Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་བཅུ་པ།


   
   
   
   
   
   
རྒྱལ་བསྟན་འཁོར་ལོ་གསུམ་དགོངས་པ་གཅིག་ཏུ་རྟོགས་པ་རྟོན་པ་བཞི་ལྡན་གྱི་གཏམ།
   
   
   
   
   
   
   


 
previousརྒྱལ་བསྟན་འཁོར་ལོ་གསུམ་དགོངས་པ་གཅིག་ཏུ་རྟོགས་པ་རྟོན་པ་བཞི་ལྡན་གྱི་གཏམ།next

རྒྱལ་བསྟན་འཁོར་ལོ་གསུམ་དགོངས་པ་གཅིག་ཏུ་རྟོགས་པ་རྟོན་པ་བཞི་ལྡན་གྱི་གཏམ།

རྒྱལ་བསྟན་འཁོར་ལོ་གསུམ་དགོངས་པ་གཅིག་ཏུ་རྟོགས་པ་རྟོན་པ་བཞི་ལྡན་གྱི་གཏམ་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །དེ་ལ་བྱིས་པ་བློ་དམན་པ་དབང་རྟུལ་གཟུང་འཛིན་ལ་མངོན་པར་ཞེན་པ་རྣམས་ལ་རྣམ་པ་ཀུན་ཏུ་རྒྱུ་དང་འབྲས་བུའི་ཚུལ་མི་བསླུ་བར་བསྟན་ནས་བླང་དོར་དཀའ་ཐུབ་ལ་བརྟེན་པ་ལྟར་གོ་བ་དམན་འབྲིང་མཆོག་གི་གདུལ་བྱའི་རིམ་པས་བཞག་པའི་ཚེ་འཁོར་ལོ་དང་པོ་དང་། བློ་རབ་ཏུ་གྱུར་པ་དབང་རྣོན་གཟུང་འཛིན་གྱི་སྤྲོས་པས་འཆིང་བར་མི་ནུས་པ་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀུན་གྱི་གནས་ལུགས་རྗེན་པ་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་དུ་གཏན་ལ་ཕབ་ནས་བསྟན་པ་ལྟར་གོ་བ་འཁོར་ལོ་བར་པ་དང་། བློ་ཡང་རབ་ཏུ་གྱུར་ཅིང་ཤིན་ཏུ་དབང་རྣོན་གྱི་གདུལ་བྱ་རྣམས་ལ་མཆོག་ཏུ་ཟབ་པའི་སྟོང་ཉིད་དོན་དམ་བདེན་པ་བདེ་བར་གཤེགས་པའི་སྙིང་པོ་སྐུ་དང་ཡེ་ཤེས་སོགས་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གདོད་ནས་ཡོངས་གྲུབ་ཆེན་པོར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བཞུགས་པའི་ཚུལ་རྒྱས་པར་སྟོན་པ་ལྟར་གོ་བ་འཁོར་ལོ་ཐ་མ་སྟེ། འཁོར་ལོ་དེ་གསུམ་ཆར་ཡང་གདུལ་བྱའི་བློ་དམན་འབྲིང་མཆོག་གི་དབྱེ་བས་གོ་ཚུལ་ཐ་དད་བྱུང་བ་ཡིན་མོད་ཀྱི་བདེ་བར་གཤེགས་པས་ཆོས་བསྟན་པ་ནི་རྣམ་པ་ཀུན་ཏུ་ཐ་དད་པར་མི་བསམ་པ་གནད་ཆེ་ཤོས་སོ། །ཡང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལུང་ལྟར་གང་ཟག་གཅིག་གི་བློ་རིམ་སྦྱོང་ལ་ལྟོས་ནའང་འཁོར་ལོ་གསུམ་གྱི་དགོངས་པ་འགལ་བ་ཅན་དུ་མི་བསམ་སྟེ། ལས་དང་པོ་པའི་གདུལ་བྱ་གང་ཞིག་ཐོག་མར་ཀུན་རྫོབ་ཏུ་རྒྱུ་འབྲས་བདེན་ཡོད་ལྟར་བླང་དོར་སྤང་གཉེན་གྱིས་ཁ་དྲང་ཞིང་། ཐོག་མ་ནས་སྟོང་ཉིད་སྒྲ་ཇི་བཞིན་པར་བསྟན་ན་སྐབས་འདིའི་གདུལ་བྱ་བློ་སྟོབས་ཆུང་བས་ཞུམ་ཞིང་སྐྲག་ནས་ཟབ་མོའི་ཆོས་སྤང་བར་འགྱུར་བའི་ཉེས་པ་གཟིགས་ནས་བདག་གཉིས་ཀྱིས་དབེན་པའི་སྒྲས་སྟོང་ཉིད་ཕྱོགས་ཙམ་རྟོགས་པས་བདག་ལྟའི་ཞེན་པ་ལས་ཐབས་ཀྱིས་བཀྲོལ་ནས། འཁོར་ལོ་བར་བར་དང་པོར་བསྟན་པའི་ཀུན་རྫོབ་རྒྱུ་འབྲས་སྤྲོས་ཆོས་དེ་ཐམས་ཅད་གདོད་ནས་བདེན་པར་ཡོད་མ་མྱོང་བའི་སྤྲོས་བྲལ་གྱི་མཚན་ཉིད་ཡིན་ལུགས་ལྟར་ཇི་བཞིན་པར་རྣམ་ཐར་སྒོ་གསུམ་གྱི་སྡོམ་དུ་བསྡུས་པའི་སྟོང་ཉིད་རྟོགས་པར་མཛད་ནས། འཁོར་ལོ་ཐ་མས་བཤད་མ་ཐག་པ་ལྟར་བར་པའི་མངོན་ཞེན་ཟློག་བྱེད་ནི་གཉེན་པོའི་སྟོང་ཉིད་ཙམ་ལས་མ་གསུངས་པ་དེ་ཉིད་རྒྱུ་རྐྱེན་འདུས་བྱས་ཀྱི་ཁམས་སུ་མི་གནས་ཤིང་རང་བཞིན་འཕོ་འགྱུར་བྲལ་བའི་རྟག་བརྟན་ཡོངས་གྲུབ་ཆེན་པོ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་འཆར་གཞིའི་ཡེ་ཤེས་དོན་དམ་པར་བདེན་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་འཁོར་འདས་ཐམས་ཅད་ལ་ཁྱབ་གདལ་དུ་གྱུར་པ་ལ་བདེ་བར་གཤེགས་པའི་སྙིང་པོའི་སྒྲས་བཏགས་པ་ཆོས་ཉིད་དེ་བཞིན་ཉིད་གྱ་ནོམ་པ་གཞི་ལམ་འབྲས་བུའི་ཚུལ་གྱིས་ཉམས་མྱོང་མངོན་སུམ་དུ་བསྟན་པ་དེ་ཙམ་གྱིས་རྒྱལ་བའི་དགོངས་པ་ཡིན་ལུགས་ངེས་དོན་མཐར་ཐུག་པའི་གནད་ཟབ་ཅིང་རྒྱ་ཆེ་བའི་གནས་མཐའ་དག་རྫོགས་པར་གདམས་ཁྱད་པར་དང་དེ་ལྟར་བསྟན་པའི་དགོས་པ་ཁྱད་པར་ཅན་ཡང་ཤེས་དགོས་ཏེ། རྒྱལ་ཚབ་བྱམས་པས། སྔར་མ་བརྗོད་དང་ལྷན་ཅིག་བྱུང་། །ཡོད་དང་མེད་དང་ཡོད་ཉིད་དང་། །ཞེས་པ་ལ་སོགས་ཀྱི་རིག་པ་དང་། ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །ཀླན་ཀ་མི་བཙལ་མདོ་ཙམ་བསྙད་པར་བྱ། །ཞེས་སོགས་ཀྱིས་རྩོད་མེད་དུ་གྲུབ་པའི་ལུང་དོན་བླང་པ་ལ་མཁས་པར་བྱ་དགོས་སོ། །དེ་ལྟ་བས་ན་རིམ་པ་གསུམ་པོ་དེ་རྣམས་ལ་མི་ཟབ་པ་དང་ཟབ་པ་དང་ཆེས་ཟབ་པའི་ཁྱད་པར་ཙམ་ནི་ཡོད་དེ། བཀའ་དང་པོས་དོན་དམ་བདེན་པ་མཐོང་རུང་དུ་བསྒྲུབས་ཤིང་བར་པས་དོན་དམ་བདེན་པ་རྣམ་གྲངས་ཙམ་དང་ཐ་མས་དོན་དམ་བདེན་པ་ཡིན་ལུགས་ཇི་ལྟ་བར་བསྟན་པའི་ཕྱིར་རོ། །གང་དག་རིམ་པ་གསུམ་པོ་དེ་རྣམས་ཀྱིས་མཐའ་གཅིག་ཏུ་གྲུབ་མཐའ་ཐ་དད་སྟོན་པར་འདོད་དང་དྲང་ངེས་གོ་ལྡོག་ཏུ་སྨྲ་བ་རྣམས་ཀྱིས་ནི་དགོངས་པ་ཇི་བཞིན་མ་ལོངས་ཏེ། མྱ་ངན་འདས་པ་བདེན་གཅིག་པུ་ཞེས་པ་དང་། སངས་རྒྱས་གཉིས་སུ་མེད་གསུང་བ། །ཞེས་པ་འདི་ཙམ་ལའང་གོ་བ་གཤའ་མ་མ་སྐྱེས་པར་སྣང་ངོ་། །ཁ་ཅིག་ན་རེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་ཐེག་པ་གསུམ་དང་གྲུབ་མཐའ་བཞི་བསྟན་པས་གནོད་དོ་ཞེ་ན་དེ་ནི་སྐབས་འགའ་ཞིག་ལ་དགོངས་ནས་གསུངས་ཀྱི་རྣམ་པ་ཀུན་ཏུ་མ་ཡིན་ཏེ། གནས་སྐབས་ཐེག་པ་གསུམ་དང་མཐར་ཐུག་ཐེག་པ་གཅིག་ཁོ་ནར་བཞེད་པ་རྒྱལ་བ་སྲས་བཅས་ཀྱི་དགོངས་པར་ངེས་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་བཀའ་སྔ་མ་གཉིས་ཀྱི་དགོངས་པ་ཕྱི་མར་གཅིག་པའི་ཚུལ་ཡང་། ཕྱིར་མི་ལྡོག་པས་འཁོར་ལོའི་མདོ་ལས། །བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲ་དབྱངས་སྙན་པས་གསོལ་བ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མཐུན་ལགས་སམ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་མཐུན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ཅི་ཙམ་ཞིག་མཐུན་བཀའ་སྩལ་པ། བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི་འཁོར་ལོར་མཐུན་ནོ། །ཞེས་རྒྱ་ཆེར་གསུངས་པའི་དོན་བླང་པར་བྱའོ། །དེ་ལྟ་བུའི་དགོངས་པ་དེ་འགྲེལ་པ་ལ་རྒྱལ་བའི་ལུང་བསྟན་པའི་སློབ་དཔོན་ནི་འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཡིན་ཅིང་སྔ་མས་འཁོར་ལོ་དང་པོའི་ཆ་འགྲེལ་པ་གཏམ་གྱི་ཚོགས་དང་བར་པའི་དགོངས་འགྲེལ་རིགས་པའི་ཚོགས་དྲུག་དང་ཐ་མའི་དགོངས་འགྲེལ་བསྟོད་པའི་ཚོགས་དང་། ཐེག་ཆེན་ཉི་ཤུ་པ་དང་། མདོ་སྡེ་ཀུན་བཏུས། སྲིད་པ་འཕོ་བ་སོགས་ཀྱིས་རིམ་པ་གསུམ་གྱི་དགོངས་དོན་གསལ་བར་མཛད་ལ། སློབ་དཔོན་འདིས་བཀའ་ཕྱི་མ་གཉིས་ཀྱི་དགོངས་དོན་འགྲེལ་པ་ན་གྲུབ་མཐའ་ཐ་དད་པ་གཉིས་སྟོན་པར་མཛད་དོ། །ཞེས་མཁས་རློམ་དག་སྨྲ་བར་བྱེད་པ་ནི་ཤིན་ཏུ་མི་རིགས་པའི་གཏམ་ཆེན་པོ་སྟེ། དེ་ལྟར་ན་སློབ་དཔོན་གྱིས་རྒྱལ་བའི་དགོངས་པ་ཇི་བཞིན་མ་བཀྲལ་བར་འགྱུར་ཏེ། སྡེ་པ་བཅོ་བརྒྱད་ལྟར་ཐ་དད་དུ་བཀླགས་པས་གདུལ་བྱར་ནེམ་ནུར་བསྐྱེད་པའི་ཕྱིར་རོ། །འོན་ཀྱང་སོ་སོའི་དགོངས་པ་རང་