གོས་སོགས་ཀྱི་དངོས་པོ་རྣམས་ཀྱང་ལུས་དང་མཚུངས་པས་ན་དེ་ལུས་དགག་པར་དཔྱད་པས་བཀག་ཟིན་པ་མིན་ནམ་སྟེ་ཡིན་ལ། གཞན་ཡང་ཁྱོད་ཀྱི་ལུགས་ལ་གོས་སོགས་ཀྱི་རྒྱུ་ཡང་བདེ་སོགས་ཡོན་ཏན་གསུམ་པོ་ཉིད་དུ་འདོད་པ་ཡིན་ན། བདེ་སོགས་དེ་ལས་སྣམ་སོགས་འབྱུང་བ་མེད་ཀྱི་ཀུན་རྫོབ་ཏུ་སྣམ་སོགས་ལས་བདེ་སོགས་འབྱུང་བར་མཐོང་བ་ཡིན་ལ། དཔྱད་ན་རྒྱུ་སྣམ་སོགས་དེ་བདེན་པ་མེད་པའི་ཕྱིར་ན་དེའི་འབྲས་བུ་བདེ་སོགས་བདེན་པ་མེད་དོ། །གསུམ་པ་ནི། བདེ་སོགས་ཆོས་ཅན། རྟག་པ་ཉིད་དུ་ནམ་ཡང་དམིགས་པ་ཡོད་པ་མ་ཡིན་ཏེ། རེས་འགའ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་བདེ་བ་ལ་སོགས་པ་གསལ་བ་རྟག་ཏུ་ཡོད་པ་ཉིད་ཡིན་ན། སྡུག་བསྔལ་སྐྱེས་དུས་ན་ཡང་བདེ་བ་མྱོང་བ་ཅིའི་ཕྱིར་འཛིན་པར་མི་འགྱུར་ཏེ་འགྱུར་བར་ཐལ་ལོ། །སྡུག་བསྔལ་སྐྱེས་དུས་ན་བདེ་བ་དེ་ཉིད་ཕྲ་མོར་གྱུར་པས་མི་མྱོང་ངོ་ཞེ་ན། རྟག་པ་དེ་རེས་རགས་པ་དང་རེས་ཕྲ་བ་ཇི་ལྟར་ཡིན་ཏེ། དེས་ན་རགས་པ་དོར་ནས་ཕྲ་བར་འགྱུར་བས་བདེ་སོགས་ཀྱི་ཕྲ་རགས་དེ་དག་མི་རྟག་པ་ཉིད་དུ་གྲུབ་ལ། དེ་བཞིན་དུ་རྣམ་འགྱུར་སོགས་དངོས་པོ་ཐམས་ཅད་ཀྱང་མི་རྟག་པ་ཉིད་དུ་ཅིས་མི་འདོད་དེ་རིགས་པ་མཚུངས་པས་སོ། །གལ་ཏེ་བདེ་བའི་ཕྲ་རགས་ཀྱི་གནས་སྐབས་མི་རྟག་ཀྱང་བདེ་བའི་རང་བཞིན་རྟག་གོ་ཞེ་ན། བདེ་བའི་རགས་པ་དེ་བདེ་བ་ལས་གཞན་མིན་པས་ན་དེ་མི་རྟག་པས་བདེ་བ་ཡང་གསལ་བར་མི་རྟག་པར་འགྱུར་རོ། །བཞི་པ་ལ་བཞི་ལས། དང་པོ་རང་ལུགས་ཀྱི་ངེས་པ་ནི། གལ་ཏེ་ཅི་ཡང་མེད་པ་ནི་འགའ་ཡང་སྐྱེ་བ་མིན་ཏེ། མེད་པའི་ཕྱིར། བྱེ་མ་ལས་ཏིལ་མར་བཞིན་ནོ་ཞེས་འདོད་ན། གསལ་བ་སྔར་མེད་པ་སྐྱེ་བ་ནི་ཁྱོད་མི་འདོད་ཀྱང་ཁྱོད་ཀྱི་ལུགས་ལའང་གནས་པ་ཉིད་ཡིན་ཏེ། སྔར་མི་གསལ་བ་ཕྱིས་གསལ་བར་སྐྱེ་བར་འདོད་པས་སོ། །གཉིས་པ་ཧ་ཅང་ཐལ་བ་ནི། གལ་ཏེ་རྒྱུ་ལ་འབྲས་བུ་གནས་ན་ཟན་ཟ་བ་དེ་མི་གཙང་བ་ཟ་བར་འགྱུར་ལ། རས་ཀྱི་རིན་གྱིས་རས་བལ་གྱི་ས་བོན་ཉོས་ལ་དེ་བགོ་བར་གྱིས་ཤིག །གསུམ་པ་དེའི་ལན་དགག་པ་ནི། དངོས་པོ་ལ་དེ་ལྟར་གནས་ཀྱང་འཇིག་རྟེན་རྨོངས་པས་ས་བོན་ལ་རས་མ་མཐོང་བས་མི་གོན་ནོ་ཞེ་ན། མ་ཡིན་ཏེ། དེ་ཉིད་ཤེས་པར་འདོད་པའི་སེར་སྐྱ་སོགས་ཀྱིས་ཀྱང་རྣམ་གཞག་ས་བོན་མི་གོན་པར་རས་གོན་པ་དེ་ཉིད་ཡིན་པའི་ཕྱིར་དང་། ཁྱོད་ཉིད་ལུགས་ཀྱི་འབྲས་བུ་དེ་ཉིད་ཤེས་པ་དེ་རྒྱུ་འཇིག་རྟེན་པ་ལ་ཡང་ཡོད་པ་དེས་ས་བོན་ལ་རས་ཅི་སྟེ་མཐོང་བ་མ་ཡིན་ཏེ་མཐོང་བར་འགྱུར་རོ། །འཇིག་རྟེན་པ་ལའང་ཡོད་མོད་ཀྱི་རྒྱུའི་གནས་སྐབས་འཇིག་རྟེན་པའི་བློ་ཐམས་ཅད་ཚད་མ་མིན་པས་མི་རྟོགས་པར་འདོད་ན་ནི་བློ་དེས་འབྲས་བུ་ཉིད་གསལ་བར་མཐོང་བའང་བདེན་པ་མ་ཡིན་པར་འགྱུར་ཏེ། བློ་འཁྲུལ་པའི་ཡུལ་ཡིན་པས་སོ། །བཞི་པ་རང་ལ་གནོད་པ་སྤང་བ་ནི། གལ་ཏེ་དབུ་མ་པའི་ལུགས་ལ་ཡུལ་འཇལ་བྱེད་ཀྱི་ཚད་མ་རྣམས་ཀྱང་ཚད་མ་མིན་ཏེ་འཁྲུལ་པ་ཡིན་ན་དེས་གཞལ་བའི་སྟོང་ཉིད་ཀྱང་བརྫུན་པར་མི་འགྱུར་རམ་སྟེ། འགྱུར་བ་དེའི་ཕྱིར་དེ་ཉིད་དུ་སྟོང་པ་ཉིད་སྒོམ་པའང་མི་འཐད་པར་འགྱུར་རོ་ཞེ་ན། བློས་བཏགས་པའི་དངོས་པོ་ལ་མ་རེག་སྟེ་དེ་ཡུལ་དུ་མ་བྱས་པར་དེའི་དངོས་པོ་མེད་པ་བློས་འཛིན་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་མ་བཟུང་བས་དེ་ཤི་བ་མི་འཛིན་པ་བཞིན་ནོ། །དངོས་མེད་དངོས་ལ་ལྟོས་པ་དེའི་ཕྱིར་དགག་བྱ་བརྫུན་པའི་དངོས་པོ་གང་ཡིན་པ་དེ་བཀག་པའི་དངོས་མེད་གསལ་བར་བརྫུན་ནོ། །འོན་ཀྱང་སྟོང་པ་ཉིད་སྒོམ་པ་འཐད་དེ། བདེན་འཛིན་གྱི་གཉེན་པོ་བྱེད་པའི་ཕྱིར་ཏེ་དེས་ན་དཔེར་ན་རྨི་ལམ་དུ་བུ་ཤི་བ་རྨི་བ་ལ་བུ་དེ་མེད་སྙམ་པའི་རྣམ་རྟོག་ནི་བུ་དེ་ཡོད་པར་རྣམ་པར་རྟོག་པའི་གེགས་ཡིན་ལ། མེད་འཛིན་དེ་ཡང་བརྫུན་པ་ཡིན་ཡང་ཡོད་འཛིན་དེ་སྤོང་ནུས་པ་བཞིན་ནོ། །གསུམ་པ་ནི། དེ་བས་ན་དེ་ལྟར་རིགས་པས་རྣམ་པར་དཔྱད་ན་དངོས་པོ་འགའ་ཡང་རྒྱུ་མེད་ཡོད་པ་མ་ཡིན་ལ། རྒྱུ་རྐྱེན་སོ་སོ་བའམ་འདུས་པའི་རྐྱེན་རྣམས་ལ་དང་པོ་ནས་གནས་པ་མ་ཡིན་ཞིང་། གཞན་ནས་གསར་དུ་འོངས་བ་ཡང་མ་ཡིན་པས་དང་པོར་སྐྱེས་པ་མ་ཡིན་ལ། དེས་ན་བར་དུ་གནས་པ་མ་ཡིན་ཞིང་། ཐ་མར་འགགས་ནས་གཞན་དུ་འགྲོ་བ་ཡང་མ་ཡིན་ནོ། །དཔྱད་ན་མ་གྲུབ་ཅིང་རྨོངས་པས་བདེན་པར་བཟུང་བར་བྱས་པ་གང་ཡིན་པ་འདི་ནི་སྣང་ཡང་མི་བདེན་པས་སྒྱུ་མ་ལས་ནི་ཁྱད་ཅི་ཡོད་དེ་མེད་དོ། །གཉིས་པ་ནི། སྒྱུ་མས་སྤྲུལ་པའི་རྟ་གླང་ལ་སོགས་པ་གང་ཡིན་པ་དང་། རྒྱུ་རྐྱེན་རྣམས་ཀྱིས་གང་སྤྲུལ་པའི་གཟུགས་ལ་སོགས་པ་དེ་ནི་དང་པོ་གང་ནས་འོངས་པར་གྱུར་ཅིང་བར་དུ་གནས་པ་དང་མཐར་གང་དུ་འགྲོ་བ་བརྟག་པར་གྱིས་ཏེ། བརྟགས་ན་འགྲོ་འོང་མེད་པར་མཚུངས་ཏེ། མདོ་ལས། གཟུགས་ནི་གང་ནས་ཀྱང་མི་འོང་གང་དུའང་མི་འགྲོ་གར་ཡང་གནས་པར་འགྱུར་བ་མེད་དོ། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །འབྲས་བུ་གང་ཞིག་གི་རྒྱུ་གང་ནི་ཉེ་བ་ཡིས་མཐོང་བར་འགྱུར་ལ། རྒྱུ་དེ་མེད་ན་མཐོང་བ་མ་ཡིན་པའི་རྒྱུ་རྐྱེན་གྱི་བཅོས་བུ་ཡིན་པས་གཟུགས་བརྙན་དང་མཚུངས་པ་དེ་ལ་བདེན་པ་ཉིད་ག་ལ་ཡོད་དེ། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་མིན། །ཞེས་གསུངས་སོ། །གཉིས་པ་འབྲས་ཕྱོགས་ནས་སྟོང་པར་སྒྲུབ་པ་ལ་གསུམ་སྟེ། མཐའ་གཉིས་ཀྱི་སྐྱེ་བ་དགག་པ་དང་། འགག་པ་དགག་པ་དང་། དེས་ན་སྟོང་པར་སྒྲུབ་པའོ། །དང་པོ་ལ་གཉིས་ལས། དང་པོ་ཡོད་པ་སྐྱེ་བ་དགག་པ་ནི། དངོས་པོ་ཡོད་པར་གྱུར་པ་ལ་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ། གྲུབ་ཟིན་པའི་ཕྱིར་རོ། །གཉིས་པ་མེད་པ་སྐྱེ་བ་དགག་པ་ལ་གཉིས་ལས། དང་པོ་མེད་པ་ཉིད་བསྐྱེད་བྱ་མ་ཡིན་པ་ནི། འོན་ཏེ་དེ་ནི་མེད་ན་ཡང་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ། དེ་འབྲས་བུ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་དངོས་པོར་བསྒྱུར་དུ་མི་རུང་བ་ནི། རྒྱུས་དངོས་མེད་དུ་མི་སྐྱེད་ཀྱང་དེས་དངོས་པོར་སྒྱུར་བར་བྱེད་དོ་ཞེ་ན། མི་འཐད་དེ། བྱེ་བ་ཕྲག་བརྒྱ་རྒྱུ་ཡིས་ཀྱང་དངོས་པོ་མེད་པ་དེ་གཞན་དུ་བསྒྱུར་དུ་མེད་དེ། རྟག་པའི་ཕྱིར་རོ། །གལ་ཏེ་འགྱུར་ན་དངོས་མེད་དང་མ་བྲལ་བའམ་བྲལ་ནས་འགྱུར། དང་པོ་ལྟར་ན་དངོས་མེད་དང་མ་བྲལ་བའི་གནས་སྐབས་དེ་དངོས་པོ་ཇི་ལྟར་ཡིན་ཏེ་མ་ཡིན་ཞིང་། གཉིས་པ་ལྟར་ན་དངོས་མེད་དང་བྲལ་ནས་གཞན་དངོས་པོར་འགྱུར་བའང་གང་ཞིག་ཡིན་ཏེ་མི་སྲིད་དོ། །གཞན་ཡང་དངོས་མེད་ཀྱི་གནས་སྐབས་མ་བཏང་ན་དངོས་པོ་མེད་པའི་ཚེ་དངོས་པོ་ཡོད་པ་སྲིད་པ་མིན་ན་དངོས་པོ་ཡོད་པར་ནམ་ཞིག་འགྱུར། གཞན་ཡང་དངོས་མེད་ཀྱི་གནས་སྐབས་བཏང་ནས་འགྱུར་ན་དངོས་པོ་སྐྱེས་པར་མ་གྱུར་པར་དངོས་པོ་མེད་པ་དང་བྲལ་བར་མི་འགྱུར་ལ། དངོས་པོ་མེད་པ་དང་མ་བྲལ་ན་ཡང་དངོས་པོ་སྐྱེས་ནས་ཡོད་པའི་སྐབས་མི་སྲིད་པས་ཕན་ཚུན་བརྟེན་པའི་ཕྱིར་མཐའ་གཉིས་ཀ་མི་སྲིད་པས་སོ། །གཉིས་པ་ནི། དེ་བཞིན་དུ་དངོས་པོའང་འགགས་ནས་དངོས་པོ་མེད་པར་འགྱུར་བ་མིན་ཏེ། དེའི་ཚེ་ཡང་དངོས་པོ་དང་མ་བྲལ་ན་རང་བཞིན་གཅིག་ཉིད་དངོས་པོ་དང་དངོས་མེད་གཉིས་སུ་ཐལ་བར་འགྱུར་བ་ལས་དེ་མི་སྲིད་པའི་ཕྱིར་དང་། བྲལ་ན་དངོས་པོའི་ཚེ་དེར་བདེན་པར་འགལ་ཏེ། གལ་ཏེ་རང་བཞིན་གྱིས་ཡོད་ན། དེ་ནི་མེད་ཉིད་མི་འགྱུར་ཏེ། །ཞེས་པ་ལྟར་རོ། །གསུམ་པ་ནི། དེ་ལྟར་འགག་པ་ཡོད་མིན་ཞིང་དངོས་པོ་སྐྱེ་བའང་ཡོད་པ་མིན་པ་དེའི་ཕྱིར། འགྲོ་བ་འདི་དག་ཐམས་ཅད་ནི་རྟག་ཏུ་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ཡིན་ནོ། །གསུམ་པ་ནི། འགྲོ་བ་སྣང་ཡང་མི་བདེན་པ་རྨི་ལམ་ལྟ་བུ་སྟེ་རྣམ་པར་དཔྱད་ན་སྙིང་པོ་མེད་པས་ཆུ་ཤིང་དང་འདྲ་བ་ཡིན་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་མི་ཡིས་དེ་གཤེགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ལ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ཡིན་ནོ། །དེས་ན་མྱ་ངན་ལས་འདས་པ་དང་མ་འདས་པ་འཁོར་བའང་དེ་ཉིད་དུ་ནི་ཁྱད་པར་མེད་དེ། མདོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཞེས་གསུངས་སོ། །གསུམ་པ་ཤེས་རབ་ཀྱིས་ཐོབ་པའི་བྱ་བ་ལ་གཉིས་ཏེ། འཇིག་རྟེན་ཆོས་བརྒྱད་ལ་བློ་མཉམ་པར་བྱ་བ་དང་། དེ་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད་པའོ། །དང་པོ་ནི། དེ་ལྟར་སྟོང་པའི་དངོས་པོ་རྣམས་ལ་རྙེད་པ་ཐོབ་པ་ཅི་ཡོད་ཤོར་བ་ཅི་ཡོད། སེམས་ཅན་གང་གིས་བསྟོད་ཅིང་རིམ་གྲོ་བྱས་པའམ་ཡོངས་སུ་བརྙས་པའང་ཅི་ཞིག་ཡོད། ཕན་གནོད་གང་ལས་བདེ་བའམ་སྡུག་བསྔལ་ཡིན། སྙན་མི་སྙན་མི་དགར་ཅི་ཡོད་དགར་ཅི་ཡོད། དེ་ཁོ་ན་ཉིད་དུ་བཙལ་བར་བྱས་ན་ཡུལ་ཅན་གང་ཞིག་སྲེད་ཅིང་ཡུལ་གང་ལ་སྲེད། དཔྱད་ན་གསོན་པའི་འཇིག་རྟེན་འདི་མ་གྲུབ་པས་གང་ཞིག་འདིར་ནི་འཆི་འགྱུར་ཏེ། ཚེ་ཕྱི་མ་འབྱུང་འགྱུར་གང་ཡིན་སྔ་མ་བྱུང་གྱུར་གང་། གཉེན་དང་བཤེས་ཀྱང་གང་ཞིག་ཡིན་ཏེ། དེ་དག་ཐམས་ཅད་ནམ་མཁའ་དང་འདྲ་བར་ཅིར་ཡང་མ་གྲུབ་པར་ཞི་བའི་ལྷ་བདག་དང་འདྲ་བར་གནས་ལུགས་ལ་དཔྱོད་པ་རྣམས་ཀྱིས་གཟུང་བར་གྱིས་ཤིག་ཅེས་པའོ། །གཉིས་པ་ལ་གཉིས་ཏེ། དམིགས་པ་དང་། རྣམ་པའོ། །དང་པོ་ལ་གསུམ་ལས། དང་པོ་ཚེ་འདིར་ཚེགས་ཀྱིས་འཚོ་བ་ནི། བདག་ཉིད་བདེ་བར་འདོད་པ་རྣམས་ནི་འཐད་པ་དང་ཕན་གདགས་པར་སྤྲོ་བའི་རྒྱུ་དག་གིས་ཡིད་རབ་ཏུ་འཁྲུགས་པ་དང་དགའ་བར་བྱེད་ཅིང་། བདེ་བ་མ་ཐོབ་པས་མྱ་ངན་དང་ཐོབ་པའི་དོན་དུ་རང་གི་སྒོ་གསུམ་གྱིས་འབད་རྩོལ་དང་། གཞན་ལ་རྩོད་པ་དང་། བདག་གཞན་ཕན་ཚུན་ལུས་གཅོད་པ་དང་འབིགས་པ་དང་སྡིག་པ་མང་པོ་དག་གིས་ཚེགས་ཆེན་པོས་འཚོ་བར་སྣང་ངོ་། གཉིས་པ་ཕྱི་མར་སྡུག་བསྔལ་བ་ནི། བདེ་འགྲོར་ཡང་དང་ཡང་དུ་འོངས་ནས་བདེ་བ་མང་པོ་སྤྱོད་པར་བྱས་ནས་ཀྱང་ཤི་ནས་ངན་སོང་གི་སྡུག་བསྔལ་ཡུན་རིང་ཞིང་མི་བཟད་པ་རྣམས་སུ་ལྟུང་བར་སྣང་ངོ་། གསུམ་པ་སྲིད་པ་སྤྱིའི་ཉེས་པ་ལ་གསུམ་ལས། དང་པོ་ཐར་པ་དང་འགལ་བ་ནི། སྲིད་པ་ན་ནི་སྡུག་བསྔལ་གྱི་གཡང་ས་མང་ཞིང་དེར་ནི་ཐར་པའི་ཐབས་དེ་ཁོ་ན་ཉིད་རྟོགས་པ་མིན་པར་གཟུགས་སོགས་བདེན་པར་འཛིན་པ་འདི་འདྲ་དང་ལྡན་པའི་སྐབས་དེར་ཡང་སྟོང་ཉིད་རྟོགས་པ་དང་དངོས་པོར་འཛིན་པ་ཕན་ཚུན་འགལ་བས་ན། སྲིད་པ་ན་དེ་ཁོ་ན་ཉིད་རྟོགས་པ་འདི་འདྲ་མེད་པས། དེར་ཡང་དཔེ་མེད་མི་བཟད་པའི་སྡུག་བསྔལ་རྒྱ་མཚོ་མཐའ་ལས་འདས་པ་མྱོང་བར་འགྱུར་རོ། །གཉིས་པ་འགལ་བ་དེ་བཟློག་དཀའ་བ་ནི། དེར་ནི་དེ་ལྟར་སྟོང་ཉིད་མ་རྟོགས་པས་དགེ་བ་སྒྲུབ་པའི་སྟོབས་ཆུང་ཞིང་དེར་ནི་དགེ་བའི་རྟེན་དལ་འབྱོར་གྱི་ཚེ་ཡང་ཐུང་བ་ཉིད་ཡིན་ལ། ཚེ་གནས་དུས་དེར་ཡང་གསོན་པ་དང་ནད་མེད་ཀྱི་ཐབས་སོགས་སྒྲུབ་པར་བྱེད་པ་དང་ངལ་བ་དང་གཉིད་དང་གཞན་གྱིས་འཚེ་བ་དང་། དེ་བཞིན་དུ་བྱིས་པ་དང་འགྲོགས་པ་ལ་སོགས་པ་དོན་མེད་ཀྱི་བྱ་བ་རྣམས་ཀྱིས་ཚེ་འདི་དོན་མེད་དུ་མྱུར་དུ་འདའ་ཞིང་། སྣང་བ་བདེན་མེད་དུ་རྣམ་པར་དཔྱོད་པ་ཤིན་ཏུ་རྙེད་པར་དཀའ་བས་ན། དེར་ཡང་དངོས་པོར་ཞེན་པའི་རྣམ་གཡེང་ཐོག་མེད་ནས་གོམས་པ་དེ་བཟློག་པའི་ཐབས་ནི་ག་ལ་ཡོད། རང་ལ་མཐུན་རྐྱེན་མ་ཚང་བར་མ་ཟད་ཀྱི་གཞན་གྱིས་འགལ་རྐྱེན་བྱེད་པ་ཡང་ཡོད་དེ། དེར་ཡང་ངན་སོང་ཆེན་པོར་ནི་ལྟུང་ཕྱིར་བདུད་ནི་བརྩོན་པར་བྱེད་ཅིང་དེ་ནི་བདུད་ཀྱིས་བསྟན་པ་ལོག་པའི་ལམ་མང་ཞིང་། ཡང་དག་པའི་ལམ་ལ་ཐེ་ཚོམ་ཟ་བ་ལས་ཀྱང་བརྒལ་བར་དཀའ་སྟེ། དེ་དག་གི་སྟོབས་ཀྱིས་སླར་ཡང་དལ་བ་རྙེད་དཀའ་ཞིང་སངས་རྒྱས་འབྱུང་བ་རྙེད་པ་ཤིན་ཏུ་དཀའ་ལ་ཉོན་མོངས་ཆུ་བོ་སྤང་དཀའ་སྟེ། ཨེ་མ་འཁོར་བ་འདི་རྣམས་སྡུག་བསྔལ་བརྒྱུད་མར་མྱོང་བར་འགྱུར་རོ་ཞེས་བརྩེ་བས་སྨྲས་པའོ། །གསུམ་པ་ཕྱིན་ཅི་ལོག་གི་དབང་གིས་སྡུག་བསྔལ་བདེ་བར་འཛིན་པ་ནི། དེ་ལྟར་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་རང་སྡུག་བསྔལ་དང་དེའི་རྒྱུ་ལ་ཞུགས་པ་མ་མཐོང་བ་གང་ཡིན་པའི་སེམས་ཅན་སྡུག་བསྔལ་གྱི་ཆུ་བོར་གནས་པ་འདི་དག་ཀྱི་ཧུད་མྱ་ངན་བྱ་བར་འོས་ཏེ། དཔེར་ན་འགའ་ཞིག་ཡང་ཡང་ཁྲུས་བྱས་ཤིང་ཡང་ཡང་མེར་འཇུག་པའི་སྟོབས་ཀྱིས་དེ་ལྟར་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་། དེ་ལ་བདག་ཉིད་བདེ་བར་རློམ་པ་བཞིན་དུ་སྡུག་བསྔལ་ལ་བདེ་བར་རློམ་པ་ཡིན་པས་སོ། །དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མེད་པ་བཞིན་དུ་སྡུག་བསྔལ་རྒྱུ་དང་བཅས་པ་ལ་སྤྱོད་པས་གནས་པ་རྣམས་ལ་དང་པོ་ཉིད་དུ་འཆི་བདག་གིས་གསོད་པར་བྱས་ནས། དེ་ནས་ངན་སོང་གསུམ་དུ་ལྟུང་བའི་སྡུག་བསྔལ་མི་བཟད་པ་འོང་བས་འདི་དག་སྡུག་བསྔལ་རྒྱུ་འབྲས་འདིས་བཅིངས་སོ། །ཞེས་དགོངས་སོ། །གཉིས་པ་ལ་གཉིས་ལས། བདེ་བར་སྨོན་པ་ནི། དེ་ལྟར་སྡུག་བསྔལ་གྱི་མེས་གདུངས་བ་རྣམས་ལ་བསོད་ནམས་ཀྱི་སྤྲིན་ལས་ལེགས་པར་བྱུང་བའི་རང་གི་བདེ་བའི་ཚོགས་ཀྱི་ཆར་གྱིས་དེ་དག་གི་སྡུག་བསྔལ་དེ་ཞི་བར་བྱེད་པར་ནམ་ཞིག་འགྱུར། གཉིས་པ་ཕན་པའི་རྒྱུར་སྨོན་པ་ནི། ནམ་ཞིག་ཆོས་ཐམས་ཅད་དམིགས་པ་མེད་པར་རྟོགས་པའི་ཤེས་རབ་དང་ལྡན་པའི་ཚུལ་གྱིས་གུས་པས་ཐབས་བསོད་ནམས་ཀྱི་ཚོགས་བསགས་ཏེ་རང་གི་ཚོགས་གཉིས་རྫོགས་ནས་གཞན་དམིགས་པས་ཕུང་བར་འགྱུར་བ་རྣམས་ལ་སྟོང་པ་ཉིད་ནི་སྟོན་པར་འགྱུར་ཞིག་གུ་སྙམ་དུ་དགོངས་པས་སོ། །ལེའུ་དགུ་པ་བཤད་ཟིན་ཏོ།། །།གསུམ་པ་ཐམས་ཅད་མཐར་ཕྱིན་པའི་དོན་ལ་གཉིས་ཏེ། བསོད་ནམས་བསྔོ་བ་དང་། བཀའ་དྲིན་དྲན་པའི་ཕྱག་བྱ་བའོ། །དང་པོ་ལ་གསུམ་སྟེ། གདུལ་བྱ་གཞན་དོན་དང་། རྩོམ་པ་པོ་རང་གི་དོན་དང་། ཐུན་མོང་བསྟན་པའི་དོན་དུ་བསྔོ་བའོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་པ་རྣམས་ཀྱི་ཕན་བདེ་འགྲུབ་པའི་དང་། འཇིག་རྟེན་ལས་འདས་པ་རྣམས་ཀྱི་བཞེད་དོན་འགྲུབ་པའི་རྒྱུར་བསྔོ་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དང་། ཁྱད་པར་དུ་བསྟན་པ་ལ་ཞུགས་པའི་དོན་དུ་བསྔོ་བའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང་། སོ་སོའི་དོན་དུ་དང་། ཐུན་མོང་གི་དོན་དུ་བསྔོ་བའོ། །དང་པོ་ལ་གཉིས་ལས། དང་པོ་ཕན་པའི་དོན་དུ་བསྔོ་བ་ནི། །བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཅེས་པའོ། །གཉིས་པ་བདེ་བའི་དོན་དུ་བསྔོ་བ་ནི། ཕྱོགས་རྣམས་ཀུན་ན་ལུས་དང་སེམས་སྡུག་བསྔལ་བའི་ནད་པ་ཇི་སྙེད་ཡོད་པ་རྣམས་དེ་དག་བདག་གི་བསོད་ནམས་ཀྱིས་བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་སངས་རྒྱས་ཀྱི་བདེ་བ་མ་ཐོབ་ཀྱི་བར་དུ་ནམ་ཡང་བདེ་བ་ལས་ཉམས་པར་མ་གྱུར་ཅིག །འགྲོ་བས། མདོ་སྡེའི་རྒྱན་ལས། བརྟན་པ་བརྩེ་དང་ལྡན་པའི་སྦྱིན་པ་ཡིས། །སྦྱིན་པའི་བདེ་བ་བྱེད་པ་གང་ཡིན་པ། །དེ་ལ་ཁམས་གསུམ་ཉེ་བར་སྤྱོད་རྣམས་ཀྱིས། །བདེ་བ་དེ་ཡི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟ་བུའི། བྱང་ཆུབ་སེམས་དཔའ་ཡི། བདེ་བ་རྒྱུན་མི་ཆད་པར་ཤོག །གཉིས་པ་ལ་གཉིས་ཏེ། ངན་འགྲོ་དང་། བདེ་འགྲོའི་དོན་དུ་བསྔོ་བའོ། །དང་པོ་ལ་གསུམ་སྟེ། དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་ཀྱིས་དོན་དུ་བསྔོ་བའོ། །དང་པོ་ལ་གཉིས་ཏེ། སྡུག་བསྔལ་རང་ཞི་བ་དང་། གཞན་གྱི་མཐུས་ཞི་བར་སྨོན་པའོ། །དང་པོ་ལ་བསྟན་བཤད་གཉིས་ཀྱི། དང་པོ་ནི། འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག །ཅེས་པའོ། །གཉིས་པ་ནི། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། ཨ་ཆུ་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་སྟེ། གྲང་བས་ཉམ་ཐག་པའི་དམྱལ་བ་བརྒྱད་པོ་དེ་དག་གིས་དྲོ་བ་ཐོབ་པར་ཤོག །བྱང་ཆུབ་སེམས་དཔའི་ཚོགས་གཉིས་ཀྱི་སྤྲིན་ཆེན་ལས་བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་སྟེ་ཚ་བས་ཉམ་ཐག་པའི་དམྱལ་བ་བརྒྱད་པོ་དེ་དག་བསིལ་བར་ཤོག །རལ་གྲི་ལོ་མའི་ནགས་ཚལ་ཡང་། དེ་ལ་དགའ་ཚལ་སྡུག་གུར་ཤོག །ཤལ་མ་ལི་ཡི་སྡོང་པོ་དག །དཔག་བསམ་ཤིང་དུ་འཁྲུངས་པར་ཤོག །མཐིང་རིལ་ངུར་པ་དག་དང་ངང་པ་དང་། བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིང་། པདྨ་དྲི་བསུང་ཆེ་ལྡན་མཚོ་དག་གིས། དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག །སོལ་ཕུང་དེ་ཡང་རིན་ཆེན་ཕུང་པོར་གྱུར། ལྕགས་བསྲེགས་ཀྱི་ས་གཞི་ཤེལ་གྱི་ས་གཞི་བསྟར་བར་ཤོག །བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི་གཞལ་མེད་ཁང་དུ་གྱུར་ཏེ་དེ་དག་བདེ་གཤེགས་རྣམས་ཀྱིས་གང་བར་ཤོག །མདག་མ་མེ་དང་རྡོ་བསྲེགས་པ་དང་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། ཕན་ཚུན་གཅིག་ལ་གཅིག་མཚོན་གྱིས་བརྡེག་པ་དེ་ཡང་ནི། དེང་ནས་རྩེད་མོ་རྩེ་བའི་ཕྱིར་མེ་ཏོག་འཕེན་པར་ཤོག །ཆུ་བོ་རབ་མེད་མེ་དང་འདྲ་བའི་ནང་དུ་བྱིང་བ་དག་ཤ་ཀུན་ཚིག་ནས་ཞིག་པར་གྱུར་ཏེ་རུས་གོང་མེ་ཏོག་ཀུནྡའི་མདོག་ལྟར་དཀར་པོར་གྱུར་པ་རྣམས། བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་པར་གནས་པར་ཤོག །གཉིས་པ་ནི། ཅིའི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་ཁྭ་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད། ཀུན་ནས་མུན་བསལ་བདེ་བ་དང་དགའ་བ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། གྱེན་དུ་བལྟས་པས་ནམ་མཁའི་དཀྱིལ་ན་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་གཟི་བརྗིད་འབར་བ་བཞུགས་པ་མཐོང་ནས་རབ་ཏུ་དགའ་ཞིང་དང་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་ཕྱག་ན་རྡོ་རྗེ་དེ་དང་ལྷན་ཅིག་འགྲོགས་པར་ཤོག །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་པ་འབབ་པ་ཡིས་དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་གྱུར་ནས། གློ་བུར་བདེ་བས་ཚིམ་པ་འདི་ཅི་ལས་གྱུར་བསམས་པ་དང་སེམས་དམྱལ་རྣམས་ཀྱིས་དེ་ལྟར་མཛད་པ་པོ་ཕྱག་ན་པདྨ་བསྣམས་པ་སྤྱན་རས་གཟིགས་མཐོང་བར་ཤོག །འགའ་ཞིག་གིས་འཇམ་དབྱངས་མཐོང་ནས་གཞན་རྣམས་ལ་གྲོགས་དག་ཅེས་བོས་ཏེ། འཇིགས་པ་བོར་ལ་རིངས་པར་ཚུར་ཤོག་འུ་བུའི་ཐད་དུ་ནི་གང་གི་མཐུ་ཡིས་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་དགའ་བའི་ཤུགས་ཕྱིན་ལ་འགྲོ་བ་ཀུན་སྐྱོབ་པའི་བྱང་ཆུབ་སེམས་དཔའ་དམྱལ་བའི་སྡུག་བསྔལ་སེལ་ནུས་ཀྱི་འོད་ཟེར་དང་སེལ་བར་བྱེད་པའི་བརྩེ་བ་སྐྱེས་པར་གྱུར་པ་གཞོན་ནུ་ཟུར་ཕུད་ཅན་འབར་བ་འཇམ་དབྱངས་ཀྱིས་འཇིགས་པ་མེད་པར་བྱེད་པས་ན། གཞན་དུ་བྲོས་ཏེ་ཅི་ཞིག་ཕྱིན་ཏེ་ཕྱིན་མི་དགོས་ཀྱི་གྲོགས་པོ་ཁྱེད་རྣམས་ཀྱིས། ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨ་ལ་མཆོད་ཅིང་། ཐུགས་རྗེས་བརླན་པའི་སྤྱན་དང་ལྡན་པའི་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་འབབ་པའི་འཇམ་དབྱངས་ཁང་པ་བརྩེགས་པ་ཡིད་དུ་འོང་བ་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་པའི་ནང་ན་བཞུགས་པ་འདི་ལྟོས་ཞེས་གྲོགས་རྣམས་ལ་དེ་བསྟན་ཏེ། ཐམས་ཅད་ཀྱིས་འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་དགའ་བས་ཀུ་ཅོ་འདོན་པར་ཤོག །དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་པོ་ལ་སོགས་པ་སྟེ་བྱམས་པ་དང་སའི་སྙིང་པོ་དང་ནམ་མཁའི་སྙིང་པོ་དང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལ་སོགས་པ་རྣམས་རང་རང་གི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བའི་སྤྲིན་བདེ་བ་སྟེ་ཡིད་དུ་འོང་བ་དང་བསིལ་ཞིང་དྲི་ཞིམ་དང་ལྡན་ཆར་པ་འབེབས་མཐོང་ནས། སེམས་ཅན་དམྱལ་བ་དེ་དག་མངོན་པར་དགག་གྱུར་ཅིག །གཉིས་པ་ནི། དུད་འགྲོ་རྣམས་ནི་གཅིག་ལ་གཅིག་ཟ་བ་ལ་སོགས་པའི་འཇིགས་པ་དང་བྲལ་བར་གྱུར་ཅིག །གསུམ་པ་ནི། སྒྲ་མི་སྙན་པའི་མི་བཞིན་དུ། ཟས་སྐོམ་མི་རྙེད་པའི་སྡུག་བསྔལ་མེད་པར། ཡི་དྭགས་རྣམས་ནི་བདེ་བར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་གི། ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། ཡི་དྭགས་རྣམས་ནི་ཚིམ་བྱས་ཤིང་། ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །གཉིས་པ་ནི། ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་། འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། སྦྲུམ་མའང་གནོད་མེད་བཙའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང་། བཀྲེས་པ་རྣམས་ཀྱིས་ཟས་དག་དང་། སྐོམ་པ་རྣམས་ཀྱིས་ཆུ་དག་དང་། བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་སོས་ཤིང་། སྡུག་བསྔལ་དང་ཡིད་མི་བདེས་མི་བརྫི་བའི་བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། མྱུར་དུ་ནད་ལས་ཐར་བར་གྱུར། འགྲོ་བའི་ནད་རྣམས་མ་ལུས་པ། རྟག་ཏུ་འབྱུང་བ་མེད་པར་ཤོག །སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ཀྱང་གྲོལ་བར་གྱུར། མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། ཕན་ཚུན་སེམས་ནི་མཉེན་པ་སྟེ་ཕན་སེམས་དང་ལྡན་པར་གྱུར་ཅིག །འགྲོན་པོ་དག་ནི་ཐམས་ཅད་ལ། ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ། དེ་འབད་མི་དགོས་པར་འགྲུབ་པར་ཤོག །གྲུ་དང་གྲུ་ཆེན་ཞུགས་པ་དག །ཡིད་ལ་བསམ་པ་འགྲུབ་གྱུར་ཏེ། ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངན་ལམ་གོལ་འཁྱམས་པ་དག །མགྲོན་པོ་དག་དང་ཕྲད་གྱུར་ཏེ། ཆོམ་རྐུན་སྟག་སོགས་འཇིགས་མེད་པར། མི་ངལ་བདེ་བླག་འདོང་བར་ཤོག །འབྲོག་དགོན་ལ་སོགས་པ་ལམ་མེད་ཅིང་ཉམ་ང་བ། བྱིས་པ་དང་རྒན་པོ་མགོན་མེད་པ་གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས་ལྷ་དག་གིས་སྲུང་བར་བྱེད་པར་ཤོག །མི་དལ་བ་བརྒྱད་པོ་ཀུན་ལས་ཐར་བ་དང་དད་དང་ཤེས་རབ་བརྩེར་ལྡན་ཞིང་། ཁ་ན་མ་ཐོ་བ་མེད་པའི་ཟས་དང་སྤྱོད་པ་ཕུན་སུམ་ཚོགས་ནས་རྟག་ཏུ་ཚེ་རབས་དྲན་གྱུར་ཅིག །འཇིག་རྟེན་ནམ་སེམས་ཅན་ཐམས་ཅད་ནམ་མཁའ་མཛོད་བཞིན་དུ་ལོངས་སྤྱོད་ཆད་པ་མེད་པར་ཤོག །དེ་དག་ཕན་ཚུན་རྩོད་པ་མེད་ཅིང་འཚེ་བ་མེད་པར་རང་དབང་དུ་ནི་སྤྱོད་པར་ཤོག །སེམས་ཅན་གཟི་བརྗིད་ཆུང་ངུ་གང་། དེ་དག་གཟི་བརྗིད་ཆེན་པོར་ཤོག །དཀའ་ཐུབ་ཅན་གང་གཟུགས་ངན་པ། །གཟུགས་བཟང་ཕུན་སུམ་ཚོགས་གྱུར་ཅིག །འཇིག་རྟེན་བུད་མེད་ཇི་སྙེད་པ། དེ་དག་སྐྱེས་པ་ཉིད་གྱུར་ཅིག །མ་རབས་རྣམས་ནི་མཐོ་ཐོབ་ཅིང་། ང་རྒྱལ་དག་ཀྱང་བཅོམ་པར་ཤོག །གསུམ་པ་ལ་གཉིས་ཏེ། ཕན་པ་དང་། བདེ་བའི་རྒྱུར་བསྔོ་བའོ། །དང་པོ་ནི། བདག་གིས་བསོད་ནམས་འདི་ཡིན་ནི། སེམས་ཅན་ཐམས་ཅད་མ་ལུས་པ། སྡིག་པ་ཐམས་ཅད་སྤངས་ནས་ནི། རྟག་ཏུ་དགེ་བ་བྱེད་པར་ཤོག །ཅེས་སྤྱིར་ཕན་པ་ཙམ་དང་། ཁྱད་པར་དུ་བསམ་པ་བྱང་ཆུབ་སེམས་དང་མི་འབྲལ་ཞིང་སྦྱོར་བ་བྱང་ཆུབ་སྤྱོད་པ་ལ་གཞོལ་བར་ཤོག །མཐུན་རྐྱེན་སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། འགལ་རྐྱེན་བདུད་ཀྱི་ལས་ཀྱང་སྤངས་བར་ཤོག །གཉིས་པ་ལ་གཉིས་ཀྱི། དང་པོ་འདོད་པ་འགྲུབ་པར་བསྔོ་བ་ནི། སེམས་ཅན་དེ་དག་ཐམས་ཅད་ནི། ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་། འཆི་བའི་སྒྲ་ཡང་གྲགས་མ་གྱུར། དཔག་བསམ་ཤིང་གི་སྐྱེད་མོས་ཚལ། སངས་རྒྱས་དང་ནི་སངས་རྒྱས་སྲས། ཆོས་སྙན་སྒྲོགས་པས་གང་བ་ཡིས། ཕྱོགས་རྣམས་ཐམས་ཅད་གང་བར་ཤོག །ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། ལག་མཐིལ་ལྟར་མཉམ་བཻཌཱུརྱའི། རང་བཞིན་འཇམ་པོར་གནས་གྱུར་ཅིག །འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཏེ་ཐམས་ཅད་དུ་ཡང་། བྱང་ཆུབ་སེམས་དཔའ་མང་པོ་དག །རང་རང་གི་ལེགས་པ་སྟེ་རྫུ་འཕྲུལ་ལ་སོགས་པས་ས་སྟེང་དག་བརྒྱན་པར་མཛད་པས་བཞུགས་གྱུར་ཅིག །ལུས་ཅན་ཀུན་གྱིས་བྱ་དང་ནི་ཤིང་དང་འོད་ཟེར་ལ་སོགས་པ་ཐམས་ཅད་དང་། ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། རྒྱུན་མི་འཆད་པར་ཐོས་པར་ཤོག །དེ་དག་རྟག་ཏུ་སངས་རྒྱས་དང་། སངས་རྒྱས་སྲས་དང་ཕྲད་གྱུར་ཅིག །ཕྲད་ནས་ཀྱང་མཆོད་པའི་སྤྲིན་ནི་མཐའ་ཡས་པས་འགྲོ་བའི་བླ་མ་སངས་རྒྱས་མཆོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། ནད་གདོན་དང་སྡིག་པ་ལ་སོགས་པ་ཞི་བར་བྱེད་པའི་གསང་སྔགས་ཀྱི་བཟླས་བརྗོད་བྱས་པའི་དགོས་པ་རྣམས་ཇི་ལྟར་གསུངས་པ་ལྟར་འགྲུབ་པར་ཤོག །མཁའ་འགྲོ་དང་སྲིན་པོ་ལ་སོགས་པ་གདུག་པ་ཅན་ཐམས་ཅད་ཀྱང་སྙིང་རྗེའི་སེམས་དང་ལྡན་པར་གྱུར་ཅིག །གཉིས་པ་མི་འདོད་པ་དང་འབྲལ་བར་སྨོན་པ་ནི། སེམས་ཅན་འགའ་ཡང་སྡུག་མ་གྱུར། འཇིགས་དང་གཞན་གྱིས་བརྙས་པར་མི་འགྱུར་ཞིང་། འགའ་ཡང་ཡིད་མི་བདེ་མ་གྱུར། གཉིས་པ་བསྟན་པ་ལ་ཞུགས་པའི་དོན་དུ་བསྔོ་བ་ལ་གཉིས་ལས། དང་པོ་སྤྱིར་བསྔོ་བ་ནི། གཙུག་ལག་ནི་ཆོས་ཡིན་ལ་དེ་ཡོད་པའི་ཁང་པའམ། དགེ་འདུན་གྱི་ཁང་པ་སྟེ་དེ་རྣམས་སུ་དགེ་འདུན་རྣམས་ཀློག་པ་དང་ཁ་ཏོན་ལ་སོགས་པ་ཆོས་སྤྱོད་ཀྱི་བྱ་བ་རྒྱས་ཤིང་ལེགས་པར་གནས་པར་ཤོག །རྟག་ཏུ་དགེ་འདུན་རྣམས་མཐུན་པ་དང་། དགེ་འདུན་གྱི་དོན་ཡང་ཇི་ལྟར་དགོངས་པ་ལྟར་འགྲུབ་པར་ཤོག །གཉིས་པ་སོ་སོའི་དོན་དུ་བསྔོ་བ་ནི། ཐར་པའི་ལམ་ལ་བསླབ་པར་འདོད་པའི་དགེ་སློང་དག་དབེན་པ་དག་ཀྱང་ཐོབ་པར་ཤོག །དེར་ཡང་གཡེང་བ་ཐམས་ཅད་སྤངས་ནས་ནི་སེམས་ནི་ལས་སུ་རུང་བ་སྟེ། དགེ་བ་ཇི་ལྟར་འདོད་པ་བཞིན་དུ་སྦྱར་དུ་རུང་བས་དགེ་བ་བསྒོམ་པར་གྱུར་ཅིག །དགེ་སློང་མ་རྣམས་རྙེད་ལྡན་ཞིང་ཕན་ཚུན་འཐབ་པ་དང་གཞན་གྱིས་གནོད་པ་སྤང་བར་ཤོག །དེ་བཞིན་དུ་རབ་ཏུ་བྱུང་བ་ཀུན་ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག །གལ་ཏེ་ཚུལ་ཁྲིམས་འཆལ་ན་དེས་ཡིད་བྱུང་སྟེ་འགྱོད་ནས་རྟག་ཏུ་སྡིག་པ་ཟད་བྱེད་ཤོག །ཟད་པའི་སྟོབས་ཀྱིས་ཕྱི་མར་བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས། དེ་ཡང་བརྟུལ་ཞུགས་མི་ཉམས་ཤོག །མཁས་པ་རྣམས་ནི་བཀུར་བ་དང་། བསོད་ནམས་དག་ཀྱང་རྙེད་པར་ཤོག །རྒྱུད་ནི་ང་རྒྱལ་ལ་སོགས་པས་ཡོངས་སུ་དག་པ་དང་། ཕྱོགས་རྣམས་ཀུན་ཏུ་གྲགས་པར་ཤོག །སེམས་ཅན་དེ་དག་ཐམས་ཅད་ངན་སོང་གི་སྡུག་བསྔལ་མི་མྱོང་ཞིང་སྒོ་གསུམ་གྱི་དཀའ་བ་སྤྱོད་པ་མེད་པར་ཡང་གནས་སྐབས་སུ་ལྷ་བས་ལྷག་པའི་ལུས་ཀྱིས་ནི་དེ་དག་མཐར་ཐུག་སངས་རྒྱས་མྱུར་འགྲུབ་ཤོག །སེམས་ཅན་ཀུན་གྱིས་ལན་མང་དུ། སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། སངས་རྒྱས་བདེ་བ་བསམ་ཡས་ཀྱིས། རྟག་ཏུ་བདེ་དང་ལྡན་གྱུར་ཅིག །གཉིས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་འགྲོ་དོན་ཇི་ལྟར་ཐུགས་ལ་དགོངས་པ་ལྟར་འགྲུབ་པར་ཤོག །མགོན་པོ་སངས་རྒྱས་རྣམས་ཀྱིས་དགོངས་པ་ལྟར་སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །དེ་བཞིན་རང་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་ཀྱང་མྱང་འདས་ཀྱི་བདེ་བ་དང་ལྡན་པར་གྱུར་ཅིག །གཉིས་པ་ནི། བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་ཏུ་དགའ་བ་ཐོབ་བར་དུ། རྟག་ཏུ་ཚེ་རབས་དྲན་པ་དང་། རབ་ཏུ་བྱུང་བ་ཐོབ་པར་ཤོག །འདི་ནི་གདུལ་བྱ་རྣམས་འདི་ལྟར་སྨོན་ལམ་གདབ་པའི་ཕྱིར་དུ་གསུངས་ཀྱི་འདིས་སློབ་དཔོན་སོ་སྐྱེ་ཡིན་པར་མི་འགྲུབ་སྟེ། དཔེར་ན་སྡིག་པ་མེད་པས་སྡིག་བཤགས་གསུངས་པ་བཞིན་ནོ། །འགྲེལ་པ་དག་ལས་ཀྱང་འཕགས་པ་ཞི་བ་ལྷ་ཞེས་གསུངས་པ་དང་། མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ནོ། །ཞེས་འབྱུང་ངོ་། བདག་ནི་ཁ་ཟས་གྱི་ན་སྟེ་ངན་ངོན་ཙམ་གྱིས་ཀྱང་ལུས་ཉམས་དང་ལྡན་ཞིང་འཚོ་བར་ཤོག །ཚེ་རབས་ཀུན་ཏུ་དབེན་གནས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་གྱུར་ཅིག །གང་ཚེ་བལྟ་བར་འདོད་པའམ། ཅུང་ཟད་དྲི་བར་འདོད་ན་ཡང་། མགོན་པོ་འཇམས་དབྱངས་དེ་ཉིད་ནི། གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། སེམས་ཅན་ཀུན་དོན་སྒྲུབ་པའི་ཕྱིར། ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། བདག་གི་སྤྱོད་པའང་དེ་འདྲར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་སྟོབས་ཀྱིས་འགྲོ་བ་ཐམས་ཅད་བདེ་བ་ལ་སྤྱོད་པར་ཤོག །གསུམ་པ་ནི། འགྲོ་བའི་སྡུག་བསྔལ་གྱི་ནད་སེལ་བའི་སྨན་གཅིག་པུ། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་འབྱུང་བའི་གནས། སངས་རྒྱས་ཀྱི་བསྟན་པ་རྙེད་པ་དང་བཀུར་སྟི་དང་བཅས་ཏེ་ཡུན་རིང་དུ་གནས་པར་གྱུར་ཅིག །གཉིས་པ་ནི། གང་གི་དྲིན་གྱིས་བདག་ལ་བསྟན་བཅོས་འདི་བྱེད་པའི་དགེ་བློ་འབྱུང་བའི་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་གི་དགེ་བའི་ཕྱོགས་དར་ཞིང་རྒྱས་པར་མཛད་པའི་དགེ་བའི་བཤེས་གཉེན་དེ་ལ་ཕྱག་འཚལ་ལོ། །ཞེས་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བའོ། །ལེའུ་བཅུ་པ་བཤད་ཟིན་ཏོ།། །།དུས་གསུམ་རྒྱལ་བ་ཐམས་ཅད་གཤེགས་པའི་ལམ། །རྒྱལ་སྲས་སྤྱོད་པ་ཕ་རོལ་ཕྱིན་པ་དྲུག །ལེགས་སྟོན་གཞུང་འདི་བཤད་པའི་དགེ་བ་ཡིས། །འགྲོ་ཀུན་བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ངན་སོང་རྣམས་ནི་མི་བཟད་སྡུག་བསྔལ་ལས། །རྣམ་པར་གྲོལ་ཞིང་ཐར་པའི་ལམ་རྙེད་ནས། །ཚོགས་གཉིས་ཡོངས་སུ་རྫོགས་པའི་དཔལ་ལྡན་པའི། །མྱ་ངན་འདས་པའི་གྲོང་དུ་མྱུར་འཇུག་ཤོག །བདེ་འགྲོ་བདེ་བའི་དཔལ་ལས་མི་ཉམས་ཤིང་། །འཁོར་བའི་བདེ་བ་སྙིང་པོ་མེད་རྟོགས་ནས། །གཟུང་འཛིན་མཚན་མའི་སྤྲོས་པ་རབ་ཞི་བའི། །ཟག་མེད་བདེ་བའི་དཔལ་ལ་སྤྱོད་པར་ཤོག །གང་གི་སྟོབས་ཀྱིས་སྡུག་བསྔལ་ཀུན་འབྱུང་གི། །མུན་པ་ཀུན་སེལ་ཕན་བདེ་པདྨོའི་ཚལ། །རྣམ་པར་རྒྱས་བྱེད་ཐུབ་བསྟན་འོད་བརྒྱ་ཅན། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་གྱུར་ཅིག །བསླབ་གསུམ་ཡོན་ཏན་རིན་ཆེན་མཛོད་འཛིན་ཅིང་། །མཁྱེན་བརྩེ་ཐབས་མཁས་ཕུན་སུམ་ཚོགས་པ་ཡིས། །བདེ་གཤེགས་བསྟན་དང་འགྲོ་ཀུན་ལེགས་སྐྱོང་བའི། །བཤེས་གཉེན་མཆོག་རྣམས་སྐུ་ཚེ་བརྟན་གྱུར་ཅིག །བདེ་གཤེགས་བསྟན་ལ་རབ་ཞུགས་སྐྱེས་བུ་རྣམས། །སྙོམ་ལས་འདུ་འཛིའི་འཆིང་བ་ལས་གྲོལ་ཏེ། །ཚུལ་གནས་ཐོས་བསམ་སྒོམ་པའི་སྦྱོར་བ་ཡིས། །རྟག་ཏུ་སྒོ་གསུམ་དོན་ཡོད་སྤྱོད་པར་ཤོག །མཁའ་ལས་དུས་སུ་ལྷ་ཡིས་ཆར་འབེབས་ཤིང་། །ས་ཆེན་འབྲུ་སྨིན་རྩི་ཤིང་བཟང་པོས་བརྒྱན། །སྐྱེ་བོ་རབ་བདེ་ཕན་ཚུན་བྱམས་ལྡན་ཞིང་། །རྟག་ཏུ་དགེ་བ་བཅུ་ལ་སྤྱོད་པར་ཤོག །བདག་ཀྱང་དེང་ནས་བྱང་ཆུབ་མ་ཐོབ་བར། །འཁོར་བའི་བདེ་ལ་ནམ་ཡང་མི་ཆགས་ཤིང་། །རང་ཉིད་ཐར་པའང་དོན་དུ་མི་གཉེར་བར། །འགྲོ་བའི་དོན་ལ་རྟག་ཏུ་བརྩོན་པར་ཤོག །གང་དག་བདག་ལ་ཆགས་དང་སྡང་བ་དང་། །བསྟོད་དང་སྨོད་དང་ཕན་དང་གནོད་བྱེད་ཀྱང་། །གང་གིས་བདག་མཐོང་ཐོས་དང་དྲན་པ་དང་། །ཐམས་ཅད་མྱུར་དུ་བྱང་ཆུབ་མཆོག་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ། ལུང་རིགས་སྨྲ་བ་ཐོགས་མེད་ཀྱིས་དཔལ་ཨེའི་གཙུག་ལག་ཁང་དུ་སྦྱར་བའོ།། ༈ ན་མོ་བུདྡྷ་བོ་དྷི་ས་ཏྭཱ་ཡ། རབ་འབྱམས་རྒྱ་མཚོ་ཇི་སྙེད་ཞིང་གི་ཁྱོན། །ཐུབ་དབང་ཉི་མ་འབར་བའི་སྣང་བས་ཁྱབ། །འཁོར་གྱི་དབུས་སུ་མི་འཇིགས་སེང་གེའི་སྒྲས། །དུས་གསུམ་ཀུན་ཏུ་དམ་ཆོས་སྒོ་འཕར་དབྱེ། ༡ །ཟབ་ཞི་མཐའ་བརྒྱད་སྤྲོས་བྲལ་མེ་ལོང་དུ། །རྟེན་ཅིང་འབྲེལ་འབྱུང་འཆར་བའི་ངང་ཚུལ་ལས། །ཤེས་དང་ཤེས་བྱ་ཐ་དད་མ་དམིགས་པའི། །ཤེས་རབ་འཁོར་ལོའི་འཕྲུལ་ཆེན་ཅི་ཡང་གཡོ། ༢ །ངོ་མཚར་རྣམ་ཐར་བླ་བྲེ་གསར་པ་ཡིས། །སྲིད་ཞི་མཐའ་དག་ཁེབས་པའི་རྨད་བྱུང་དང་། །ལྷན་ཅིག་བློ་གྲོས་མི་ཟད་ཞི་བ་ལྷ། །གྲགས་སྙན་རྒྱལ་སྲས་བྱེ་བའི་དབུས་ན་མཐོ། ༣ །མགོན་དེས་སྡེ་སྣོད་མཛོད་ཁང་བརྟོལ་བའི་དབྱིག །འཆོས་སྐྱོབ་གཉིས་ལྡན་ཡིད་བཞིན་དབང་གི་རྒྱལ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཟབ་མོ་ལ། །འཇུག་ཚུལ་ཐེག་ཆེན་གཞུང་ལམ་མཆོག་འདི་བྱུང་། ༤ །འཕགས་བོད་མཁས་དབང་དུ་མར་འཆད་ཉན་སྒོར། །འགྲེལ་གཞུང་རིན་ཆེན་ཐང་མར་བརྡལ་བ་ལས། །ཉུང་ངུའི་ཚིག་གིས་རྒྱ་ཆེའི་དོན་གསལ་བ། །བྱང་སེམས་ཐོགས་མེད་ཞབས་ཀྱིས་སྩལ་འདི་ཡིན། ༥ །ཉི་མ་ཟླ་བ་ལྟར་གྲགས་གཞུང་བཟང་འདིར། །རྣམ་མཁྱེན་འཇུག་ངོགས་ཚང་ལ་མ་ནོར་བ། །སྨོན་འཇུག་བྱང་སེམས་ཀྱིས་དྲངས་ཕར་ཕྱིན་དྲུག །སྤྱོད་པ་ཡོངས་བསྔོ་བཅས་པའི་དོན་དུ་འདུས། ༦ །དེ་ཕྱིར་མཆོག་གི་ཞལ་ལུང་ཉི་ཟེར་གྱིས། །བྲན་པའི་ས་སྐྱོང་པདྨོ་འདབ་ཡངས་མ། །ཆོས་དབྱིངས་བཟང་མོའི་ཐུགས་བསྐྱེད་རི་དབང་ལྟར། །མངོན་མཐོའི་དཔལ་གྱིས་ཆོས་སྦྱིན་ཕྱི་མོར་བསྐྲུན། ༧ །གཅིག་ལས་དུ་མར་འཆར་བའི་ངོ་མཚར་ཅན། །བསྟན་འགྲོ་སྤྱི་ལ་སྨན་པའི་བཙས་གཅིག་པུ། །སྡེ་དགེ་མི་ཡི་ཚངས་དབང་རིམ་བྱོན་གྱི། །ཕྱག་སྲོལ་སླར་ཡང་མི་ནུབ་དར་བར་མཛད། ༨ །རྣམ་དཀར་བདག་པོའི་རྐྱེན་ལས་བྱུང་བ་དང་། །རང་གཞན་འགྲོ་བའི་དགེ་རྩ་གང་མཆིས་རྣམས། །བྱང་ཆུབ་ཆེན་པོར་འབབ་པའི་ཡོངས་བསྔོ་མཆོག །སྲས་བཅས་རྒྱལ་བའི་ཇི་བཞིན་འགྲུབ་གྱུར་ཅིག ༩ །ཅེས་པའི་སྤར་བྱང་སྨོན་ཚིག་དང་བཅས་པ་འདི་ནི། ས་སྐྱོང་མིའི་དབང་མོ་མཆོག་གི་བཀའ་སྩལ་ལྟར། རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་བློ་གྲོས་རྒྱས་པའི་སྡེས་སྨྲས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousབྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ལུང་རིགས།next