Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་རེ་ལྔ་པ།


   
   
   
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་།


 
previousདཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་།no next

དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་།

སྔ་དུམ།
ཤྲཱི གུ ཧྱ ག རྦྷ ཏ ཏྭ ནི ཥྩ ཡ ཏནྟྲ རཱ ཛ མཱ ཡ ཛ ལ ས མུ དཱ ཡཱ རྠ སྱ དྭཱ རཱ ཏྣི ཥྩི ཏ སུ བྷ ཥི ཏཾ གུ ཧྱ པ ཏི མུ ཁཱ ག མ ནཱ མ བི ཧ ར ཏི སྨ།།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཐོག་མཐའ་དབུས་བྲལ་སྣང་སྟོང་དབྱེར་མེད་སེམས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་གཞི་ཡི་རྒྱུད། །གང་ཞིག་རྟོག་གོམས་བྱེད་རྩོལ་དང་བཅས་རྨད་བྱུང་ཐབས་དང་ཤེས་རབ་རྣམ་པར་གྲོལ་བའི་ལམ། །གང་གིས་གློ་བུར་སྒྲིབ་པ་བསལ་ལས་བྲལ་ཐོབ་མེད་རྟོགས་འབྲས་བུའི་རྒྱུད་དུ་རབ་སྣང་ཡང་། །ངོ་བོ་འགྱུར་མེད་རང་རིག་བྱང་ཆུབ་སེམས་སུ་རྫོགས་ལ་ངོ་མཚར་ཆེན་པོས་ཕྱག་བགྱིའོ། །སྟོང་ཉིད་དབྱིངས་སུ་བདུད་བཞིའི་དཔུང་བཅོམ་སྐུ་ལྔའི་མཆོག་ལྡན་མཚན་ཉིད་མཐའ་རྣམས་ཀུན་ལས་འདས། །བདེན་གསུམ་རིས་མེད་ལྷུན་གྱིས་གྲུབ་དང་བདག་གཞན་དཔལ་གྱུར་འཁོར་འདས་ཆོས་རྣམས་མ་ལུས་པ། །ཉིད་དང་གཞན་ཞེས་བརྗོད་དུ་མེད་པའི་རང་བཞིན་མངོན་བྱས་སྤྱོད་ཡུལ་ཀུན་ཏུ་བཟང་པོ་སྟེ། །རིགས་བདག་དྲུག་པའི་ཞབས་ལ་འདུད་དོ་ཐུགས་རྗེའི་སྤྱན་གྱིས་བདག་ལ་ཀུན་ནས་གཟིགས་པར་མཛོད། །རྒྱལ་ཚབ་རིགས་ལྔ་རྒྱལ་སྲས་སེམས་དཔའ་འཇོམས་བྱེད་ཁྲོ་བོ་བཙུན་མོར་བཅས་གང་དགོངས་པའི་བརྒྱུད། །ལྷ་ཀླུ་གནོད་སྦྱིན་རིག་འཛིན་ཚོགས་དང་དམ་པའི་རིགས་ཅན་དྲྭ་མ་ལྔ་སྟེ་བརྡ་བརྒྱུད་ཅན། །སྐལ་ལྡན་ཛཿསོགས་ཚོམ་བུར་གཤེགས་དང་སངས་རྒྱས་གསང་བ་སྒེག་རྡོར་པད་འབྱུང་བི་མ་ལ། །རྨ་གཉགས་སོ་ཟུར་གནུབས་ལ་སོགས་པ་རྣ་བརྒྱུད་ཚོགས་ཏེ་བརྒྱུད་གསུམ་བླ་མ་རྣམས་ལ་འདུད། །ཁྱད་པར་གསང་བདག་དགོངས་པའི་གནད་ཇི་བཞིན། །མངོན་དུ་གྱུར་ནས་འགྲོ་ལ་གསལ་མཛད་པ། །བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྗེ། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་མཆོད། །དྲུག་པའི་རྒྱལ་ཚབ་མི་ཡི་ཟོལ་བཟུང་བ། །མཁས་གྲུབ་རིམ་པར་བྱོན་པས་ལེགས་བཟུང་ཕྱིར། །སྒྱུ་འཕྲུལ་དྲྭ་བ་དཔལ་ལྡན་རྒྱུད་ཀུན་གྱི། །སྤྱི་བོར་གྱུར་འདི་ནམ་ཡང་ནུབ་མ་གྱུར། །བདག་ཀྱང་མཁའ་སྡིང་རྗེས་སུ་བུང་བ་མཞིན། །ཚུལ་འདི་ལེགས་པར་འཆད་ལ་སྤྲོ་བ་སྐྱེས། །ཁྱད་པར་བདག་བློ་གཞུང་འདིར་འདྲིས་སླད་དུ། །ཆོས་ཀྱི་རྒྱལ་པོ་རྗེ་བཙུན་བླ་མའི་བཀའ། །སྤྱི་བོར་ལྷུངས་ལས་དགོངས་པར་མ་ནུས་ནས། །ཅུང་ཟད་བརྗོད་འདིར་ནོངས་ན་མ་མོ་དང་། །མཁའ་འགྲོའི་ཚོགས་རྣམས་བུ་ལ་མ་བཞིན་དུ། །བརྩེ་བས་བཟོད་པར་བཞེས་ལ་གྲོགས་མཛོད་ཅིག །དེ་ལ་འདིར་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ། རྒྱུད་ཐམས་ཅད་ཀྱི་སྤྱི་བོར་གྱུར་པ་འདི་འཆད་པ་ལ། སྔོན་དུ་འགྲོ་བ་སྤྱིའི་རྣམ་པར་གཞག་པ་དང་། བྱེ་བྲག་རྒྱུད་ཀྱི་དོན་བཤད་པའོ། །དང་པོ་ལ། གང་བཤད་བྱའི་ཆོས། དེ་གང་གིས་འཆད་པའི་མན་ངག །དེས་ཇི་ལྟར་འཆད་པའི་ཚུལ་དང་གསུམ། དང་པོ་ལ། སྤྱིར་ཆོས་ཀྱི་སྒྲ་གང་ལ་འཇུག་པ། དེ་ལས་ཤེས་བྱའི་ཆོས་དང་། དམ་པའི་ཆོས་དང་། བཤད་བྱའི་ཆོས་ངོས་བཟུང་བ་དང་བཞི། དང་པོ་ནི། དོན་བཅུ་ལ་འཇུག་སྟེ། རྣམ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུངས་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུངས་སོ། །གཉིས་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་དོ། །དེ་ལའང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཏན་ལ་དབབ་པའི་མདོ་ལས། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་གི་མཚན་ཉིད་འཛིན་མོད་ཀྱང་། །རྣམ་པར་དཀར་བ་མ་ཡིན་ཕྱིར། །ངས་ནི་རྣམ་པར་དཀར་པ་བསྟན། །ཞེས་པས། རང་གི་མཚན་ཉིད་འཛིན་པའི་ཆོས་དང་། རྣམ་པར་དཀར་བའི་ཆོས་གཉིས། དང་པོ་ནི། མེའི་མཚན་ཉིད་ཚ་ཞིང་དུ་མ་ཚོགས་པས་བསྲེག་པ་ལྟ་བུ་ཆོས་ཐམས་ཅད་ལ་རང་རང་གི་མཚན་ཉིད་མི་འདྲ་བ་རེ་རེ་ཡོད་པ་དེའོ། །དེའང་རྒྱལ་སྲས་རྣམས་ཀྱིས་ཤེས་པར་བྱ་བའི་ཡུལ་ནི། སྒྲ་དང་། ཚད་མ་དང་། བཟོ་དང་། གསོ་བ་དང་། ནང་རིག་པའི་གནས་དང་ལྔ་སྟེ། མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་སོ། །གཉིས་པ་རྣམ་པར་དཀར་བའི་ཆོས་ནི། རིག་པའི་གནས་ལྔའི་ཡ་གྱལ་གྱི་ལྔ་པ་སྟེ། དམ་པའི་ཆོས་དང་དོན་གཅིག་མིང་གི་རྣམ་གྲངས་སོ། །གསུམ་པ་དམ་པའི་ཆོས་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། གང་ལ་དམིགས་ནས་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཏེ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་སོ། །གཉིས་པ་ལ། རྟོགས་པའི་དམ་ཆོས་དང་། ལུང་གི་དམ་ཆོས་གཉིས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །དང་པོ་རྟོགས་པའི་དམ་ཆོས་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། གང་གིས་གང་ཞིག་འདོད་ཆགས་དང་བྲལ་བའི་རྣམ་དཀར་གྱི་ཡོན་ཏན་ཏེ། རྒྱུད་བླ་མ་ལས། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་སོ། །གཉིས་པ་ལ། རྟོགས་པའི་སྟོབས་ཀྱིས་ཐོབ་པ་དང་། རྟོགས་པའི་དམ་ཆོས་དངོས་གཉིས། དང་པོ་ནི། ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་འགོག་བདེན་ལྟ་བུ། གཉིས་པ་ནི། ལམ་བདེན་འཁོར་བཅས་སོ། །བཞི་པ་བཤད་བྱའི་ཆོས་ནི། ལུང་གི་དམ་ཆོས་ཏེ། རྟོགས་པའི་ཆོས་དེ་ནི་རྣལ་འབྱོར་བ་རྣམས་ཀྱི་སོ་སོ་རང་རང་གིས་རིག་པར་བྱ་བའི་ཆོས་ཡིན་གྱི་ཐོས་བསམ་གྱི་མངོན་དུ་བྱས་པའི་ཆོས་མ་ཡིན་པའི་ཕྱིར། དེ་ལྟར་ཡང་འདི་ཉིད་ལས། ཆོས་རྣམས་མིང་དུ་བཏགས་པ་ཙམ། །སྟོན་པས་དོན་དང་མཐུན་ཕྱོགས་སུ། །མིང་དང་ཚིག་ཏུ་བཏགས་ནས་བསྟན། །ཞེས་དང་། ཀླུ་སྒྲུབ་ཀྱིས་དཔེ་མེད་པར་བསྟོད་པ་ལས། གཙོ་བོ་ཁྱོད་ཀྱིས་འགའ་ཞིག་ཏུ། །ཡི་གེ་གཅིག་ཀྱང་མ་གསུང་ལ། །གདུལ་བྱའི་འགྲོ་བ་མ་ལུས་པ། །ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད། །ཅེས་སོ། །དེ་ལ་ཡང་། ངོ་བོ། མཚན་ཉིད། སྒྲ་དོན། དབྱེ་བ། སྐབས་དོན་ངོས་བཟུང་བ་དང་ལྔ། དང་པོ་ནི། མདོ་སྡེ་པ་ན་རེ། ངག་ཏུ་བརྗོད་པའི་སྒྲ་ཚིག་གི་རང་བཞིན་ཏེ། གཟུགས་ཀྱི་ཕུང་པོས་བསྡུས་པའོ་ཟེར། བྱེ་བྲག་ཏུ་སྨྲ་བ་ན་རེ། གཟུགས་སེམས་སེམས་ལས་བྱུང་བ་གསུམ་ལས་རྫས་གཞན་དུ་གྱུར་པ་མིང་གི་རང་བཞིན་ཏེ། འདུ་བྱེད་ཀྱི་ཕུང་པོས་བསྡུས་པའོ་ཞེས་འདོད་དོ། །དེ་ལྟར་ཡང་མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་སོ། །སེམས་ཙམ་པ་ནི། སྒྲ་སྤྱི་སྣང་བའི་ཡིད་ཤེས་རྟོག་བཅས་གྲོགས་དང་མཚུངས་པར་ལྡན་པའི་རྣམ་རིག་ལ་འདོད་དེ། སློབ་དཔོན་དགེ་བསྙེན་བཙུན་པས། རྐྱང་པ་དང་ཚིགས་སུ་བཅད་པའི་སྒྲར་སྣང་བ་འདོད་པའི་དོན་གྱི་རྣམ་པའི་རྗེས་སུ་འཇུག་པ་ཉན་པའི་རྣམ་པར་རིག་པའི་ཚོགས་སོ། །ཞེས་སོ། །གཉིས་པ་ནི། བརྗོད་བྱ་རྟོགས་པའི་དམ་ཆོས་ལ་འཇུག་པའི་རྗོད་བྱེད་དོ། །གསུམ་པ་ནི། ཡིད་ཆེས་ཀྱི་ཚིག་ཡིན་པའི་ཕྱིར་ལུང་གི་ཆོས་ཏེ། མདོ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། ཞེས་སོ། །བཞི་པ་ལ། བཀའ་དང་བསྟན་བཅོས་གཉིས་ཏེ། བདེ་གཤེགས་འདུས་པའི་ས་གཅོད་ཚོམས་ཀྱི་ཆིངས་ལས། ཐུབ་པ་ཆེན་པོའི་ཆོས་རྣམས་ཀུན། །བསྡུས་པས་བཀའ་དང་བསྟན་བཅོས་གཉིས། །ཞེས་སོ། །བཀའ་ལ་མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་སྟོན་པ་སངས་རྒྱས་ལ་བརྟེན་ནས་བྱུང་བའི་ཁྱད་པར་བཞི་ལྡན་གྱི་རྒྱལ་བའི་གསུང་རབ་གང་ཞིག །མདོའམ་རྒྱུད་སྡེར་གནས་པའོ། །དེའང་བརྗོད་བྱ་དོན་དང་ལྡན་པ། རྗོད་བྱེད་ངག་ཚིག་དྲི་མེད། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པ་སྟེ། ཁྱད་པར་བཞི་ལྡན་དུ་ལྷག་བསམ་སྐུལ་བའི་མདོར་གསུངས་པ་ལྟར། རྒྱུད་བླ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་སོ། །གཉིས་པ་ནི། སུ་བྷཱ་ཥི་ཏའི་སྒྲ་ལས་ལེགས་པར་གསུངས་པས་ན་བཀའོ། །གསུང་རབ་དང་། གཙུག་ལག་དང་། ལུང་རྣམས་ནི་མིང་གི་རྣམ་གྲངས་སོ། །གསུམ་པ་དབྱེ་བ་ལ། བདག་རྐྱེན། དུས། སྡེ་ཚན། གཉེན་པོ། དབང་པོའི་སྒོ་ནས་དབྱེ་བ་དང་ལྔ། དང་པོ་ནི། བདེ་འདུས་ཀྱི་ལུང་སྔ་མའི་འཕྲོས་ལས། བཀའ་ལ་ཞལ་ནས་གསུངས་པ་དང་། །བྱིན་གྱིས་བརླབས་དང་རྗེས་གནང་གསུམ། །ཞེས་པས། ཞལ་ནས་གསུངས་པའི། བྱིན་གྱིས་བརླབས་པའི། རྗེས་སུ་གནང་བའི་བཀའ་དང་གསུམ། དང་པོ་ནི། སྟོན་པས་མདུན་བསུས་ཏེ་གསུངས་པ་འཕགས་པ་སྡུད་པ་ལྟ་བུ་དང་། འཁོར་གྱིས་ཞུས་ཏེ་གསུངས་པ་འཇམ་དཔལ་མཚན་བརྗོད་ལྟ་བུ། གཉིས་པ་ལ། སྐུས། གསུང་གིས། ཐུགས་ཀྱིས་བྱིན་གྱིས་བརླབས་པའི་བཀའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཕྱག་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབས་པས་རྡོ་རྗེ་སྙིང་པོ་དང་རྣམ་གྲོལ་ཟླ་བ་ལ་འཆད་པ་དང་དྲི་བའི་སྤོབས་པ་སྐྱེས་ནས་གསུངས་པ་མདོ་སྡེ་ས་བཅུ་པ་ལྟ་བུ། གཉིས་པ་ནི། བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་མ་སྐྱེས་དགྲའི་འགྱོད་པ་སོལ་ཅིག །ཅེས་གསུངས་པས། འཇམ་དཔལ་གྱིས་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་གསུངས་པ་ལྟ་བུ། གསུམ་པ་ལ། ཐུགས་ཏིང་ངེ་འཛིན་གྱིས། ཐུགས་བདེན་པའི་སྟོབས་ཀྱིས། ཐུགས་ཐུགས་རྗེའི་སྟོབས་ཀྱིས་བྱིན་གྱིས་བརླབས་པའི་བཀའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་མཐུས་ཤཱ་རིའི་བུ་དང་སྤྱན་རས་གཟིགས་ཀྱིས་དྲི་བ་དང་དྲི་ལན་གྱི་སྒོ་ནས་ཤེར་སྙིང་གསུངས་པ་ལྟ་བུ། གཉིས་པ་ནི། སངས་རྒྱས་མཐུས་རི་དང་ལྗོན་ཤིང་སོགས་ལས་ཀྱང་ཆོས་སྒྲ་བྱུང་བ་ལྟ་བུ་སྟེ། ཨ་ར་ལི་ལས། རི་དང་ཤིང་བུ་རྡེའུ་དང་། པདྨ་དག་དང་དཔག་བསམ་ཤིང་། །རྔ་བོ་ཆེ་ལས་བྱུང་བ་ཡང་། །རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་སོ། །གསུམ་པ་ནི། སངས་རྒྱས་ཀྱི་མཐུས་ཉན་ཐོས་དང་། །གནོད་སྦྱིན་སོགས་སེམས་ཅན་ཕལ་པས་སྨྲས་པའི་འབྲས་བུ་ཁྱད་པར་ཅན་འགྲུབ་ནུས་ཀྱི་སྔགས་ཚིག་བཀར་བསྡུས་པ་ལྟ་བུ་སྟེ། སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ། །ཞེས་སོ། །གསུམ་པ་རྗེས་སུ་གནང་བའི་བཀའ་ནི། སྡུད་པ་པོ་རྣམས་ཀྱིས་བཀའ་བསྡུ་བའི་ཚེ་བཅུག་པའི་གླེང་གཞི། མཚམས་སྦྱོར། མཐུན་འགྱུར། ཡི་རང་རྣམས་ཏེ། སློབ་དཔོན་ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས། དེའང་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་རྒྱུད་ཐམས་ཅད་ཀྱི་འགོ་ལ། དང་པོར་ཕུན་སུམ་ཚོགས་པ་ལྔ་དང་། སྒབ་ཏུ་མངོན་པར་བསྟོད་པ་ཡང་ཐོགས་ཤིག་པར་གསུངས་པའི་ཕྱིར། ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ལ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལས། འཁོར་ལོ་དང་པོ་ནི། དངོས་པོར་ཞེན་པའི་སེམས་ཅན་ལས་དང་པོ་པ་རྣམས་དྲང་བའི་དོན་དུ་གཟུང་འཛིན་དོན་དམ་དུ་ཞལ་གྱིས་བཞེས་ཏེ་སྤང་གཉེན་ལ་བླང་དོར་བྱེད་པ་གཙོ་བོར་གསུངས་པ་བདེན་བཞིའི་ཆོས་འཁོར་ཏེ། འདུལ་བ་ལུང་ལ་སོགས་པའོ། །བར་པ་ནི། གཉེན་པོ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པ་མཚན་ཉིད་མེད་པའི་ཆོས་འཁོར་ཏེ་ཡུམ་རྒྱས་འབྲིང་ལ་སོགས་པའོ། །ཐ་མ་ནི། ཆོས་ཐམས་ཅད་ཀྱི་གཤིས་ཀྱི་གནས་ལུགས་ཇི་ལྟར་གནས་པ་ལྟར་གཏན་ལ་ཕབ་སྟེ་གསུངས་པ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་ཏེ། མྱང་འདས་ཆེན་པོ་ལ་སོགས་པའོ། །དེ་ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འཁོར་ལོ་དང་པོ་གཉིས་ཀྱི་སྐབས་སུ། འཁོར་ལོ་བསྐོར་བ་དེའང་། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ། ཞེས་གསུངས་ཤིང་། འཁོར་ལོ་ཐ་མའི་སྐབས་སུ། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་འབྱུང་ངོ་། །གསུམ་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་སམ་དགུ་སྟེ། བཅུ་གཉིས་ནི། ཀུན་མཁྱེན་ཆོས་རྗེས་སེམས་ཉིད་ངལ་གསོར། དེ་ཡང་གསུང་རབ་ཡན་ལག་བཅུ་གཉིས་ཏེ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་རྟོགས་པ་བརྗོད་དང་དེ་ལྟ་བྱུང་། །གླེང་གཞི་ཤིན་ཏུ་རྒྱས་དང་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་བའི་སྡེ་རྣམས་སོ། །ཞེས་སོ། །དགུ་ནི། རྟོགས་བརྗོད། དེ་ལྟ་བུ་བྱུང་། གཏན་ལ་ཕབ་པའི་སྡེ་གསུམ་མ་གཏོགས་པའོ། །དེ་ལྟར་ཡང་ཚིག་གསལ་ལས། སངས་རྒྱས་རྣམས་ཀྱི་མདོ་སྡེ་ལ་སོགས་པ། །བདེན་པ་གཉིས་བརྟེན་བསྟན་པ་རྣམ་པ་དགུ། །ཞེས་སོ། །དེ་ལ་སྔགས་ནི། སྔ་རབས་པ་ཕལ་ཆེར། ཤིན་ཏུ་རྒྱས་པའི་སྡེ་ཡིན་ཏེ། འཇམ་དཔལ་སྒྱུ་དྲྭ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ། ཞེས་འབྱུང་བའི་ཕྱིར་གསུངས། མཁས་པ་སྣར་སྟོན་ན་རེ། གསུང་རབ་ཡན་ལག་བཅུ་གཉིས་ལས་འདི་ནི་གཏན་ལ་ཕབ་པའམ་རྨད་དུ་བྱུང་བའི་སྡེའོ། །ཞེས་གསུངས་སོ། །བཞི་པ་ལ། ཆོས་ཀྱི་ཕུང་པོར་དབྱེ་བ། དེ་སྡེ་སྣོད་དུ་བསྡུ་བ། གསང་སྔགས་སྡེ་སྣོད་གང་ཡིན་དཔྱད་པའོ། །དང་པོ་ནི། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྟེ། འདི་ཉིད་ལས། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་གསུངས་སོ། །ཞེས་སོ། །གཉིས་པ་ནི། མདོ་སྡེ་རྒྱན་ལས་གསུམ་མམ་གཉིས་སུ་གསུངས་ཏེ། གསུམ་ནི། འདུལ་བ་དང་། མདོ་སྡེ་དང་། མངོན་པ་སྟེ། རིམ་པ་བཞིན་ལྷག་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་གནས་ཀྱི་སྡེ་སྣོད་དོ། །དེ་དག་གི་སྒྲ་དོན་ཀྱང་། རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་པས་འདུལ་བ་དང་། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་པས་མདོ་སྡེ་དང་། མངོན་དུའི་ཕྱིར་དང་ཡང་ཡང་ཕྱིར། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པས་མངོན་པའོ། །གཉིས་ནི། ཐེག་དམན་གྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །བཞིར་ཡང་བཤད་དེ། ཀུན་བྱེད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་སོ། །དེ་ཡང་མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུས་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་སྡེ་སྣོད་ཀྱི་དབྱེ་བ་ལས་འཕྲོས་ཏེ། སྡེ་སྣོད་ཀྱི་སྒྲ་དོན་དང་། གྲངས་ངེས་པའི་རྒྱུ་མཚན་དང་། དེའི་དགོས་པ་རྣམས་བསྟན་པ་ལས། དང་པོ་སྒྲ་དོན་ནི། ཤེས་བྱའི་དོན་ཐམས་ཅད་བསྡུས་པའི་ཕྱིར་སྡེ་སྣོད་དོ། །གཉིས་པ་ནི། རྒྱུ་དགུས་སྡེ་སྣོད་གསུམ་དུ་བཞགས་སྟེ། སྤང་བྱ། བསླབ་བྱ། ཤེས་བྱ་ལ་སྟོས་ནས་སོ། །དེའང་སྤང་བྱ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། ཐེ་ཚོམ། མཐའ་གཉིས་ལ་སྦྱོར་བ། རང་ལྟ་མཆོག་འཛིན་གསུམ་གྱི་གཉེན་པོར་རིམ་བཞིན། མདོ་སྡེ། འདུལ་བ། མངོན་པའི་སྡེ་སྣོད་རྣམས་གསུངས་པའི་ཕྱིར། བསླབ་བྱ་ལ་སྟོས་ནས་ཀྱང་གསུམ་དུ་བཞག་སྟེ། མདོ་སྡེས་བསླབ་པ་གསུམ་བཤད། འདུལ་བས་ལྷག་པའི་ཚུལ་ཁྲིམས་དང་སེམས་སྒྲུབ། མངོན་པས་ལྷག་པའི་ཤེས་རབ་སྒྲུབ་པའི་ཕྱིར། ཤེས་བྱ་ལ་ལྟོས་ནས་ཀྱང་གསུམ་དུ་བཞག་སྟེ། ཆོས་དང་མདོ་སྡེས་བཤད། འདུལ་བས་སྒྲུབ། མངོན་པས་འབེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པ་ལ་མཁས་པར་འགྱུར་བའི་ཕྱིར། གསུམ་པ་ནི། དེ་ལྟ་བུའི་སྡེ་སྣོད་གསུམ་ཐོས་པས་སེམས་ལ་བག་ཆགས་འཇོག །བསམ་པས་དོན་རྟོགས་པར་བྱེད། བསྒོམས་པས་ཞི་གནས་ཀྱི་ཉོན་མོངས་པ་ཞི་བ་དང་། ལྷག་མཐོང་གིས་ཆོས་ཉིད་རབ་ཏུ་རྟོགས་པའི་སྒོ་ནས་རྣམ་པར་གྲོལ་བར་བྱེད་པ་ནི་དགོས་པའོ། །གསུམ་པ་ནི། རྒྱ་གར་གྱི་སློབ་དཔོན་བི་མ་ལ་དང་། བོད་ཀྱི་མཁས་པ་ས་སྐྱ་ཉི་མ་རྡོ་རྗེ་སོགས། མངོན་པའི་སྡེ་སྣོད་ལ་ཕྱི་ནང་གཉིས་ལས་སྔགས་ནི་ནང་གི་མངོན་པར་བཞེད། དེའང་རྫོགས་པ་ཆེན་པོ་དུང་ཡིག་ཅན་ལས། སྡེ་སྣོད་རིན་པོ་ཆེ་ལས་མངོན་པ་སྟེ། །ཞེས་སོ། །ཡང་རྒྱ་གར་གྱི་སློབ་དཔོན་ཤཱནྟི་པ་དང་། བོད་ཀྱི་ལྷ་རྗེ་སྣར་སྟོན་སེང་གེ་འོད་སོགས་ནི། ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་ན་མདོ་སྡེའོ་ཞེས་བཞེད། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་བ་ལས་ཀྱང་། ཏནྟྲ་སྡེ་བཅོ་བརྒྱད་ལ། མདོ་སྡེ་ཆེན་པོ་བཅོ་བརྒྱད། ཅེས་གསུངས་སོ། །མཁས་པ་ཁ་ཅིག་ན་རེ། གསང་སྔགས་མདོ་སྡེ་ཡིན་ཏེ། རྣམ་འཇོམས་ལས། མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་དང་། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། མདོ་སྡེ་འདི་ནི་ལེགས་བཤད་པ། །ཞེས་གསུངས་པའི་ཕྱིར་ཏེ། ཡང་རྒྱའི་སློབ་དཔོན་ཨཱར་དེ་བ་དང་། བོད་ཀྱི་མཁས་པ་རོག་བདེ་གཤེགས་ཆེན་པོ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སོགས་ནི། རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་ལེགས་པར་བྱས་ཏེ། སྤྱིར་བགྲངས་པའི་བཞི་པར་བཞེད་དོ། །འོ་ན་འདིར་གང་གཞག་སྙམ་ན། བདག་གི་རྗེ་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། སྡེ་སྣོད་བཞི་པར་འཇོག་པ་ཉིད་ལེགས་པར་བཞེད་དོ། །དེ་ལྟར་ཡང་ཡིན་ཏེ། ཀུན་བྱེད་ལས། སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། དཔུང་བཟང་གིས་ཞུས་པ་ལས། བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་པས་སྡེ་སྣོད་བཞི་པའམ་རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་རྐང་ཐུབ་གཅིག་ཏུ་གསུངས་པའི་ཕྱིར་དང་ཡོན་ཏན་བཀོད་པའི་རྒྱུད་ལས་ཀྱང་། ཕྱི་ཡི་སྡེ་སྣོད་གསུམ་དག་ནི། །འདོད་ཆགས་ཞེ་སྡང་གཏི་མུག་དག །སོ་སོའི་གཉེན་པོར་བསྟན་པ་སྟེ། །བླ་མེད་མཉམ་པའི་གསང་སྔགས་ནི། །ཉོན་མོངས་ཀུན་གྱི་གཉེན་པོར་བསྟན། །ཞེས་སོ། །དེ་ལྟར་ན། ཉོན་མོངས་པ་ཀུན་ཀྱང་དུག་གསུམ་དུ་འདུ་ལ། དེ་གསུམ་སོ་སོའི་གཉེན་པོ་ཡང་བསླབ་པ་གསུམ་ཡིན་པས། འདིར་དུག་གསུམ་འདྲེས་ཤིང་འདུས་པ་མཐའ་དག་གི་གཉེན་པོར་བསླབ་པ་གསུམ་ཀ་སྟོན་དགོས་པའི་ཕྱིར། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པའི་ཆ་རྣམས་འདུལ་བའི་སྡེ་སྣོད་ཡིན་པ་སོགས་སྦྱར་ནས་སྡེ་སྣོད་གསུམ་ཀས་བསྡུས་པ་ཡིན་གྱི། སྡེ་སྣོད་བཞི་པར་འཇོག་པ་ནི་འཐད་པ་མ་ཡིན་ནོ་ཟེར་ན། ཅིའི་ཕྱིར། འདམ་ལ། འདི་ནི་འདམ་མ་ཡིན་གྱི། ས་དང་ཆུ་དག་ཡིན་ནོ་ཞེས་ཟེར་རམ། དཔེ་དེ་བཞིན་དུ། འདི་ལྟར་ཤེས་དགོས་ཏེ། རྒྱུའི་སྡེ་སྣོད་གསུམ་པོ་རེ་རེས་ཀྱང་བསླབ་པ་ཕྱོགས་རེ་བ་རེ་སྟོན་པ་མ་ཡིན་གྱི་གསུམ་ཀ་སྟོན་མོད། དེ་ལྟ་ནའང་། བརྗོད་བྱའི་དོན་གང་གཙོ་བོར་སྟོན་པའི་ཆ་ནས་སྡེ་སྣོད་གསུམ་ཐ་དད་དུ་བཞག་ལ། སྔགས་ནི་དུག་གསུམ་ཆ་མཉམ་གྱི་གཉེན་པོར་གསུངས་པའི་གནད་ཀྱིས། བསླབ་བ་གསུམ་ཆ་མཉམ་དུ་སྟོན་པས་ཕྱོགས་གཅིག་ཏུ་བསྡུར་མི་རུང་བའི་ཕྱིར་སྡེ་སྣོད་བཞི་བ་ཞེས་བཞག་གོ། །གལ་ཏེ་སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པའི། ལུང་འདིས་སྡེ་སྣོད་བཞི་པར་གཞག་ཏུ་མི་རུང་ན། སྡེ་སྣོད་གསུམ་སོ་སོར་འཇོག་བྱེད་ཀྱི་ལུང་རྣམས་ཀྱིས་ཀྱང་དེ་དང་དེར་གཞག་ཏུ་མི་བཏུབ་པར་མཚུངས་སོ། །དེ་ལྟ་བས་ན། མངོན་པ་དང་། མདོ་སྡེར་བསྡུས་པ་སོགས་རྒྱུད་གཞུང་ཕྱོགས་རེ་བ་རེ་དང་བསྟུན་ནས་བཞག་པ་མཛད་པ་ཡིན་པས། དེ་དང་དེའི་ཚེ་མི་འགལ་ཡང་། དེ་དག་རྒྱུད་སྡེ་སྤྱིའི་འཇོག་བྱེད་དུ་བྱས་ན་ཁྱབ་ཆུང་བའི་སྐྱོན་སྣང་ལ། སྡེ་སྣོད་བཞི་པར་བཞག་པ་འདི་ལ་ཀླན་ཀ་འཇུག་པའི་སྐབས་མེད་དོ། །རྡོ་རྗེ་ཐེག་པའི་སྡེ་སྣོད་དང་། རིག་པ་འཛིན་པའི་སྡེ་སྣོད་དང་། སྔགས་ཀྱི་སྡེ་སྣོད་དང་། སྡེ་སྣོད་བཞི་པ་དང་། ཆོས་འདི་པ་རྣམས་ཀྱི་རྒྱུད་ཅེས་པ་རྣམ་གྲངས་སོ། །ལྔ་པ་ནི། ཐེག་པའི་རིམ་པ་སྟེ། དེ་ལ་ཐེག་པའི་སྒྲ་དོན་དང་། དབྱེབའོ། །དང་པོ་ནི། ཡཱ་ན་ཞེས་པའི་སྒྲ་ལས་ཐེག་པ་སྟེ། དེའང་བགྲོད་བྱའི་ཤུལ་ཉིད་ཀྱི་ཕྱིར་ལམ་དང་། ཁུར་ཁྱེར་པ་པོ་ཉིད་ཀྱི་ཕྱིར་ཤིང་རྟ་ལ་སོགས་པའི་བཞོན་པ་ལ་འཇུག་ལ། འདིར་དེ་དང་འདྲ་བའི་སྒོ་ནས་དགེ་བཅུའི་ལས་ལམ་སོགས་ལའང་འཇུག་སྟེ། ལམ་གོང་ནས་གོང་དུ་བགྲོད་པར་བྱེད་པའི་ཕྱིར་རོ། །དེའང་སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་འདའ། །ཞེས་སོ། གཉིས་པ་ལ། སྤྱིར་དབྱེ་བ་དང་། བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། སྤྱིར་ཐེག་པའི་རྣམ་གྲངས་འདི་ཁོ་ནར་ངེས་ཞེས་ཕྱོགས་གཅིག་ཏུ་འཆད་པ་མེད་དེ། འགྲོ་བའི་ཉོན་མོངས་པའི་གཉེན་པོར་སངས་རྒྱས་ཀྱི་ཐུགས་རྗེས་གང་ལ་གང་འདུལ་དུ་བསྟན་པའི་ཕྱིར། དེ་ལྟར་ཡང་ལང་གཤེགས་ལས། སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དེ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །དེ་ཡང་རེ་ཞིག་བསྡུ་ན་འབྲས་བུ་ལ་དགོངས་ཏེ་ཐེག་པ་གཅིག་ཏུ་གསུངས་པ་ནི། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་ཐེག་པ་གསུམ་དུ་མེད། །དེ་དག་དྲང་བའི་ཐབས་སུ་བསྟན་པ་ཡིན། །ཞེས་དང་། སྤྱི་མདོ་ལས། གསང་ཉིད་སྙིང་པོར་ངེས་པ་ནི། །ཐེག་པའི་སྒོ་ཡང་གཅིག་ལས་མེད། །ཅེས་སོ། །ཡང་རྒྱུ་འབྲས་ཀྱི་ཐེག་པར་མོས་པའི་གདུལ་བྱ་ལ་དགོངས་ནས་གཉིས་སུ་གསུངས་ཏེ། ཀུན་བྱེད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་དང་། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སོ། །ཡང་། དམན་པ་དང་རྒྱ་ཆེན་པོ་ལ་མོས་པའི་གདུལ་བྱ་ལ་དགོངས་ནས་ཀྱང་གཉིས་སུ་གསུངས་ཏེ། ཡེ་སྒྲོན་ལས། ཆེ་ཆུང་རིམ་པའི་བློ་ཡོད་ཕྱིར། །ཐེག་པའི་གྲངས་ཀྱང་དེ་བཞིན་ཏེ། བསྡུ་ན་ཆེ་ཆུང་རྣམ་གཉིས་སོ། །ཞེས་སོ། །ཡང་། རྒྱུ་དང་སྔགས་ཕྱི་ནང་གིས་གསུམ་དུའང་བཤད་དེ། སྤྱི་མདོ་ལས། ལང་ཀའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་སོ། །ཡང་། མཚན་ཉིད་ཀྱི་ཐེག་པ་གསུམ་འབྲས་བུ་དང་བཞིར་ཡང་བཤད་དེ། འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། བམ་བརྒྱད་ལས། ཐེག་པའི་སྒོ་ནི་གསུམ་དུ་གསུངས། །གསང་ཉིད་ཐེག་པར་བསྡུས་དང་བཞི། །ཞེས་སོ། །ཡང་ངེས་ལེགས་ཀྱི་ཐེག་པ་གསུམ་མངོན་མཐོའི་གཉིས་དང་བཅས་ལྔར་ཡང་གསུངས་ཏེ། ལང་གཤེགས་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་པ་བཤད་དོ། །ཞེས་དང་། ངེས་ལེགས་གསུམ་གྱི་སྟེང་དུ་བླ་ན་མེད་པའི་ཐེག་པ་བསྣན་ཅིང་མངོན་མཐོའི་ཐེག་པ་གཅིག་ཏུ་བསྡུས་ནས་ལྔར་ཡང་བཤད་དེ། འདི་ཉིད་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །ཡང་། རྒྱུ་འབྲས་ཀྱི་གོང་འོག་དབྱེར་བས་དྲུག་ཏུ་བཤད་དེ། ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །ཅེས་སོ། །བདུན་དུའང་བཤད་དེ། དཀྱིལ་འཁོར་བསྡུ་བ་ལས། ལྷ་དང་མི་དང་ཉན་ཐོས་དང་། །རང་སངས་རྒྱས་དང་བྱང་ཆུབ་སེམས། །གསང་བ་ཕྱི་དང་ནང་གཉིས་ཏེ། །དེ་ལྟར་ཐེག་པ་བདུན་དུ་བཤད། །ཅེས་སོ། །བརྒྱད་དུའང་གསུངས་ཏེ། ནམ་མཁའ་ཆེ་ལས། དེ་ལྟར་ཐེག་བརྒྱད་ལས་འདས་པའི། །ཞེས་སོ། །དགུར་ཡང་གསུངས་ཏེ། ཀུན་བྱེད་ལས། ཡོན་ནི་གཅིག་ལས་མེད་པ་ལས། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །ཞེས་སོ། །ཡང་བསམ་གྱིས་མི་ཁྱབ་པར་ཡང་གསུངས་ཏེ། སྤྱི་མདོ་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དེ་དག་ཀྱང་བློའི་རིམ་པ་ལ་སྣང་བ་ཙམ་ལས་གནས་ལུགས་ལ་གང་དུའང་དམིགས་སུ་མེད་དེ། ལང་གཤེགས་ལས། སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་གསུངས་སོ། །གཉིས་པ་ལ། སྔར་སྨོས་པའི་གཉེན་པོ་དེ་དག་ཀྱང་དབང་པོའི་བྱེ་བྲག་སྔར་བསྡུ་བ་དང་། དེ་ལྟར་བསྡུས་པའི་ཐེག་པའི་རྐང་གྲངས་དངོས་སོ། །དང་པོ་ནི། འདི་ཉིད་ལས། དེ་དག་ཐམས་ཅད་ཀྱང་ཞེས་སོགས་ཏེ། འདི་ལ་ལྷ་རྗེ་ཡང་ཁྱེད་རལ་གྲིའི་སྟོང་ཐུན་སྦྱོར། ལྷ་རྗེ་གླན་སྦྲུལ་ནག་གི་སྟོང་ཐུན་སྦྱོར། ལྷ་རྗེ་མདའ་ཏིག་དུག་སྡོང་གི་སྟོང་ཐུན་སྦྱོར་བ་ལས། རྗེ་སྒྲོ་ཕུག་པ་ཕྱི་མ་ལྟར་བཞེད་དེ། དེ་ཡང་སྤྱི་མདོ་ལས། ལྡུམ་རར་དུག་གི་སྡོང་སྐྱེས་པ། །དུག་ཤིང་ཡིན་པར་ཤེས་མ་ཐག །རྩད་ནས་བཅད་དེ་དབྱུང་བར་བྱ། །ཅི་ཕྱིར་ལྡུམ་ཟས་དེ་དག་ལ། །དུག་འཕེལ་རྒྱས་ནས་འཆི་ཕྱིར་རོ། །ཞེས་པས། དཔེར་ན་རྒྱལ་པོའི་བཟའ་ཤིང་གི་ར་བར་དུག་གི་སྡོང་པོ་སྐྱེས་པ་ལ། འབངས་བླུན་པོ་ཁ་ཅིག །དུག་ཤིང་གི་རོ་མངར་ཚོར་ཏེ་བཟའ་ཞིང་སྤངས་ནས་དུག་ཤིང་ལ་སྤྱད་བས་ནད་ཀྱིས་མནར་ཞིང་སྲོག་འཚོ་བའི་སྐབས་མེད་པ་ལྟར། དངོས་པོའི་དེ་ཉིད་མི་ཤེས་པས་དགེ་བཅུ་སྤངས་ཏེ་དུག་ལྔ་རང་རྒྱུད་པར་སྤྱད་པས་ལམ་རྒྱུད་ལྔར་འཁོར་ནས་སྡུག་བསྔལ་འགྱུར་བ་སྟེ། ལམ་རིམ་ལས། དེ་བས་མཉམ་ཉིད་མ་རྟོགས་པར། །དུག་ལྔ་འཇོལ་སྤྱོད་རྒྱུད་ལྔར་འཁོར། །ཞེས་སོ། །འབངས་དེ་རྣམས་ཀྱི་ནང་ནས་ཁ་ཅིག་གིས། །དུག་ཤིང་དང་བཟའ་ཤིང་གི་ཁེ་ཉེན་ཤེས་ནས་བཟའ་ཤིང་ལ་སྤྱོད་ནའང་། དུག་ཤིང་གི་ཁྲོད་ནས་འཕགས་པར་མ་ནུས་པ་ལྟར། །དཀར་པོའི་ལས་སད་པ་ཁ་ཅིག །དགེ་སྡིག་གི་ལས་ཀྱིས་མཐོ་རིས་དང་ངན་འགྲོར་སྐྱེ་བའི་ལས་འབྲས་ལ་ཡིད་ཆེས་པས་མི་དགེ་བཅུ་སྤོང་ཞིང་དགེ་བཅུ་ལ་སྤྱོད་ཀྱང་འཁོར་བ་ལས་ངེས་པར་འབྱུང་མི་ནུས་པ་ནི་ལྷ་མིའི་ཐེག་པ་སྟེ། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ཞེས་གསུངས་པའི་ཕྱིར། ཡང་འབངས་ཁ་ཅིག་ན་རེ། དུག་སྡོང་འདི་རྩ་བ་ནས་བཏོན་ཏེ་ཐག་རིང་པོར་བསྐྱལ་བ་དྲག་ཟེར་ལོ། །དཔེ་དེ་བཞིན་དུ་ཉན་ཐོས་པས་གང་ཟག་གི་བདག་མེད་རྟོགས་པས་འཁོར་བ་ལས་ངེས་པར་བྱུང་ཡང་། ཆོས་ཀྱི་བདག་གཟུང་འཛིན་ཕྲ་བ་དོན་དམ་དུ་འདོད་པས་ཉོན་མོངས་པ་སྤོང་བའི་ཐབས་བསྟེན་པ་སྟེ། གཟུང་བ་དང་འཛིན་པའི། ཞེས་སོ། །ཡང་། འབངས་ཁ་ཅིག །དུག་སྡོང་འདི་རྩ་བ་ནས་འདོན་པའི་དཀའ་ཚེགས་མི་དགོས་ཀྱི། སྡོང་པོ་བཅད་ནས་བསྐྱལ་ལོ། །རྩ་བ་ལ་ཁྲོ་ཆུ་བླུགས་པས་སླར་སྐྱེ་བར་མི་འགྱུར་ཟེར་རོ། །དེ་བཞིན་དུ་རང་རྒྱལ་འཛིན་རིག་སྐད་ཅིག་ལ་དོན་དམ་དུ་བལྟ་ཞིང་འཁོར་འདས་རྟེན་འབྲེལ་སུ་འཛིན་པས་ལུགས་འབྱུང་སྤངས་ནས་ལུགས་ལྡོག་གིས་འབྲས་བུ་བསྒྲུབས་པས་ཉོན་མོངས་པ་འགེག་པའི་ཐབས་ལ་བརྟེན་པ་སྟེ། ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ། ཞེས་སོ། །དེ་ལྟར་ལྷ་མིའི་ཉན་རང་གསུམ་ནི། དོན་དམ་དང་ཀུན་རྫོབ་གཉིས་ཀ་རྫས་ཡོད་དུ་བལྟས་ཏེ་བླང་དོར་བྱེད་པས་སྤོང་བའི་ལམ་དུ་གཅིག་པའོ། །ཡང་། འབངས་དེ་རྣམས་ཀྱི་ནང་ནས་སྨན་པ་ཞིག་ན་རེ། དུག་ཤིང་རྩ་བ་ནས་འདོན་པ་དང་སྡོང་པོ་གཅོད་པ་གཉིས་ཀ་བླུན་པ་སྟེ། འདི་ནི་སྨན་མར་གྱི་རྒྱུར་རྙེད་དཀའ་བ་ཞིག་གོ་ཟེར་ནས། དུག་ཤིང་ལ་སྨན་སྦྱོར་བྱས་པས་ནད་སེལ་ཞིང་རོ་ཙའི་མཆོག་ཏུ་གྱུར་པ་ཞིག་བྱུང་སྐད། དེ་བཞིན་དུ་བདག་མེད་གཉིས་རྟོགས་པ་དང་ཅི་རིགས་པར་ལྡན་ཞིང་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བྱེད་པ་སྟེ། དེའང་ཉོན་མོངས་པའི་ཆོས་རྣམས་སྒྱུ་མ་ལྟ་བུར་ཤེས་ཀྱང་། ཐབས་ཀྱིས་མ་ཟིན་ན་གནོད་པའི་བྱ་བ་བྱེད་ལ། ཟིན་ན་ཕན་པའི་བྱ་བ་ཡང་བྱེད་པས། ཀུན་རྫོབ་རྫས་ཡོད་དུ་བལྟས་ཏེ་ཉོན་མོངས་པ་དང་རྣམ་རྟོག་ཆོས་ཉིད་དུ་སྦྱོང་བའི་ཐབས་ལ་འབད་པར་བྱེད་པ་ནི་བྱང་སེམས་ཀྱི་ཐེག་པའོ། །དེའང་། འཛིན་པ་འཁྲུལ་བ་ལས་འདོགས་པ་དང་། ཞེས་སོ། །ཡང་། འབངས་དེ་རྣམས་ཀྱི་ནང་ནས་སྔགས་པ་ཞིག་ན་རེ། དུག་ཤིང་འདུལ་བ་ལ་སྨན་གྱིས་འདུལ་སྦྱོང་འདི་ཙམ་བྱེད་ཅི་ཞིག་དགོས། འདི་བཞིན་བྱེད་པ་ཡོད་མོད་ཟེར་ནས་སྔགས་བཏབ་པ་ཙམ་གྱིས་སྔར་གྱི་སྨན་མར་ལས་ཀྱང་མཆོག་ཏུ་གྱུར་པ་ཞིག་བྱུང་ལ། དཔེ་དེ་བཞིན་དུ་ཀྲི་ཡོག་སྡེ་གསུམ་གྱིས་བདེན་གཉིས་རྫས་ཡོད་དུ་མི་འདོད་ཀྱང་། ཉོན་མོངས་པ་རྣམས་རང་གི་སེམས་ཉིད་དུ་སྣང་བའི་ཕྱིར་ཀུན་རྫོབ་ཏུ་བཏགས་པའི་ཡོད་པ་མི་འགོག་པས། སྔགས་རྒྱ་ཏིང་ངེ་འཛིན་གྱི་ཐབས་ཀྱིས་ཉོན་མོངས་པ་དང་རྣམ་རྟོག་ལྷ་དང་ཡེ་ཤེས་སུ་སྒྱུར་བར་བྱེད་དོ། །ལས་དང་ལས་ཀྱི་འབྲས་བུས་མི་གོས། ཞེས་སོ། །ཡང་། རྨ་བྱ་ཞིག་བྱུང་ནས་དུག་ཤིང་གི་སྡོང་པོ་མཐོང་བས། ཆེས་དགའ་སྟེ་ལྟོས་མེད་དུ་ཟོས་པས་ལང་ཚོ་རྒྱས་ཤིང་སྤུ་སྡུག་མདངས་དང་ལྡན་པ་གྱུར་ལ། དཔེ་དེ་བཞིན་དུ་མ་ཧཱ་དང་ཨ་ནུའི་ཐེག་པ་གཉིས་ཀྱིས། ཆོས་ཐམས་ཅད་རང་རིག་པའི་བདག་ཉིད་ཡིན་པས་ཉོན་མོངས་པ་ལྔ་ཉིད་ཡེ་ཤེས་ལྔར་ཤེས་པའི་ཕྱིར། ཀུན་རྫོབ་ཏུ་བཏགས་པའི་ཡོད་པར་འཛིན་པ་ཆེར་ཟད་དེ། བདེན་གཉིས་ཀྱི་ལྟ་བར་འཛིན་པའང་ཤས་ཆེར་ཕྲལ་ནས། དབྱེར་མེད་པའི་བསམ་པ་འབྲིང་དུ་ཐོབ་པས་ཇི་ལྟར་སྤྱད་ཀྱང་མི་གོས་པའི་ཕྱིར། ཉོན་མོངས་པ་དབང་དུ་བྱེད་པའི་ཐབས་ཏེ། གོས་པར་མི་འགྱུར། ཞེས་སོ། །དེ་ལྟར་དུག་སྡོང་སྐྱེས་ཙམ་ཉིད་ནས། ལྡུམ་རའི་ས་གཞི་དེ་ལ་དུག་སྐྱེས་པ་དང་། བཅད་པ་དང་། སྨན་གྱིས་སྦྱང་བ་དང་། སྔགས་ཀྱིས་བསྒྱུར་བ་དང་། རྨ་བྱས་ཟོས་པ་སོགས་གང་ལའང་སྤང་བླང་དང་དགའ་མི་དགའི་རྟོག་པ་མེད། དུག་མ་སྐྱེས་ཀྱང་དགག་སྒྲུབ་དང་། བླང་དོར་མེད་པ་བཞིན་དུ། ཨ་ཏི་རང་ལུགས་ཀྱི་ཐེག་པས། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པར་རང་བྱུང་གི་ཡེ་ཤེས་རང་ཤར་བས། སྤང་སྦྱང་བསྒྱུར་བ་དང་དབང་དུ་བྱེད་པ་རྣམས་ཀྱང་དངོས་པོར་ཞེན་པའི་ལྟ་བ་ལས་བྱུང་བར་རྟོགས་ནས། སྒྱུ་མ་ལ་རྩོལ་བ་དེ་ལྟ་བུའི་གནས་མེད་པར་ཡང་རྟོགས་ཏེ། གང་ཡང་མི་འགོག་ལ། གང་དུའང་མི་རྩོལ་བས་སྤང་གཉེན་གྱི་ཐ་སྙད་ལས་གྲོལ་བའོ། །དེའང་། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ །ཞེས་སོ། །ཚུལ་འདི་ལ་སྒྱུ་མ་ལྟ་བུའི་བློ་ཚད་དུ་ཕྱིན་པ་ཞེས་བྱ་སྟེ། སྣང་བའི་མཚན་ཉིད་མེད་པར་རིག་པའི་ཕྱིར། བདེན་གཉིས་ཀྱི་འཛིན་པ་ཕྲ་མོ་དང་ཡང་བྲལ་བས་ལྟ་བ་ཐམས་ཅད་དང་བྲལ་ཏེ། དེ་ལ་ཐ་སྙད་དུ་མཉམ་པར་ལྟ་བའམ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་གདགས་སོ། །གཉིས་པ་ནི། འདིར་ཐེག་པ་ལྔར་གསུངས་པའང་། བསྡུ་ན་གཉིས་སུ་འདུས་ཏེ། རྫོགས་པ་ཆེན་པོའི་རྒྱུད་རིག་པ་རང་ཤར་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱ་ངན་འདས། །ཞེས་དང་། མདོ་བཅུ་ལས། གཉིས་ནི་རྣམ་པའི་བྱེ་བྲག་སྟེ། །ཐེག་པ་རྣམ་པ་གཉིས་སུ་བསྟན། །འཇིག་རྟེན་པ་ཡི་ཐེག་པ་དང་། །མྱ་ངན་འདས་པའི་ཐེག་པའོ། །ཞེས་དང་། རྒྱས་པ་ལས། འཇིག་རྟེན་འདས་དང་འཇིག་རྟེན་པའི། །མཐའ་ཡས་དཀྱིལ་འཁོར་མ་ལུས་ཀུན། །ཞེས་པས། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་ནི། ཡུམ་ལས། སྦྱིན་པ་ནི་འཇིག་རྟེན་པ་ལའང་ཡོད། འཇིག་རྟེན་ལས་འདས་པ་ལའང་ཡོད་དོ། །དེའང་འཇིག་རྟེན་པའི་སྦྱིན་པ་གང་ཞེ་ན། གང་སྦྱིན་པ་བྱིན་པས། འཇིག་རྟེན་ལས་མི་གཡོ། མི་འཕགས། མི་འདའ་ན་འཇིག་རྟེན་པའི་སྦྱིན་པ་ཞེས་བྱའོ། །གང་སྦྱིན་པ་བྱིན་པས་འཇིག་རྟེན་ལས་གཡོ། འཕགས། འདའ་ན་འཇིག་རྟེན་ལས་འདས་པའི་སྦྱིན་པ་ཞེས་བྱའོ། །ཞེས་སོགས་གསུངས་པ་ལྟར། ཐབས་གང་གིས་མཐར་ཕྱིན་པར་བསྒྲུབས་པས་འབྲས་བུ་འཇིག་རྟེན་ལས་འཕགས་ནུས་མི་ནུས་ཀྱི་ཁྱད་པར་རོ། །དེ་ལ་ཐོག་མར་འཇིག་རྟེན་པའི་ཐེག་པ་ལ། སོར་བཞག་ལྷ་མིའི་ཐེག་པ་དང་། འཕྲོས་དོན་མ་རྟོགས་ལོག་རྟོགས་ཀྱི་ལྟ་བ་བཤད་པའོ། །དང་པོ་ནི། འདི་ཉིད་ལས། ལྷ་དང་མིའི་ཐེག་པ་དང་། ཞེས་པའི་དོན་གཏན་ལ་དབབ་ན་གསུམ་སྟེ། ངོ་བོ། ངེས་ཚིག །དབྱེ་བའོ། །དེ་ལྟར་ཡང་བདེ་གཤེགས་འདུས་པའི་རྒྱུད་ཀྱི་སྤྱི་ཆིངས་ཆེན་མོའི་ལེའུ་དང་པོར། རེ་རེ་ལའང་ངོ་བོ། ངེས་ཚིག་དང་། དབྱེ་བ། ཞེས་གསུངས་པའི་ཕྱིར། དེ་ལས། དང་པོ་ངོ་བོ་ནི། ལྷ་དང་མིའི་བདེ་བ་མཐར་ཐུག་པའི་བར་དུ་འགོད་པའི་ཐབས་གང་ཞིག་འཁོར་བ་ལས་འཕགས་པར་མི་ནུས་པའོ། །གཉིས་པ་ངེས་ཚིག་ནི། ལྷ་མིའི་བདེ་འབྲས་ཙམ་ལ་སྦྱོར་ཞིང་འགོད་ནུས་པའི་ཕྱིར་ཐེག་པའོ། །གསུམ་པ་དབྱེ་བ་ལ། འཇུག་སྒོ། ལྟ་བ། ཚུལ་ཁྲིམས། སྒོམ་པ། སྤྱོད་པ། འབྲས་བུ་དང་དྲུག་སྟེ། བདེ་འདུས་ཀྱི་ལུང་སྔ་མའི་འཕྲོས་ལས། སོ་སོའི་འདོད་པ་ཡི། འཇུག་སྒོ་ལྟ་བ་ཚུལ་ཁྲིམས་དང་། །སྒོམ་པ་ཕྲིན་ལས་འབྲས་བུ་རྣམས། །རིམ་པ་བཞིན་དུ་ཤེས་བྱ་སྟེ། །ཞེས་གསུངས་ཏེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལས། དང་པོ་འཇུག་སྒོ་ནི། ངན་སོང་གསུམ་སྡུག་བསྔལ་གྱི་རང་བཞིན་ཅན་དུ་མཐོང་ནས། དེར་སྐྱེ་བའི་རྒྱུ་མི་དགེ་བའི་ལས་སྤོང་བའི་སྒོ་ནས་འཇུག་སྟེ། ཧེ་རུ་ཀ་གལ་པོ་ལས། ལྷ་མིའི་ཐེག་པས་མི་དགེ་སྤང་། །ཞེས་སོ། །དེ་ལ་མི་དགེ་བཅུ་ནི། ལུས་ཀྱི་ལས་སྲོག་གཅོད། མ་བྱིན་ལེན། འདོད་ལོག་གསུམ། ངག་གི་རྫུན། ཕྲ་མ། ངག་འཁྱལ། ཚིག་རྩུབ་བཞི། ཡིད་ཀྱི་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་སྟེ་བཅུའོ། །གཉིས་པ་ནི། ཡང་དག་པའི་ལྟ་བ་ཞེས་བྱ་བ་འཇིག་རྟེན་ཕ་རོལ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །དེ་ལས་ལྡོག་སྟེ་ལོག་པར་ལྟ་བས་སྲོག་གཅོད་སྤངས་པ་སོགས་དགེ་བའི་ལས་གཞན་ལ་སྤྱད་ཀྱང་འབྲས་བུ་སྡུག་བསྔལ་དུ་སྨིན་པར་འགྱུར་ཏེ། བཤེས་སྤྲིང་ལས། གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས་པའི་ཕྱིར་ཡང་དག་པའི་ལྟ་བས་ཟིན་པ་གལ་ཆེའོ། །གསུམ་པ་ནི། མི་དགེ་བཅུ་སྤོང་བའི་ཚུལ་ཁྲིམས་ལས་གཞན་མེད་དོ། །དེ་ལྟར་ན། སྔ་མ་ལས། གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱི། །ཞེས་ལྷའི་གོ་འཕང་བགྲོད་པར་བྱེད་པ་ལ་ཡང་དག་པར་བླངས་པ་ལས་བྱུང་བའི་ཚུལ་ཁྲིམས་དགོས་པར་མ་བཤད་དམ་ཞེ་ན། བཤད་མོད་ཀྱི། འོན་ཀྱང་དེ་ནི་ཁྱད་པར་ཅན་གྱི་དབང་དུ་བྱས་ནས་གསུངས་ཀྱི། ཙམ་པོ་ལ་ནི་དགོས་པར་མ་ངེས་ཏེ། ཡང་དག་པའི་ལྟ་བས་ཟིན་པའི་དགེ་བཅུའི་ལས་ལམ་འཁོར་བཅས་ཀྱི་འགྲུབ་པར་བཞེད་པའི་ཕྱིར། བཞི་པ་ནི། རང་གི་འབྲས་བུ་འབྱིན་ནུས་ཀྱི་བར་དུ་གོམས་པར་བྱེད་པའོ། །ལྔ་པ་ནི། ཟག་པ་དང་བཅས་པའི་དགེ་བཅུའི་ལས་ལམ་འཁོར་བཅས་ལ་སྤྱོད་པ་སྟེ། དེ་ནི་མི་དགེ་བཅུ་སྤངས་པའི་ཆ་ནས་བཏགས་སོ། །གཞན་ཡང་ལུས་ཀྱི་ལས་ཕྱག་སོགས་དང་། ངག་གི་བསྟོད་པ་སོགས་དང་། ཡིད་ཀྱིས་གཞན་ལ་ཕན་འདོད་ཀྱི་སེམས་དགེ་བ་ལ་སོགས་པའོ། །འོ་ན། ཧེ་རུ་ཀ་གལ་པོར། ལྷ་མིའི་ཐེག་པའི་སྐབས་སུ་ཡི་གེ་འབྲི་མཆོད་སོགས་ཆོས་སྤྱོད་བཅུ་ལ་སྤྱོད་དགོས་པར་གསུངས་པ་མ་ཡིན་ནམ་ཞེ་ན། འདིར་ཡང་སྔར་ལྟར་ཁྱད་པར་ཅན་དང་ཙམ་པོའི་ཁྱད་དོ། །དྲུག་པ་ནི། དགེ་བའི་ལས་སྟོབས་ཆེ་ཆུང་གིས། །གླིང་བཞིའི་མི་དང་། འདོད་ལྷ་རིགས་དྲུག་སྟེ་འདོད་ཁམས་ཀྱི་མཐོ་རིས་གནས་བཅུར་སྐྱེ་བའོ། །དེ་ལྟར་ཡང་། རྒྱས་པ་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་དང་། ལམ་རིམ་ལས། དགེ་བཅུ་དག་ལ་གཙོར་ལེན་ཅིང་། །དགེ་དང་མི་དགེ་མི་མཉམ་པས། །ལྷ་དང་མི་ཡི་སྐྱེ་གནས་ཏེ། །མཉམ་ཉིད་མ་རྟོགས་འདོད་ཁམས་འཁོར། །ཞེས་སོ། །དེའང་འདིའི་འདོད་པའི་བདེ་བ་མཐར་ཐུག་པ་མིའི་འཁོར་ལོས་སྒྱུར་རྒྱལ་དང་ལྷའི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་བར་དུ་བགྲོད་པའི་ཕྱིར། ལང་གཤེགས་སུ་འགྲོད་བྱའི་གཙོ་བོའི་སྒྲས་སྨོས་ཏེ། ལྷའི་ཐེག་པ་ཞེས་གསུངས་སོ། །ཐེག་པ་འདི་ནི། ལམ་རིམ་ལས། གཞི་ཡི་ཐེག་པའི་དང་པོར་གཞོག །ཅེས་པ་ལྟར་ཐེག་པ་ཐམས་ཅད་ཀྱི་གཞིར་གྱུར་པའམ་སྔོན་དུ་འགྲོ་བའང་ཡིན་ཏེ། གང་ཡང་དག་པའི་ལྟ་བས་མ་ཟིན་པ་དང་དངོས་གཞི་དགེ་བཅུའི་ལས་ལམ་ལ་མི་སྤྱོད་པའི་ཐེག་པ་ནི་གང་ནའང་མེད་པའི་ཕྱིར། །དགྱེས་རྡོར་ལས་ཀྱང་། དགེ་བ་བཅུ་ལས་བརྩམ་ནས་ནི། །དེ་ཡི་ཆོས་ནི་རབ་ཏུ་དབྱེ། །ཞེས་གསུངས་པ་ཡིན་ནོ། །ཡང་ལང་གཤེགས་ལས། ཚངས་པའི་ཐེག་པ། ཞེས་གསུངས་པའི་ཚངས་པ་ནི། ཚངས་རིས་ལ་སོགས་པ་གསུམ་ཁོ་ན་མ་ཡིན་གྱི། བྲཧྨའི་སྒྲ་ལས་ཚངས་པ་དང་། གཙང་བ་དང་། དག་པ་ལ་འཇུག་པས། འདོད་པའི་ཉོན་མོངས་པས་གཙང་བའམ་དག་ཅིང་ཚངས་པས་ན། སྒྲ་ཡངས་པའི་དབང་དུ་བྱས་སྟེ། ཁམས་གོང་མའི་ལྷ་གཟུགས་ཁམས་གནས་རིས་བཅུ་བདུན་དང་། གཟུགས་མེད་ཁམས་སའི་གནས་བཞི་སྟེ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལ་ཚངས་པའི་སྒྲས་བརྗོད་ཅིང་། དེར་བགྲོད་པའི་ལམ་འཁོར་བཅས་ལ་ཚངས་པའི་ཐེག་པ་ཞེས་བྱའོ། །དེའང་ཞི་གནས་དང་། རང་རང་གིས་འོག་མ་ལ་རགས་པར་བལྟ་ཞིང་། རང་ས་ལ་ཞིབ་པར་བལྟ་བའི་ལྷག་མཐོང་བསྒོམས་པའི་བསྟོབས་ཀྱིས། ས་འོག་མའི་ཉོན་མོངས་པ་སྤངས་པ་ཞིག་གོང་མར་སྐྱེ་བར་གསུངས་པས། རང་རང་གིས་འོག་མ་ལ་ཆགས་པ་བྲལ་བྱེད་ཀྱི་ལམ་བསམ་གཏན་དང་བཞི་དང་གཟུགས་མེད་པའི་སྙོམས་འཇུག་བཞིའི་དངོས་གཞི་གང་རུང་ཞིག་མ་ཐོབ་ན། གོང་མར་མི་སྐྱེ་བའི་ཕྱིར་བསམ་གཟུགས་གཉིས་ནི་ཚངས་པའི་ཐེག་པ་དངོས་དང་། ཚད་མེད་བཞི་དང་། འཇིག་རྟེན་པའི་མངོན་ཤེས་ལྔ་ནི་ཚངས་ཐེག་གི་ཡོན་ཏན་ཁྱད་པར་ཅན་གྱི་ལམ་དུ་བཞེད་དོ། །འདི་དག་ལའང་། ལྟ་བ་ལས་འབྲས་དང་། འཇུག་སྒོ་དང་ཚུལ་ཁྲིམས་མི་དགེ་བཅུ་སྤོང་བ་དང་། སྤྱོད་པ་དགེ་བཅུ་ལ་སྤྱོད་པ་སྔར་ལྟར་གྱི་སྟེང་དུ། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི་ལ་སྤྱོད་པའོ། །བསྒོམ་པ་ལ། གཟུགས་དང་། གཟུགས་མེད་ཀྱི་སྙོམས་འཇུག་གཉིས། དང་པོ་ནི། འདོད་པའི་ཚོར་བ་ལས་ཡིད་འབྱུང་བའི་མཚན་ཉིད་ཅན་གྱི་བསམ་གཏན་བཞི་སྟེ། ཡུམ་བར་མ་ལས། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་ནི་བསམ་གཏན་གཉིས་པའོ། །རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཡིད་ལ་བྱེད་པ་ནི་བསམ་གཏན་གསུམ་པའོ། །དགའ་བ་སྡུད་པ་ཡིད་ལ་བྱེད་པ་ནི་བསམ་གཏན་བཞི་པའོ། །ཞེས་སོ། །གཉིས་པ་ནི། བསམ་གཏན་བཞིའི་འདུ་ཤེས་ལ་ཡིད་འབྱུང་བའི་མཚན་ཉིད་ཅན་གྱི་སྙོམས་འཇུག་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་འཇུག་སྟེ་སྲིད་རྩེའི་ལམ་མཐར་ཐུག་པའོ། །དེ་དག་ཀྱང་རྒྱས་པ་ལས། ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་སོ། །འབྲས་བུ་ལའང་། གཟུགས་དང་། གཟུགས་མེད་གཉིས་ལས། དང་པོ་ནི། བསམ་གཏན་དང་པོའི་དངོས་གཞི་ཆུང་འབྲིང་ཆེ་གསུམ་དུ་བསྒོམས་པ་ལས་ཚངས་རིས་སོགས་གསུམ་དུ་སྐྱེ་བ་ལ་སོགས་པ་སྟེ། སོ་སྐྱེའི་གནས་བཅུ་གཉིས་པོ་ལ་འགྲེ་ཞིང་། བཞི་པ་ལ་འཕགས་པའི་ཟག་མེད་ཤེས་རབ་སྤེལ་ཞིང་རིམ་པ་ལྔར་བསྒོམས་ན་མི་ཆེ་བ་སོགས་གཙང་གནས་ལྔར་སྐྱེ་བ་ཡིན་ནོ། །དེའང་གཟུགས་ལ་ཆགས་བྲལ་མ་ཐོབ་ཅིང་བསམ་གཏན་གྱི་རོ་ལ་ཆགས་པས་འཁོར་ཏེ། ལམ་རིམ་ལས། ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པས་སོ་སོར་བདག་འཛིན་ཅིང་། །གཟུགས་རྣམས་ཀུན་ལ་བདག་ཏུ་རྟོག །འདི་ནི་ཚངས་གནས་རིམ་པར་སྐྱེ། །ཞེས་སོ། །གཉིས་པ་ནི། ལྷག་མཐོང་གི་ཤེས་རབ་ཀྱི་དབེན་པས་མིང་བཞི་ལ་ལྡན་པའི་ཏིང་ངེ་འཛིན་ལ་བདག་ཏུ་བཟུང་བས་གཟུགས་མེད་ཀྱི་ལྷར་སྐྱེ་སྟེ། དེ་ལས། མཉམ་དང་གཟུགས་མེད་མ་རྟོགས་ནས། །མིང་བཞི་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་གྱུར་ན། །སྲིད་པའི་རྩེ་མོའི་ལྷ་རུ་སྐྱེ། །ཞེས་སོ། །གཉིས་པ་ལ། སྤྱི་དང་། སོ་སོར་བཤད་པའོ། །དང་པོ་ནི། འདི་ཉིད་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཞེས་པའི་དོན་ལ། སྔོན་གྱི་སློབ་དཔོན་རྣམས་དགོངས་པ་མི་མཐུན་ཏེ། སློབ་དཔོན་ཉི་འོད་སེང་གེ་ནི། རྟོགས་པ་ཕྱལ་རྒྱང་མུར་སྟུག་གསུམ་དང་། ལོག་པར་རྟོགས་པ་མུ་སྟེགས་པར་བཞེད། སློབ་དཔོན་སྒེག་རྡོར་ནི། མ་རྟོགས་པ་ཕྱལ་བ་དང་། ལོག་པར་རྟོགས་པ་མུ་སྟེགས་རྟག་ཆད་གཉིས་ལ་བཞེད། །བི་མ་ལའི་དགོངས་པ་ནི། འགྲེལ་ཆུང་ལས། སྤྱི་ནི་མ་རྟོགས་ཕྱལ་པ་རྒྱང་འཕེན་དང་། །ལོག་པར་རྟོགས་པ་མུར་སྟུག་མུ་སྟེགས་དང་། །ཞེས་གསུངས་ཤིང་། སློབ་དཔོན་ཆེན་པོ་པདྨའི་མན་ངག་ལྟ་ཕྲེང་ལས་ཀྱང་དེ་ལྟར་འབྱུང་ངོ་། །ཀུན་མཁྱེན་ཆོས་རྗེ་ནི། མ་རྟོགས་པ་སོར་བཞག་གི་ཐེག་པ་དང་། ལོག་པར་རྟོགས་པ་མུ་སྟེགས་ཀྱི་ཐེག་པར་བཞེད་མོད་ཀྱི། དེ་ལྟ་ནའང་། རང་ལུགས་དང་ཟུར་ལུགས་ཀྱི་བཀའ་སྲོལ་ཕལ་མོ་ཆེར། འགྲེལ་ཆུང་དང་ལྟ་ཕྲེང་བཞེད་པས། འདིར་ཡང་དེ་བཞིན་དུ་འཆད་དོ། །གཉིས་པ་ལ། མ་རྟོགས་པ་དང་། ལོག་པར་རྟོགས་པ་གཉིས་ལས། དང་པོ་ལ། གོ་བ་དང་དབྱེ་བ་གཉིས། དང་པོ་ནི། སོ་སོ་སྐྱེ་བོ་གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་གོ། །གཉིས་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་མ་རྟོགས་པ་དངོས་ནི། འཇིག་རྟེན་ཕྱལ་བ་སྟེ། དེ་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི། ལས་རྒྱུ་འབྲས་ཡེ་མ་རྟོགས་པའི་ཀུན་ཏུ་རྨོངས་པའོ། །ངེས་ཚིག་ནི། རྟེན་འབྱུང་རྒྱུ་འབྲས་ཀྱི་ཆོས་ཡོན་མེད་གང་དུའང་མི་སྤྱོད་ཅིང་སྤོང་ལེན་མི་བྱེད་པའི་ཕྱིར་ཕྱལ་བ་ཞེས་བྱ་སྟེ། སྤར་ཁབ་ལས། ཅིར་ཡང་མ་རྟོགས་པ་ནི་འཇིག་རྟེན་ཕྱལ་པ་སྟེ། ཞེས་སོ། །དབྱེ་ན། དམན་རིགས་དང་། རིགས་མ་ངེས་པ་གཉིས། དང་པོ་ནི། ཡོན་ཏན་ལ་ཐོབ་བློ་མེད་པའི་བློ་འཕང་སྨད་པའོ། །གཉིས་པ་ལ། བཟང་ངན་གཉིས་ཏེ་འོག་ཏུ་འཆད། གཉིས་པ་ཞར་ལས་བྱུང་བའི་མ་རྟོགས་པ་ནི། རྒྱང་འཕེན་པ་སྟེ། དེ་ལའང་གསུམ་ལས། ངོ་བོ་ནི། ཚེ་སྔ་ཕྱི་ཡོད་མེད་དུ་མ་རྟོགས་ཤིང་ཚེ་གཅིག་གི་ཕན་བདེ་བག་ཙམ་སྒྲུབ་པའི་བློ་ཅན་ནོ། །ངེས་ཚིག་ནི། ཕྱིར་མ་རྒྱང་དུ་བོར་ཏེ། ཚེ་འདིའི་བཙན་ཕྱུག་དང་མཐུ་སྟོབས་སོགས་འཇིག་རྟེན་པའི་གསང་ཚིག་མོ་རྨི་རྩིས་སོགས་ལ་བརྟེན་ནས་བསྒྲུབ་པའི་ཕྱིར་རྒྱང་འཕེན་པ་ཞེས་བྱའོ། །དབྱེ་ན། རིགས་ཆད་དང་། འདུ་ཤེས་ཅན་གཉིས། དང་པོ་ལ། རང་བཞིན་དང་། རྐྱེན་གྱིས་ཆད་པ་གཉིས་ཀྱི། དང་པོ་ནི། ཐེག་ཆེན་གྱི་གྲུབ་མཐའ་འཛིན་པས་འདོད་བྱ་མ་ཡིན་ཏེ་རྒྱས་པར་འོག་ཏུ་འཆད་དོ། །འདུ་ཤེས་ཅན་ལ་བཞི་སྟེ། མདོ་ཆེན་པོ་ལས། འདུ་ཤེས་ཅན་བཞི་ཆགས་པ་དང་། །གང་ལ་གཡེང་དང་ཡ་ང་ཅན། །མོས་པ་ཅན་ཞེས་གྲགས་པ་བཞི། །ས་བོན་འཛིན་པའི་ཞིང་དུ་སྣང་། །ཞེས་པ་རྣམས་རིམ་བཞིན། འདོད་ཡུལ་ལ་ཆགས་སྲེད་འབྲལ་མི་ཕོད་པ་དང་། ཚེ་འདིའི་མི་ཆོས་ཀྱི་བྱ་བས་གཡེང་བ་དང་། བཙན་ཕྱུག་སྡིག་དང་བསྡོས་ནས་སྒྲུབ་པ་དང་། མི་དགེ་བཅུ་སྤོང་ཞིང་ཐར་པ་ལ་མོས་པའི་རིགས་ཅན་ནོ། །གཉིས་པ་ལོག་པར་རྟོགས་པ་ལ། གོ་དོན་དང་། དབྱེ་བ་གཉིས། དང་པོ་ནི། རྟེན་གྱི་གང་ཟག་གང་ཞིག་ལོག་པའི་གྲུབ་མཐས་བློ་བསྒྱུར་བའོ། །གཉིས་པ་ལ། ཆད་ལྟ་མུར་སྟུག་པ་དང་། རྟག་ལྟ་མུ་སྟེགས་པའོ། །དང་པོ་ནི། ཆོས་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པས་འཁྲུལ་གཞི་བྱས་ནས། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པར་བལྟ་བ་སྟེ། ཚེ་གཅིག་གི་ཆོས་ཐམས་ཅད་རྒྱུ་མེད་གློ་བུར་དུ་སྐྱེ་ལ་མཐའ་ཆད་པར་བལྟ་བའོ། །གཉིས་པ་ནི། ཆོས་ཉིད་འགྱུར་བ་མེད་པས་འཁྲུལ་གཞི་བྱས་ནས་ཆོས་ཐམས་ཅད་ལ་བདག་ཡོད་པར་བལྟ་བ་སྟེ། བདག་རྟག་པ་གཅིག་པུ་པ་ཞེས་བྱ་བ་ཕུང་པོ་ལྔའི་རྒྱུན་ལ་ཟ་བ་པོ་དང་། བྱེད་པ་པོའི་བདག་ཉིད་ཅན་གཅིག་དོན་དམ་པར་ཡོད་པར་འདོད་པའོ། །དེ་ལའང་དབྱེ་ན། གྲངས་ཅན་པ་དང་། བྱེ་བྲག་པ་དང་། སྤྱོད་པ་པ་དང་། གཅེར་བུ་པ་སྟེ་བཞི། དེ་བཞིའི་སྟེང་དུ་ཆད་ལྟ་བསྣན་པས་ཏརྐ་སྡེ་ལྔ་ཞེས་གྲགས་སོ། །འདིར། མུར་སྟུག་པ་ནི་མུ་སྟེགས་པ་དང་སྒྲ་མ་འདོམ་ན་ཕྱི་རོལ་པའི་སྤྱིའི་མིང་ལ་འཇུག་པ་ཡོད་དེ། འོད་སྲུངས་ཀྱིས་ཞུས་པ་ལས། འོད་སྲུངས་ངའི་བསྟན་པ་འདི་མུར་སྟུག་དགུ་བཅུ་རྩ་དྲུག་གིས་ནི་འཇིག་པར་བྱེད་མི་ནུས་ཏེ། ངའི་དགེ་སློང་ང་དང་འདྲ་བས་འཇིག་པར་བྱེད་པར་འགྱུར་རོ། །ཞེས་བཤད་དོ། །མ་རྟོགས་ལོག་རྟོགས་ཀྱི་ལྟ་བ་བཞི་པོ་དེ་ནི་མ་རིག་པ་ཁོ་ན་ལས་བྱུང་བའི་ཕྱིར་འཇིག་རྟེན་པའི་ལྟ་བ་སྟེ། ལྟ་ཕྲེང་ལས། འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་གྲངས་མེད་པའི་མདོ་རྣམ་པ་བཞིར་འདུས་ཏེ། ཕྱལ་པ་དང་། རྒྱང་འཕེན་དང་། མུར་སྟུག་དང་། མུ་སྟེགས་པའོ། །ཞེས་པ་ནས། འདི་དག་ནི་མ་རིག་པའི་ལྟ་བའོ། །ཞེས་པའི་བར་གསུངས་སོ། །དེ་ལ་མ་རྟོགས་པ་གཉིས་ནི་གྲུབ་མཐའི་ལྟ་བ་མ་ཡིན་མོད་ཀྱི། འོན་ཀྱང་སེམས་ཀྱི་གནས་ཚུལ་བསྡུ་བའི་ཕྱིར་དེའི་ཟླ་ལ་བཤད་དོ། །ལོག་པར་རྟོགས་པའི་ལྟ་བའི་ལྟ་བ་གཉིས་ནི་གྲུབ་མཐས་བློ་བསྒྱུར་བའི་ལྟ་བ་ཡིན་ཀྱང་། ཆོས་ཉིད་མཐའ་དང་བྲལ་བས་སྒྲོ་སྐུར་གྱི་མཐར་ཞེན་པས་ལོག་པར་བསྒྱུར་བའི་ཕྱིར། འཁོར་བ་ལས་སྒྲོལ་བའི་ཐབས་མ་ཡིན་ཏེ། གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་ཐ་ཆད་པ་མུར་སྟུག་པར་མ་ཟད། མུ་སྟེགས་པའང་བདག་འདོད་པས་འཁོར་བའི་རྩ་བ་བདག་འཛིན་གྱིས་བཅིངས་པའི་ཕྱིར། དེ་ལྟར་ཡང་། རྣམ་འགྲེལ་ལས། ཇི་སྲིད་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་སོ། །དེ་བས་ན་ལམ་རིམ་ལས། རྟག་ཆད་གཉིས་ལ་གང་གི་བློ་ཞེན་པ། །དོན་གྱི་སྙིང་པོ་ཉིད་ལས་གོལ་བར་གསུངས། །ཞེས་གསུངས་པའི་ཕྱིར། སྐབས་འདིར་ལམ་དང་འབྲས་བུ་སོགས་ཀྱི་འདོད་གཞུང་མ་བྲིས་སོ། །འདིར་ཁ་ཅིག །རྒྱལ་བའི་བཀའི་དབྱེ་བ་འཆད་པའི་སྐབས་སུ་ཕྱི་རོལ་པའི་གྲུབ་མཐའ་སོགས་འཆད་པ་འདི་ནི་ཤིན་ཏུ་མི་རིགས་པ་ཉིད་དོན་ཞེ་ན། སྐྱོན་མེད་དེ། མུ་སྟེགས་རང་རྒྱུད་པའི་དབང་དུ་བྱས་ན་ལམ་གྱི་ལྟུང་ས་དང་སྤང་བྱ་དང་ངོ་ཤེས་ནས་འདས་པའི་ཐེག་པར་རང་ལམ་ལས་མི་འགྱངས་པའི་དགོས་པ་ཡོད་པའི་ཕྱིར། ཧེ་རུ་ཀ་གལ་པོ་ལས། མུ་སྟེགས་ཐེག་པར་རབ་ངེས་ན། །མི་སྤྱོད་སྤང་ཕྱིར་ཁྱོད་ལ་བཤད། །ཅེས་སོ། །ཡང་སྤྲུལ་པ་བའི་དབང་དུ་བྱས་ན། སྔར་གྱི་དགོས་པ་དང་ལྡན་པར་མ་ཟད་ཀྱི། འདི་དག་ཀྱང་གང་ལ་གང་འདུལ་གྱི་རྒྱལ་བའི་ཕྲིན་ལས་ཡིན་པར་གསུངས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་མཛད་པའི་བདེ་འདུས་ཀྱི་ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་ལས། ཐུགས་རྗེའི་འཇུག་པ་སྣ་ཚོགས་པས། །ཇི་ལྟར་འོས་པས་འདུལ་མཛད་དེ། །ཕྱི་རོལ་བྱེད་པའི་སྡེ་རྣམས་ལ། །དེ་དང་དེར་སྣང་སྟོན་པས་གསུངས། །ཞེས་སོ། །དེ་ལྟ་མོད་ཀྱི། ཆད་ལྟ་མུར་སྟུག་པའི་ལྟ་བ་ནི་ཤིན་ཏུ་ཡ་ང་བའི་ལོག་ལྟ་ཡིན་པས་དེ་ལྟ་བུ་བསྐྱེད་པ་རྒྱལ་བའི་ཐབས་མཁས་སུ་ཇི་ལྟར་རིགས་སྙམ་ན། དེའང་རིགས་པ་ཉིད་དེ། མུར་སྟུག་པའང་རིགས་པ་དུ་མ་ཁས་ལེན་པའི་ཕྱིར། གསུང་རབ་མཐོང་བའམ། ཐལ་འགྱུར་རྣམ་དག་འགོད་མཁན་གྱི་རྒོལ་བ་དང་འཕྲད་པའི་ཚེ། ཐོག་མར་ཐེ་ཚོམ་དང་། དེ་རྗེས་ལྡོག་ཕྱོགས་ཀྱི་སྒྲུབ་བྱེད་རྣམ་དག་མཐོང་ནས་ཡང་དག་པའི་ཚད་མ་སྐྱེ་བར་འགྱུར་བས་ན། གྲུབ་མཐའ་ལ་ཡེ་མ་ཞུགས་པའི་བླུན་པོ་ལས་ཡང་དག་པའི་ལྟ་བ་སྐྱེ་བ་ལ་ཉེ་བའི་ཕྱིར་རོ། །ཡང་། ལྷ་མིའི་ཐེག་པ་ལས་འཕྲོས་ཏེ་འཆད་པ་གང་ཞེ་ན། ལྷ་དང་མིའི་ཐེག་པ་གཉིས་ཀྱིས་བགྲོད་པར་བྱེད་པའི་རྟེན་གྱི་གང་ཟག་ནི་ཕྱི་ནང་གཉིས་ཀ་ལ་ཡོད་པའི་ཕྱིར་སྨོས་ཏེ། ཕྱི་པའི་དབང་དུ་བྱས་ན། དཔའ་བོས། ཁྱོད་ཀྱིས་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་བསྒྲུབ། །ཅེས་དང་། ནང་པའི་དབང་དུ་བྱས་ན། དཀོན་མཆོག་གསུམ་ལ་བྱ་བ་བྱེད་པར་མོས་པའི་སྒོ་ནས་སྐྱབས་སུ་འཛིན་ཡང་ཐར་པ་དོན་གཉེར་གྱི་བློ་མེད་པར་འཇིག་རྟེན་པའི་ལམ་ཉིད་ལ་གནས་པའི་དབང་དུ་མཛད་དེ། རྒྱུད་བླར། བྱེད་གསུམ་ལ། མོས་པ་རྣམས་ཀྱི་དབང་མཛད་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་སོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་ནི། རིན་ཆེན་ཕྲེང་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་པ་ལྟར། མངོན་མཐོའི་སྐས་ལ་འཛེགས་པ་ལས་བགྲོད་བྱའི་ངེས་ལེགས་སམ་རྣམ་པར་གྲོལ་བའི་ཐེག་པ་ཞེས་བྱའོ། །དེ་བཤད་པ་ལ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། །སོ་སོའི་དབྱེ་བ་རྒྱས་པར་བཤད་པ། །ཐེག་དགུའི་ལྟ་རིམ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དཀོན་མཆོག་གསུམ་སྐྱབས་གནས་སུ་བཟུང་ནས། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའམ། དེའི་ཁོངས་སུ་གཏོགས་ཤིང་། ཡང་དག་པའི་བསླབ་པ་གསུམ་ལ་སློབས་པས། འབྲས་བུ་སྲིད་རྩེ་ལས་བརྒལ་ནུས་པས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་དག་མེད་པའི་ཕྱིར། དེ་ལ་སྐྱབས་འགྲོ་ནི། ལམ་གྱི་གཞི་རྟེན་ལ་མེད་དུ་མི་རུང་སྟེ། དེ་སྡོམ་པའི་རྒྱུ་མྱང་འདས་ཀྱི་བསམ་པ་རྟེན་བྱེད་ཉིད་ཡིན་པའི་ཕྱིར། སྐྱབས་སུ་མ་སོང་བ་ལ་སྡོམ་པ་མི་སྐྱེ་ལ། སྡོམ་པས་མ་བསྡམས་ན་ཡང་དག་པའི་ལམ་མེད་པའི་ཕྱིར་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་དང་། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། །ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། །ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །བསླབ་པ་གསུམ་ལ་སློབ་པ་ནི། ལྷག་པའི་ཚུལ་ཁྲིམས་དང་། སེམས་དང་། ཤེས་རབ་གསུམ་ལ་ཐོས་བསམ་བསྒོམ་གསུམ་གྱི་སྒོ་ནས་བསླབས་པས་ཐོག་མཐའ་བར་གསུམ་དུ་དགེ་བ་སྟེ། འོད་ལྡན་ལས། བསླབ་པ་གསུམ་ནི་རབ་སྟོན་ཅིང་། །ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་སོ། །འབྲས་བུ་སྲིད་རྩེ་ལས་བརྒལ་ནུས་པ་ནི། དཔའ་བོ། །ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་རྩ་བཞིན་དུ། །སྲིད་པ་དག་ནི་ལྡོག་པར་བགྱིད། །ཅེས་སོ། །གཉིས་པ་ལ། རྒྱུ་མཚན་ཉིད་ཀྱི་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ཏེ། ལྟ་ཕྲེང་ལས། འཇིག་རྟེན་ལས་འདས་པ་ལའང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེ་ཐེག་པའོ། །ཞེས་སོ། །དང་པོ་ལ། འདི་ཉིད་ལས། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཞེས་པས། རྣམ་པར་ཐར་པ་བདེན་པའི་སྒོ་ཕྱོགས་རེ་ཙམ་རྟོགས་པ་ཐེག་དམན་དང་། བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གྱི་སྒོ་ལ་སྤྱོད་ཀྱང་རྡོ་རྗེ་ཐེག་པའི་དོན་མ་རྟོགས་པས་ཡང་དག་ཉིད་མ་རྟོགས་པ་བྱང་ཆུབ་སེམས་དཔའི་ཐེག་པའོ། །དང་པོ་ལའང་། ཉན་ཐོས་དང་། རང་རྒྱལ་གཉིས། དང་པོ་ནི། འདི་ཉིད་ལས། ཉན་ཐོས་ཀྱི་ཐེག་པ་དང་། ཞེས་པའི་དོན་འཆད་པ་ལ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། འཁོར་བ་ལས་རང་གཅིག་པུ་ཐར་འདོད་ཀྱི་བློས་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །གཉིས་པ་ནི། ཤྲ་བ་ཀཿཞེས་པའི་སྒྲ་ཉན་པ་དང་ཐོས་པ་གཉིས་ཀ་ལ་འཇུག་པས་ཉན་ཐོས་ཞེས་བྱ་ལ། རྣམ་པ་གཅིག་ཏུ་ན། ཡུལ་གཅིག་ལ་ཐོས་ནས། ཡུལ་གཞན་ལ་སྒྲོགས་པའི་ཕྱིར་ཐོས་སྒྲོགས་ཞེས་ཀྱང་བྱའོ། །གསུམ་པ་ལ་སྔར་ལྟར་དྲུག་ལས། དང་པོ་འཇུག་སྒོ་ནི། །འཁོར་བའི་དུཿཁས་ཡིད་སྐྱོ་ནས། རང་ཞི་བདེ་དོན་གཉེར་གྱི་བསམ་པས་བདེན་པ་བཞིའི་སྒོ་ནས་འཇུག་སྟེ། རང་ཤར་ལས། འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱིའི་འཇུག་སྒོའོ། །ཞེས་སོ། །དེ་ཡང་སྡུག་བསྔལ་གྱི་བདེན་པ་ནད་ལྟ་བུ། ཀུན་འབྱུང་ནད་དེའི་རྒྱུ་ལྟ་བུ། འགོག་བདེན་ནད་ལས་གྲོལ་བའི་བདེ་བ་ལྟ་བུ། ལམ་བདེན་ནད་ཀྱི་གཉེན་པོའི་སྨན་ལྟ་བུ་ཡིན་པས། དེའི་ཕྱིར། སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། འགོག་པ་ཐོབ་བྱ། ལམ་བརྟེན་བྱར་བྱས་ཏེ། བདེན་བཞི་ལ་དམིགས་པའི་རྒྱུ་འབྲས་སྤང་བླང་གི་སྒོ་ནས་འཇུག་པའོ། །གཉིས་པ་ལྟ་བ་ནི། གཟུང་ཡུལ་དངོས་པོར་རགས་སྣང་འདི་གཉེན་པོ་དང་བློས་གཞིག་ཅིང་གཞོམ་དུ་རུང་བའི་ཕྱིར་དང་། འཛིན་པ་སེམས་ཀྱི་རྒྱུན་དུས་གསུམ་གྱི་ཆོས་གཞིག་ཏུ་རུང་བའི་ཕྱིར་དང་། གཟུང་འཛིན་རགས་པ་འདི་ཀུན་རྫོབ་ཏུ་སྣང་བ་ཙམ་ལས་རང་བཞིན་མེད་པས་གང་ཟག་གི་བདག་མེད་པར་རྟོགས་ཀྱང་། གཟུང་ཡུལ་དངོས་པོ་རགས་སྣང་རྩོམ་པའི་གཞི་རྡུལ་ཕྲ་རབ་འདི་གཉེན་པོ་དང་བློས་གཞོམ་དུ་མེད་པ་དང་། འཛིན་སེམས་སྐད་ཅིག་མ་དུས་ཀྱི་ཆ་དང་བྲལ་བས་གཟུང་འཛིན་ཕྲ་བ་དོན་དམ་དུ་འདོད་པའི་ཕྱིར་ཆོས་ཀྱི་བདག་མ་རྟོགས་ཏེ། ལྟ་ཕྲེང་ལས། ཆོས་ཐམས་ཅད་ལ་མུ་སྟེགས་པ་ལ་སོགས་པས་སྒྲོ་དང་སྐུར་བས་ཀུན་ཏུ་བརྟགས་པ། ཡེ་མེད་པ་ཆད་པའི་ལྟ་བ་དང་། རྟག་པ་ལ་སོགས་པའི་ཡོད་པར་བལྟ་བ་ནི། ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་དུ་མེད་དེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་། རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་པར་བལྟ་བ། ཞེས་གསུངས་སོ། །དབྱེ་ན། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་སྣང་བ་བཅུ་བདུན་པ་ལས། ཆོས་ཙམ་བལྟ་བའི་ཉན་ཐོས་པ། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བྱེད་མཐུན། །ཞེས་པས་བྱེ་སྨྲ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་ནེ་སིང་ལྟར་ཚོགས་པ་གཅིག་ཏུ་སྣང་ཡང་། དོན་དམ་པར་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པས་ཆ་ལྡན་སིལ་བུར་འདོད་དེ། ཀླུ་སྒྲུབ་ཀྱི་གཡུ་ཐང་ལས། ཀུན་རྫོབ་བྱེ་བྲག་འདོད་གཞུང་ཉིད། །སྣོད་ཀྱི་རྫས་རྣམས་དངོས་པོ་འདི། །རྡུལ་ཕྲན་སིལ་བུ་ཕན་ཚུན་པས། །མ་འདྲེས་ནེ་སིང་ལྟ་བུ་སྟེ། །སེམས་ཅན་ལས་ཀྱི་མཐའ་མ་རླུང་གི། སྟོབས་ཀྱིས་འདུས་པར་འདོད། །དོན་དམ་ཤེས་པ་སྐད་ཅིག་མ། །རེ་རེ་ཡོད་པར་འདོད་པའོ། །ཞེས་སོ། །མདོ་སྡེ་པ་ནི། རྡུལ་ཕྲ་རབ་འབྱར་ཡང་མ་འབྱར། བར་ཡང་མེད་པ་འབྲུའི་ཕུང་པོ་ལྟ་བུ་འདོད་དེ། དེ་ལས། མདོ་སྡེ་ཀུན་རྫོབ་ཕྲ་རབ་རྣམས། །འདུས་པའི་རྣམ་པ་གཅིག་ཏུ་འདོད། །དོན་དམ་ཤེས་པ་མཐུན་པར་འདོད། །ཅེས་སོ། །འདིས་རྡུལ་ཕྲན་ལས་གོང་བུ་བརྩམ་པ་དེའང་ཆ་མེད་དུ་རྟོགས་པས་བྱེད་སྨྲ་ལས་འཕགས་ཏེ་དོན་གྱིས་བལྟར་མེད་པའི་ཕྱིར་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །མདོར་ན་ཆོས་བདག་གཟུང་འཛིན་དོན་དམ་དུ་བལྟ་ཞིང་འཁོར་འདས་བདེན་བཞིའི་རྒྱུ་འབྲས་ལ་བླང་དོར་དུ་འཛིན་ན་ཉན་ཐོས་པ་སྟེ། ལམ་རིམ་ལས། གཉིས་མེད་མ་རྟོགས་ཐམས་ཅད་ལ། །བདེན་བཞིའི་དངོས་པོར་ཡོད་བལྟ་ཞིང་། །སྤོང་དང་མི་སྤོང་བྱེད་གྱུར་ན། །འདི་ནི་ཉན་ཐོས་ས་པ་ཡིན། ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི། སོ་ཐར་རིགས་བརྒྱད་གང་རུང་ངམ། ཁྱད་པར་སངས་རྒྱས་ཀྱི་རྗེས་སུ་མཐུན་པར་བསླབ་དགོས་པའི་ཕྱིར། མཆོག་དགེ་སློང་གི་སྡོམ་པ་ལ་བརྟེན་པར་བྱ་སྟེ། མཛོད་ལས། སོ་སོ་ཐར་ཞེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་ནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེ་དང་དགེ་སློང་ཉིད། །ཅེས་སོ། །བཞི་པ་བསྒོམ་པ་ནི། དེ་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པས། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས། དགེ་བའི་གཤེས་གཉེན་ལས་ཉན་ཐོས་ཀྱི་སྡེ་སྣོད་ཚུལ་བཞིན་དུ་ཐོས། ཐོས་དོན་བསམ། བསམ་དོན་བསྒོམ་པ་སྟེ། དེའང་དང་པོར་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ་སོགས་ཞི་གནས་ཀྱིས་སེམས་ལས་སུ་རུང་བར་བྱས་རྗེས། ལྷག་མཐོང་ནི། བདེན་བཞིའི་རེ་རེའང་བཞི་བཞིར་ཕྱེ་བའི་བདེན་ཆུང་བཅུ་དྲུག་བསྒོམས་ཏེ། གཞི་དེ་ལས་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བ་སོགས། སྤོང་ཚུལ་ཡེ་ཤེས་བཅུ་དྲུག་གི་རིམ་པར་སྤོང་ངོ་། །དེ་ལ་བདེན་ཆུང་བཅུ་དྲུག་ནི། མི་རྟག །སྡུག་བསྔལ། སྟོང་པ། བདག་མེད་བཞི་ནི་སྡུག་བདེན་གྱི་རྣམ་པའོ། །རྒྱུ། ཀུན་འབྱུང་བ། སྐྱེ་བ། རྐྱེན་བཞི་ནི་ཀུན་འབྱུང་གིའོ། །འགོག་པ། ཞི་བ། གྱ་ནོམ་པ། ངེས་འབྱུང་བཞི་ནི་འགོག་བདེན་གྱིའོ། །ལམ། རིག་པ། སྒྲུབ་པ། ངེས་འབྱིན་བཞི་ནི་ལམ་བདེན་གྱི་རྣམ་པ་སྟེ་བཅུ་དྲུག་གོ། །ཡེ་ཤེས་བཅུ་དྲུག་ནི། བདེན་བཞི་རེ་རེ་ལའང་། ཆོས་ཤེས། ཆོས་བཟོད་གཉིས། རྗེས་ཤེས། རྗེས་བཟོད་གཉིས་ཏེ་བཅུ་དྲུག་གོ། །ལྔ་པ་སྤྱོད་པ་ནི། སྤྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ནས་རང་དོན་གཙོ་བོར་སྤྱོད་པ་སྟེ། གཡུ་ཐང་ལས། སྤྱོད་པའང་རང་དོན་འབའ་ཞིག་པའོ། །ཞེས་སོ། །དྲུག་པ་འབྲས་བུ་ནི། རྒྱུན་ཞུགས་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་སྟེ་གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་དང་ལྡན་པའི་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པ་ཐོབ་ཅིང་། འབྲས་བུ་བཞི་པོ་རེ་རེ་ལའང་ཞུགས་གནས་གཉིས་གཉིས་སུ་ཕྱེ་བས་བརྒྱད་དེ། དབྱེ་གཞི་ལ་ལྟོས་ནས་སྐྱེས་བུ་ཟུང་བཞི་དང་། དབྱེ་ཆོས་ལ་ལྟོས་ནས་གང་ཟག་ཡ་བརྒྱད་བྱའོ། །དེ་དག་རྒྱས་པ་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བ་ཡི། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་སོ། །གཉིས་པ་ནི། འདི་ཉིད་ལས། རང་བྱང་ཆུབ་ཀྱི་ཐེག་པ་དང་། ཞེས་པའི་དོན་ལ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་བྱང་ཆུབ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་ཀྱི་སྒོ་ནས་རྟེན་འབྲེལ་གྱི་ལམ་བསྒོམ་པའོ། །གཉིས་པ་ནི། པྲ་ཏྱ་ཀ་བུདྡྷའི་སྒྲ་ལས། རང་གི་བྱང་ཆུབ་རང་གིས་རྟོགས་པར་བྱེད་པའི་ཕྱིར། སོ་སོའམ་རང་གཅིག་པུ་བྱང་ཆུབ་སྒྲུབ་པས་ན་རང་རྒྱལ་ལོ། །གསུམ་པ་ལ། སྔར་ལྟར་དྲུག་ལས། དང་པོ་འཇུག་སྒོ་ནི། རང་ཤར་ལས། འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །ཞེས་པས། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག །དེའང་རྟེན་འབྲེལ་ནི། ཧེ་རུ་ཀ་གལ་པོ་ལས། རང་རྒྱལ་ཆོས་ལ་བློ་སྦྱང་ཕྱིར། །ཕྱི་དང་ནང་གི་རྟེན་འབྲེལ་ཆོས། །ཞེས་པས་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་སོ། །དེ་དག་ཇི་ལྟར་འཁོར་ཞེ་ན། ཕྱིའི་རྟེན་འབྲེལ་མང་ཉུང་གི་ཚུལ་དང་། ནང་གི་རྟེན་འབྲེལ་ལུས་མེད་རྣམས་ལ་བག་ཆགས་དང་། ལུས་ཅན་རྣམས་ལ་དངོས་སུ་འཁོར་རོ། །དེའི་སྒོ་ནས་ཇི་ལྟར་འཇུག་ན། སྤྱིར་རང་རྒྱལ་དབང་རབ་བསེ་རུ་ལྟ་བུ་ནི་ཚོགས་ལམ་གྱི་ཚོགས་བསྐལ་བ་བརྒྱ་དང་། དབང་འབྲིང་ཚོགས་སྤྱོད་ཆེ་བ་བཟོད་འབྲིང་མན་ཆད་ཀྱིས་བསྡུས་པའི་ཚོགས་མི་ཚེ་བརྒྱ་དང་། དབང་རྟུལ་ཚོགས་སྤྱོད་ཆུང་བ་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་མན་ཆད་ཀྱིས་བསྡུས་པའི་ཚོགས་མི་ཚེ་བཅུ་གསུམ་དུ་བསགས་ཏེ། རྟེན་དེ་ལ་བྱང་ཆུབ་ཐོབ་པའི་སྐལ་བ་མེད་པར་ཤེས་ནས་སྨོན་ལམ་བཏབ་པས་སངས་རྒྱས་དང་ཉན་ཐོས་ཡོངས་སུ་མ་བཟུང་བའི་འཇིག་རྟེན་དུ་སྐྱེ་བ་ལེན་ཏེ། དབུ་མ་རྩ་བ་ལས། སངས་རྒྱས་རྣམས་ནི་མ་བྱོན་ཞིང་། །ཉན་ཐོས་རྣམས་ནི་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་སོ། །རྟེན་དེ་ལ་མཁན་སློབ་མེད་པར་རང་བྱུང་ག ི་དགེ་སློང་དུ་གྱུར་ཅིང་། དུར་ཁྲོད་དུ་ཕྱིན་པ་ན། རུས་པ་མཐོང་མ་ཐག་འཁོར་བ་ལ་ཡིད་འབྱུང་སྟེ། རུས་པ་འདི་དག་གང་ལས་བྱུང་བརྟགས་པས་རྒ་ཤི་ལས་བྱུང་། དེ་སྐྱེ་བ་ལས་བྱུང་བ་སོགས། འདི་ལྟར་རིམ་གྱིས་འཁོར་བའི་རྩ་བ་མ་རིག་པར་རྟོགས་ཏེ། འདི་ལས་ཇི་ལྟར་ཐར་བར་བྱ་སྙམ་པ་ན། ཡང་མ་རིག་པ་འགགས་ན་འདུ་བྱེད་འགག་པ་ནས་རྒ་ཤིའི་བར་འགག་པ་སྟེ། ལུགས་ལྡོག་རྟེན་འབྲེལ་རྟོགས་པའི་སྒོ་ནས་འཇུག་པའོ། །གཉིས་པ་ལྟ་བ་ནི། གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་བདག་གི་གཟུང་ཆ་རྡུལ་ཕྲ་རབ་རང་བཞིན་མེད་པར་རྟོགས་ཀྱང་ད་དུང་འཛིན་སེམས་སྐད་ཅིག་མ་དོན་དམ་དུ་བལྟ་ཞིང་། འཁོར་འདས་རྟེན་འབྲེལ་རྒྱུ་འབྲས་སུ་འདོད་པས་ན། བདག་མེད་ཕྱེད་དང་གཉིས་རྟོགས་ཞེས་བྱ་སྟེ། མངོན་རྟོགས་རྒྱན་ལས། བཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་དང་། ལྟ་རིམ་ལས། དེ་བཞིན་རང་རྒྱལ་ཐེག་པ་ཡང་། །ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ། །རྡུལ་ཀྱང་ཕྱོགས་ཆས་མ་གྲུབ་འཕགས། །ཤེས་པ་སྐད་ཅིག་རྗེས་སུ་མཐུན། །ཞེས་དང་། ལམ་རིམ་ལས་ཀྱང་། ལས་དང་ཉོན་མོངས་ཐམས་ཅད་ལ། །མཉམ་པའི་དོན་དུ་མི་ཤེས་ཤིང་། །རྟེན་འབྲེལ་རྒྱུ་འབྲས་ཡོངས་འཛིན་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞེས་སོ། །དེ་ལྟར་ན་སུམ་ཅུ་པ་ལས། བཟུང་བ་མེད་ན་འཛིན་པ་མེད། །ཅེས་པ་དང་འགལ་ཟེར་ན། སྐྱོན་མེད་དེ། ལུང་དེའི་དོན་ནི་མངོན་སུམ་གྱི་མཚན་ཉིད་ཅན་གྱིས་གཟུང་བ་རང་བཞིན་མེད་པར་རྟོགས་ན། འཛིན་པའང་རྟོགས་དགོས་པར་བཤད་པ་ཡིན་གྱི། འདིར་ནི། ཡིད་ལ་དོན་ཅི་སྣང་བའི་གཟུང་བའི་རང་བཞིན་མེད་པར་རྟོགས་པ་ཡིན་ལ། དེ་འདྲ་བ་རྟོགས་པ་ན་དུག་གསུམ་གྱི་རྩ་བར་གྱུར་པའི་མ་རིག་པ་བཟློག་པའི་ཕྱིར། གཟུང་བ་རང་བཞིན་མེད་པར་རྟོགས་པ་ཞེས་བསྙད་དོ། །གསུམ་པ་ཚུལ་ཁྲིམས་ནི། ཉན་ཐོས་དང་འདྲ་སྟེ། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། ཉན་ཐོས་རང་རྒྱལ་བསྲུང་མཚམས་ནི། །ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་ཡིན། །ཞེས་སོ། །བཞི་པ་བསྒོམ་པ་ནི། ས་སྡེ་ལས། ཉན་ཐོས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། དེ་དག་དང་ལམ་གྱི་རང་བཞིན་མཚུངས་པའི་ཕྱིར། ཞེས་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ལམ་བསྒོམ་པར་བཞེད་ཀྱང་། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོར་ཉན་ཐོས་ཀྱི་སྡེ་སྣོད་ལས་ལོགས་སུ་རང་རྒྱལ་གྱི་སྡེ་སྣོད་མདོར་བཤད་ཅེས་གོང་མ་རྣམས་གསུང་ཞིང་། མངོན་རྟོགས་རྒྱན་རྩ་འགྲེལ་སོགས་ལས་ཀྱང་ཉན་རང་ལ་ལམ་གྱི་ཁྱད་པར་ཡོད་པར་བཞེད་པ་ལྟར། བདེན་བཞི་མི་རྟགས་སོགས་བཅུ་དྲུག་གི་སྟེང་དུ། རྟེན་འབྲེལ་ལུགས་འབྱུང་བཀག་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་བསྒོམ་པར་བྱེད་པའོ། །ལྔ་པ་སྤྱོད་པ་ནི། གདུལ་བྱ་ལ་ངག་གིས་ཆོས་མི་གསུང་བར། །ལུས་ཀྱི་རྫུ་འཕྲུལ་གྱི་བརྡས་དོན་བྱེད་པ་སྟེ། མངོན་རྟོགས་རྒྱན་ལས། གང་གང་དོན་ནི་གང་གང་ལ། །ཇི་ལྟར་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དོན། །སྒྲ་མེད་ཀྱང་སྟེ་དེ་ལྟར་སྣང་། །ཞེས་དང་། གཡུ་ཐང་ལས། སྤྱོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །གཞན་དོན་ཤས་འགའ་སྤྱོད་པའོ། །ཞེས་སོ། །དྲུག་པ་འབྲས་བུ་ནི། དབང་རྣོན་བསེ་རུ་ལྟ་བུ་གཅིག་པུར་བཞུགས་པ་ནི་ལམ་ལྔ་སྟན་ཐོག་གཅིག་ཏུ་རྫོགས་ནས། ཡིད་བཞིན་བདེ་བ་མཆོག་གི་ས། ཟད་པ་དང་མི་སྐྱེ་བ་ཞེས་པའི་དགྲ་བཅོམ་པ་མངོན་དུ་མཛད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་ཅིག་ལ་ཀུན། །དེ་ཡི་མངོན་དུ་ཐར་ཆ་མཐུན། །ཞེས་སོ། །ནེ་ཙོ་ལྟ་བུ་ཁྱུས་བཞུགས་པ་ཚོགས་སྤྱོད་ཆེ་ཆུང་གཉིས་ནི། རིམ་པར་ལམ་བཞི་དང་གསུམ་སྔོན་དུ་མཛད་དོ། །དེ་དག་ཀྱང་རྒྱས་པ་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མི་གཡོར་ཚུལ་ཤེས་ཤིང་། དངོས་པོའི་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་ས་བགྲོད་ཡིད་བཞིན་བདེ་བ་མཆོག །ཅེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ། ཐེག་དམན་ལས་འཕགས་ཚུལ་དང་། ཁྱད་པར་འཕགས་པའི་ཐེག་པ་ཉིད་བཤད་པའོ། །དང་པོ་ནི། ཤེས་རབ་ཆེན་བས་བདག་མེད་གཉིས་རྣལ་མར་རྟོགས་ནུས་པ་དང་། སྙིང་རྗེ་ཆེ་བས་གཞན་དོན་འབའ་ཞིག་སྤྱོད་ནུས་པས་འཕགས་ཏེ། ཐེག་ཆུང་པ་ལ་དེ་དག་མེད་པའི་ཕྱིར་རོ། །དེ་ལྟར་ཡང་། ཡེ་ཤེས་རྣམ་པར་བཀོད་པའི་རྒྱུད་ལས། ཐུགས་རྗེས་སེམས་ཅན་ལ་དམིགས་ཤིང་། །ཤེས་རབ་ཆོས་ཀྱི་དབྱིངས་སུ་ཁྱབ། །ཐེག་པ་ཆེན་པོ་ཞེས་བཤད་དེ། །གཞན་དག་དེ་ལས་བཟློག་པའོ། །ཞེས་དང་སློབ་དཔོན་ཨ་རོས། ཐེག་པའི་ཁྱད་པར་ཤེས་རབ་སྙིང་རྗེ་ཁོ་ན་སྟེ། འདི་དག་ཆེ་ཆུང་དབང་གིས་ཐེག་པའི་ཁྱད་པར་བསྟན། །ཞེས་དང་། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་སོ། །གཉིས་པ་ནི། འདི་ཉིད་ལས། བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཞེས་པའི་དོན་ལ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། ཆོས་ཐམས་ཅད་བདག་མེད་པར་རྟོགས་ཤིང་། སྙིང་རྗེ་ཆེན་པོས་གཞན་དོན་རླབས་པོ་ཆེ་སྤྱོད་པའི་ཐབས་དམ་པར་གྱུར་པའོ། །གཉིས་པ་ནི། བོ་དྷི་སཏྭའི་སྒྲས། སེམས་སྟོབས་ཆེན་པོས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་གཅིག་ཏུ་མི་ཞུམ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གསུམ་པ་ལ་དྲུག་ལས། དང་པོ་འཇུག་སྒོ་ནི། བདེན་པ་གཉིས་ཀྱི་སྒོ་ནས་ཏེ། རང་ཤར་ལས། བྱང་ཆུབ་སེམས་པའི་ཐེག་པ་ནི། །འཇུག་པའི་སྒོ་ནི་བདེན་པ་གཉིས། །ཞེས་སོ། །དེ་ཡང་དབུ་མ་པའི་གཞུང་ལྟར་ན། མ་བརྟགས་མ་དཔྱད་པའི་སྣང་བ་འདི་རྣམས་སྣང་ཡང་ངོ་བོ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་བློས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ནས་དགེ་མི་དགེའི་འཇུག་ལྡོག་གི་ཚུལ་གྱིས་ཀུན་རྫོབ་ཀྱི་བདེན་པར་འཇུག་ལ། དོན་དམ་པར་གཤིས་ཀྱི་གནས་ལུགས་སྤྲོས་བྲལ་དུ་ཤེས་པར་བྱས་ཏེ་ཟུང་འཇུག་གི་སྒོ་ནས་འཇུག་གོ། །དེ་ལ་བདེན་པ་གཉིས་ནི། ཧེ་ཏུ་ཀ་གལ་པོ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་སུ་ཡང་དག་འདུས། །ཞེས་སོ། དེ་ཡང་དབྱེ་གཞི་ཤེས་བྱ་ཙམ་ལས། སྣང་ལུགས་ཀུན་རྫོབ་དང་། གནས་ལུགས་དོན་དམ་པའི་བདེན་པ་གཉིས་སུ་དབྱེ་སྟེ། དེ་ལས། ཤེས་བྱ་ཙམ་གྱི་སྣང་བ་ལ། བདེན་པ་གཉིས་ཀྱི་ཞིང་ཡང་གྲུབ། །ཅེས་གསུངས་པའི་ཕྱིར། དེ་ལས་ཀུན་རྫོབ་ནི། བློའི་ཡུལ་དུ་གྱུར་པའི་ཆོས་ཅན་མཚན་མ་ཅན་ཏེ། དེ་ལས། བསླུ་ཞིང་བློ་ཡི་ཡུལ་གྱུར་པ། །ཀུན་རྫོབ་སྤྱི་ཡི་མཚན་ཉིད་དོ། །ཞེས་སོ། དབྱེ་ན། སྣང་ལ་དོན་བྱེད་ནུས་པ་མི་ལ་མིར་སྣང་བ་ལྟ་བུ་ཡང་དག་ཀུན་རྫོབ། སྣང་ལ་དོན་བྱེད་མི་ནུས་པ་ཐོ་ཡོར་ལ་མིར་སྣང་བ་ལྟ་བུ་ལོག་པའི་ཀུན་རྫོབ་སྟེ། དེ་ལས། ཀུན་རྫོབ་དབྱེ་བ་ཡང་དག་དང་། །ལོག་པའི་ཀུན་རྫོབ་ཅེས་བྱའོ། །སོ་སོའི་མཚན་ཉིད་རབ་བཤད་བྱ། །སྣང་ལ་དོན་བྱེད་མི་ནུས་ལོག །ཡང་དག་སྣང་ལ་དོན་བྱེད་ནུས། །ཞེས་དང་བདེན་གཉིས་ལས། སྣང་དང་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །དོན་དམ་བདེན་པ་ནི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ། གལ་པོ་ལས། དོན་དམ་པ་ཡི་མཚན་ཉིད་ནི། །སྤྲོས་པ་ཐམས་ཅད་བྲལ་བ་ཡིན། །ཞེས་དང་། ཛེ་ཏཱ་རིའི་བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་དུ་ཡང་མེད། །མཐའ་བཞི་དག་ལས་ངེས་གྲོལ་བ། །ཞེས་སོ། །དབྱེ་ན། སྤྲོས་པ་ཕྱོགས་རེ་དང་བྲལ་བ་རྣམ་གྲངས་པའི་དོན་དམ་དང་། སྤྲོས་པ་མཐའ་དག་དང་བྲལ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་སྟེ། གལ་པོ་ལས། དབྱེ་བ་རྣམ་གྲངས་དོན་དམ་དང་། །རྣམ་གྲངས་མ་ཡིན་མཐའ་བརྒྱད་བྲལ། །ཞེས་སོ། །དེ་ལྟར་བདེན་པ་གཉིས་པོ་དེ་གཅིག་གམ་ཐ་དད་ཅེ་ན། ཐ་སྙད་དུ་ཆུ་དང་ཆུ་ཟླ་ལྟར་རང་བཞིན་གཅིག་ལ་ལྡོག་པ་ཐ་དད་པ་སྟེ། བྱང་ཆུབ་སེམས་འགྲེལ་ལས། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གནས། །ཞེས་སོ། །དོན་དམ་པར་གཅིག་ཐ་དད་གང་དུའང་བརྗོད་དུ་མེད་དེ། བྱམས་པས་ཞུས་པ་ལས། འདུ་བྱེད་ཀྱི་མཚན་མ་ལས་བརྗོད་དུ་མེད་པའི་དབྱིངས་དེ་ཉིད་ཀྱང་མ་ཡིན་ལ། གཞན་ཡང་མ་ཡིན་ནོ། །ཞེས་སོ། །དེའང་དབུ་མ་པ་ལ། དོན་དམ་འཇོག་ཚུལ་ལ་ཐ་དད་མེད་ཀྱང་། །ཀུན་རྫོབ་ཏུ་སྣང་བ་སྒྱུ་མ་ཙམ་དུ་གྲུབ་པར་ཁས་ལེན་པ་རང་རྒྱུད་པ་དང་། སྣང་དུས་ཉིད་ནས་སྤྲོས་པ་དང་བྲལ་བར་འདོད་པ་ཁས་ལེན་པའི་ཀུན་རྫོབ་ཙམ་ཡང་འགོག་པ་ཐལ་འགྱུར་བའོ། །སེམས་ཙམ་པ་ནི། གཟུང་འཛིན་གཉིས་སྣང་གི་ཡུལ་དང་ཡུལ་ཅན་ཀུན་རྫོབ་དང་། གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ནི་དོན་དམ་བདེན་པར་འདོད་དོ། །དབྱེ་ན། ཕྱིར་དོན་ཤེས་པའི་རྣམ་པ་ཙམ་དུ་བདེན་པར་འདོད་པའི་རྣམ་བདེན་པ་དང་། སྣང་བ་ཤེས་པས་སྒྲོ་བཏགས་པར་འདོད་པའི་རྣམ་རྫུན་པ་གཉིས་སོ། །གཉིས་པ་ལྟ་བ་ནི། བདག་མེད་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེའང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ། དོན་དམ་པར་སྤྲོས་པ་ཐམས་ཅད་ཞི་བའི་ཚུལ་དུ་རྟོགས་པས་བདེན་གཉིས་ཀྱི་གནས་ལུགས་རྟོགས་པ་སྟེ། ལྟ་ཕྲེང་ལས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་ནི་རང་བཞིན་མེད་པར་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ཙམ་དུ་སོ་སོའི་མཚན་ཉིད་མ་འདྲེས་པར་ཡོད་དོ། །ཞེས་དང་། ལམ་རིམ་ལས། མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིན། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ལ། དགེ་བ་ཆོས་སྡུད་ཀྱི། སེམས་ཅན་དོན་བྱེད་ཀྱི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་གསུམ། དང་པོ་ནི། ཚོགས་གཉིས་དང་ཕྱིན་དྲུག་གིས་བསྡུས་པའི་ལེགས་སྤྱོད་དགེ་བའི་ཚོགས་སྒྲུབ་པའོ། །གཉིས་པ་ནི། བསམ་སྦྱོར་ཐམས་ཅད་སེམས་ཅན་གྱི་དོན་དུ་སྤྱོད་པའོ། །གསུམ་པ་ནི། དབུ་མ་པའི་ལུགས་ལ་སེམས་བསྐྱེད་ལེན་པའི་རྟེན་དུ་སོ་ཐར་གྱི་སྡོམ་ལྡན་དགོས་པར་མ་ངེས་ཀྱང་། བྱང་སར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ་ཐར་རིགས་བདུན་ལ་བཤད་པ་ལྟར་དེ་དག་གི་བསླབ་བྱར་གནས་པ་གཞིར་བཞག་གི་སྟེང་དུ། བྱང་ཆུབ་ལ་དམིགས་པའི་སྨོན་སེམས་དང་། དེའི་ཆེད་དུ་ཚོགས་དང་བྱ་བ་ལ་སྦྱོར་བའི་འཇུག་སེམས་ཏེ། དབུ་སེམས་གང་རུང་གི་ཆོ་གས་བླངས་ལ། དེའི་བསླབ་བྱ་ལ་བསླབ་པའོ། །དེ་ལ་སེམས་ཙམ་པ་ནི་རྩ་ལྟུང་བཞིར་འདོད་དེ། སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོ་བས་གཞན་ལ་འཚོགས་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་སོ། །དབུ་མ་པ་ལྟར་ན། བཅུ་དགུའམ་ཉི་ཤུར་འདོད་དེ། རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་བ་ལ་ངེས་པ་བརྒྱད། ཐུན་མོང་བ་སྨོན་སེམས་བཏང་བ་དང་བཅུ་དགུར་ནམ་མཁའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ཏེ་བསླབ་བཏུས་སུ་བཤད། དེའི་སྟེང་དུ་འཇུག་སེམས་སྤངས་ཏེ་དགེ་བ་ལ་མི་སྦྱོར་བ་དང་ཉི་ཤུར་དཀོན་མཆོག་བརྩེགས་པ་ལས་གསུངས་སོ། །དེ་དག་ཀྱང་སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་པས། དྲན་པ་དང་། ཤེས་བཞིན་མ་ཉམས་པས་ནག་པོའི་ཆོས་བཞི་སྤང་ཞིང་དཀར་ཆོས་བཞི་དང་དུ་བླང་བ་ལ་སོགས་པའི་སྒོ་ནས་ཆུད་མ་ཟོས་པར་བསྲུང་བ་ལ་འབད་པར་བྱའོ། །བཞི་པ་བསྒོམ་པ་ནི། སྤྱིར་སློབ་པའི་ལམ་བཞིར་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་སྟེ། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་བཞི། འབྲིང་དུ་ཡང་དག་སྤོང་བཞི། ཆེན་པོར་རྫུ་འཕྲུལ་རྐང་བཞི། སྦྱོར་ལམ་དྲོད་རྩེར་དབང་པོ་ལྔ། བཟོད་པ་ཆོས་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན། བསྒོམ་ལམ་ས་དགུར་འཕགས་ལམ་བརྒྱད་བསྒོམ་པའོ། །བྱེ་བྲག་ཏུ། ཐོག་མ་ནས་ཇི་ལྟར་ཉམས་སུ་བླང་བའི་ཚུལ་འཁོར་ལོ་ཐ་མ་ངེས་པ་དོན་གྱི་མདོ་སྡེའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཁོང་དུ་ཆུད་པར་བྱས་ལ། རིགས་ཅན་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྣང་ཡུལ་མ་འགགས