ཐད་དུ་འགྲེལ་པའི་ཚེ་གཞུང་དེ་དང་དེའི་བརྗོད་བྱ་གཙོ་བོར་བྱས་ནས་གཞན་དང་མ་འདྲེས་མ་བསླད་པར་འཆད་པ་ནི་མཁས་པ་རྣམས་ལ་གྲགས་ཤིང་གྲུབ་ལ། དེ་ཙམ་གྱིས་དགོངས་པ་ཐ་དད་དུ་འགྱུར་ཞིང་དེ་དང་དེའི་གྲུབ་མཐའ་ཁོ་ན་ལ་རྩིས་སུ་བྱེད་ནས་གཞན་འགོག་པ་ཡིན་ན་སློབ་དཔོན་གྱིས་ཉན་ཐོས་ཀྱི་སྡེ་སྡོད་བཤད་པས་ཐེག་དམན་དུ་འགྱུར་རམ་དཔྱད་དགོས་ཤིང་། དེ་བས་ན་གསུང་རབ་ཀྱི་དབྱིངས་འཇལ་བའི་མཆོག་ཏུ་ཟབ་པའི་བསྟན་པའི་སྒྲོ་མ་ཚོ་བ་ལ་མི་མཁས་བཞིན་དུ་གཞུང་ལུགས་རེ་རེའི་བརྗོད་བྱའི་དབང་དུ་བཏང་ནས་འདི་ནི་གྲུབ་མཐའ་འདི་ཁོ་ནའོ། །སློབ་དཔོན་འདི་ཡང་གྲུབ་མཐའ་འདི་ཁོ་ན་ལ་དགྱེས་ཀྱི་གཞན་ལ་མ་ཡིན་ནོ་ཞེས་སྒྲོགས་ཤིང་སྟངས་གཅོད་པའང་བསྟན་པ་ལ་ཕན་པའི་གཏམ་དུ་མི་འགྱུར་ལ། དེ་བས་ན་བཀའ་རིམ་པ་གསུམ་ཅར་སྔར་སྨོས་པའི་རྒྱལ་བའི་དགོངས་པ་བཞིན་གྲུབ་མཐའ་གཅིག་ལས་གཉིས་སམ་གསུམ་ནི་རྣམ་པ་ཀུན་ཏུ་སློབ་དཔོན་འདི་ཉིད་མི་བཞེད་དེ། ཇི་ལྟར་མི་བཞེད་ན། བཀའ་དང་པོས་ཕྱོགས་ཙམ་མཐོང་བའི་སྟོང་ཉིད་དེ་ཟབ་ཅིང་རྒྱ་ཆེ་བར་བར་པས་དགག་ཕྱོགས་ནས་བསྟན་པ་དང་ཐ་མས་སྒྲུབ་ཕྱོགས་ནས་བསྟན་པ་གཉིས་ལ་ཁྱད་པར་མེད་དེ་སྔ་མས་སྤྲོས་བྲལ་སྟོང་ཉིད་ཙམ་ལས་མ་བསྟན་པ་དེའི་དགོས་པ་མ་ལུས་ཅན་རྣམས་ཀྱི་བློ་ལྷན་སྐྱེས་ཀྱི་ངར་འཛིན་བཟློག་དཀའ་བའི་མཚན་འཛིན་སེལ་བའི་ཆེད་དུ་ཕྱི་མས་དེ་ལྟ་བུའི་སྟོང་ཉིད་དེ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་ཡིན་ལུགས་ལྟར་བསྟན་པའི་ཉམས་མྱོང་རྗེན་པར་ངོ་འཕྲོད་པའི་དགོས་པ་ཇི་ལྟ་བར་མཁྱེན་ནས་རིག་ཚོགས་དང་བསྟོད་ཚོགས་སུ་གཏན་ལ་ཕབ་ནས་བཤད་པའི་ཕྱིར་རོ། །གལ་ཏེ་རིག་ཚོགས་ཀྱིས་རང་སྟོང་དང་བསྟོད་ཚོགས་ཀྱིས་གཞན་སྟོང་བསྟན་ནོ་ཞེས་སྨྲ་ན་དེ་ཡིན་དུ་ཆུག་ཀྱང་དེས་གྲུབ་མཐའ་ཐ་དད་དུ་མི་འགྱུར་ཏེ་ཀུན་རྫོབ་ལ་ལྟོས་ནས་རང་སྟོང་དང་དོན་དམ་ལ་ལྟོས་ནས་གཞན་སྟོང་བསྟན་ཅིང་སྔ་མས་སྒྲོ་སྐུར་སྤྲོས་མཚན་གྱི་སྐྱོན་སྤངས་ནས་ཕྱི་མས་དེ་ཉིད་སྙིང་པོའི་ཡེ་ཤེས་སུ་རྒྱས་པར་ཕྱེ་བ་ཙམ་ཡིན་པའི་ཕྱིར་རོ། །སློབ་དཔོན་ཐོགས་མེད་ཀྱིས་བཀའ་སྔ་མ་གཉིས་ཀྱི་དགོངས་པ་ཕྱིར་མི་ལྡོག་པའི་འཁོར་ལོ་གཅིག་པའི་གནད་ཇི་ལྟ་བར་མཁྱེན་བཞིན་དུ་རྗེ་བཙུན་བྱམས་པའི་ལུང་ལ་བརྟེན་ནས་བཀའ་ཐ་མའི་ཚུལ་གསལ་ཞིང་རྒྱས་པར་མཛད་མོད། དེའི་ཚེ་བྱམས་པ་དང་ཐོག་མེད་ཀྱི་གཞུང་དེ་དང་དེས་གྲུབ་མཐའ་དེ་མི་སྟོན་བཞིན་དུ་འདི་དག་སེམས་ཙམ་པའོ་ཞེས་སྨྲ་བ་ནི་དོན་སྟོན་པའི་རྒྱལ་བ་སྲས་བཅས་ལ་སྐུར་པ་གདབ་པའི་གཏམ་ཧམ་པོ་ཆེ་ཡིན་ཏེ། དེ་ལྟ་ན་འཁོར་ལོ་ཐ་མའི་བཀའ་ཐམས་ཅད་ཀྱིས་སེམས་ཙམ་བསྟན་པར་འགྱུར་ཞིང་། ཀླུ་སྒྲུབ་ཀྱང་སེམས་ཙམ་བཞེད་པར་ཐལ་ཏེ་བསྟོད་ཚོགས་སོགས་ཀྱིས་དོན་དེ་ཉིད་བསྟན་པའི་ཕྱིར་རོ། །གཞན་ཡང་དང་པོས་དྲང་དོན། བར་པས་ངེས་དོན། ཐ་མས་སླར་ཡང་དྲང་དོན་བཟླས་ཏེ་བསྟན་པ་ལ་དགོས་པ་ཅི་ཡོད་བསམ་དགོས་ཤིང་། དབང་པོའི་རིམ་པ་དཀྲི་བའི་ཚུལ་དང་། མི་ཟབ་པ་དང་ཟབ་པ་དང་ཤིན་ཏུ་ཟབ་པའི་གོ་རིམ་དག་ཀྱང་འཁྲུགས་པར་འགྱུར་ལ་དེར་མ་ཟད་འཕགས་པ་ཐོགས་མེད་ཀྱིས་དྲང་ངེས་ཇི་བཞིན་མ་ཕྱེ་བར་འགྱུར་ཏེ་ཐ་མ་ངེས་དོན་མཐར་ཐུག་ཏུ་བཞེད་པའི་ཕྱིར་དང་དྲང་ངེས་འབྱེད་པ་རེ་རྒྱལ་བའི་ལུང་བསྟན་པའང་དོན་གྱིས་དབེན་པར་འགྱུར་རོ། །སྤྱིར་སེམས་ཙམ་ནི་ཀླུ་སྒྲུབ་མ་བྱོན་པའི་སྔ་རོལ་དུ་སློབ་དཔོན་འགའ་ཞིག་གིས་མདོའི་དགོངས་པ་ཇི་བཞིན་མ་ལོངས་པའམ་དགོས་དབང་ངམ་གང་ལྟར་ན་ཐེག་ཆེན་དུ་འདོད་པའི་གྲུབ་མཐའ་འདི་བྱས་པ་ཡིན་ལ། ཀླུ་སྒྲུབ་བྱོན་ནས་ལུགས་དེ་ནུབ་ཅིང་བཀའ་ཕྱི་མ་གཉིས་ཀྱི་དགོངས་པ་ཐེག་པ་ཆེན་པོའི་ལུག་སྲོལ་ཁྱབ་གདལ་དུ་མཛད་ནས་རིང་ཞིག་ལོན་པ་ན་སློབ་དཔོན་ཐོགས་མེད་བྱོན་ནས་སླར་ཡང་བཀའ་ཐ་མའི་དགོངས་པ་ཆེས་གསལ་བར་མཛད་པའི་སློབ་དཔོན་འདིས་སེམས་ཙམ་སྟོན་པའི་ཁུངས་མེད་པ་དུས་སྔ་ཕྱིས་ཀྱང་ཤེས་སླ་མོད། གལ་ཏེ་རྒྱལ་ཚབ་མ་ཕམ་པ་ཆེན་པོས་དངོས་པོར་སྨྲ་བའི་གྲུབ་མཐའ་སྟོན་པར་མཛད་དོ་ཞེས་སྨྲ་ན་བློ་གཟུ་བོར་གནས་པ་རྣམས་ཀྱིས་ཇི་ལྟར་འགྱུར་དཔྱད་པར་མཛོད་ཅིག །སྤྱིར་སེམས་ཀྱི་སྒྲ་ཙམ་བསྟན་པས་དེར་འཁྲུལ་པར་མི་བྱ་སྟེ། ཡུམ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་འཇིག་རྟེན་ལས་འདས་པའི་སེམས་བསྟན་པ་ལྟ་བུར་བཀའ་རིམ་པ་གསུམ་ཅར་དུ་འབྱུང་ཞིང་རྒྱལ་བ་རྡོ་རྗེ་འཆང་གིས་རྡོ་རྗེའི་སེམས་དང་། སེམས་ཀྱི་རྡོ་རྗེ་དང་། དག་པའི་སེམས་དང་། བྱང་ཆུབ་ཀྱི་སེམས་དང་། གཉུག་མའི་སེམས་སོགས་རྣམ་གྲངས་དུ་མས་གསུངས་པ་རྣམས་སེམས་ཙམ་དུ་འདོད་དགོས་ན་ཧ་ཅང་ཐལ་ལོ། །ཡང་སློབ་དཔོན་སྐལ་ལྡན་གྱིས་དབུ་མ་ཕྲ་རགས་གཉིས་སུ་ཕྱེས་ནས་བཀའ་ཕྱི་མ་གཉིས་ཀྱི་དགོངས་པ་ལྟར་ལེགས་པར་བཤད་པས་མཚོན་བཀའ་དང་དགོངས་འགྲེལ་དེ་དག་གིས་གྲུབ་མཐའ་དེ་མི་སྟོན་པ་ནི་རང་རང་གི་གཞུང་ཞིབ་མོར་བཀླགས་པས་ཤེས་པར་འགྱུར་ཞིང་སྤྲོས་པས་ཆོག་གོ། །གསང་སྔགས་ཏེ་རིག་པ་འཛིན་པའི་སྡེ་སྣོད་དུ་ནི་རྒྱུད་གསུམ་གྱི་རྣམ་གཞག་བྱེད་པའི་རྒྱུའི་རྒྱུད་དང་། སྦྱང་གཞི་སྦྱོང་བྱེད་སོགས་ཀྱི་སྐབས་དང་། རྡོ་རྗེའི་རང་བཞིན་ཅན་གྱི་ངའམ་བདག་དང་། གཉུག་མའི་སྒོ་གསུམ་དང་། རྒྱུའི་རྒྱུད་ཀྱི་རྟེན་མི་ཤིགས་པའི་ཐིག་ལེ་དང་། ཨེ་ཝཾ་མཉམ་སྦྱོར་དང་། དང་པོའི་མགོན་པོ་དང་། རྒྱུའི་རྡོ་རྗེ་འཛིན་པ་སོགས་རྣམ་གྲངས་དུ་མས་བསྟན་དོན་བཀའ་རིམ་པ་གསུམ་གའི་བརྗོད་བྱའི་སྟོང་ཉིད་སྤྲོས་བྲལ་བདེ་གཤེགས་སྙིང་པོ་གཞིར་བཞག་པའི་སྟེང་དུ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཁྱད་པར་དང་བཅས་པའི་བདེ་སྟོང་ཟུང་འཇུག་ཏུ་བསྟན་ལ། འོན་ཀྱང་གཞིའི་དུས་སུ་རྒྱ་ཆེ་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་དབྱིངས་འཇལ་བ་ན་ལམ་གྱི་ཡན་ལག་དེ་སྙེད་དུ་སྤྲོས་པའི་ཐབས་ཀྱི་སྒོ་མཐའ་ཡས་པར་འགྱུར་ལ། དེ་ཡང་བདེ་བ་དང་མྱུར་བ་དང་ཚེགས་མེད་པར་མཐར་ཕྱིན་པས་འབྲས་བུ་ལ་ཡུན་རིང་མི་འགོར་བར་སྦྱོར་བའི་ཕྱིར་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་འདི་ལ་ལྟོས་ནས་རྒྱུའི་ཐེག་པར་བདེ་གཤེགས་སྙིང་པོ་གཏན་ལ་ཕབ་པའང་ས་བོན་ཙམ་མམ་ཕྱོགས་མཚོན་ཙམ་ཤེས་དགོས་སོ། །ཐབས་ཀྱི་ཐེག་པ་འདི་བས་དོན་དམ་སྟོང་ཉིད་ཡེ་ཤེས་ཟུང་དུ་འཇུག་པར་གདོད་མའི་འགོག་བདེན་གྱི་ཡོན་ཏན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་ཆེན་པོར་དབྱེར་མེད་ལྷུན་གྲུབ་ཏུ་བཞུགས་པ་དང་སྣང་ཆ་རྣམ་དག་པ་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་གདོད་ནས་དག་པ་གཉིས་ཟུང་འཇུག་དབྱེར་མེད་ཆེན་པོར་ཤེས་པའི་བདེན་གཉིས་དབྱེར་མེད་དུ་ལྟ་བ་ལ་ཡུལ་དུ་བྱས་ནས་ལམ་སྒོམ་པ་ཉིད་ཁྱད་པར་དུ་འདོད་པ་ཡིན་ལ། རྒྱུའི་ཐེག་ཆེན་དུ་བཤད་པའི་དོན་དམ་ལ་བདེ་བ་ཆེན་པོའི་ཁྱད་པར་མ་ཚང་ཞིང་ཀུན་རྫོབ་བདེན་པས་སྟོང་པ་ཙམ་ལས་ལྷའི་དཀྱིལ་འཁོར་