Nitartha Digital Library
Tibetan
 
previousསྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བཤད་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བཀྲ་ཤིས་གྲུབ་པའི་དབྱངས་སྙན།no next

སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བཤད་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བཀྲ་ཤིས་གྲུབ་པའི་དབྱངས་སྙན།

༈ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བཤད་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བཀྲ་ཤིས་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །སྟོན་པ་ཀུན་བཟང་རྒྱལ་ཚབ་རིགས་ལྔ་དང་། །རིགས་གསུམ་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ་ཨིནྡྲ་བྷཱུ་ཏི་དང་། །སིང་ཧ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །ཨུ་པ་རཱ་ཛ་གོ་མ་དེ་ཝཱིའི་ཞབས། །སློབ་དཔོན་ཀུ་ཀུ་རཱ་ཛ་ཕྱི་མ་དང་། །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་རྩལ། །པྲ་བྷ་ཧ་སྟི་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་དངོས་པདྨ་སམ་བྷ་ཝ། །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལ། །རྨ་ལོ་རིན་མཆོག་གཙུག་གྱེར་རྣམ་པ་གཉིས། །ཞང་སྟོན་རྒྱལ་ཡོན་རྣམས་ལ་གསོལ་བ་འདེབས། །གནུབས་ཆེན་སངས་རྒྱས་ཡོན་ཏན་རྒྱ་མཚོ་དང་། །ཡེ་ཤེས་རྒྱ་མཚོ་ཉང་ཆེན་ཤེས་རབ་མཆོག །ཡེ་ཤེས་འབྱུང་གནས་ཟུར་ཆེན་ཤཱཀྱ་འབྱུང་། །ཟུར་ཆུང་ཤེར་གྲགས་རྣམས་ལ་གསོལ་བ་འདེབས། །ཐུགས་སྲས་ཀ་ཆེན་བཞི་དང་སྒྲོ་ཕུག་པ། །ཉེ་སྟོན་ཆོས་སེང་གཙང་ནག་འོད་འབར་དང་། །མེ་སྟོན་མགོན་པོ་ཤེས་རབ་ཚུལ་ཁྲིམས་དང་། །རྟ་ནག་བདུད་འདུལ་རྣམས་ལ་གསོལ་བ་འདེབས། །ཤཱཀྱ་འཕེལ་དང་བྱམས་པ་སེང་གེ་དང་། །འགྲོ་སྟོན་བསམ་འགྲུབ་སྒྲོལ་ཆེན་སངས་རྒྱས་མཚན། །གཞོན་ནུ་དཔལ་དང་ཡེ་ཤེས་དཔལ་བཟང་པོ། །རིན་ཆེན་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །ཉི་ཟླ་སངས་རྒྱས་འཁོན་རིགས་ཚེ་དབང་དང་། དཔལ་འབྱོར་ལྷུན་གྲུབ་བཀྲ་ཤིས་ཀུན་དགའ་དང་། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེ་དང་། །ངག་དབང་ཆོས་དཔལ་རྣམས་ལ་གསོལ་བ་འདེབས། །རིན་ཆེན་རྣམ་རྒྱལ་བསྟན་འཛིན་རྡོ་རྗེ་དང་། ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་ཀྱི་སྒྲོན། །སངས་རྒྱས་ཀུན་དགའ་མདོ་སྔགས་བསྟན་འཛིན་དང་། །ཕན་བདེའི་འོད་ཟེར་རྣམས་ལ་གསོལ་བ་འདེབས། །ཁྱད་པར་རྒྱུད་ཀྱི་རྒྱལ་པོའི་མཐར་ཐུག་དོན། །ལེགས་བཤད་ཉི་ཟླའི་སྤྲིན་གྱི་སྣང་བ་ཡི། །གསལ་མཛད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ནས། །རིམ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །གཞན་ཡང་གསང་ཆེན་སློབ་བཤད་སྙིང་པའི་སྲོལ། །འཛིན་མཛད་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་སོགས། །བྱིན་རླབས་ཉེ་བརྒྱུད་བླ་མར་གསོལ་བ་འདེབས། །བརྒྱུད་གསུམ་བླ་མའི་དགོངས་དོན་བདུད་རྩིའི་བཅུད། །རྨད་བྱུང་ཐུགས་ཀྱི་གསང་བ་སྙིང་པོའི་རྒྱུད། །སྙིང་གི་དཔལ་བེར་སྩོལ་བའི་བཀའ་དྲིན་ཅན། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །ཟུང་འཇུག་འབྲས་བུའི་ཡེ་ཤེས་བླ་མེད་པ། །རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བ་ཡི། །ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བཅས། །སྐྱབས་གནས་དམ་པ་རྣམས་ལ་གསོལ་བ་འདེབས། །དག་མཉམ་གཞི་ཡི་གནས་ལུགས་ཇི་བཞིན་རྟོགས། །བསྐྱེད་རྫོགས་ལམ་གྱི་རྣལ་འབྱོར་མཐའ་རུ་ཕྱིན། །ཟུང་འཇུག་འབྲས་བུའི་ཡེ་ཤེས་མངོན་གྱུར་ནས། །མཐའ་ཡས་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །བརྒྱུད་གསུམ་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །བཤད་དང་སྒྲུབ་པས་སྙིང་པོའི་བསྟན་པ་འཕེལ། །རྩ་གསུམ་སྲུང་མ་དགྱེས་པའི་གཟི་བྱིན་གྱིས། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་གྱུར་ཅིག །ཅེས་པའང་སྒྱུ་འཕྲུལ་བརྒྱུད་འདེབས་ལ་བཤད་བཀའི་ཕྱོགས་ཀྱི་ཁ་སྐོང་དང་སྨོན་ལམ་བཅས་མི་ཕམ་འཇམ་དཔལ་དགྱེས་པས་མཛད་པ་ལ། བརྒྱུད་པའི་ཁྱད་པར་གྱིས་ལོ་ཆེན་མན་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།


previousསྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བཤད་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བཀྲ་ཤིས་གྲུབ་པའི་དབྱངས་སྙན།no next