དུ་འཆར་བའི་གནད་མ་གསུངས། དེ་མ་གསུངས་པས་ཆོས་སྐུ་ལ་བདེ་བ་ཆེན་པོའི་སྐུ་མ་བསྟན་ཅིང་། ལོངས་སྐུ་ལ་ཁ་སྦྱོར་སོགས་ཀྱི་ཡན་ལག་མ་ཚང་། སྤྲུལ་སྐུ་ལའང་དཀར་ནག་གི་ཕྱོགས་གཉིས་ཀ་འདུལ་བའི་ཐབས་མེད་ཅིང་སྤྱི་ཙམ་གྱི་གཟུགས་སྐུ་གཉིས་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སྣང་བ་ཙམ་ལས་དེ་ཐོབ་བྱེད་ཀྱི་ལམ་མཚན་ཉིད་པ་མ་བསྟན། དེ་མ་བསྟན་པས་སྦྱིན་སོགས་ཕར་ཕྱིན་དྲུག་གི་ཚོགས་བསགས་བསྐལ་པ་གྲངས་མེད་གསུམ་སོགས་ཀྱི་མཐའ་ལ་རེ་ལྟོས་འཆའ་དགོས་པ་དེ་བྱུང་། ཐེག་པ་འདི་པས་ཀུན་རྫོབ་ཆ་བཅས་དག་པའི་ལག་རྗེས་རང་སྣང་དང་གཞན་སྣང་གི་གཟུགས་སྐུ་གཉིས་ཞིང་དང་བཅས་པ་སྣང་བར་བཞེད་ཅིང་དེ་ལྟར་ཤེས་པས་ལམ་རིམ་པ་གཉིས་ལ་གོམས་པས་སྐད་ཅིག་རེ་ལའང་ཚོགས་ཆེན་གྲངས་མེད་བཟླུམས་ནས་མཐར་ཕྱིན་པ་ལ་མྱུར་དུ་འགྲོ་བས་ཁྱད་པར་དུ་འཕགས་པ་ཡིན་ལ། ཕྱིས་ཀྱི་ཆེན་པོ་འགའ་ཞིག་གསང་སྔགས་པའི་བདེན་གཉིས་དབྱེར་མེད་ཀྱི་ལྟ་བ་དེ་ལ་ཀུན་རྫོགས་ཀྱི་ལྡོག་པ་དེ་སྒོམ་པའི་སྐབས་སུ་སྦྱོར་གྱི་ལྟ་བར་མི་རུང་ངོ་ཟེར་ཞིང་མདོ་སྔགས་གཉིས་ཀྱི་ཁྱད་པར་ཡང་ཆོ་ག་ཙམ་གྱིས་ཕྱེ་བའི་ལུགས་སུ་བྱེད་པར་སྣང་ངོ་། །དེ་ཙམ་གྱིས་དབྱེ་བར་མི་ནུས་པ་བཤད་མ་ཐག་པས་ཀྱང་ཤེས་པར་འགྱུར་ལ་སྤྱིར་ལྟ་བ་ཞེས་པ་བྱ་ཚིག་ཡིན་ཞིང་དེའི་ཡུལ་གདོད་མའི་གནས་ལུགས་མ་འཁྲུལ་པ་ཞིག་ཏུ་འཇོག་ཅིང་ཤེས་རབ་ཀྱིས་དེ་ལ་ནན་ཏན་དུ་གོམས་སུ་འཇུག་པས་གློ་བུར་གྱི་དྲི་མ་སྦྱོང་བའི་ཐབས་ལ་སྒོམ་པ་ཞེས་བཏགས་པ་ཡིན་ན། སྐབས་འདིར་ཡང་ཀུན་རྫོབ་གདོད་ནས་དག་པ་ལྷའི་དཀྱིལ་འཁོར་དུ་གནས་པ་དེ་ལ་ལྟ་བའམ་ཡུལ་དུ་བྱས་ནས་རྣམ་པ་ལ་མ་བྱེད་ཀྱི་བསྐྱེད་རིམ་བསྒོམས་ཤིང་གོམས་པས་གློ་བུར་པའི་སྒྲིབ་བྱེད་གཉིས་སྣང་གི་བག་ཆགས་རྣམས་རིམ་གྱིས་ནུབ་ནས་གདོད་ནས་དག་པའི་དཀྱིལ་འཁོར་མི་ཟད་རྒྱན་གྱི་འཁོར་ལོ་ཡིན་ལུགས་ལྟར་མངོན་སུམ་དུ་འགྱུར་བའི་ཕྱིར་ལྟ་བ་ཡིན་ལ་ལྟ་དོན་སྒོམ་པའང་ཇི་བཞིན་ཡིན་ཞིང་། དེ་སྐབས་ཉིད་ནའང་འབྲས་བུའི་རྣམ་པ་ལམ་དུ་བྱེད་པས་འབྲས་བུའི་ཐེག་པར་རྡོ་རྗེ་འཆང་གིས་གསུངས་པ་ཡིན་ལ། ཅང་མེད་པའི་སྟོང་པ་ཡིན་ན་བསྒོམས་པས་དེར་མི་འགྱུར་ཏེ་རི་བོང་གི་རྭ་དང་མོ་གཤམ་བུ་སྒོམ་པ་བཞིན་ནོ། །དེ་ལྟ་བུར་བཞེད་པའི་རྒྱུ་ནི་སྔར་སྨོས་པ་ལྟར་འཁོར་ལོ་བར་པའི་བསྟན་དོན་རིག་ཚོགས་ཀྱི་དགོངས་པ་ངོ་བོ་ཉིད་མེད་པའི་ཚུལ་དུ་བཞུགས་པས་བདག་ཏུ་ལྟ་བ་དང་སྤྲོས་པའི་མཚན་མ་ཐམས་ཅད་སེལ་བ་ཡིན་ཞིང་། དེ་ལ་བརྟེན་ནས་ཕྱིས་ཀྱི་མཁས་པ་མང་པོ་ཞིག་གིས་ལྟ་སྒོམ་གྱི་གནད་ཐམས་ཅད་སྔོན་དང་ཅུང་ཟད་མི་མཐུན་པར་བཅོས་ཤིང་རྟོག་གེའི་རིག་པས་དཔྱད་པའི་སྟོང་ཉིད་ཁོ་ན་རྩལ་དུ་བཏོན་ཞིང་རྒྱལ་བ་རྡོ་རྗེ་འཆང་གི་དགོངས་པ་ཐུན་མོང་མ་ཡིན་པའི་གསང་ཚིག་འཆད་པའི་སྐབས་སུའང་དཔྱད་སྟོང་ལ་གནས་ལུགས་སུ་བཞེད་པ་སྙན་རྒྱུད་དང་སྒྲུབ་རྒྱུད་ཀྱི་རྟེན་འབྲེལ་ཟབ་མོ་རྣམས་དང་ཅུང་ཟད་མི་མཚུངས་ཏེ་དེ་པའི་ལུགས་སུ་མན་ངག་གི་དགོངས་པ་ཉམས་མྱོང་བྱིན་རླབས་ཀྱི་བརྒྱུད་པ་གཙོ་བོར་བྱེད་པའི་ཕྱིར་རོ། །ལར་གསང་སྔགས་ཀྱི་དངོས་གྲུབ་ནི་རང་གི་སྐལ་པ་དང་མོས་གུས་བླ་མའི་བྱིན་རླབས་འཛོམས་པས་རྒྱུད་ཐོག་མར་གྲོལ་བ་ནས་བཟུང་ལྟ་སྒོམ་སྤྱོད་པའི་གནད་ཐམས་ཅད་བླ་མ་ཡེ་ཤེས་ཅན་གྱིས་ཇི་ལྟར་བསྟན་པའི་དོན་དེ་ཁོ་ནར་ཉམས་སུ་བླངས་པས་ཐོབ་པ་ཡིན་གྱི། མཐའ་གཅིག་ཏུ་གཞུང་ལུགས་ལ་སྦྱངས་པའི་མཁས་པ་ཞིག་མེད་ཀ་མེད་ཀྱང་མིན་ཏེ། རྡོ་རྗེ་འཆང་གི། གང་དུ་བརྗོད་མིན་ལྷན་ཅིག་སྐྱེས། །ནམ་དུ་ཡང་ནི་རྙེད་མིན་ཏེ། །བླ་མའི་དུས་ཐབས་མན་ངག་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་དང་། སཾ་བུ་ཊི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ན་བྱེད་པ་དང་། །ཆོམ་ཀུན་ལས་ཀྱི་ལོངས་སྤྱོད་པའང་། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་བསྟན་པས་ཤེས་པར་འགྱུར་ལ། འཕགས་པའི་ཡུལ་གྱི་གྲུབ་པ་མཆོག་རྣམས་ཀྱི་རྣམ་ཐར་གྱིས་ཀྱང་ཤེས་པར་ནུས་ཤིང་བོད་དུའང་རྙིང་མ་བསྐྱེད་རྫོགས་གསུམ་གྱི་སྒོ་ནས་གྲུབ་པ་ཐོབ་པ་རྣམས་དང་། ཕྱིས་ཀྱི་ལམ་འབྲས་པ་འགའ་དང་། སྔོན་གྱི་ཇོ་ཞལ་མཁས་གྲུབ་རྣམས་དང་། མར་མི་དྭགས་གསུམ་གྱི་བཀའ་བརྒྱུད་རིན་པོ་ཆེ་སྔོན་བྱོན་ཐམས་ཅད་ཀྱང་དེ་དང་མཚུངས་ལ། ད་ལྟའི་སྔགས་པ་རྣམས་ཚིག་ཙམ་གྱི་གསང་སྔགས་ནི་སྒྲོགས་ལ་དོན་པོའི་ལྟ་སྒོམ་སྤྱོད་པ་རྣམས་མེད་ནས་ད་ཡུན་རིང་པོར་སོང་བ་ཡིན་ནོ། །དེ་ལྟ་མོད་ཀྱང་རྒྱལ་བའི་བསྟན་པ་མཐའ་དག་ལུང་རྟོགས་གཉིས་ཀྱི་སྡོམ་དུ་བསྡུས་པའི་རྟོགས་པ་ནི་བསྟན་པའི་དོན་པོར་གྲུབ་ཅིང་། དེ་ཉིད་སྒྲུབ་པ་ཉམས་ལེན་གྱིས་གཏན་ལ་ཕབ་ཅིང་མངོན་དུ་བྱ་བའི་སྒྲུབ་པ་དེའང་མདོ་སྔགས་གཉིས་ལས་ཕྱི་མ་བསྟན་པ་མཐའ་དག་གི་སྙིང་པོ་ཉིད་དུ་ངེས་པ་གཏིང་ནས་ཚུགས་པའི་ཤཱཀྱའི་བསྟན་པ་འདིར་གྲུབ་པ་ཐོབ་པ་ནས་དྲོད་ཙམ་སྐྱེས་པ་ཡན་དང་། ཐ་ན་བྱིན་རླབ་ཕྲ་མོ་ཙམ་ཞིག་བྱུང་བའང་གསང་སྔགས་ཀྱི་ནུས་པ་ཡིན་ན་འདི་ལ་རིག་པ་ལྟར་སྣང་གིས་དཔྱད་པའི་རྒྱས་འགེབས་སོགས་བློ་ལྷན་སྐྱེས་ཀྱི་བཟོ་བཅོས་དུ་མའི་བསླད་མི་གཞུག་པར་རྡོ་རྗེ་འཆང་དང་གྲུབ་བརྙེས་རྣམས་ཀྱི་ཞལ་ལུང་དྲི་མ་མེད་པ་སྒྲ་ཇི་བཞིན་པར་ལག་ལེན་དུ་འདེབས་པ་སྙིགས་མའི་རྣམ་འགྱུར་གྱི་འོག་ནས་ལྡང་བར་དཀའ་ཡང་མོས་པ་ལམ་བྱེད་ཙམ་བྱས་ནའང་དོན་ཆེན་པོ་དང་ལྡན་པ་ཉིད་དུ་ཤེས་པར་བྱའོ། །ཞེས་པ་འདི་ཡང་འཁོར་ལོ་གསུམ་བརྗོད་བྱ་གོང་མར་གཅིག་པར་བསྟན་པའི་གནད་ཅུང་ཟད་རང་གི་ཡིད་ལ་ངེས་པ་རྣམས་རྒྱལ་ཁམས་པ་ཚེ་དབང་མཆོག་གྲུབ་ཀྱིས་སྐབས་བབས་སུ་བརྗོད་པ་འགྲོ་བ་རྣམས་བསྟན་པ་ཐམས་ཅད་གཅིག་པའི་དབྱིངས་འཇལ་བ་ལ་མཁས་པར་གྱུར་ཅིག །སྭ་སྟི། བདེ་གཤེགས་སྙིང་པོའི་བསྟན་པ་སེང་གེའི་སྒྲས། །ལྟ་ངན་རི་དྭགས་མཐའ་དག་སྐྲག་མཛད་ཅིང་། །སངས་རྒྱས་དགོངས་པའི་མཐར་ཐུགས་གསལ་མཛད་པའི། །མཚུངས་མེད་བླ་མ་རྣམས་ལ་སྙིང་ནས་འདུད། །སྐྱོན་བྲལ་རྒྱལ་བའི་བསྟན་པའི་སྒོ་ཇི་སྙེད། །མ་ལུས་བློ་ཡི་བྱི་དོར་ཁོ་ན་སྟེ། །ཀུན་ཀྱང་ངེས་དོན་གཅིག་གི་ལམ་སྟེགས་དང་། །མཐར་ཐུག་འབྲས་བུ་གཅིག་ཏུ་དཀྲི་བའི་ཐབས། །འདི་ན་རྒྱལ་བའི་ཆོས་འཁོར་རིམ་གསུམ་གྱིས། །དང་པོས་ཀུན་རྫོབ་རྒྱུ་བཅས་བསླུ་མེད་དང་། །གཉིས་པས་ཀུན་རྫོབ་རང་སྟོང་གསུམ་པ་ཡིས། །དོན་དམ་གཞན་སྟོང་ཆོས་ཉིད་ཟབ་མོ་བསྟན། །ཡུལ་གྱི་འཁྲུལ་སྣང་མེད་བཞིན་ཀུན་ཏུ་བཏགས། །ཡུལ་ཅན་འཁྲུལ་སེམས་ཚོགས་བརྒྱད་གཞན་དབང་ལས། །རྣམ་གྲོལ་རིག་པའི་ཡེ་ཤེས་ཡོངས་གྲུབ་ཆེ། །འདི་ནི་ངེས་དོན་རྫོགས་ཆེན་ཁྱད་པར་ཆོས། །གཤིས་ཀྱི་བཞུག་ཚུལ་འཁོར་ལོ་ཐ་མ་རུ། །ཕྱོགས་ཙམ་བསྟན་ནས་ཟབ་གསལ་གཉིས་མེད་དོན། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེའི་གཞུང་། །རིག་འཛིན་སྡེ་སྣོད་ཉིད་དུ་གསལ་བར་བསྟན། །དེ་ལས་སྔོན་གྱི་སློབ་དཔོན་འགའ་ཞིག་གིས། །སྔགས་ཀྱི་ངེས་པར་མ་བརྟེན་དགོས་དབང་གིས། །མདོ་ལུང་ཙམ་ལ་བརྟེན་ནས་བཀྲམ་པ་ལས། །རྣམ་རིག་སྨྲ་བའི་གྲུབ་མཐར་འདོད་པའང་བྱུང་། །སེམས་དང་སེམས་བྱུང་ཀུན་རྟོག་ཆུ་བོའི་ཀླུང་། །བློ་ཡིས་དཀྲུགས་པའི་སྟོང་ཉིད་ཆུ་བུར་དང་། །རྣམ་ཤེས་ཙམ་ལ་ཡོང ས་གྲུབ་གནས་མ་ཡིན། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྟེ། །ལམ་བདེན་འདུས་བྱས་ཁམས་ལའང་དེ་མི་གནས། །གང་དག་རིག་པས་དཔྱད་པའི་དབུ་མ་པའི། །སྤྲོས་བྲལ་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱང་། །སྟོང་པ་ཉིད་དུ་སྙམ་བྱེད་བློ་ཡིན་ཕྱིར། །ནམ་ཡང་སྤྲོས་པའི་མཐའ་ལས་འདའ་བ་མེད། །འདིར་ནི་ཚོགས་བརྒྱད་སེམས་ཀྱི་སྤྲིན་རུམ་ལས། །རྣམ་པར་གྲོལ་བའི་རིག་དངོས་ཉི་མ་བཞིན། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་ལ། །རྒྱལ་བ་ཀུན་གྱིས་གཟིགས་པའི་དེ་ཁོ་ན། །འདི་ཡིས་ཀུན་བརྟགས་རང་གི་ངོ་བོས་སྟོང་། །རྣམ་ཤེས་གཞན་དབང་སྐྱེ་བ་མེད་པས་སྟོང་། །ཡོངས་གྲུབ་རིག་པ་དོན་དམ་ངོ་བོས་སྟོང་། །སྟོང་པའི་ཚུལ་འདི་དོན་དམ་ཡང་དག་མཐའ། །འཕགས་པ་རྣམས་ཀྱི་བདེན་མཐོང་ཡེ་ཤེས་དང་། །རྗེས་མཐུན་རྣལ་འབྱོར་རྣམས་ལ་རིག་པའི་ཆ། །ལུས་ཅན་རྣམས་ལ་སྙིང་པོའི་ཚུལ་དུ་བཞུགས། །གནས་སྐབས་གསུམ་ཡང་བློ་ཡི་དྲི་མས་ཕྱེ། །གང་ཚེ་སྒྲིབ་ཀུན་སྤང་བའི་ཡེ་ཤེས་ལས། །སྐུ་དང་ཞིང་སོགས་བསམ་མི་ཁྱབ་པའི་གཞིར། །སྣང་ཡང་རྡུལ་དང་ཤེས་སོགས་མཚན་མའི་ཆོས། །ཚིག་དང་སྒྲ་རྟོག་བློ་ཡི་མདུན་མི་གནས། །འདུས་བྱས་ལས་འདས་རྟག་མཐར་ལྷུང་མ་མྱོང་། །ཆོས་ཀུན་རང་བཞིན་གནས་ལུགས་གཞན་རྐྱེན་ལས། །མ་བྱུང་གཞན་དུ་འཕོ་ཞིང་འགྱུར་མེད་པས། །འཇིག་རྟེན་ལས་འདས་སྐུ་དང་ཡེ་ཤེས་ཀྱི། །འཆར་གཞིར་བཞུགས་པས་ཆད་མཐར་ལྷུང་མ་མྱོང་། །དེ་ཕྱིར་གདོད་ནས་གྲུབ་པའི་གནས་ལུགས་དེ། །སེམས་ཅན་རྣམས་ལ་ཤིན་ཏུ་ལྐོག་གྱུར་གནས། །བློ་ཆེན་རྣམས་ཀྱི་ཆ་ཤས་ཙམ་མཐོང་སྟེ། །སངས་རྒྱས་རྣམས་ཀྱིས་ཡོངས་སུ་རྫོགས་པར་གཟིགས། །དེ་ནི་གནས་ཚུལ་ཡིན་གྱི་སྣང་ཚུལ་མིན། །གདོད་ནས་ཡོད་མ་མྱོང་བའི་འཁྲུལ་སྣང་ཆོས། །སེམས་ཅན་རྣམས་ལ་མངོན་སུམ་འཛིན་བཅས་སྣང་། །འཕགས་པ་རྣམས་ལ་རེས་འགའ་ཙམ་དུ་སྟེ། །འཕགས་མཆོག་རྣམས་ཀྱིས་གཏན་དུ་མི་གཟིགས་སོ། །དེ་ནི་སྣང་ཚུལ་ཡིན་གྱི་གནས་ཚུལ་མིན། །དེ་ཕྱིར་རྣམ་ཤེས་ཡེ་ཤེས་ཁྱད་པར་དང་། །འཁྲུལ་དང་མ་འཁྲུལ་སེམས་དང་རིག་པ་དང་། །ཆོས་དང་ཆོས་ཉིད་ཀུན་རྫོབ་དོན་དམ་དང་། །གནས་ཚུལ་སྣང་ཚུལ་མ་འཁྲུལ་རྟོགས་པ་ནི། །རྒྱལ་བ་ཀུན་གྱི་གཞུང་ལམ་ཆེན་པོའི་ཕུལ། །གང་དག་སེམས་ལས་འདས་པའི་རིག་པ་ནི། །ཚོགས་བརྒྱད་ཉེར་ལེན་སེམས་ཀྱིས་མ་བསྡུས་ཤིང་། །ཡུལ་ལ་འཇུག་པའི་སྤྲོས་ཀུན་ཉེར་ཞི་བས། །དངོས་པོ་སྣང་བས་མ་བཟུང་སྟོང་པའི་གཤིས། །སྟོང་པ་རང་བཞིན་གསལ་བའི་སྙིང་པོ་ནི། །ཡེ་ཤེས་དག་པས་མཐོང་ཐོས་སྣོམ་མྱོང་དང་། །ཡེ་ཤེས་སྣང་བའི་གཟུགས་སོགས་ཀུན་ཏུ་ཡོད། །ཚོགས་བརྒྱད་སེམས་བྱུང་རྟོགས་པ་ཀུན་བྲལ་ཡང་། །ཆོས་ཉིད་རིག་པ་མ་འགགས་ཟང་ཐལ་ལ། །རིག་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ། །འོན་ཀྱང་ལམ་པས་ཕྱོགས་རེ་མཐོང་བ་ནི། །གནས་ཚུལ་སྣང་ཚུལ་འདྲེས་མར་འབྱུང་བའི་ཕྱིར། །གནས་ཚུལ་རྗེན་པ་སངས་རྒྱས་ཁོ་ནས་གཟིགས། །དེ་ལ་དམིགས་པའི་ཡུལ་ཅན་ཤེས་ངོ་ལ། །དྲི་མས་བསྒྲིབས་དང་མ་བསྒྲིབས་ཁྱད་པར་ལས། །བློ་ངོར་ཆོས་ཉིད་དྲི་མས་བསྒྲིབས་ལྟར་སྣང་། །ཇི་ལྟར་རང་གི་སྟེང་དུ་སྤྲིན་བྱུང་ཚེ། །མ་བརྟགས་ཉི་མ་སྤྲིན་གྱིས་བསྒྲིབས་སོ་ཟེར། །སྤྲིན་དེ་རླུང་གིས་བདས་ནས་མི་གནས་ཚེ། །ཉི་མའི་སྒྲིབ་བྱེད་སངས་ཞེས་རྟོགས་པ་ལྟར། །གང་དུ་བློ་ཡི་དྲི་མ་ཡོངས་སྤངས་ཚེ། །དྲི་བྲལ་སངས་རྒྱས་ཐོབ་ཅེས་རྒྱལ་བས་བསྟན། །དེ་ཕྱིར་ཆོས་ཉིད་ངོ་བོར་སྒྲིབས་ཚོགས་ཀྱིས། །གོས་མ་མྱོང་བས་ཀ་ནས་དག་པར་བརྗོད། །སྤྲོས་པ་མཐའ་དག་རྫུན་པ་ཡིན་པའི་ཕྱིར། །སྤྲོས་དང་བྲལ་བ་ཉིད་ཀྱིས་བདེན་པར་གྲུབ། །སྤྲོས་བྲལ་འདོད་ལ་བདེན་གྲུབ་མི་འདོད་པ། །ཉི་མའི་འོད་ཟེར་ཉི་མར་མི་འདོད་བཞིན། །རང་བཞིན་འགྱུར་མེད་འགྲོ་ལ་རྟག་ཁྱབ་ན། །རྟག་དངོས་སྤྲོས་པར་འགྱུར་སྙམ་དེ་བསལ་ཕྱིར། །རྒྱལ་བས་ཆོས་དབྱིངས་ཟབ་མོ་སྟོང་པར་གསུངས། །སྟོང་པ་དེ་ཡང་ནམ་ཡང་བདེན་མེད་དུ། །ཅི་ཡང་མེད་པ་ཙམ་ཞིག་བསྟན་པ་མིན། །ཀུན་རྫོབ་ཕྱོགས་ནས་མེད་དང་མ་ཡིན་སྟོང་། །དོན་དམ་ཕྱོགས་ནས་རྟོག་པའི་ཡུལ་གྱིས་སྟོང་། །དོན་དམ་ངོ་བོ་ཉིད་ཀྱིས་སྟོང་པ་ལྟར། །གསུངས་པའི་དགོངས་པ་དོན་དམ་ལ་དམིགས་ནས། ། བློ་ཡིས་བཟུང་ལྟར་མ་གྲུབ་པ་ལ་དགོངས། །ཡེ་ཤེས་རང་ལས་གཞན་པའི་མཚན་ཉིད་ཅན། །གཟུང་འཛིན་སྤྲོས་ཀུན་སྟོང་པའི་སྟོང་ཉིད་དེ། །མྱང་འདས་བློ་ཡིས་ཟད་པའི་སྟོང་ཉིད་ཀྱང་། །གང་ཟག་བློ་ཡི་སྒྲིབ་པ་ཟད་ལ་དགོངས། །དེ་ཕྱིར་ཆོས་ཀུན་སྟོང་གཞིའི་ཆོས་ཉིད་གང་། །འཕགས་པ་རྣམས་ཀྱི་ཡེ་ཤེས་མ་འཁྲུལ་པ། །ཉམས་སུ་མྱོང་བྱ་ཉིད་ཕྱིར་བདེན་པར་གྲུབ། །འགྱུར་བ་མེད་ཕྱིར་རྟག་བརྟན་ཐེར་ཟུག་གོ། །མདོར་ན་རྒྱལ་བས་ཀུན་རྫོབ་རང་སྟོང་ལ། །དགོངས་ནས་ཆོས་ཀུན་ངོ་བོ་ཉིད་མེད་གསུངས། །དོན་དམ་གཟུང་འཛིན་སྤྲོས་པའི་ཆོས་གཞན་གྱིས། །སྟོང་ཡང་ཡེ་ཤེས་མེད་པར་བསྟན་པ་མིན། །གང་ལ་བློ་ཡི་རིམ་པས་འཇལ་ལུགས་གསུམ། །སེམས་ཅན་རྣམས་ལ་གཞི་ཡི་ཚུལ་དུ་སྣང་། །རྣལ་འབྱོར་རྣམས་ལ་ལམ་གྱི་ཚུལ་དུ་སྣང་། །དག་པའི་འཕགས་པ་རྣམས་ལ་འབྲས་བུར་སྣང་། །གསུམ་པོའང་བློ་ལ་སྣང་ཚུལ་ངོས་ནས་བཞག །ཀུན་ཀྱང་བདེ་གཤེགས་སྙིང་པོའི་ངོ་བོར་གཅིག །བློ་ཡི་དྲི་མས་ཤིན་ཏུ་ལྐོག་གྱུར་དང་། །ཆ་ཤས་ཙམ་དང་ཡོངས་རྫོགས་མཐོང་བ་ལ། །གཞི་འབྲས་གཉིས་སུ་སྙིང་པོའི་སྒྲ་ཡིས་བརྗོད། །ལམ་ནི་གཞི་ཡི་མདངས་འོད་འཁོར་བའི་ཆོས། །ལྷན་ཅིག་འཇོམས་པ་དེ་ཡི་གཉེན་པོར་འགྲོ། །དྲི་མ་བྲལ་བྱེད་དང་ནི་གནས་འགྱུར་བྱེད། །ཐབས་ཚུལ་སྣ་ཚོགས་ལམ་བདེན་འདུས་བྱས་ཡིན། །འདི་ནི་བློ་ཡི་གྲུབ་མཐས་མ་རེག་པར། །རིག་པའི་ཤེས་རབ་རང་བྱུང་མཉམ་གཞག་གིས། །ཆོས་ཉིད་གཉུག་མའི་རང་ངོ་སྐྱོང་བྱས་ན། །མཐར་གྱིས་བདེན་པའི་དེ་ཉིད་མཇལ་བར་འགྱུར། །ཇི་སྲིད་འབྱུང་བ་ཡོད་ཅིང་རྟོག་པ་ཡོད། །དེ་སྲིད་ཀུན་རྫོབ་རྒྱུ་འབྲས་སྒྱུ་མ་ཙམ། །འབྱུང་ཕྱིར་དྲང་དོན་ཐབས་ཀྱིས་རང་གཞན་རྣམས། །ཐར་བར་དཀྲི་བའི་ཚུལ་ཀྱང་འདོར་མི་བྱ། །རྒྱལ་བ་སྲས་བཅས་གསང་ཚིག་རྨད་པོ་ཆེ། །བདེ་གཤེགས་སྙིང་པོ་ཕྱིར་མི་ལྡོག་པའི་ཚུལ། །མངོན་བྱེད་ཡང་སྙིང་མྱུར་ལམ་རྫོགས་པ་ཆེའི། །གསང་བ་ཟབ་མོ་སྐྱེ་ཀུན་འཛིན་གྱུར་ཅིག །ངེས་དོན་མཐར་ཐུག་འཛིན་པ་མཆོག་རྣམས་ཀྱི། །ངེས་དོན་གཞུང་ལུགས་མཇལ་ཞིང་ཅུང་ཟད་མྱོང་། །ངེས་དོན་སྙིང་ནས་མོས་པས་མ་བཟོད་ནས། །ངེས་དོན་གཏམ་འདི་ལྷུན་གྲུབ་སྟེང་ནས་ཐལ། །དགེའོ།། །།


previousརྒྱལ་བསྟན་འཁོར་ལོ་གསུམ་དགོངས་པ་གཅིག་ཏུ་རྟོགས་པ་རྟོན་པ་བཞི་ལྡན་གྱི་གཏམ།next