་ལ་འཛིན་རྟོག་ཞི་བའི་ཏིང་ངེ་འཛིན་སྐྱེ་བའི་ཞི་གནས་དང་། ལྷག་མཐོང་ནི། སྣང་བ་སྒྱུ་མའི་དཔེ་བརྒྱད་དུ་བལྟ་བ་དང་། གཟུང་འཛིན་ཕྲ་རགས་ཐམས་ཅད་སྟོང་པར་ཐག་བཅད་པ་ཆོས་ཉིད་སྟོང་པ་ལ་བརྟག་པ་དང་། མཐའ་བྲལ་དབུ་མའི་དོན་ལ་མཉམ་པར་འཇོག་པ་རྣམས་ཏེ། ཞི་ལྷག་ཟུང་འབྲེལ་གྱི་སྒོ་ནས་བསྒོམ་པའོ། །དེ་ལྟར་ཡང་། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཞེས་སོ། །ལྔ་པ་སྤྱོད་པ་ནི། རྗེས་ཐོབ་ཀྱི་དུས་སུ་བདག་བས་གཞན་གཅེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའོ། །དེའང་སྤྱོད་པའི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་སྒྱུ་མ་ཙམ་དུ་སྤྱོད་དེ། དྲུག་ནི་སྦྱིན་སོགས་དང་། བཅུ་ནི་ཐབས། སྟོབས། སྨོན་ལམ། ཡེ་ཤེས་བཞི་བསྣན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུའོ། །དྲུག་པ་འབྲས་བུ་ནི། ས་བཅུ་དང་ལམ་ལྔ་རིམ་གྱིས་བགྲོད་ནས། མི་སློབ་པའི་ལམ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ། རང་དོན་དུ་ཆོས་ཀྱི་སྐུར་གྲོལ་ཏེ་གཞན་དོན་དུ་གཟུགས་སྐུ་གཉིས་ལ་བརྟེན་ནས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ཡིན་ནོ། །དེ་དག་ཀྱང་རྒྱས་པ་ལས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་པས། །སངས་རྒྱས་ས་བགྲོད་གོ་འཕང་འཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་འཐོབ་པར་འགྱུར། །ཞེས་སོ། །གཉིས་པ་འབྲས་བུ་སྔགས་ཀྱི་ཐེག་པ་ལ། རྒྱུའི་ཐེག་པ་ལས་ཁྱད་པར་འཕགས་ཚུལ། ཁྱད་པར་ཅན་གྱི་ཐེག་པ་ཉིད་བཤད་པ། དེ་རྣམས་བརྗོད་བྱར་སྟོན་པའི་རྗོད་བྱེད་རྒྱུད་ཀྱི་ཁྱད་པར་བཤད་པའོ། །དང་པོ་ནི། ཕར་ཕྱིན་ཐེག་པ་རྒྱུ་ལམ་བྱེད་ལས། འདིར་འབྲས་བུ་ལམ་བྱེད་ཀྱིས་འཕགས་སོ། །དེ་ལ་མཚན་ཉིད་ཀྱི་ཐེག་པ་བ་རྣམས་ན་རེ། ཁྱེད་གསང་སྔགས་པ་འབྲས་བུ་ལམ་དུ་བྱེད་པ་དེ། སྨིན་པ་ཞིག་ལམ་དུ་བྱེད་དམ། མ་སྨིན་པ་ཞིག་ལམ་དུ་བྱེད། དང་པོ་ལྟར་ན་ཐུག་མེད་དུ་འགྱུར་ཏེ། སྨིན་ནས་ཀྱང་ལམ་དུ་བྱེད་པའི་ཕྱིར། རྟགས་ཁས། ཁྱབ་པ་ཚད་མས་གྲུབ་སྟེ། ན་ནིང་གི་འབྲས་བུ་ད་གཟོད་ཀྱི་ས་བོན་དུ་འགྱུར་བ་བཞིན། འདོད་ན་གསང་སྔགས་ཉིད་རིང་ལམ་དུ་ཐལ་ལོ། །གཉིས་པ་ལྟར་ན། འབྲས་བུ་ལམ་དུ་བྱེད་པ་མ་ཡིན་པར་འགྱུར་ཏེ། མ་སྨིན་པའི་ཕྱིར། འདོད་ན་རང་ཚིག་ཉམས། གང་མ་སྨིན་པ་ལ་མཐར་ཐུག་གི་འབྲས་བུ་མིན་པས་ཁྱབ་སྟེ། མྱུ་གུ་སྔོན་པོ་བཞིན་ཞེ་ན། ལན་ནི། ཡིན་ཚུལ་ནས་ཐོབ་བྱ་དོན་གྱི་ངོ་བོ་རང་ལ་གནས་ཀྱང་། རྟོགས་ཚུལ་ནས་མ་རྟོགས་པས། དེ་རྟོགས་པའི་ཐབས་ཙམ་ལ་ལམ་དུ་བྱེད་ཅེས་འདོགས་ཏེ། ལམ་རིམ་ལས། དེ་ལྟར་ཡེ་ཤེས་རང་གནས་པ། །ལམ་དང་འབྲས་བུ་ཀུན་ངོ་བོ། །འབྲེལ་བ་དག་ཕྱིར་ཐབས་ཆེན་པོས། །མངོན་བྱེད་རང་ལས་བྱུང་བར་ཟད། །ཅེས་སོ། །དེ་ལྟར་ན་རང་གནས་ཀྱི་འབྲས་བུ་ལམ་གྱིས་མངོན་དུ་བྱས་པའི་ཚེ་སྔར་གྱི་འབྲས་བུ་ལ་སྐྱེད་བྱུང་ངམ་མ་བྱུང་ཟེར་ན། ངོ་བོ་ལ་ལྟོས་ནས་སྐྱེད་དུ་བྱར་མེད་དེ། རྒྱལ་བུ་དམངས་འཁྱམས་ཉིད་རྒྱལ་བུར་ངོ་ཤེས་པའི་ཚེ་རིགས་ཀྱི་ངོ་བོ་བཟང་དུ་འགྲོར་མེད་པ་བཞིན། འོན་ཀྱང་མངོན་གསལ་ལ་ལྟོས་ནས་སྐྱེད་དུ་བྱས་ཏེ། རྒྱལ་བུར་ངེས་པས་དམངས་ལ་དབང་བསྒྱུར་ནུས་པ་བཞིན། དེའི་ཕྱིར། འདི་ལྟར་ཤེས་པར་བྱ་སྟེ། ཧེ་རུ་ཀ་གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །རྒྱུད་དང་འབྲས་བུ་གང་ཡིན་པའི། །ཕྱོགས་ཀྱང་རབ་ཏུ་ཤེས་པར་བྱ། །ཞེས་པས། མཚན་ཉིད་ཐེག་པར། སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཙམ་དུ་ཤེས་པ་དེ། རྐྱེན་ཚོགས་གཉིས་ཀྱིས་གོང་དུ་འཕེལ་བས་སངས་རྒྱས་ཐོབ་པར་འདོད་པའི་ཕྱིར་དང་། མྱང་འདས་ཀྱི་རྒྱུ་རྣམ་བྱང་གི་ཆོས་ལམ་དུ་བྱེད་པའི་ཕྱིར། རྒྱུའི་ཐེག་པ་ཞེས་བྱ་སྟེ། རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པའི་ཕྱིར་རོ། །སྔགས་ཀྱི་ཐེག་པས་སེམས་ཉིད་འབྲས་བུའི་ངོ་བོ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་ཡེ་ནས་ཡར་ལ་གནས་པས་ཐོབ་བྱ་ད་ལྟ་ཉིད་ནས་རང་ལ་ཡོད་པ་ནི་གཞི། དེ་ཉིད་ཤེས་འཇུག་གི་བྱེད་པས་གནས་སྐབས་གློ་བུར་གྱི་དྲི་མ་བསལ་ཏེ་ངོ་ཤེས་པར་བྱེད་པའི་ཆ་ནས་ལམ། གཞི་དེ་ཉིད་མངོན་དུ་གྱུར་པའི་ཆ་ནས་འབྲས་བུར་བཞག་པས། དོན་ལ་རྒྱུ་འབྲས་སྔ་ཕྱི་དབྱེར་མི་ཕྱེད་པའི་ཕྱིར། འབྲས་བུའི་ཐེག་པ་དང་རྡོ་རྗེའི་ཐེག་པ་ཞེས་བྱ་སྟེ། འདི་ཉིད་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་བརྙེས་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཞིག །ཅེས་དང་། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་དང་། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་དང་། རྒྱས་པ་ལས། རྒྱུ་འབྲས་ཡེ་ནས་སྔ་ཕྱི་མ་ཡིན་པས། །འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མཉམ་པར་སྦྱོར། །ཞེས་སོ། །དེ་བཞིན་དུ། ཕྱི་རྒྱུད་ཀྱི་དབང་དུ་བྱས་ཏེ། ལམ་རིམ་ལས། བྱ་བའི་ལུགས་ཀྱིས་ཤེས་རབ་དང་། །ཆོ་ག་ཡན་ལག་གྲངས་རྫོགས་པས། །འབྲས་བུ་ལམ་བྱས་བདེ་གཤེགས་པས། །ཞེས་དང་། ནང་བའི་དབང་དུ་བྱས་ཏེ། དེ་ལས་གཞན་པའི་ཐོབ་བྱ་མེད། །ཀུན་ཀྱང་སྨིན་ཟིན་བགྲོད་པ་མེད། །དེ་ཉིད་ལམ་གྱི་ངོ་བོ་སྟེ། །ཞེས་གསུངས་པ་བཞིན་ནོ། །ཡང་གོང་མ་རྣམས། ཀུན་རྫོབ་ལམ་དུ་བྱེད་ནུས་པ་དང་མི་ནུས་པའི་ཁྱད་པར་ཡོད་པར་བཞེད་དེ། ཕ་རོལ་ཏུ་ཕྱིན་པས་དོན་དམ་བསྒྲུབ་བྱ་དང་། ཀུན་རྫོབ་སྤང་བྱར་བྱེད་ལ། སྔགས་ལས་ནི་ཀུན་རྫོབ་ཏུའང་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་སྤྱོད་པས་ན། མི་སྤོང་བར་ལམ་དུ་བྱེད་པའི་ཕྱིར། བདེན་གཉིས་ཕྱོགས་སུ་མ་ལྷུང་བས་འཕགས་ཏེ། ལམ་རིམ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །ཚུལ་དེས་ཀྱང་འབྲས་བུ་ལམ་བྱེད་དུ་འགྱུར་ཏེ། ཆོས་ཐམས་ཅད་དབྱེར་མེད་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་བལྟ་ཞིང་ཐབས་ཀྱིས་གོམས་པར་བྱེད་པའི་ཕྱིར། དེ་ལྟར་ཡང་རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་སོ། །དེའང་སྔགས་ཕྱི་པས་ལྷའི་སྐུ་གསུང་ཐུགས་སུ་བལྟས་ཏེ་བསྒོམ་པ་དང་། ནང་པ་ལྟར་ན་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་རྟོགས་ནས་གོམས་པར་བྱེད་པའི་ཕྱིར་ན་འབྲས་བུ་ལམ་བྱེད་དང་རྡོ་རྗེ་ཐེག་པའི་ངེས་ཚིག་གྲུབ་སྟེ། བང་མཛོད་འཕྲུལ་གྱི་ལྡེ་མིག་ལས། འབྲས་བུ་རྡོ་རྗེའི་ཐེག་པ་ནི། །ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས། །འབྲས་བུ་དེ་ཉིད་ལམ་དུ་ཁྱེར། །རང་གི་ལུས་ངག་ཡིད་གསུམ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྦྱོར། །དེ་རིགས་རྡོ་རྗེ་ཐེག་པར་བཏགས། །ཞེས་སོ། །ཁྱད་པར་གཞན་ཡང་ཡོད་དེ། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་ཏེ། རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གཉིས་ཀ་སེམས་ཅན་གྱི་དོན་ལ་དམིགས་ནས་བྱང་ཆུབ་འདོད་པར་གཅིག་ནའང་། སྔགས་ཁྱད་པར་བཞིས་འཕགས་ཏེ། ལྷ་བསྒོམ་སྔགས་བཟླ་བ་སོགས་ཐབས་ཀྱི་ཆ་ལ་མ་རྨོངས་པ་དང་། དེའང་ཐབས་ཀྱི་ཆའི་སྒོ་གཅིག་མ་ཡིན་པར་དབང་པོའི་རིམ་པ་དང་མཐུན་པར་བྱ་སྤྱོད་ལ་སོགས་པའི་རྒྱུད་སྡེའི་སྒོ་མཐའ་ཡས་པའི་ཕྱིར་མང་བ་དང་། དེ་དག་ཀྱང་རྒྱུའི་ལམ་ལྟར་བསྐལ་པ་གྲངས་མེད་གསུམ་སོགས་སུ་དཀའ་བས་བགྲོད་མི་དགོས་པར་ཚེགས་ཆུང་ངུས་འགྲུབ་པའི་ཕྱིར་དཀའ་མེད་པ་དང་། དེ་ཉིད་སྔགས་ཀྱི་ཐེག་པའི་དངོས་ཀྱི་གདུལ་བྱ་དབང་རྣོན་ལ་དགོངས་ནས་གསུངས་པའི་ཕྱིར་ཚུལ་བཞི་པོ་དེས་འཕགས་པ་ཡིན་ནོ། །གཞན་ཡང་། དཔྱལ་ལོ་མཁས་པ་ཀུན་དགའ་རྡོ་རྗེ་ནི། ཤེས་བྱ་གཞི། ཤེས་བྱེད་ལམ། ཐོབ་བྱ་འབྲས་བུའི་ཁྱད་པར་ཕྱེ་སྟེ་འཕགས་ཚུལ་གསུང་ངོ་། །ཡང་། གནུབས་ཆེན་གྱིས་རྣལ་འབྱོར་མིག་གི་བསམ་གཏན་གྱི་རང་འགྲེལ་དུ། ཕ་རོལ་ཏུ་ཕྱིན་པ་ལས་སྔགས་ནང་པ་ཁྱད་པར་བཅུ་གཉིས་ཀྱིས་འཕགས་པར་གསུངས་པ་དང་། རྗེ་ཟུར་ཆུང་བ་དང་རོག་བདེར་གཤེགས་ཆེན་པོས། ལྟ་བ་གཏན་ལ་འབེབས་ཚུལ། ཕབ་པའི་གྲུ་མཐའ། ཉམས་སུ་ལེན་ཚུལ། འབྲས་བུ་ཐོབ་དུས། འབྲས་བུ་རང་གི་ངོ་བོ་རྣམས་ལ་ཁྱད་པར་ཡོད་ཚུལ་རྒྱས་པར་གསུངས་ཀྱང་འདིར་ཡི་གེས་འཇིགས་པས་མ་སྤྲོས་སོ། ། གཉིས་པ་ནི། འདི་ཉིད་ལས། བླ་ན་མེད་པའི་ཐེག་པ་དང་། །ཞེས་པ་ནི། རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་ཏེ། དེ་ལ་དབྱེ་ན། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་ལ་སྔ་རབས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་མང་ནའང་། འདིར་ཐུགས་སྲས་ཀ་བ་བཞིའི་དགོངས་པ་རྗེ་སྒྲོ་ཕུག་པས་བསྡུས་ནས་ལྔར་གསུངས་ཏེ། དང་པོ་ལྟ་བའི་ཁྱད་པར་ནི། སྔགས་ཀྱི་ཐེག་པ་གང་ཞིག་སེམས་ཉིད་བདག་ཉིད་ཆེན་པོར་རྟོགས་པ་ནང་པ། མ་རྟོགས་པ་ཕྱི་བ་སྟེ། ཨིནྡྲ་བྷཱུ་ཏིའི་ལམ་རྣམ་བཀོད་ལས། རིགས་གསུམ་རིགས་ལྔར་འདོད་པ་དག །བདག་ཉིད་ཆེན་པོར་མ་རྟོགས་ཕྱིར། །ཐུན་མོང་མཉམ་པར་ང་སྨྲའོ། །ཞེས་སོ། །གཉིས་པ་དངོས་གྲུབ་ལེན་ཚུལ་གྱི་ཁྱད་པར་ནི། ཡེ་ཤེས་ཀྱི་ལྷ་ལ་རེ་ཞིང་བཀའ་ལ་སྡོད་པས་དངོས་གྲུབ་ཞུ་བ་ནི་ཕྱི་པ། བདག་ཉིད་ཆེན་པོར་རྟོགས་པས་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་དངོས་གྲུབ་རང་ལ་ཡོད་པར་མཐོང་བ་ནི་ནང་པ་སྟེ། རྡོ་རྗེ་སེམས་པའི་ཞུས་ལན་ལས། སྔགས་ཕྱི་ནང་གི་རྣལ་འབྱོར་པ་གཉིས་དངོས་གྲུབ་ལེན་པ་ལ་ཁྱད་པར་ཅི་མཆིས། ཞེས་ཞུས་པའི་ལན་དུ། དཔེར་ན་རྒྱལ་པོས་བློན་པོར་བསྒོས་པ་ལྟར། །གྲུབ་པ་གོང་ནས་འབྱིན་པ་ཕྱི་པའི་ཚུལ། །འབངས་ཀྱིས་རྒྱལ་སྲིད་ཕུལ་ནས་དབང་བསྒྱུར་ལྟར། །རང་བྱུང་རྫོགས་ཆེན་བླ་ན་མེད་པའི་ཚུལ། །ཞེས་དང་། འདི་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །ཞེས་སོགས་གསུངས་པ་ལྟར་རོ། །གསུམ་པ་དབང་གི་ཁྱད་པར་ནི། མཆོག་དབང་གོང་མ་གསུམ་བསྐུར་ཐོབ་མི་ནུས་ན་ཕྱི་པ། དེ་གསུམ་ལ་གཙོ་བོར་འཛིན་པ་ནི་ནང་པའོ། །བཞི་པ་སྤྱོད་པའི་ཁྱད་པར་ནི། འཁོར་བའི་ཆོས་ཉི་ཤུལ་ཐབས་ཀྱིས་ཟིན་ནས་སྤྱོད་ནུས་པ་ནང་པ་དང་། མི་ནུས་པ་ཕྱི་པའོ། །ལྔ་པ་འབྲས་བུའི་ཁྱད་པར་ནི། མི་ཚེ་བདུན་དང་ལྔ་དང་གསུམ་སོགས་ནས་སྦྱོར་ནུས་པ་ཕྱི་པ། ཚེ་འདི་ལ་སྦྱོར་ནུས་པ་ནང་པའོ། །ཞེས་གསུངས། ལྷ་རྗེ་ཁ་རག་པ་དང་རོག་ནི། རྒྱུད་གཞུང་གི་སྐབས་སུ། རྒྱུད་ཀྱི་དངོས་པོ་བཅུ་ཕྱི་ནང་གིས་བསྒྱུར་བའི་ཁྱད་པར་དང་། བྱེ་བྲག་དབང་གི་སྐབས་སུ་ཟབ་དབང་གསུམ་སྟོན་ནུས་མི་ནུས་དང་། ལྟ་བའི་སྐབས་སུ་རང་བྱུང་གི་ཡེ་ཤེས་སྨྲ་ནུས་མི་ནུས་དང་། བསྒོམ་པའི་སྐབས་སུ་ལྷ་ཞལ་སྦྱོར་དུ་བསྒོམ་ནུས་མི་ནུས་དང་། སྤྱོད་པའི་སྐབས་སུ་དམ་རྫས་ལྔ་ལ་སྤྱོད་ནུས་མི་ནུས་དང་། ལྷ་དང་བདག་ཐ་མི་དད་དུ་བལྟས་ནས་འཇུག་ནུས་མི་ནུས་དང་། དངོས་གྲུབ་ཀྱི་སྐབས་སུ་དུས་ཉེ་རིང་དང་ཕྱི་ནང་ནས་རེ་བའི་ཁྱད་པར་ཡོད་ཅེས་གསུངས། ལྷ་རྗེ་དཔྱལ་པ་ན་རེ། ཁྱད་པར་དེ་རྣམས་ཀྱང་ཕྱོགས་རེ་བ་ཙམ་ཡིན་པས། འདིར་ཤེས་བྱ་གཞིའི་ཁྱད་པར། ཤེས་བྱེད་ལམ་གྱི་ཁྱད་པར། ཐོབ་བྱ་འབྲས་བུའི་ཁྱད་པར་གསུམ་དུ་ཕྱེ་ན་འཐད་གསུངས། རྗེ་སྒྲོལ་གཡུང་གཉིས་ཀྱི་ཞལ་ནས། ལྟ་སྤྱོད་དང་ཏིང་ངེ་འཛིན་གསུམ་དབྱེར་མེད་དུ་འདོད་པ་སྔགས་ནང་པ། མི་འདོད་པ་ཕྱི་པའོ། །འོ་ན་རྒྱུའི་ཐེག་པ་དང་སྔགས་ཕྱི་པ་ལ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཀུན་རྫོབ་ལམ་དུ་བྱེད་ནུས་མི་ནུས་ཀྱི་ཁྱད་པར་ཡོད་པའི་ཕྱིར་གསུངས། དེ་ལས། དང་བོ་ཕྱིར་ཐུབ་པ་བརྒྱུད་ཀྱི་ཐེག་པ་ལ་དབྱེ་ན། རང་ཤར་ལས། ཕྱི་པ་རྒྱུད་ལ་རྣམ་གསུམ་སྟེ། །ཀྲི་ཡ་ཨུ་པ་ཡོ་གའོ། །ཞེས་པས། བྱ་བའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་རྒྱུད་ཀྱི་ཐེག་པའོ། །དང་པོ་ལ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། དོན་དམ་པར་མཐའ་བཞི་དང་བྲལ་བའི་དག་པར་རྟོགས་པས་ཀུན་རྫོབ་ཏུ་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བའི་ཐབས་སུ་གྱུར་པ་སྟེ། ལམ་རིམ་ལས། གཉིས་མེད་མཉམ་པར་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །རེས་བསྒོམ་བྱ་བ་ལས་ཀྱི་ས། །ཞེས་སོ། །གཉིས་པ་ནི། ཀྲི་ཡའི་སྒྲ་བྱ་བ་སྟེ། ཕྱིའི་བྱ་བ་གཙོ་བོར་སྟོན་པའི་ཕྱིར། དེ་ལྟར་ཡང་བསམ་གཏན་ཕྱི་མའི་འགྲེལ་པ་ལས། རྒྱུད་འདི་ནི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་ཅེས་བྱའོ། །ཞེས་སོ། །གསུམ་པ་དབྱེ་ན་དྲུག་གི། དང་པོ་འཇུག་སྒོ་ལ། ཐོག་མའི་འཇུག་སྒོ་སྨིན་བྱེད་དང་། བྱ་བའི་འཇུག་སྒོ་གཉིས། དང་པོ་ནི། ཆུ་དང་ཅོད་པན་གྱི་དབང་འཁོར་བཅས་བསྐུར་བས་སློབ་མ་སྣོད་རུང་དུ་བྱེད་པ་སྟེ། ཡེ་ཤེས་ཐིག་ལེ་ལས། ཆུའི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་སོ། ། གཉིས་པ་ནི། ཁྲུས་དང་གཙང་སྦྲ་དང་དག་པ་གསུམ་གྱི་སྒོ་ནས་འཇུག་སྟེ། རང་ཤར་ལས། འཇུག་པའི་སྒོ་ནི་དག་པ་གསུམ། །ཁྲུས་དང་གཙང་སྦྲས་འཇུག་པའོ། །ཞེས་སོ། །དེ་ཡང་དག་པ་གསུམ་ནི། དེ་ལས། དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ལོངས་སྤྱོད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །ཞེས་སོ། །གཉིས་པ་ལྟ་བ་ནི། ལྟ་རིམ་ལས། ཀྲི་ཡ་དོན་དམ་ཆོས་ཉིད་བལྟ། །ཀུན་རྫོབ་རང་རིག་ཡོན་ཏན་ལྷ། །རིགས་གསུམ་དཀྱིལ་འཁོར་སྣང་བ་ལ། །སྐྱེ་བོ་འཁྲུལ་བ་མེད་པར་འདོད། །ཅེས་པས་བདེན་པ་གཉིས་ཏེ། དོན་དམ་བདེན་པ་ནི། སེམས་ཉིད་དག་པ་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བར་འདོད་དེ། ལ་ཤན་ལས། རང་སེམས་མཐའ་བཞི་ཡོངས་བྲལ་བ། །རིག་ཕྱིར་ཡེ་ཤེས་གཞན་ལས་མིན། །ཞེས་སོ། །ཀུན་རྫོབ་ལ། ཡང་ལོག་གཉིས་ལས། ལོག་པའི་ཀུན་རྫོབ་ནི། དབུ་མ་པ་མན་ཆད་ཀྱིས་ཡང་དག་དང་ལོག་པར་བརྟགས་པའི་ཀུན་རྫོབ་ཐམས་ཅད་ཡིན་ལ། ཡང་དག་ཀུན་རྫོབ་ནི། ཆོས་ཉིད་རྟོགས་པའི་ཡོན་ཏན་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་བར་འདོད་པ་སྟེ། སྔ་མའི་འཕྲོས་ལས། སྐྱེན་བསླད་སྣང་བའི་ཡེ་ཤེས་ཀྱིས། །སྣང་བའི་དངོས་པོ་མཐོ་འཇམ་རྩུབ། །དྲུག་ཕྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བ་རྣམ་པར་དག་ཅེས་བྱ། །ཞེས་སོ། གསུམ་པ་ཚུལ་ཁྲིམས་ནི། ཡང་འབྱེད་འཕྲུལ་ལྡེ་ལས། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །སྔགས་དང་ཕྱག་རྒྱ་མི་སྤང་ཞིང་། །རྡོ་རྗེ་དྲིལ་བུ་སྤང་མི་བྱ། །ལྷ་དང་བླ་མ་དེ་བཞིན་ནོ། །དེ་ནི་ཡན་ལག་དམ་ཚིག་ཡིན། །རྩ་བའི་དམ་ཚིག་ལྔ་པོ་ནི། །ཁྲི་ལ་ཉལ་བར་མི་བྱ་ཞིང་། །ཤ་མི་ཟ་ཞིང་ཆང་མི་བཏུང་། །སྒོག་པ་ལ་ཕུག་བཟའ་མི་བྱ། །ཞེས་དམ་ཚིག་བཅུ་གཅིག་ཏུ་གསུངས། །གསང་བ་སྤྱི་རྒྱུད་ལས་སྤྱིའི་དམ་ཚིག་གསུམ་དང་། བྱེ་བྲག་གི་དམ་ཚིག་བཅུ་གསུམ་དུ་བཤད་པ་ལ་སོགས་པའོ། །བཞི་པ་བསྒོམ་པ་ལ། མཚན་བཅས། མཚན་མེད་གཉིས་ལས། དང་པོ་ནི། ཧེ་རུ་ཀ་གལ་པོ་ལས། ཆོས་ཉིད་སྒྲ་དང་ཡིད་གཟུགས་ཐུགས། །ཡེ་ཤེས་ཡོངས་རྫོགས་སྐུར་སྒྲུབ་བསྒོམ། །ཞེས་པས་ཀྲི་ཡ་དོན་གྱི་ལྷ་དྲུག་གི་སྒོ་ནས་དམ་ཚིག་པ་བསྐྱེད་པར་བྱ་སྟེ། དེའང་སྟོང་པ་ཉིད་ཀྱི་ལྷ་དང་། ཡི་གེའི་ལྷ་དང་། སྒྲའི་ལྷ་དང་། གཟུགས་ཀྱི་ལྷ་དང་། ཕྱག་རྒྱའི་ལྷ་དང་། མཚན་མའི་ལྷའོ། །དེ་ལྟར་ཡང་། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་རྣམ་འཇོམས་ཀྱི་རྒྱུད་རྒྱས་པ་ལས་གསུངས་སོ། །དེ་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ། མཆོད་བསྟོད་དང་བཟླས་པ་སོགས་བྱས་ལ། རྗེ་ཁོལ་གྱི་ཚུལ་དུ་བལྟས་ནས་དངོས་གྲུབ་བླང་སྟེ། རང་ཤར་ལས། ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་བལྟ། །ཞེས་དང་། རིགས་ཐམས་ཅད་པའི་དངོས་གྲུབ་ལེན་པའི་རྒྱུད་ལས། རྗེ་དཔོན་རྒྱལ་པོའི་ཚུལ་བལྟས་ལ། །རང་ཉིད་བྲན་གྱི་འདུ་ཤེས་ཀྱིས། །སྔགས་བསྒྲུབ་དངོས་གྲུབ་སྙིང་པོ་ནི། །བླ་ན་མེད་པའི་མཆོག་ཏུ་བླང་། །ཞེས་སོ། །གཉིས་པ་ནི། མཚན་བཅས་ལྷ་དང་ཡིག་འབྲུ་ལ་སོགས་པར་བསྒོམ་པའི་སྣང་བ་དེའང་མི་དམིགས་པ་དག་པ་མཐའ་བཞི་དང་བྲལ་བའི་ངང་དུ་འཇོག་པས་བདེན་གཉིས་རེས་བསྒོམ་སྟེ། ལ་ཤན་ལས། སྣང་སྟོང་རིམ་གྱིས་བརྟན་པར་བྱེད། །ཅེས་སོ། །ལྔ་པ་སྤྱོད་པ་ནི། བྱ་བ་དྲུག་སྟེ། འཇུག་པའི་དུས་དང་། ཟས་དང་། གོས་དང་། གཙང་སྦྲ་དང་། དམིགས་རྟེན་དང་། བཟླས་བརྗོད་སྔགས་ཀྱི་བྱ་བ་རྣམས་སོ། །དེ་ལྟར་ཡང་། གལ་པོ་ལས། གཟའ་སྐད་དུས་ཚིགས་ཟས་གོས་གཙང་། །བརྟུལ་ཞུགས་དཀའ་ཐུབ་སྤྱད་པ་སྤྱོད། །ཅེས་དང་། ལྟ་ཕྲེང་ལས། སྐུའི་གཟུགས་བརྙན་དང་། ཐུགས་མཚན་དང་། བཟླས་བརྗོད་དང་། ཞེས་སོགས་གསུངས་སོ། །དྲུག་པ་འབྲས་བུ་ནི། མི་ཚེ་བདུན་ན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་འཐོབ་པར་འདོད་པ་སྟེ། གལ་པོ་ལས། མི་ཚེ་བདུན་ན་སངས་རྒྱས་པ། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་སོ། །གཉིས་པ་ཨུ་པ་ཡའི་ཐེག་པ་ལ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། ལྟ་སྒོམ་ཡོ་ག་དང་། སྤྱོད་པ་བྱ་བ་ལྟར་སྤྱོད་པས་དངོས་གྲུབ་སྒྲུབ་པའི་ཐབས་སུ་གྱུར་པ་སྟེ། ལྟ་ཕྲེང་ལས། གཉིས་ཀ་ལ་བརྟེན་པ་ལས་གྲུབ་པའོ། །ཞེས་སོ། །གཉིས་པ་ནི། ཨུ་པའི་སྒྲས། ཕྱི་ལུས་ངག་གི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས། ཆ་མཉམ་དུ་སྤྱོད་པའི་ཕྱིར་གཉིས་ཀའི་རྒྱུད་ཅེས་བྱ་སྟེ། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་བལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་སོ། །གསུམ་པ་དབྱེ་ན་དྲུག་གི། དང་པོ་འཇུག་སྒོ་ལའང་གཉིས་ལས། དང་པོ་དབང་ནི། ཆུ་ཅོད་པན་གཉིས་ཀྱི་སྟེང་དུ་རྡོར་དྲིལ་མིང་གསུམ་སྟེ། ཡེ་ཤེས་ཐིག་ལེ་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་དུ་རབ་ཏུ་གསལ། །ཞེས་སོ། །བྱ་བའི་འཇུག་སྒོ་དང་། གསུམ་པ་ཚུལ་ཁྲིམས་དང་། ལྔ་པ་སྤྱོད་པ་རྣམས་བྱ་རྒྱུད་དང་། གཉིས་པ་ལྟ་བ་དང་། བཞི་པ་སྒོམ་པའི་ཏིང་ངེ་འཛིན་ནི་ཡོ་ག་དང་ཤས་ཆེར་མཐུན་པ་སྟེ། གཡུ་ཐང་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། །སྤྱོད་པ་བྱ་བའི་རྗེས་མཐུན་ཡང་། །ལྟ་བ་རྣལ་འབྱོར་རྗེས་མཐུན་ཕྱིར། །རིགས་དང་ལྟ་བས་ཁྱད་པར་འགྱུར། །ཞེས་དང་། ལྟ་རིམ་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཞེས་སོ། །འོན་ཀྱང་རྒྱལ་བ་རིགས་བཞིར་བལྟ་ཞིང་བསྒོམ་པ་སོགས་ཁྱད་པར་ཅུང་ཟད་སྣང་ངོ་། །དྲུག་པ་འབྲས་བུ་ནི། མི་ཚེ་ལྔ་ན་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་པ་སྟེ། རིགས་བཞི་ནི་ལས་ཀྱི་རིགས་རིན་ཆེན་རིགས་ལ་བསྡུས་པའོ། །དེའང་གལ་བོ་ལས། རིགས་བཞི་རྡོ་རྗེ་འཆང་བར་གནས། །ཞེས་དང་། ཀུན་བྱེད་ལས། གཉིས་སུ་མེད་ལ་མི་ཚེ་ལྔས་སྒྲིབ་གོལ། །ཞེས་སོ། །གསུམ་པ་ཡོ་གའི་ཐེག་པ་ལ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། དོན་དམ་མཚན་མ་མེད་པའི་ཆོས་ཉིད་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བརྟགས་ཏེ་རྟོག་པ་བཟང་ངན་བླང་དོར་གྱི་རྩོལ་བས་འབྲས་བུ་བསྒྲུབ་པར་འདོད་པ་སྟེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པ་མ་མཐོང་བས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །བྱིན་རླབས་རྡོ་རྗེ་དབྱིངས་སྤྲུལ་བ། །བླང་དོར་འབྱེད་པ་རྣལ་འབྱོར་པའོ། །ཞེས་སོ། །གཉིས་པ་ནི། ཡོ་གའི་སྒྲ་ལས་ནང་གི་རྣལ་འབྱོར་གཙོ་བོར་བྱེད་པའམ་སྟོན་པས་ན་རྣལ་འབྱོར་རྒྱུད་ཅེས་བྱ་སྟེ། ལྟ་ཕྲེང་ལས། རྣལ་འབྱོར་གཙོ་བོར་བྱས་པས་འགྲུབ་པའོ། །ཞེས་སོ། །གསུམ་པ་དབྱེ་ན་དྲུག་གི། དང་པོ་འཇུག་སྒོ་ལ་གཉིས་ལས། དང་པོ་དབང་ནི། རིག་པའི་དབང་ལྔའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་དང་དྲུག་བསྐུར་ཏེ། ཡེ་ཤེས་ཐིག་ལེ་ལས། ཕྱིར་མི་ལྡོག་པ་བུམ་པའི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་སོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། །མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཞེས་སོ། །གཉིས་པ་ལྟ་བ་ནི། བདེན་པ་གཉིས་ཏེ། དོན་དམ་བདེན་པ་ནི། ཆོས་ཐམས་ཅད་སྤྲོས་པའི་མཚན་མ་དང་བྲལ་བའི་རང་བཞིན་འོད་གསལ་སྟོང་པ་ཉིད་དེ། སཾ་གྲ་ཧ་ལས། ཆོས་རྣམས་རང་བཞིན་འོད་གསལ་བས། །ངོ་བོ་ཉིད་ཀྱིས་གདོད་ནས་དག །ཅེས་སོ། །ཀུན་རྫོབ་ལ་གཉིས་ཀྱི། ལོག་པའི་ཀུན་རྫོབ་སྔར་དང་འདྲ། ཡང་དག་ཀུན་རྫོབ་ནི། ཅིར་སྣང་ཐམས་ཅད་ཆོས་ཉིད་རྟོགས་པའི་བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྣང་བའི་ཕྱིར། སྐྱེ་བོས་སྣང་བ་རང་རྒྱུད་དུ་བརྟགས་པ་འདི་མེད་པར་འདོད་དོ། །དེ་ལྟར་ཡང་གལ་པོ་ལས། ཡོ་གའི་ཐེག་པར་གནས་འདོད་པས། །འོག་མིན་རྡོ་རྗེ་དབྱིངས་སུ་བལྟ། །ཞེས་དང་། ལྟ་རིམ་ལས། ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྷར་སྣང་བ། །དེ་ཕྱིར་སྐྱེ་བོ་ལྟར་མཐོང་འཁྲུལ། །ཞེས་དང་། གཡུ་ཐང་ལས་ཀྱང་། རང་རིག་དངོས་མཐོང་མཚན་མ་གཉིས། །དབྱེར་མེད་དབྱིངས་དག་ཡེ་ཤེས་ལས། །བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་ལྷ། །ཤར་ལྟ་གྲོགས་པོའི་ཚུལ་དུ་ལྟར། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི། རྩེ་མོར་གསུངས་པའི་རིགས་ལྔ་སྤྱིའི་དམ་ཚིག །བྱང་ཆུབ་ཀྱི་སེམས་དང་པོར་བསྐྱེད་ཅིང་། དེའི་རྗེས་སུ་ཚུལ་ཁྲིམས་གསུམ་གྱི་བསླབ་པ་ལ་ནན་ཏན་བྱེད་པ་དང་། བྱེ་བྲག་གི་དམ་ཚིག །སྣང་མཛད་ཀྱི་དམ་ཚིག་གསུམ། མི་བསྐྱོད་རིན་འབྱུང་གཉིས་ལ་བཞི་བཞི། མཐའ་ཡས་ཀྱི་གཅིག །དོན་གྲུབ་གྱི་གཉིས་ཏེ་བཅུ་བཞིར་གསུངས་ལ། ཡང་འབྱེད་འཕྲུལ་ལྡེར། བྱ་རྒྱུད་ཀྱི་དམ་ཚིག་བཅུ་གཅིག་པོའི་སྟེང་དུ་ཐུན་མིན་གཉིས་བསྣན་ནས་བཅུ་གསུམ་དུ་བཅད་དེ། ཇི་སྐད་དུ། རྣལ་འབྱོར་རྒྱུད་ཀྱི་བསྲུང་མཚམས་ནི། །གོང་གི་བསྲུང་མཚམས་སྟེང་དུ་ནི། །ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །ཉམས་དང་ཁ་མི་བསྲེ་བ་བསྲུང་། །ཞེས་སོ། །བཞི་པ་བསྒོམ་པ་ལ། མཚན་བཅས། མཚན་མེད་གཉིས་ལས། དང་པོ་ནི། མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིའི་སྒོ་ནས་ལྷ་དང་ལྷ་མོའི་རྣལ་འབྱོར་ཕྱག་རྒྱ་བཞི་ལྡན་དུ་བསྒོམ་པ་སྟེ། ལྟ་ཕྲེང་ལས། ཕྱིར་ཡོ་བྱད་ལ་གཙོ་བོར་མི་འཛིན་པར་དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་། དེ་དང་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་གྱིས་འཕགས་པའི་གཟུགས་ཀྱི་སྐུ་ཕྱག་རྒྱས་བཞི་དང་ལྡན་པར་བསྒོམ་པའི་རྣལ་འབྱོར་གཙོ་བོར་བྱས་པས་འགྲུབ་བའོ། །ཞེས་སོ། །དེའང་དམ་ཚིག་པ་བསྐྱེད་ལ། ཡེ་ཤེས་པ་སྤྱན་དྲངས་ནས། སྤུན་ནམ་གྲོགས་པོའི་ཚུལ་དུ་བཟང་ངན་མེད་པར་བལྟས་ཏེ། མཆོད་བསྟོད་བཟླས་པ་ལ་སོགས་པ་བྱའོ། །དེ་ལྟར་ཡང་རང་ཤར་ལས། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ཅེས་སོ། །དེ་ལ་མངོན་བྱང་ལྔ་ནི། སྟོང་པ་ཉིད་དང་། ཟླ་གདན་དང་། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པའོ། །ཆོ་འཕྲུལ་བཞི་ནི། ཏིང་ངེ་འཛིན་དང་། དབང་བསྐུར་བ་དང་། བྱིན་གྱིས་རློབ་པ་དང་། མཆོད་པའི་ཆོ་འཕྲུལ་ལོ། །དེ་དག་ཀྱང་གལ་པོ་ལས། མི་རྟོག་ཟླ་བ་གསུང་རྡོ་རྗེ། །སྤྲོ་བསྡུས་བསྒོམ་པའི་སྐུ་རུ་གསལ། །ཏིང་འཛིན་བྱིན་རློབ་དབང་བསྐུར་མཆོད། །མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི། །བསྒོམ་ཞིང་མཆོད་པ་བྱ་བ་ཡང་། །བསོད་ནམས་ལྡན་ཕྱིར་བྱ་བ་ཡིན། །ཞེས་སོ། །ཕྱག་རྒྱ་བཞི་ནི། ལུས་ངག་ཡིད་དང་བྱ་བ་བཞི་ལ། རིམ་པར། སྐུ་ཕྱག་ཆེན། མེ་ལོང་། ཀུན་གཞི། གསུང་ཆོས་རྒྱ། སོར་རྟོག །ཡིད། ཐུགས་དམ་རྒྱ། མཉམ་ཉིད། ཉོན་ཡིད། བྱ་གྲུབ། སྒོ་ལྔ། ཕྲིན་ལས་ལས་རྒྱ་རྣམས་ཀྱིས་རྒྱས་བཏབ་ནས་བསྒོམ་པའི་ཕྱིར་ཕྱག་རྒྱ་སྟེ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་མངོན་དུ་བྱ་བ་དང་སྦྱར་ཞིར། ཆོས་དབྱིངས་ཡེ་ཤེས་ནི་དེ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པའོ། །གཉིས་པ་ནི། དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དང་དེའི་བྱིན་རླབས་ལྷར་སྣང་ཡེ་ཤེས་ཀྱི་སྣང་ཆ་གཉིས་གཉིས་སུ་མེད་པའི་ངང་ལ་མཉམ་པར་འཇོག་པ་སྟེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་དབྱིངས་དང་། །བླ་མེད་དངོས་གྲུབ་དམ་པ་བླང་། །ཞེས་སོ། །ལྔ་པ་སྤྱོད་པ་ནི། གཙང་སྤྲ་སོགས་ཕྱིའི་ཀུན་སྤྱོད་ཀྱི་གྲོགས་དང་ལྡན་པའི་སྒོ་ནས་གཙོ་བོར་ལྷའི་རྣལ་འབྱོར་ལ་གནས་པས་རང་གཞན་གྱི་དོན་སྤྱོད་པ་སྟེ། རྩེ་མོ་ལས། ལྷ་ཡི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག །ཅེས་སོ། །དྲུག་པ་འབྲས་བུ་ནི། མི་ཚེ་གསུམ་ན་སྟུག་པོ་བཀོད་པའི་ས་ལ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་འཚང་རྒྱ་བར་འདོད་པ་སྟེ། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་དང་། ཐུགས་ཀྱི་སྒོ་ལྕགས་ལས། གཟུང་འཛིན་བག་ཆགས་ལྔ་བྱང་ནས། །ཡེ་ཤེས་ལྔ་ཡི་རྩལ་དག་གིས། །སྟུག་པོ་བཀོད་པའི་ས་ནོན་ནས། །རིགས་ལྔ་འདུས་པའི་འབྲས་བུ་ཐོབ། །སྐྱེ་མེད་ཆོས་སྐུ་དག་པ་ནི། །སྐྱེ་མེད་སྒོ་ནས་འགྲོ་དོན་མཛད། །ཕྱག་རྒྱ་རིགས་ལྔ་ལོངས་སྤྱོད་རྫོགས། །བྱང་ཆུབ་སེམས་དཔའི་འགྲོ་དོན་རྫོགས། །སྤྲུལ་པ་བྱེ་བ་ས་ཡ་ཡིས། །རིགས་དྲུག་ངོ་ལ་ཅིར་ཡང་སྟོན། །ཞེས་སོ། །གཉིས་པ་ནང་པ་ཐབས་ཀྱི་ཐེག་པ་ལ། བསྐྱེད་རྫོགས་གསུམ་སོ་སོའི་དབྱེ་བ་བཤད་པ། རྒྱུད་གཞུང་འདི་ཉིད་དེ་གསུམ་གང་ཡིན་ལ་དཔྱད་པའོ། །དང་པོ་ནི། བླ་མ་ཁ་ཅིག །ནང་པ་མ་ཧཱ་ཡོ་གའི་བཀོལ་མདོ་ནི་གཞུང་ཧྲིལ་བོ་ཡིན་པས་སྦྱར་མི་དགོས་པར་བཞེད་ལ། ཨ་ནུ་དང་ཨ་ཏི་ཡོ་གའི་བཀོལ་མདོ་ནི་འདིར་མ་སྦྱར་ཀྱང་ཆོག་མོད་ཀྱི། དེ་ལྟ་ནའང་། འོག་ཏུ་གཞུང་འདི་ཉིད་བསྐྱེད་རྫོགས་གསུམ་གང་ཡིན་ངོས་འཛིན་པའི་ཚེ་སོ་སོའི་མཚན་ཉིད་ཕྱེད་པ་ལ་མཁོ་བར་འགྱུར་བའི་ཕྱིར་ཅུང་ཟད་བྲི་བར་བྱའོ། །དེའང་རང་ཤར་ལས། ནང་པ་ལ་ནི་གསུམ་དུ་འདོད། །མ་ཧཱ་ཨ་ནུ་ཨ་ཏིའོ། །ཞེས་པས། རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་གའོ། །དེ་གསུམ་གྱི་ཁྱད་པར་ལ། གླན་ཆབ་པར་བས་རྗེ་ཟུར་ཆུང་པ་ལ་ཞུས་པའི་ལན་དུ། རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རང་རིག་པའི་རྩལ་དུ་སྣང་བ་ཨ་ནུ། རིག་པ་རང་སྣང་བ་ཨ་ཏི་སྟེ། རུ་དགའ་རབ་རྡོ་རྗེས། ཆོ་འཕྲུལ་རྩལ་དང་རང་སྣང་བའོ། །ཞེས་གསུངས་པའི་ཕྱིར་གསུངས་སྐད། དེའི་དོན་ནི། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པ་མ་ཧཱ་ཡོ་ག །ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་དུ་རྟོགས་པ་ཨ་ནུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ནས་སྐྱེ་འགག་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པ་ཨ་ཏི་སྟེ་ལྟ་བའི་སྒོ་ནས་ཁྱད་པར་ཕྱེ་བའོ། །དེ་ལ་མདའ་གླན་གཉིས་ཀ་གཅེས་ནོར་དུ་བཞེད་དོ། །ཡང་སྐྱོ་གོང་བུ་པའི་ཞལ་ནས། ཆེད་འཛིན་ཆེ་ཆུང་ཡིན་ཏེ། སྤྱོད་པ་གཙོ་ཆེ་བ་མ་ཧཱ། ཏིང་ངེ་འཛིན་གཙོ་ཆེ་བ་ཨ་ནུ། ལྟ་བ་གཙོ་ཆེ་བ་ཨ་ཏིའོ་གསུང་། ཡང་ལྷ་རྗེ་རོག །ཏིང་ངེ་འཛིན་གསུམ་གྱིས་ལྷ་རིམ་པར་བསྐྱེད་པའི་ཕྱིར་བསྐྱེད་པ་མ་ཧཱ། དེ་ལ་མི་བརྟེན་པར་ལྷ་རྫོགས་ཚུལ་དུ་བསྐྱེད་པ་རྫོགས་པ་ཨ་ནུ། བསྐྱེད་རྫོགས་གཉིས་ལས་གྲོལ་བས་བསྐྱེད་དུ་མེད་པ་ནི་རྫོགས་པ་ཆེན་པོ་ཨ་ཏིའམ། ཡང་ན། རྒྱུད་ཀྱི་དངོས་པོ་བཅུ་ལ་ཆེད་འཛིན་ཆེ་བ་མ་ཧཱ། དེ་བས་ཆུང་བ་ཨ་ནུ། ཆེད་འཛིན་ལས་གྲོལ་ཨ་ཏིའོ་གསུང་། །མེ་ཉག་འབྱུང་གྲགས་ཀྱི་ཞལ་ནས་ཡོད་བསྐྱེད་རྫོགས་གསུམ་ག་ཡོད་ཀྱང་། བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ། རྫོགས་རིམ་གཙོ་བོར་སྟོན་པ་ཨ་ནུ། དེ་གཉིས་ཀྱི་རྩོལ་བ་དང་བྲལ་བ་རྫོགས་པ་ཆེན་པོ་སྟེ། དཔྱལ་ལོ་ཀུན་རྡོར་ཡང་ངེས་ཚིག་གི་ཁྱད་པར་ལ་འདི་ལེགས་པར་བཞེད་དེ། ཀུན་མཁྱེན་ཆེན་པོ་ནི། གདུལ་བྱ་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བའི་དོན་དུ་སྣང་བ་ཐབས་ཀྱི་རང་བཞིན་ཕ་རྒྱུད་མ་ཧཱ་ཡོ་ག །འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བའི་དོན་དུ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མའི་རྒྱུད་ཨ་ནུ། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ཅན་གྱི་དོན་དུ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་བསྟན་ཏེ། བཀོད་པ་ཆེན་པོ་ལས། སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་གསུངས་པའི་ཕྱིར་གསུང་ཞིང་། སེམས་ཉིད་ངལ་གསོ་ལས་ཀྱང་། མ་ཧཱས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ། །ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ། །ཨ་ཏིས་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ། །ཞེས་སོ། །དེ་ལས། དང་པོ་མ་ཧཱ་ཡོ་གའི་ཐེག་པ་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ། དང་པོ་ནི། ཐབས་བསྐྱེད་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་ལྷག་པ་བདེན་པ་དབྱེར་མེད་ཀྱི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །གཉིས་པ་ནི། མ་ཧཱ་ཡོ་གའི་སྒྲ་ལས་རྣལ་འབྱོར་ཆེན་པོ་སྟེ། གཉིས་མེད་ཀྱི་དོན་ལ་བློ་འབྱོར་བས་ཡོ་ག་ཕྱི་པ་ལས་ཆེས་འཕགས་པའི་ཕྱིར་རོ། །གསུམ་པ་དབྱེ་ན་དྲུག་གི། དང་པོ་འཇུག་སྒོ་ལ་གཉིས་ལས། དང་པོ་དབང་ནི། ཐུན་མོང་པ་བུམ་དབང་གི་སྟེང་དུ་ཐུན་མིན་མཆོག་དབང་གོང་མ་གསུམ་བསྣན་པས་དབང་བཞི་བསྐུར་བར་བྱ་བ་སྟེ། རྩ་རྒྱུད་ཀྱི་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་སོ། །དེ་ཡང་བུམ་དབང་ལ་ཕན་ནུས་གཉིས་སུ་ཕྱེ་བས་ལྔར་འགྱུར་ཏེ། རྡོ་རྗེ་ལས་རིམ་ལས། དབྱེེ་བ་རྣམ་པ་ལྔ་རུ་འགྱུར། །བདག་ཕན་ནུས་པ་གཉིས་ཀའི་ལས། །ཞེས་སོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། ཤེས་རབ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་། །ཐབས་སྙིང་རྗེ་སྒྱུ་མ་དང་ཕྱག་རྒྱ་ཕྲ་རགས་ཏེ་ཏིང་འཛིན་གསུམ་གྱི་སྒོ་ནས་འཇུག་སྟེ། བསྐྱེད་རིམ་གཙོ་བོར་སྟོན་པའི་ལམ་ཡིན་པའི་ཕྱིར། དེ་ལྟར་ཡང་རང་ཤར་ལས། འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །ཞེས་དང་། ཡང་འབྱེད་འཕྲུལ་ལྡེ་ལས། མ་ཧཱ་ཡོ་གའི་འཇུག་སྒོ་ནི། ཏིང་འཛིན་རྣམ་གསུམ་སྒོ་ནས་འཇུག །ཅེས་སོ། །གཉིས་པ་ལྟ་བ་ནི། རིག་པ་སྤྲོས་བྲལ་ལ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྲུབ་ཏུ་འདོད་པའི་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཀུན་རྫོབ་ཀྱི་བདེན་པར་འདོད་ལ། དེ་གཉིས་ཀྱང་སྣང་སྟོང་ཕྱོགས་རེ་མ་ཡིན་ཏེ། ངོ་བོ་དབྱེར་མི་ཕྱེད་པར་མཉམ་པ་ཉིད་དུ་སྣང་བའི་ཕྱིར། ཐ་སྙད་དུ་དབྱེར་མེད་ཅེས་བརྗོད་ནའང་། དེར་འཛིན་པའི་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ཕྱིར། དབྱེར་མེད་སྤྱོད་ཡུལ་དང་བྲལ་བའོ། །དེ་ལྟར་ཡང་རྣམ་བཀོད་ལས། ལྷག་པའི་མཉམ་ཉིད་དབྱེར་མེད་དོན། །མིང་གྲངས་ཅིར་ཡང་བསྟན་མོད་ཀྱང་། །དོན་དུ་སྨྲ་བསམ་ཡུལ་ལས་འདས། །ཞེས་དང་། ལམ་རིམ་ལས། དེ་མིང་ཞེན་པ་གྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི། གསང་སྔགས་ཕྱི་འགྱུར་བ་རྣམས། བསྲུང་བྱའི་དམ་ཚིག་རྩ་ལྟུང་བཅུ་བཞི་ལ་སོགས་པ་རྣམས་དང་། སྤྱད་བྱའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཤེས་ནས་སྤྱོད་པ་གཉིས་སུ་བཞེད། སྔ་འགྱུར་གྱི་རང་སྐད་དུ། རྣལ་འབྱོར་ཆེན་པོའི་དམ་ཚིག་ཉི་ཤུ་རྩ་བརྒྱད་གསུངས་ཏེ། ཡང་འབྱེད་འཕྲུལ་ལྡེ་ལས། རྣལ་འབྱོར་ཆེན་པོའི་བསྲུང་མཚམས་ནི། །རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་ཉི་ཤུ་རྩ་ལྔ་བསྲུང་། །ཞེས་སོ། །དེ་ལ་རྩ་བ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་མོ། །ཡན་ལག་ནི། སྔ་མ་ལས། སྤྱད་དང་མི་སྤང་དང་དུ་བླང་། །ཤེས་དང་བསྒྲུབ་པར་བྱ་བའོ། །ཞེས་གསུང་ཤིང་། རྒྱུད་འདིར་ནི། རྩ་བ་ལྔ་དང་། ཡན་ལག་བཅུར་བཤད་དོ། །བཞི་པ་བསྒོམ་པ་ལ། སྒྲུབ་སྡེ་གཙོ་བོར་བྱས་པ་དང་། རྒྱུད་སྡེ་གཙོ་བོར་བྱས་པའི་ལུགས་གཉིས། དང་པོ་ནི། འཇམ་དཔལ་གྱི་སྐུ་འཁོར་ལོ་བཞི་ལ་བརྟེན་ནས་བདེ་གཤེགས་སྐུའི་སྒྲུབ་པ་དང་། རྟ་སྐད་ཐེངས་གསུམ་ལ་བརྟེན་ནས་པདྨ་གསུང་གི་སྒྲུབ་པ་དང་། ཐུགས་རིག་པར་རང་བྱུང་གི་ཡེ་ཤེས་ཡང་དག་སྒྲུབ་པ་གཅིག་པུ་ལ་བརྟེན་ནས་ཐུགས་རྡོ་རྗེའི་སྒྲུབ་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོན་ཏན་དུ་རྫོགས་པར་སྟོན་པ་བདུད་རྩི་ཡོན་ཏན་ཀྱི་སྒྲུབ་པ་དང་། མངོན་སྤྱོད་ཀྱི་ལས་ཀྱི་གདུག་པ་ཅན་འདུལ་བའི་ཐབས་གཙོ་བོར་སྟོན་པ་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་སྟེ་ཡེ་ཤེས་ལྷའི་སྒྲུབ་སྡེ་ལྔ་དང་། མ་མོ་རྦོད་གཏོང་། དྲག་སྔགས་དམོད་པ། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་པ་སྟེ་ཐུན་མོང་གི་སྒྲུབ་སྡེ་གསུམ་མོ། །གཉིས་པ་ནི། སྤྱིར་མ་ཧཱ་ཡོ་ག་ལའང་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་གྱི་དབྱེ་བས། གསང་འདུས་ལ་སོགས་པ་ཕ་རྒྱུད་དུ་བསྐྱེད་རིམ་ཐབས་ཀྱི་ཆ་དང་། དེའི་རྫོགས་རིམ་ཀྱང་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད། བདེ་དགྱེས་ཡང་དག་སོགས་མ་རྒྱུད་རྣམས་སུ་བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་། ཤེས་རབ་རྫོགས་པའི་རིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པའི་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད། སྒྱུ་འཕྲུལ་དྲྭ་བ་སོགས་མ་ནིང་གི་རྒྱུད་རྣམས་སུ་བསྐྱེད་རྫོགས་ཟུང་འཇུག་ཅིང་། དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་སྐྱེས་པའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་དོ། །འདིར་རྒྱུད་གཞུང་འདི་ཉིད་ཀྱི་དབང་དུ་བྱས་ཏེ་བཤད་ན། རིམ་གསུམ་ལས། མཚན་མ་བསྒོམ་པའི་རིམ་པ་དང་། །དེ་བཞིན་ཉིད་ནི་བསྒོམ་པ་ཡི། །བྱེ་བྲག་རྣམ་པ་གཉིས་སུ་གསུངས། །ཞེས་པ། མཚན་བཅས། མཚན་མེད་གཉིས། དང་པོ་ལ། བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་ནི། ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་དཀྱིལ་འཁོར་རིམ་གྱིས་བསྐྱེད་པ་གཙོ་བོར་བྱེད་པའི་སྒོ་ནས་ལྷ་རྟོག་དབྱེར་མེད་དུ་བསྒོམ་པའི་ཉམས་ལེན། དེ་ལའང་། མོས་བསྒོམ་དང་། ངེས་རྫོགས་གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་རྣམ་པ་ཙམ་བསྒོམ་པ་ནུབ་གཅིག་ལ་བསྐྱེད་རིམ་གྱི་ཆོ་གའི་ཡན་ལག་ཚང་བ་ཉམས་སུ་ལེན་པ་ལྟ་བུ། གཉིས་པ་ནི། ཟག་བཅས་ཚོགས་སྦྱོར་གྱི་རྣལ་འབྱོར་ལྔ་དང་། ཟག་མེད་རིག་འཛིན་རྣམ་པ་བཞིའོ། །རྫོགས་རིམ་ལས། སྟེང་སྒོ་འཇུ་འདུལ་གྱི་མན་ངག་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་གཉིས་ཏེ། རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་གསུངས་པའི་ཕྱིར། གཉིས་པ་མཚན་མེད་ནི། ཆོས་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པའོ། །ལྔ་པ་སྤྱོད་པ་ནི། ཐབས་ལ་མཁས་པའི་གདིང་གིས་ཟིན་པས་འཁོར་བའི་ཆོས་ཅི་ལའང་མ་ཆགས་པར་སྤྱོད་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི། །ཏ་ན་དང་ནི་ག་ན་དང་། །དམ་རྫས་བདུད་རྩི་ལྔ་པོ་ལ། །ཐབས་ཆེན་ལྟ་བའི་སྤྱོད་པའི་སྤྱད། །ཅེས་སོ། དྲུག་པ་འབྲས་བུ་ནི། ཚེ་འདིའམ་བར་དོར་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་མངོན་དུ་བྱེད་པ་སྟེ། གསང་འདུས་ལས། འདི་ནི་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་ནི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་སོ། །གཉིས་པ་ལུང་ཨ་ནུ་ཡོ་གའི་ཐེག་པ་ལ། །ངོ་བོ། ངེས་ཚིག །དབྱེ་བ་གསུམ། དང་པོ་ནི། ཤེས་རབ་རྫོགས་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །གཉིས་པ་ནི། ཨ་ནུ་ཡོ་ག་སྟེ་ཤེས་རབ་རྗེས་ཆགས་ཀྱི་ལམ་གཙོ་བོར་སྟོན་པའི་ཕྱིར་རྗེས་སུ་རྣལ་འབྱོར་རོ། །གསུམ་པ་དབྱེ་བ་དྲུག་གི། དང་པོ་འཇུག་སྒོ་ལ་གཉིས་ལས། དང་པོ་དབང་ནི། ཨ་ནུའི་དཀྱིལ་འཁོར་དུ་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པའི་དབང་ཆོག་སུམ་ཅུ་རྩ་དྲུག་སྟེ། ཀུན་འདུས་ལས། ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་སོ། །དེ་ལ་ཁ་ཅིག །དེ་ལྟར་སྨོས་པའི་རྩ་བ་སོ་དྲུག་ལས་ཡན་ལག་གི་དབང་བརྒྱད་བརྒྱ་པོ་གཅིག་ཏུ་ཕྱེ་བ་ནི་ཐེག་པ་དགུ་ཀའི་དབང་ཡིན་ཏེ། དབང་དོན་བསྡུས་པ་ལས། ཡོ་ག་ལ་སོགས་ཐེག་དྲུག་ལས། ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །ཞེས་སོགས་དང་། དབང་དོན་རྣམ་པར་འབྱེད་པ་ལས། བཅུ་ཡིས་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་བ་ནང་བར་འགྱུར། །བཅུ་གསུམ་བླ་མ་ཆེན་པོར་གྲགས། །གཉིས་ཀྱི་ཐེག་དགུའི་དབང་རྫོགས་པའོ། །ཞེས་གསུངས་པའི་ཕྱིར། ཨ་ནུའི་དགོས་དབང་དུ་ཇི་ལྟར་འགྱུར་ཞེ་ན། སྐྱོན་མེད་དེ། ཐེག་རིམ་དགུ་དང་ཚུལ་མཐུན་པས་ཐེག་དགུའི་དབང་དུ་མིང་བཏགས་པར་བླ་མ་མཁས་པ་རྣམས་བཞེད་པ་བཞིན་ཡིན་གྱི། མདོ་དབང་འཆད་པ་པོ་ཕལ་གྱི་འདོད་པ་ལྟར་མ་ཡིན་ཏེ། གལ་ཏེ་ཡིན་ན། ཨ་ནུ་ཡོ་གའི་དབང་གི་ནང་དུ་གོང་མ་ཨ་ཏི་ཡོ་གའི་དབང་འདུ་བར་ཁས་ལེན་དགོས་པའི་ཕྱིར་ཧ་ཅང་ཐལ་ཏེ། ཕྱི་རྒྱུད་ཀྱི་ནང་དུ་ནང་པའི་ཐུན་མིན་གྱི་ཆོས་སྐད་མི་འབྱུང་བ་བཞིན་ནོ། །དེ་ལྟར་ཡང་། བདག་གི་རྗེ་བླ་མ་ཐམས་ཅ ད་མཁྱེན་པའི་ཞལ་ནས། རྩ་བ་ཨ་ནུའི་ཆོ་ག་ལ། །ཐེག་བརྒྱད་སྒོས་ཆོས་བྱེ་བྲག་ཏུ། །སྦྱར་བ་ཉིད་ལ་སྟོས་དགོས་ན། །ཨ་ནུའི་མཚན་གཞིར་ཇི་ལྟར་ངེས། །ཞེས་གསུངས་པའི་ཕྱོགས་སྔ་མ་ཉིད་དུ་གནས་པའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཨ་ནུ་དབྱེར་མེད་པ་འདོད་པའི། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །ཞེས་སོ། །ཇི་ལྟར་འཇུག་ཅེ་ན། མ་བསྐྱེད་རྫོགས་པའི་ཚུལ་གྱིས་ཏེ། ཐུགས་ཀྱི་སྒོོ་ལྕགས་ལས། སྐྱེ་མེད་དབྱིངས་ཉིད་ཡེ་ཤེས་ཏེ། །ཡེ་ཤེས་རིག་པ་དབྱིངས་ཉིད་ཚུལ། །གཉིས་མེད་རོལ་པ་བདེ་བ་ཆེ། །རིམ་པར་འཇུག་པ་མ་ཡིན་ཏེ། །སྣང་སྲིད་ཕྱག་རྒྱ་ཐམས་ཅད་ལ། །ཆུ་ལ་ཉ་ལྡང་ཇི་བཞིན་དུ། །ཐུགས་ཕྲད་སྣང་སྲིད་ཕྱག་རྒྱ་ཆེ། །ཞེས་སོ། །གཉིས་པ་ལྟ་བ་ནི། ཆོས་ཐམས་ཅད་རང་གི་སེམས་ཡིན་ལ། དེ་ཉིད་སྐྱེ་མེད་སྤྲོས་པ་དང་བྲལ་བའི་རང་བཞིན་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་སྟེ། ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཞེས་ཀྱང་བྱའོ། །དེ་ལྟར་ཡང་སྤྱི་མདོ་ལས། སེམས་ལས་བྱུང་བ་སྟོང་ཉིད་པས། །དེ་ལས་བྱུང་བ་ཐམས་ཅད་སྟོང་། །ཞེས་སོ། །སྐྱེ་མེད་དེ་ཉིད་ཐམས་ཅད་དུ་མི་འགག་བར་རིག་པ་རང་བྱུང་འོད་ཀྱི་དཀྱིལ་འཁོར་དུ་གསལ་བ་ནི། ཡེ་ཤེས་ཀུན་ཏུ་བཟང་པོའམ། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཞེས་བྱ་སྟེ། དེ་ལས། བརྟགས་ན་མ་མཐོང་ཅིར་ཡང་སྣང་བ་ཉིད། །ཅེས་སོ། །དེ་གཉིས་ངོ་བོ་ཐ་མི་དད་པར་གསལ་བ་ནི། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་སྟེ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཡང་སྔ་མ་ལས། གསང་སྔགས་ཞེས་བྱ་བ་ནི། སྣང་བ་དང་མི་སྣང་བ་གཉིས་སུ་མེད་པ། གཉིས་ཀྱི་ངོ་བོ་ལས་གྲོལ་བ། དབུ་མར་མི་དམིགས་པ་གང་ཡིན་པ་དེ་ཁོ་ན་ཉིད་དོ། །ཞེས་སོ། །དེའི་ཕྱིར། ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་པ་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་བལྟ་བ་སྟེ། དེ་ལས། ཐམས་ཅད་དེ་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེས་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་དང་། གཡུ་ཐང་ལས། སྣང་སྲིད་བཟང་མོའི་མཁའ་ཀློང་ལས། །མ་བསྐྱེད་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ན་ཤར་བ་མེད། །ཡབ་ཡུམ་སྲས་བཅས་བདེ་ཆེན་པོ། །ལྷུན་རྫོགས། ཞེས་སོ། །དེའང་ཀུན་ཏུ་བཟང་པོའི་རོལ་པ་མ་འགགས་པའི་རྩལ་ལྷ་སྐུར་འཆར་བར་འདོད་དེ། ཀུན་འདུས་ལས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་འདིར། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་སོ། །གསུམ་པ་ཚུལ་ཁྲིམས་ནི། དོན་བསྡུས་ལས། གཞི་འཛིན་པ་ནི་དམ་ཚིག་སྟེ། །སྒོ་གསུམ་སྡོམ་པར་གནས་པའི་དོན། །རྩ་བ་ཡན་ལག་ལ་སོགས་པའི། །བསྲུང་དང་བསྒྲུབ་པ་དེ་ཉིད་དོ། །ཞེས་པས་སྒོ་གསུམ་གྱིས་རྩ་བ་དང་ཡན་ལག་ལ་སོགས་པའི་དམ་ཚིག་བསྲུང་ཞིང་། བསྒྲུབ་པར་བྱ་བ་རྣམས་ཏེ། དེའང་དབྱེ་ན། གལ་མདོ་ངེས་པའི་དམ་ཚིག་བཞི། ཐུན་མོང་གི་ཉི་ཤུ་རྩ་བརྒྱད། །ལྷག་པའི་བཞི། བརྟུལ་ཞུགས་ཀྱི་ཉེར་གསུམ། སྒྲུབ་པའི་ཉི་ཤུ། སྤྱོད་ལམ་རྒྱུན་གྱི་བཞི། བདུད་ལྔ་སྤང་བ། དགྲ་བཞི་གཞོམ་པ། ལྟ་བའི་དམ་ཚིག་སྟེ་རྣམ་གྲངས་དགུར་སྤྱི་མདོའི་ལེའུ་རེ་དྲུག་པར་གསུངས་མོད་ཀྱང་། བསྡུ་ན། བསྲུང་མཚམས་མེད་པར་ཅིག་ཅར་བའི་དམ་ཚིག་དང་། བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གཉིས་སུ་འདུ་སྟེ། སྤྱི་མདོ་ལས། བསྲུང་བྱ་བསྲུང་དུ་མེད་པ་ནི། །ཆོས་ཉིད་དམ་ཚིག་དམ་པ་ཡིན། །ཞེས་དང་། དམ་ཚིག་འདི་ན་རྨད་པོ་ཆེ། །ཀུན་གྱི་ཐུན་མོང་མ་ཡིན་ཕྱིར། །མོས་པ་ཆུང་ངུ་ཐམས་ཅད་ལ། །བསྲུང་བའི་མཚམས་དག་བཟུང་བར་བྱའོ། །ཞེས་སོ། །བཞི་པ་བསྒོམ་པ་ལ། དོན་བསྡུས་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས། ཐབས་ལམ་དང་། གྲོལ་ལམ་གཉིས་ལས། དང་པོ་ནི། སྟེང་སྒོ་འཁོར་ལོ་བཞིའམ་དྲུག་བསྒོམ་པའི་རྣལ་འབྱོར་དང་། འོག་སྒོ་མཁའ་གསང་གཉིས་ཀྱི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་པའི་ཐབས་ཏེ། དེ་ལས། རོལ་པའི་ཀ་ར་ལ་སོགས་པ། །མན་ངག་ཐབས་ཀྱིས་དེར་འཇུག་དང་། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། དོན་བཀོད་པ་དང་། རྟགས་ཀྱི་རོལ་པ་གཉིས། དང་པོ་ནི། སྤྲོས་མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཏེ། ཆོས་ཉིད་སྙིང་པོ་ཇི་བཞིན་པའི་ངང་ལས་སྒོམ་བྱེད་ཀྱི་བློ་མ་བཅོས་པར་འཇོག་པའོ། །དེ་ལྟར་ཡང་། སྤྱི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ནས། །བརྗོད་པ་མེད་པའི་ངང་ཉིད་ལས། །མ་ཡེངས་རྒྱུན་དུ་དྲན་པའོ། །ཞེས་སོ། །གཉིས་པ་ནི། སྤྲོས་བཅས་ལྷ་ཡི་ཏིང་ངེ་འཛིན་ཏེ། སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ལྟར། །སྣོད་བཅུད་ལྷའི་དཀྱིལ་འཁོར་གསལ་ལ་མ་འདྲེས་པར་ཅིག་ཅར་དུ་བསྒོམ་པ་གཙོ་བོར་བྱེད་པའི་ཉམས་ལེན་ནོ། །དེ་ལྟར་ཡང་བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་ནས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། །ཞེས་དང་། ཀུན་འདུས་ལས། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །ཞེས་སོ། །དེའང་སྤྱིར་ངེས་རྫོགས་བསྒོམ་པའི་ལམ་ལ། ཟག་བཅས་དང་ཟག་མེད་གཉིས་ལས། དང་པོ་ནི། འདུན་པ་སེམས་ཀྱི་རྣལ་འབྱོར་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་རོ། །གཉིས་པ་ནི། དབུགས་ཆེན་འབྱིན་པའི། ལུང་ཆེན་ཐོབ་པའི། རྩལ་ཆེན་རྫོགས་པའི་རྣལ་འབྱོར་རོ། །ལྔ་པ་སྤྱོད་པ་ནི། སྤྱིར་མཉམ་པ་ཉིད་ལ་གཙོ་བོར་སྤྱོད་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །དབྱིངས་དང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །བྱེ་བྲག་ཏུ་དབྱེ་ན། བྱིན་གྱིས་རློབ་དང་། དབང་བསྒྱུར་དང་། ཐབས་ཀྱི་སྤྱོད་པ་གསུམ་སྟེ། སྤྱི་མདོ་ལས། བྱིན་གྱིས་རློབ་ཀྱི་སྤྱོད་པ་དང་། །དབང་སྒྱུར་ཐབས་ཀྱི་སྤྱོད་པ་སྟེ། །དཔེར་ན་ནམ་མཁའ་རྒྱལ་པོའམ། །ཇི་ལྟར་མེ་དཔུང་ཆུ་བོ་འདྲ། །ཞེས་སོ། །དྲུག་པ་འབྲས་བུ་ནི། ཚེ་གཅིག་གིས་འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྲུབ་གྱི་ངོ་བོ་སྐུ་བཞིའི་བདག་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་དེ། ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་པར། །བདེ་བ་ཆེ་དེ་སུ་བསྒོམ་པ། །འབྲས་བུ་ཚེ་འདིར་རྫོགས་འཚང་རྒྱ། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པའི་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་སོ། །གསུམ་པ་མན་ངག་ཨ་ཏི་ཡོ་གའི་ཐེག་པ་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ། དང་པོ་ནི། ཡེ་སངས་རྒྱས་བའི་དོན་རང་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས། སྤང་བླང་རེ་དོགས་དང་བྲལ་བའི་རང་བཞིན་ཅན་ནོ། །གཉིས་པ་ནི། ཨ་ཏི་ཡོ་ག་སྟེ། བསྐྱེད་རྫོགས་གཉིས་ཀའི་རྫོགས་རིམ་མཐར་ཐུག་པ་ཡིན་པའི་ཕྱིར་དང་། ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པའི་ཕྱིར་ཤིན་ཏུ་རྣལ་འབྱོར་རོ། །གསུམ་པ་དབྱེ་ན་དྲུག་གི། དང་པོ་འཇུག་སྒོ་ལ་གཉིས་ལས། དང་པོ་དབང་ནི། རིག་པའི་རྩལ་དབང་ལ་སོགས་པས་སྨིན་པར་བྱས་པའོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། ཅི་ཡང་འཇུག་ཏུ་མེད་པའི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཆོས་ལ་བྱ་རུ་མེད་པའི་ཕྱིར། །རྩོལ་བ་མེད་པའི་སྒོ་ནས་འཇུག །ཅེས་སོ། །གཉིས་པ་ལྟ་བ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངོ་བོར་བྱ་རྩོལ་མེད་པར་ཡེ་ནས་སངས་རྒྱས་པར་འདོད་དེ། ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩོལ་མེད་ལས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་དང་། ཁྱུང་ཆེན་ལས། རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི། མེད་པ་དང་ཕྱལ་བ་ལ་སོགས་པའི་དམ་ཚིག་ལས་མི་འདའ་བར་བྱ་བ་སྟེ། ཡང་འབྱེད་འཕྲུལ་ལྡེ་ལས། ཨ་ཏི་ཡོ་གའི་དམ་ཚིག་ནི། །མེད་པ་དང་ནི་ཕྱལ་བ་དང་། །གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །དེ་ཡི་དོན་ལས་འདའ་མི་བྱ། །ཞེས་སོ། །བཞི་པ་བསྒོམ་པ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་པ་ལྟར། རིག་སྟོང་ཆོས་སྐུའི་ངང་དུ་འཇོག་པ་སེམས་སྡེ། ཆོས་ཉིད་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ཀློང་སྡེ། ཡེ་གྲོལ་སྤང་བླང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་འཇོག་པ་མན་ངག་སྡེའོ། །དེའང་སྤྱིར་རྫོགས་པ་ཆེན་པོའི་ལུགས་ཀྱི་བསྒོམ་པ་ནི། ཁྲེགས་ཆོད་དང་། ཐོད་རྒལ་གཉིས་སུ་འདུ་སྟེ། མུ་ཏིག་ཕྲེང་བ་ལས། ཉམས་བླངས་ཁྲེགས་ཆོད་ཐོད་རྒལ་ལོ། །ཞེས་སོ། །དེ་ལས་དང་པོ་ནི། ཀ་དག་གི་ལྟ་བའི་ངང་ལས་མ་གཡོས་པར་འཇོག་པ་སྟེ། ཁྱུང་ཆེན་ལས། ལྷུན་གྱི་གནས་པས་བཞག་པ་ཡིན། །ཞེས་དང་། སློབ་དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགག་མེད་པ་ནམ་མཁའ་འདྲ། །ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས། །དེ་ཉིད་མ་བཙལ་བཞག་ན་བསྒོམ་པ་ཡིན། །ཞེས་ཨ་ཏི་ཟབ་དོན་སྙིང་པོར་གསུངས་སོ། །དེ་ལྟར་བསྒོམས་པས་ལམ་གྱི་བསྐྱེད་རིམ་བཞི་སྟེ། གནས་དང་མི་གཡོ་མཉམ་ཉིད་ལྷུན་གྱིས་གྲུབ། །ཅེས་གསུངས་པའི་ཕྱིར། གཉིས་པ་ཐོད་རྒལ་ནི། གནད་དྲུག་ལ་བརྟེན་ནས་སྣང་བཞི་རིམ་པར་འཆར་བ་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བས་མཐར་ཕྱིན་པའོ། །ལྔ་པ་སྤྱོད་པ་ནི། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་བླང་དོར་མེད་པར་སྤྱོད་པ་སྟེ། ནམ་མཁའ་ཆེ་ལས། བྱ་བ་མེད་བས་ལས་རྣམས་ཟིན། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། ཨ་ཏི་ཡོ་གའི་སྤྱོད་པ་ནི། །ལྟ་སྒོམ་སྲོག་དང་ལྡན་པ་ཡིས། །ཤུགས་ལས་བྱུང་བའི་སྤྱོད་པ་ནི། །ཇི་ལྟར་སྨྱོན་པའི་སྤྱོད་པ་བཞིན། །གང་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་སོ། །དྲུག་པ་འབྲས་བུ་ནི། ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་གནས་པ་མཐར་ཕྱིན་པ་སྟེ། གདིང་བཞི་ཚད་དུ་ཕྱིན་པས་འཁོར་བ་མྱང་འདས་སུ་གྲོལ་བའོ། །དེ་ལྟར་ཡང་། ཡང་འབྱེད་ལས། རྫོགས་ཆེན་ཨ་ཏིའི་འབྲས་བུ་ནི། །གདོད་ནས་སྙིང་པོ་བྱང་ཆུབ་ཏུ། །ཐོབ་མེད་འབྲས་བུ་རང་ལ་སྨིན། །ཞེས་གསུངས་སོ། །གཉིས་པ་ལ། གོང་མ་རྣམས་ཀྱི་བཞེད་གཞུང་དགོད་པ། དེ་དག་གི་དགོངས་པ་ལ་བརྟག་པ། རང་གི་རྟོགས་པ་བརྗོད་པ་དང་གསུམ། དང་པོ་ནི། དགོངས་པ་མི་མཐུན་པ་མང་སྟེ། བསྡུ་ན། མན་ངག་རྫོགས་པ་ཆེན་པོར་བཀྲལ་བ་དང་། བསྐྱེད་པ་མ་ཧཱ་ཡོ་གར་བཀྲལ་བའི་ལུགས་གཉིས་སུ་འདུ་བ་ལས། དང་པོ་ནི། སློབ་དཔོན་ཉི་འོད་སེང་གེ་དང་ཀུན་མཁྱེན་ཆོས་རྗེའི་དགོངས་པ་སྟེ། དེའང་རྒྱ་ཆེར་འགྲེལ་དུ། རྒྱུད་འདིའི་གནས་སྐབས་སུ་རང་བཞིན་རྫོགས་པ་ཆེན་པོའི་རང་བཞིན་ལས། གང་ཡང་དབྱེར་མེད་པའི་ཕྱིར། ཞུ་བ་པོ་དང་། སྟོན་པ་པོ་སོ་སོར་མ་ཕྱེ་སྟེ། འདི་སྐད་བཤད་པའི་དུས་ན། ཞེས་སྨོས་སོ། །ཞེས་གསུངས་ལ། དེ་ལྟ་ནའང་། འགྲེལ་བ་འདིར་རྒྱུད་དོན་ཕལ་ཆེར་བརྗོད་བྱའི་ཚིག་རེའང་མ་ཧཱ་ཡོ་ག་དང་། ཨ་ཏི་ཡོ་གའི་དབང་དུ་བྱས་ནས་འགྲེལ་ཚུལ་གཉིས་གཉིས་སྣང་ངོ་། །ཀུན་མཁྱེན་ཆོས་རྗེ་ནི། རྫོགས་ཆེན་ལའང་བསྐྱེད་རྫོགས་གཉིས་མེད་སེམས་དང་ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་དུ་བསྟན་པ་དང་། བསྐྱེད་པ་དང་རྫོགས་པ་ལ་མི་ལྟོས་པར་སེམས་ཉིད་ཡེ་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་གསུམ་ལས། འདིར་དང་པོ་ཉིད་དོ་ཞེས་བཞེད། གཉིས་པ་ནི། སྒེག་རྡོར། སངས་རྒྱས་གསང་བ། གནུབས་ཆེན་སོགས་དང་། ཟུར་བའི་བཀའ་སྲོལ་འཛིན་པ་ཕལ་ཆེ་བའི་དགོངས་པ་སྟེ། དེའང་སངས་རྒྱས་གསང་བའི་ལམ་རིམ་ཆེ་ཆུང་ལ་སོགས་པར་མ་ཧཱ་ལྟར་བཀྲལ་ཞིང་། གནུབས་ཀྱི་རྣལ་འབྱོར་མིག་གི་བསམ་གཏན་གྱི་འགྲེལ་བར་མ་ཧཱའི་འདོད་གཞུང་འཆད་པའི་ཚེའང་རྒྱུད་འདི་ལ་བརྟེན་ནས་བཤད་པ་མཛད་ལ། སློབ་དཔོན་སྒེག་པ་རྡོ་རྗེ་ནི། མ་ཧཱ་ལ་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཕྱེ་བ་ལས། དེ་གསུམ་ཀའི་སྤྱི་རྒྱུད་དུ་བཞེད་དེ། སྤར་ཁབ་ལས། དཔལ་གསང་བ་འདུས་པ་ལ་སོགས་པ་ཐབས་ཀྱི་རྒྱུད་དང་། དཔལ་བདེ་བའི་མཆོག་ལ་སོགས་པ་ཤེས་རབ་རྒྱུད་དང་། དཔལ་སངས་རྒྱས་འབྱུང་བ་ལ་སོགས་པ་མ་ནིང་གི་རྒྱུད་དོ། །དེ་ལས་དཔལ་གསང་བའི་སྙིང་པོ་འདི་ནི། ཐམས་ཅད་ཀྱི་དོན་དང་རྒྱུ་འབྲས་ཚང་བར་འབྱུང་བའི་ཕྱིར། རྒྱུད་ཐམས་ཅད་ཀྱི་སྤྱི་ཡིན་པར་གསུངས་སོ། །ཞེས་དང་། རྗེ་སྒྲོ་ཕུག་པ་དང་སྒྲོལ་གཡུང་རྣམ་གཉིས་ཀྱི་ཁོག་དབུབ་ལས་ཀྱང་དེ་ལྟར་འབྱུང་ངོ་། །ལྷ་རྗེ་སྣར་སྟོན་ནི། རྫོགས་པ་སྟོན་དུ་རུང་ཡང་བསྐྱེད་པའི་རིམ་པ་ཤས་ཆེ་བས་མ་ཧཱ་ཡོ་ག་སྟེ། ཞེས་གསུངས། ཡང་འགའ་ཞིག །མ་ཧཱ་ཡོ་ག་ལ་གསུམ་དུ་ཕྱེ་བའི་གཉིས་མེད་ཀྱི་རྒྱུད་དུ་བཞེད། དེའང་གཉིས། ལྷ་རྗེ་རོག་ནི། ཐབས་ཤེས་ཟབ་པ་དང་། རྒྱ་ཆེ་བ་གཉིས་སུ་མེད་པར་སྟོན་པའི་ཕྱིར་གཉིས་མེད་དོ་གསུང་། ཉང་ཊཱིཀ་པ། ལྟ་ཕྲེང་ལྟར་རྣལ་འབྱོར་ཆེན་པོའི་ཚུལ་ལའང་གསུམ་དུ་ཕྱེ་བའི་འདི་མ་ཧཱའི་ཨ་ཏིའོ་གསུང་། དེ་ལྟར་ན་འགྲེལ་བ་ཉི་སེང་གིས་ཨ་ཏིར་བཀྲལ་བའང་དེར་འགྱུར་རམ་སྙམ་ཏེ། དེ་དང་ལྟ་ཕྲེང་གི་ཨ་ཏིར་འཇོག་པའི་དགོངས་པ་ཤས་ཆེར་མཐུན་པའི་ཕྱིར། གཉིས་པ་ལས། ཨ་ཏི་དང་མ་ཧཱར་འདོད་པའི་ཕྱོགས་གཉིས་ལ་ལོག་རྟོག་བསལ་བ། ནང་ཚན་གྱི་དབྱེ་བ་ཕྲ་མོས་སྤྱིའི་ལུས་ཀྱི་དབྱེ་བ་ཕྱེ་ན་ཐུག་མེད་དུ་འགྱུར་བར་བསྟན་པའོ། །དང་པོ་ནི། གོང་མ་རྣམས་ཀྱི་ཨ་ཏིར་བཀྲལ་བ་ཕལ་ཆེར་མ་ཧཱའི་ནང་གསེས་ཀྱི་གསུམ་དུ་ཕྱེ་བ་ལ་དགོངས་པའམ། ཡང་ན་ཤེར་ཕྱིན་སྔགས་ལུགས་སུ་བཀྲལ་བ་ལྟར་མ་ཧཱའི་གཞུང་ཨ་ཏིའི་ལུགས་སུ་བཀྲལ་བར་མངོན་ལ། གཞན་དུ་རྒྱུད་ལུང་མན་ངག་གསུམ་སྤྱིའི་དབྱེ་བས་ཕྱེ་བའི་ཨ་ཏིར་བཞེད་པའོ་སྙམ་དུ་རྟོགས་ན་མི་རིགས་ཏེ། རྣལ་འབྱོར་མིག་གི་བསམ་གཏན་ལས། སྔགས་ནང་པས་གསོལ་པ། རང་རིག་པ་གཉིས་སུ་མེད་པ་དེ་བཞིན་ཉིད་ཀྱི་ངང་དུ་གསལ་བ་ལ། སྣང་ན་སྣང་དུ་ཟད་དེ་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷའི་དཀྱིལ་འཁོར་ལགས་པའི་དོན་དེ་ལས་ལྷག་པ་ཅི་བཙལ། ཞེས་པའི་ལན་དུ། ཨ་ཏིས། དེ་བཞིན་ཉིད་དུ་གཉིས་སུ་མེད་པ་ལ། །སྐུར་བྱེད་དོན་བྱེད་རྩོལ་བ་བཅུག་པས་ནོར། །བྱ་མེད་ཏིང་འཛིན་དོན་ལ་ནམ་ཡང་རེག་མི་ནུས། །དེ་ཕྱིར་ལྷུན་གྲུབ་རྒྱལ་པོ་ང་ཉིད་གཅིག་པུར་བྱུང་། །ཞེས་དང་། ཀུན་བྱེད་ལས། མ་ཧཱ་རྡོ་རྗེ་འཆང་འདོད་པས། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས། །ཞེས་སོགས་རྒྱས་པར་གསུངས་པས་གནོད་པའི་ཕྱིར་དང་། སོ་སོའི་བཀོལ་མདོར་སྨོས་པ་ལྟར་ཀྱི་ཨ་ཏིའི་སྒོས་ཆོས་རྣམས་ཀྱང་གཞུང་འདིས་གཙོ་བོར་མི་སྟོན་པའི་ཕྱིར་དང་། སློབ་དཔོན་བརྒྱ་བྱིན་སྡོང་པོའི་མཉམ་སྦྱོར་གྱི་འགྲེལ་པ་རྒྱུད་དོན་རྣམས་བཤད་ལས་ཀྱང་། གསང་སྔགས་ཀྱི་རྒྱུད་མཐའ་དག་བསྡུ་ན། མཚོན་བྱ་གཞིའི་རྒྱུད་དང་། མཚོན་བྱེད་ཡི་གེའི་རྒྱུད་དོ། །མཚོན་བྱེད་ཀྱི་རྒྱུད་ལ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དོ། །དེ་ལ་བསྐྱེད་རྫོགས་རྣམ་པ་གསུམ་དུ་ཕྱེ་སྟེ། དང་པོ་རྒྱུད་ཀྱི་རྣམས་གྲངས་བཅོ་བརྒྱད་དུ་གསུངས་པ་ལས། ཞེས་ཏནྟྲ་བཅོ་བརྒྱད་པོ་རྒྱུད་ལུང་མན་ངག་གསུམ་ལས། རྒྱུད་དུ་གསུངས་པའི་ཕྱིར་དང་། བསྐྱེད་རྫོགས་གསུམ་མི་ཡུལ་དུ་བབས་པས་གནས་ཐ་དད་པར་གསུངས་པ་ལས། མ་ཧཱ་ནི་རྒྱལ་པོ་ཛཿའི་ཁང་སྟེང་དུ་གླེགས་བམ་དང་བཅས་ཏེ་བབས་པར་གྲགས་པ་ལྟར། འདིའང་དེར་བབས་པར་བཤད་པ་སོགས་ཀྱིས་གནོད་པའི་ཕྱིར་རོ། །ཡང་མ་ཧཱ་ཡོ་ག་ཉིད་དུ་བཞེད་པའི་ཕྱོགས་ཀྱི་དགོངས་པ་འགྲེལ་ཚུལ་ལའང་བརྟག་པར་བྱ་བ་འདི་ཡོད་དེ། སྤར་ཁབ་ལས་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་ཀའི་སྤྱིར་བཞེད་པ་ཉིད། གཉིས་མེད་ཀྱི་རྒྱུད་ཀྱི་གོ་དོན་ཕ་མ་གཉིས་ཆ་མཉམ་པར་སྟོན་པ་ལ་བཞག་པ་ལྟར། དེ་གཉིས་ཀྱི་དོན་ཚང་བར་བསྟན་པས་གཉིས་མེད་ཀྱི་རྒྱུད་ཀྱི་དོན་ཀྱང་བསྟན་པར་འགྱུར་བའི་ཕྱིར། ཆེ་བའི་ངོས་ནས་དེ་གསུམ་གྱི་སྤྱི་རྒྱུད་ཅེས་སྨོས་པ་ལས། ངོ་བོ་གཉིས་མེད་ཀྱི་རྒྱུད་ཡིན་པར་དགོངས་སོ་ཞེས་བཤད་ན་ལེགས་པར་མངོན་ལ། གཞན་དུ་ན་རྒྱུད་ཐམས་ཅད་ཀྱི་སྤྱི་ཞེས་པའང་། ནང་རྒྱུད་སྡེ་གསུམ་ཁོ་ནའི་སྤྱི་རྒྱུད་དུ་བཞེད་པ་མ་ཡིན་ཏེ། འདི་ཉིད་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། ཞེས་དང་། ལེ་ལག་ལས། ལུང་གི་སྤྱི་འདི་ཤིན་ཏུ་ཟབ་པའི་ཕྱིར། །ཞེས་དང་། འགྲེལ་བ་མངོན་རྟོགས་ལས། ལུང་གི་སྤྱི་རུ་གྲགས་པ་ཡི། རྣམ་པར་དབྱེ་བ་ལྔ་རུ་འགྱུར། །ཞེས་སོགས་དང་དགོངས་པ་མཐུན་པ་སྟེ། ཐམས་ཅད་ཀྱི་དོན་དང་རྒྱུ་འབྲས་ཚང་བར་འགྱུར་བའི་ཕྱིར། ཞེས་གསུངས་པས་སོ། །དེ་བས་ན། ཆེ་བའི་ངོས་ནས་ལུང་ཐམས་ཅད་ཀྱི་སྤྱི་དང་། རང་གི་ངོ་བོ་གཉིས་མེད་ཀྱི་རྒྱུད་དུ་གཞག་པར་བྱ་སྟེ། དཔེར་ན་གསང་འདུས་ཀྱི་རྒྱུད་ཉིད། མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ཀྱི་སྣོད་དང་རྩ་བར་གསུངས་ཤིང་། ངོ་བོ་ཕ་རྒྱུད་དུ་བཞེད་པ་བཞིན་ནོ། །ཡང་ཁ་ཅིག་ན་རེ། རྒྱུད་འདི་མ་ཧཱར་འདོད་པ་མི་རིགས་ཏེ། ལྟ་ཕྲེང་ལས་བསྐྱེད་རྫོགས་གསུམ་གྱི་རྫོགས་པ་ཆེན་པོའི་སྐབས་སུ་རྒྱུད་འདི་དང་སྦྱར་ནས། རྟོག་ཚོགས་ལྷར་དག་ཚུལ་དང་། རྟོགས་པ་བཞི་ཡི་གཏན་ཚིགས་དང་། མཚན་ཉིད་གསུམ་སོགས་སྟོན་པས་གནོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ལྟ་ཕྲེང་གི་རྫོགས་པ་ཆེན་པོའི་དོན་ནི། མ་ཧཱ་ལ་གསུམ་དུ་ཕྱེ་བའི་ཨ་ཏི་ཡིན་པར་ཉང་ཊཱིཀ་པ་བཞེད་པ་ལྟར་འཆད་པའི་ཕྱིར་དང་། དེར་བཞག་པའི་རྫོགས་ཆེན་གྱི་དོན་དེ་དག་ཤས་ཆེར་འདུས་པ་སོགས་ལས་ཀྱང་སྟོན་པའི་ཕྱིར་དང་། ལྟ་ཕྲེང་ནི་མ་ཧཱའི་གྲོལ་ལམ་ཅིག་ཅར་སྟོན་པའི་གཞུང་དུ་རྗེ་སྒྲོ་ཕུག་བཞེད་པར་གྲགས་ཤིང་གྲུབ་པའི་ཕྱིར་རོ། །ཡང་ཁོ་ན་རེ། མ་ཧཱ་ལ་ནང་གསེས་ཀྱི་བསྐྱེད་རྫོགས་གསུམ་དུ་ཕྱེ་བ་དེ་འདྲ་མི་རིགས་ཏེ། དེ་ལྟར་འབྱེད་རིགས་པའི་ཚད་མ་མེད་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། ཀུན་ཁྱབ་ཀྱི་ཚད་མ་གསུམ་གྱིས་འགྲུབ་པའི་ཕྱིར། དེ་ལ་ལུང་ནི། འདི་ཉིད་ལས། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་དང་། དགོངས་འདུས་ལས། དབང་སྒྱུར་ཐབས་ཀྱི་ཐེག་པ་ཡང་། །ཡུལ་གྱིས་རྣམ་པར་གསུམ་སྣང་སྟེ། །བསྐྱེད་དང་རྫོགས་དང་ཡོངས་སུ་རྫོགས། །ཞེས་སོ། །མན་ངག་ནི། བདེ་འདུས་སྒྲུབ་པ་ལུང་གི་བཀའ་འགོ་ལས། ཡོ་ག་རྣམ་གསུམ་ལ་དགུ་དགུར་བཀའ་སྩལ་བའི། མ་ཧཱའི་མ་ཧཱ་ནི་ལྷའི་དཀྱིལ་འཁོར་རིམ་པས་བསྐྱེད་པའོ། །མ་ཧཱའི་ཨ་ནུ་ནི་རང་བཞིན་གྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའོ། །མ་ཧཱའི་ཨ་ཏི་ནི་དོན་དམ་ངོ་བོ་མ་སྐྱེས་པའོ། །ཞེས་སོགས་དང་། གསང་སྔགས་བཀའི་ལྡེ་མིག་ལས་ཀྱང་གསང་སྔགས་ཐམས་ཅད་རྒྱུད་ལུང་མན་ངག་གསུམ་དུ་ཕྱེ། དེ་རེ་རེ་ལའང་གསུམ་གསུམ་དགུར་ཕྱེ་སྟེ། རྒྱུད་ཀྱི་རྒྱུད། རྒྱུད་ཀྱི་ལུང་། རྒྱུད་ཀྱིི་མན་ངག །ཅེས་སོགས་གསུངས་སོ། །རིགས་པ་ནི། རྒྱུད་འདིར་བསྟན་གྱི་ཨ་ནུ་ཨ་ཏི་དང་། དགོངས་འདུས་ཀྱི་ཨ་ཏི་གཉིས། དེ་དང་དེའི་ནང་གསེས་ཀྱི་ཨ་ནུ་དང་ཨ་ཏིར་བཞག་དགོས་ཏེ། གཞན་དུ་འོག་མས་གོང་མའི་དོན་མི་མཐོང་བར་བཞེད་པའི་བསྟན་པ་སྤྱི་སྐད་ཀྱི་ཕྱག་རྒྱ་ལས་འདས་པར་འགྱུར་བའི་ཕྱིར་དང་། གསང་སྔགས་ཕྱི་འགྱུར་བ་ལ་གྲགས་པ་ལྟར། ཕ་རྒྱུད་འདས་པ། མ་རྒྱུད་བདེ་མཆོག །གཉིས་མེད་ཀྱི་རྒྱུད་དུས་འཁོར་ལ་སོགས་པ་དེ་དག་ཀྱང་། སྔ་འགྱུར་རང་སྐད་ཀྱི་མ་ཧཱ་ལ་གསུམ་དུ་ཕྱེ་བའི་མ་རྒྱུད་སོགས་མ་ཡིན་ནོ་ཞེས་འདོད་དགོས་པར་འགྱུར་བའི་ཕྱིར། བདེ་མཆོག་སོགས་མདོ་དང་། དུས་འཁོར་སོགས་ཨ་ཏིར་ཐལ་བ་བཟློག་ཏུ་མེད་དོ། །དེའི་ཕྱིར་འདི་ཉིད་ལས། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཞེས་པའི་སྐབས་ཀྱི་འགྲེལ་ཆུང་བིན་ཏརྠར། ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བའི་རྒྱུད་དང་གཉིས་ཀའི་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པ་ཡི། །རྣམ་ཐར་བརྒྱད་ཕྱིར་རྟ་བབས་བརྒྱད། །ཅེས་རྫོགས་པ་མན་ཆད་བགྲོད་ནས་ཐོབ་བྱ་དོན་གྱིས་རྫོགས་ཆེན་དུ་བཤད་པའང་། མ་ཧཱའི་རྫོགས་ཆེན་རྒྱུད་འདི་ཉིད་ལ་དགོངས་པའི་ཕྱིར་རོ། །གཉིས་པ་ནི། ལྟ་སྒོམ་སྤྱོད་པ་སོགས་ལ་མི་འདྲ་བའི་ཁྱད་པར་སྔར་སྨོས་པ་ལྟར་བསྐྱེད་རྫོགས་གསུམ་ཀ་ལ་ཡོད་པའི་ཕྱིར། དེ་རྣམས་གང་གཙོ་བོར་སྟོན་པའི་སྒོ་ནས་དབྱེ་བར་བྱ་བར་ཡིན་གྱི། ཕྱོགས་རེ་ནས་བཟུང་སྟེ་བསྐྱེད་རྫོགས་གསུམ་སྤྱིའི་ལུས་ཀྱི་དབྱེ་བ་ཕྱེ་ན་ཐུག་མེད་དུ་འགྱུར་ཏེ། བསྐྱེད་རྫོགས་གསུམ་འགལ་བ་མ་ཡིན་པའི་གནད་ཀྱིས་བཀའ་སྒྱུ་འཕྲུལ་དྲྭ་བ་ལྟ་བུ་གཅིག་གི་ནང་དུའང་དེ་གསུམ་ཀ་ཚང་བར་ངེས་པའི་ཕྱིར། དེ་ལྟར་ཡང་བདུད་རྩི་བམ་བརྒྱད་ལས། རྒྱུད་དང་ལུང་དང་མན་ངག་གསུམ། །དམངས་དང་རྗེ་དང་རྒྱལ་པོའི་ཚུལ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང་། །ཞེས་སོ། །གསུམ་པ་རང་གི་རྟོགས་པ་བརྗོད་པ་ནི། རྒྱུད་གཞུང་འདི་ཉིད་མ་ཧཱ་ཡོ་ག་ལ་གསུམ་དུ་ཕྱེ་བའི་གཉིས་མེད་ཀྱི་རྒྱུད་དུ་ངོས་བཟུང་ངོ་། །དེ་ལྟར་ན། དེར་འཇོག་བྱེད་ཀྱི་ཁུངས་དང་། ཁྱད་པར་ཅི་ཞིག་ཡོད་ཅེ་ན། ལན་དུ། ཁུངས་སྨོས་པ་དང་། ཁྱད་པར་བསྟན་པ་གཉིས་ལས། དང་པོ་ནི། དུར་ཁྲོད་བདེ་བའི་དཔེ་ཆུང་རང་གནས་ལས། ཐབས་དང་ཤེས་རབ་མ་ནིང་རྒྱུད། །བསྟན་པའི་ཡིག་ལམ་རྐྱེན་དུ་གསུངས། །ཞེས་པའི་འགྲེལ་བར་བི་མ་ལས། དཔལ་བདེ་མཆོག་དང་། དེ་བཱི་ཛཱ་ལ་སོགས་ཤེས་རབ་ཀྱི་རྒྱུད་དང་། དཔལ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་ཐབས་ཀྱི་རྒྱུད་དང་། དཔལ་གསང་བའི་སྙིང་པོ་སོགས་མ་ནིང་གི་རྒྱུད་ཡི་གེར་བཀོད་པ་དག་ནི་ངོ་བོའི་རྐྱེན་དུ་ངེས་ཏེ། ཞེས་དང་། བདེ་འདུས་གསང་སྔགས་བཀའི་ལྡེ་མིག་ཏུ་རྒྱུད་ལུང་མན་ངག་གསུམ་དགུ་ཕྲུགས་སུ་ཕྱེ་བའི་སྐབས་སུ། ཇི་སྐད་དུ། རྒྱུད་ཀྱི་མན་ངག་ནི། སེམས་དང་ཡེ་ཤེས་རང་སྣང་དབྱེར་མེད་གསང་བའི་སྙིང་པོ་ལ་རྒྱས་འབྲིང་ལྔ་སྟེ། ཞེས་སོ། །གཉིས་པ་ལ། གཅོ་བོ་དང་། ཕལ་པ་གཉིས། དང་པོ་ནི། ལྟ་ཕྲེང་ལས། དེ་ལ་བསྐྱེད་པའི་ཚུལ་ནི། ཏིང་འཛིན་རྣམ་གསུམ་རིམ་གྱིས་བསྐྱེད་ནས། དཀྱིལ་འཁོར་རིམ་གྱིས་བཀོད་ཅིང་བསྒོམས་པས་འགྲུབ་པའོ། །རྫོགས་པའི་ཚུལ་ནི། དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་། རྣམ་པར་མི་རྟོག་པའི་དོན་དབུ་མ་ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོས་ལ། ཀུན་རྫོབ་ཏུ་འཕགས་པའི་གཟུགས་ཀྱི་སྐུ་ཡང་གསལ་བར་བསྒོམ་ཞིང་མཉམ་ལ་མ་འདྲེས་པར་བསྒོམས་པས་འགྲུབ་པའོ། །རྫོགས་པ་ཆེན་པོའི་ཚུལ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རང་བཞིན་ཡེ་ནས་ཡིན་པར་རྟོགས་ནས་བསྒོམ་པ་སྟེ། ཞེས་གསུངས་པ་ལྟར། འདིར་ཆོས་ཐམས་ཅད་རང་བཞིན་གྱིས་དཀྱིལ་འཁོར་དུ་རྟོགས་ནས་བསྒོམ་པ་གཙོ་བོར་སྟོན་པའི་ཕྱིར་དང་། རྫོགས་རིམ་གྱི་སྐབས་སུ། གསང་དབང་གི་ལམ་ཐབས་ལམ་སྣ་ཚོགས་གཙོ་བོར་སྟོན་པ་ཕ་རྒྱུད། ཤེས་རབ་ཡེ་ཤེས་ཀྱི་ལམ་འོག་སྒོ་ལས་རྒྱའི་རྣལ་འབྱོར་གཙོ་བོར་སྟོན་པ་མ་རྒྱུད། དབང་བཞི་པའི་ལམ་རྫོགས་པ་ཆེན་པོ་གཙོ་བོར་སྟོན་པ་གཉིས་མེད་ཀྱི་རྒྱུད་དུ་བཞེད་པ་ལས། འདིར་ཐབས་ལམ་སྟེང་འོག་གི་སྒོ་གཉིས་ཀྱང་ཆ་སྙོམས་པར་སྟོན་ཅིང་། ཁྱད་པར་དབང་བཞི་པའི་ལམ་གཙོ་བོར་སྟོན་པའི་ཕྱིར་གཉིས་མེད་ཀྱི་རྒྱུད་དོ། །གཉིས་པ་ནི། ཐབས་ཀྱི་དེ་ཁོ་ཉིད་རྒྱ་ཆེ་བ་གཙོ་བོར་སྟོན་པ་ཕ་རྒྱུད། ཤེས་རབ་ཀྱི་དེ་ཉིད་ཟབ་པ་གཙོ་བོར་སྟོན་པ་མ་རྒྱུད་ལས། འདིར་དབང་དང་ཕྲིན་སྒྲུབ་སོགས་རྒྱ་ཆེ་བ་དང་། རྫོགས་རིམ་སོགས་ཟབ་ལམ་དག་གཉིས་སུ་མེད་པར་སྟོན་པའི་ཕྱིར་དང་། ལྷ་རྣམས་ཀྱི་རྣམ་པའང་ཆ་ལུགས་ཀྱི་ཁྱད་པར་ཞི་བའི་དཀྱིལ་འཁོར་དུ་ཕ་རྒྱུད་ལྟར་སྟོན་ཀྱང་། ཁྲོ་དཀྱིལ་དུ་མ་རྒྱུད་ལྟར་སྟོན་པའི་ཕྱིར་གཉིས་མེད་ཀྱི་རྒྱུད་དུ་གཞག་པར་བྱའོ། །གསུམ་པ་རྗོད་བྱེད་རྒྱུད་ཀྱི་ཁྱད་པར་ལ་ཕྱི་ནང་གི་རྒྱུད་སྡེ་སྤྱིར་བཤད་པ་དང་། སྒྱུ་འཕྲུལ་དྲྭ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཀྲི་ཡའི་རྒྱུད་ལ་སྤྱི་བྱེ་བྲག་གཉིས་ལས། སྤྱི་རྒྱུད་ནི་བཞི་སྟེ། གསང་བ་སྤྱི་རྒྱུད། ལེགས་གྲུབ། དཔུང་བཟང་། བསམ་གཏན་ཕྱི་མའོ། །བྱེ་བྲག་ནི། འཇིག་རྟེན་ལས་འདས་པའི་རིགས་གསུམ་དང་། འཇིག་རྟེན་པའི་རིགས་ལ་ནོར་བུའི། གླང་པོའི། ལྔས་རྩེན་གྱི། བལ་གླང་གི། ཕལ་པའི་རིགས་ཏེ། རིགས་དྲུག་གི་སོ་སོའི་རྒྱུད་མང་དུ་བཞུགས་པ་རྣམས་སོ། །སྤྱོད་པའི་རྒྱུད་ནི། རྣམ་སྣང་མངོན་བྱང་། ཕྱག་རྡོར་དབང་བསྐུར། རྗོ་རྗེ་ས་འོག་གི་རྒྱུད་ལ་སོགས་པའོ། །ཡོ་ག་ལ། རྩ་རྒྱུད་དེ་ཉིད་བསྡུས་པ། བཤད་རྒྱུད་རྩེ་མོ་དང་དཔལ་མཆོག །ཆ་མཐུན་གྱི་རྒྱུད་སྤྱོད་རྒྱུད་ལ་སོགས་པའོ། །རྣལ་འབྱོར་ནང་པ་ལ། རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས། དང་པོ་ལ། བསྐྱེད་རྫོགས་གསུམ་ལས། མ་ཧཱ་ནི་སྤྱིར་ཏནྟྲ་སྡེ་བཅོ་བརྒྱད་ལས་ཁ་ཅིག་མ་གཏོགས་པ་སྟེ། གསང་འདུས་སོགས་ཕ་རྒྱུད། མཉམ་སྦྱོར་སོགས་མ་རྒྱུད། སྐུ་འཕྲུལ་དྲྭ་བ་སོགས་གཉིས་མེད་ཀྱི་རྒྱུད་དོ། །ཨ་ནུ་ལ། ཀུན་འདུས། ཁུ་བྱུག་རོལ་པ། རྔམ་གློག །སེམས་ལུང་ཆེན་མོ་སྟེ་མདོ་བཞི་དང་། དེམས་སུ་གྲགས་པ་སྤྱི་མདོ་དགོངས་འདུས་ལ་སོགས་པ་རྣམས་སོ། །ཨ་ཏི་ལ། ཀུན་བྱེད། དང་། སེམས་སྡེ་མ་བུ་བཅོ་བརྒྱད་སོགས་སེམས་སྡེ། ཡེ་ཤེས་གསང་བ་སོགས་ཀློང་སྡེ། རྒྱུད་བཅུ་འདུན་ལ་སོགས་པ་མན་ངག་གི་སྡེའོ། །གཉིས་པ་ནི། བཀའ་བརྒྱད་སྤྱི་སྒོས་ཀྱི་རྒྱུད་རྣམས་སོ། །གཉིས་པ་ལ། རྒྱུད་ཀྱི་མཚན་གཞིའི་དབྱེ་བ་དང་། དེ་དག་གི་ཡན་ལག་རྩི་ཚུལ་ལོ། །དང་པོ་ནི། ཟུར་ལུགས་པ་ཕལ་ཆེར། སྒྱུ་འཕྲུལ་སྡེ་བརྒྱད་དང་། བཤད་རྒྱུད་སྡེ་བཞིར་དབྱེར་བར་མཛད་དེ། དེ་ལ་སྡེ་བརྒྱད་ནི། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་རྩ་བའི་རྒྱུད་གསང་བ་སྙིང་པོ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ་དྲྭ་བ། དཀྱིལ་འཁོར་རྫོགས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་ལས་རྫོགས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་བརྒྱད་ཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་དྲྭ། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་བརྒྱད་དོ། །བཤད་རྒྱུད་སྡེ་བཞི་ནི། གྲོལ་ལམ་རིམ་ཅིག་ཅར་དུ་སྟོན་པ་ཡེ་ཤེས་སྙིང་པོ་དང་། རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་ཅིག་ཅར་དུ་སྟོན་པ་རྒྱ་མཚོ་དང་། ཐལ་རྒྱུད་དོ། །ལྷ་རྗེ་སེ་སྟོན། རོལ་པ་ཆེན་པོ་བཤད་རྒྱུད་བཞིའི་གྲས་སུ་བགྲངས་ནས། ཡེ་ཤེས་སྙིང་པོ་དེ་བཞི་གའི་བསྡུས་རྒྱུད་དུ་བཞེད། གླན་ཊཱི་ཀ་པ་དང་། ཀུན་མཁྱེན་ཆེན་པོ་ནི། སྒྱུ་འཕྲུལ་སྡེ་བཞིར་བཞེད་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་དྲྭ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་དྲྭའོ། །རྡོར་སེམས་སྒྱུ་དྲྭ་ལའང་ནང་གསེས་ཀྱི་དབྱེ་ན། རྩ་རྒྱུད་སྙིང་པོ་དང་། བཤད་རྒྱུད་སྡེ་བརྒྱད་དུ་བཞེད་དོ། །གཞན་ཡང་རྡོ་རྗེ་གསང་བའི་སྙིང་པོ་དང་། སྒྱུ་འཕྲུལ་སྙིང་པོ་བཀོད་པ། ཁྲོ་བོ་སྟོབས་ཀྱི་རྒྱུད་སོགས་རྒྱུད་ཕྲན་མང་དུ་བཞུགས་ཤིང་། སྤྱིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་རྒྱ་གར་ལ་ལེའུ་འབུམ་ཕྲག་གཅིག་བཞུགས་པར་གྲགས་སོ། །གཉིས་པ་ལ། ཡན་ལག་བདུན་ལྡན་དུ་དབྱེ་བ་དེ་རྩ་བཤད་གཉིས་སུ་བསྡུ་བའོ། །དང་པོ་ནི། ཧེ་རུ་ཀ་གལ་པོ་ལས། རྩ་བའི་རྒྱུད་དང་བཤད་པའི་རྒྱུད། །ཕྱི་མ་ཕྱི་མར་གྱུར་པ་དང་། །མ་ཚང་ཁ་སྐོང་དཀའ་བ་གཅོད། །ཀལྤ་རྟོག་པ་དུམ་བུ་རྣམས། །ཞེས་པ་ལྟར་བརྩི་ན། ཁྱད་པར་གྱི་མཚན་ཉིད་དང་། མཚན་གཞིའོ། །དང་པོ་ནི། ཐོག་མར་བྱུང་ཞིང་བཤད་གཞིར་གྱུར་པ་ནི་རྩ་རྒྱུད། མ་ཚང་ཁ་སྐོང་བ། དཀའ་བ་གཅོད་པ། འཁྲུགས་པ་སྡེབས་པ་ལ་སོགས་པའི་མཚན་ཉིད་ཅན་ནི་བཤད་པའི་རྒྱུད། རྒྱུད་སྔ་མར་གབ་པ་མངོན་དུ་ཕྱུང་བ་ནི་རྒྱུད་ཕྱི་མ། དེར་ཡང་མི་གསལ་བ་གསལ་བར་བྱེད་པ་ཕྱིར་མའི་ཕྱི་མ། མ་ཚང་བ་ལོགས་སུ་གསུངས་པ་ཁ་སྐོང་གི་རྒྱུད། དཀའ་བ་ལོགས་སུ་བཀྲལ་བ་དཀའ་བ་གཅོད་བ། རྩ་བཤད་ནས་ལོགས་སུ་ཕྱུང་བ་ཀལྤ་དུམ་བུའི་རྒྱུད་དོ། །གཉིས་པ་ལ། རྩ་བའི་རྒྱུད་ནི་ལེའུ་ཉི་ཤུ་རྩ་གཉིས་པ་འདིའོ། །བཤད་པའི་རྒྱུད་ནི། བཤད་རྒྱུད་སྡེ་བཞི་ལ་སོགས་པའོ། །ཕྱི་མའི་རྒྱུད་ནི། གླེགས་བམ་དེ་ཉིད་ཀྱི་ཕྱི་མ་ནི་རྩ་རྒྱུད་ཀྱི་ཕྱི་མ་ལེའུ་ཉེར་གསུམ་པ་དང་ཉེར་བཞི་པ་ལྟ་བུ། གླེགས་བམ་གཞན་གྱི་ཕྱི་མ་ནི་རྒྱས་པའི་ཕྱི་མ་དང་། ཕྱི་མའི་ཕྱི་མ་ལྟ་བུ། དེ་དག་ནི་ཕྱིམའང་ཡིན་ལ་བཤད་རྒྱུད་ཀྱང་ཡིན་ནོ། །མ་ཚང་བ་ཁ་སྐོང་གི་རྒྱུད་ནི། བརྒྱད་ཅུ་པ། བཞི་བཅུ་པ། བརྒྱད་པ། བླ་མ། ལེ་ལག་རྣམས་ཏེ། ཕྱི་མ་ནི་ཀལྤ་དུམ་བུའི་རྒྱུད་ཀྱང་ཡིན་ནོ། །དཀའ་བ་གཅོད་པ་ནི། སྙིང་པོའི་ཕྱི་མ་དང་ཁྲོ་བོ་སྟོབས་པོ་ཆེའི་རྒྱུད་ལྟ་བུའོ། །གཉིས་པ་ནི། དེ་དག་ཀྱང་རྩ་བའི་རྒྱུད་ནི་ལེའུ་ཉེར་གཉིས་པ་སྟེ། གཞན་ཐམས་ཅད་བཤད་རྒྱུད་དུ་བསྡུའོ། །དེ་གཉིས་པོའི་ཁྱད་པར་གྱི་མཚན་ཉིད་ལ། སྔ་རབས་པ་རྣམས་དགོངས་པ་མི་མཐུན་ཏེ། སོ་དར་སྙིང་ན་རེ། བརྗོད་བྱ་མི་གསལ་བ་མུན་པ་ལྟར་གནས་པ་ནི་རྩ་རྒྱུད། གསལ་བྱེད་སྣང་བ་ལྟར་སྟོན་པ་ནི་བཤད་རྒྱུད་དོ་གསུངས། དེ་ལྟར་ན། སྣང་མུན་དང་མཚུངས་པའི་ཕྱིར། རྩ་བཤད་གཉིས་ཕན་ཚུན་འགལ་བར་ཐལ་བས་མི་འཐད་དོ། །ཡང་ཟུར་ལུགས་པ་ཕལ་ཆེར། སྟོན་པའི་བདག་ཉིད་ཀྱིས་གསུངས་པ་རྩ་རྒྱུད། འཆད་པའི་སྐྱེས་བུས་གསུངས་པ་བཤད་རྒྱུད་དོ་གསུངས། དེ་ལྟར་ན་བརྒྱད་ཅུ་པ་སོགས་ཀྱང་རྩ་རྒྱུད་དུ་འགྱུར་ཏེ། རྒྱུད་གསུངས་པའི་གླེང་གཞི་རྩ་རྒྱུད་དང་ཚིག་དོན་ཁྱད་པར་མེད་པའི་ཕྱིར་དང་། སྤར་ཁབ་ཏུ་རྩ་རྒྱུད་ཉིད་ཀྱང་འཆད་པའི་སྐྱེས་བུས་གསུངས་པར་བཞེད་པས་གནོད་དོ། །ཡང་ཉང་ཊཱིཀ་པ་ན་རེ། གཞུང་གཞན་ལ་མ་བརྟེན་པར་དོན་གཞན་བསྐྱེད་ནུས་པ་རྩ་རྒྱུད། རྒྱུད་ཀྱིས་རྒྱུད་ཀྱི་དོན་འགྲོལ་བར་བྱེད་པ་བཤད་རྒྱུད་དོ་གསུངས་པ་མི་འཐད་དོ། །དང་པོ་ལྟར་ན་རིམ་གྱིས་འཇུག་པ་དག་ལམ་སྟེགས་ཀྱི་ཐེག་པ་གཞན་ལ་བརྟེན་མི་དགོས་པར་ཐལ། འདི་ཉིད་ཀྱིས་བསྐྱེད་ནུས་པའི་ཕྱིར། འདོད་མི་ནུས་ཏེ། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པས་གསལ། གཉིས་པ་ལྟར་ན་རྩ་བའི་རྒྱུད་འདི་ཉིད་ཀྱང་བཤད་རྒྱུད་དུ་འགྱུར་ཏེ། ལེའུ་བཅུ་གཅིག་པའི། སྒྲུབ་པའི་ཞག་དང་། ཞེས་པའི་ལེའུ་དགུ་པར། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་སོགས་ཀྱིས་བཀྲལ་བའི་ཕྱིར་རོ། །རོག་བདེ་གཤེགས་ཆེན་པོ་ནི། ཐོག་མར་བྱུང་ཞིང་བཤད་གཞིར་གྱུར་པ་ནི་རྩ་རྒྱུད། རྗེས་ལ་བྱུང་ཞིང་འཆད་བྱེད་དུ་གྱུར་པའི་རྒྱུད་ཀྱི་དངོས་པོ་གཞན་དུ་གྲུབ་པ་ནི་བཤད་རྒྱུད་ཅེས་གསུངས་ཏེ། ལེགས་པར་དགོངས་པའོ། །དེ་ལྟར་ཡང་དུར་ཁྲོད་རྨད་བྱུང་གི་རྒྱུད་ལས། ཐོག་མར་གསུངས་པ་རྩ་བའི་རྒྱུད། །ཕྱིས་ནས་གསུངས་པ་བཤད་པའི་རྒྱུད། །མདོ་ཙམ་བརྗོད་པ་རྩ་བ་ལ། །གསལ་བར་བྱེད་པ་བཤད་པའི་རྒྱུད། །ཅེས་གསུངས་སོ། །གསུམ་པ་ལ། རྩོད་པ་དགོད་པ་དང་། དེ་སྤང་བའོ། །དང་པོ་ནི། དབུ་རུ་དཔལ་འཛིན་ན་རེ། ལྟ་བ་ཁྱད་པར་འཕགས་པའི་ཕྱིར། །རྫོགས་པ་ཆེན་པོ་མཆོག་གོ་ལོ། །སྔགས་ཀྱི་ཁྱད་ཆོས་བལྟ་བ་མིན། །དབུ་མ་ལས་ལྷག་ག་ལ་ཡོད། །ཅེས་ཟེར། གཉིས་པ་ནི། ཐེག་ཆེན་ཐམས་ཅད་བལྟ་བ་སྤྲོས་བྲལ་དུ་འདོད་པའི་ཕྱིར་ཟེར་རམ། དབུ་མ་དང་སྔགས་གཉིས་ལྟ་བ་སྤྲོས་བྲལ་དུ་འདོད་པར་གཅིག་པའི་ཕྱིར་ཟེར། དང་པོ་ལྟར་ན། དབུ་སེམས་གཉིས་ཀྱང་ལྟ་བ་ཁྱད་མེད་དུ་འགྱུར་ཏེ། གཉིས་ཀ་ཐེག་ཆེན་དུ་བཞེད་པའི་ཕྱིར། འདོད་ན། སེམས་ཙམ་པ་སྤྲོས་བྲལ་དུ་མི་འདོད་པས་གསལ། གཉིས་པ་ལྟར་ན། དོན་དམ་སྤྲོས་བྲལ་དང་ཀུན་རྫོབ་སྒྱུ་མ་ཙམ་དུ་བལྟ་བར་མཐུན་ནའང་དེ་ཙམ་གྱིས་སྔགས་ཀྱི་ལྟ་བ་གཏན་ལ་ཕེབས་པ་མ་ཡིན་ཏེ། སྔགས་ཀྱི་ལྟ་བ་ནི། བདེན་གཉིས་དབྱེར་མེད་པའི་རང་བཞིན་ཅན་དུ་འདོད་པས། དེའི་མཐུས་ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཅན་དེ་དག་ཀྱང་ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་བ ལྟ་བའི་ཕྱིར། དེས་ན་ཁྱེད་ཅག་སྔགས་ལ་དབུ་མ་ལས་འཕགས་པའི་ལྟ་བ་མི་འདོད་པ་མི་རིགས་ཏེ། འདི་ལྟར། ཆོས་ཉིད་སངས་རྒྱས་ཡིན་ན། ཆོས་ཅན་སངས་རྒྱས་མ་ཡིན་པ་མི་རུང་སྟེ། ཆོས་ཅན་གྱི་ངོ་བོ་ཆོས་ཉིད་ཡིན་པའི་ཕྱིར། ཞེས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཁས་ལེན་པའི་ཕྱིར། དེ་ལ་ཁོ་ན་རེ། སྔགས་ཀྱི་ཀུན་རྫོབ་ལྷར་སྣང་བ་དེ་དག་ཆོས་ཅན། དོན་དམ་ལ་དམིགས་པའི་ལྟ་བ་མ་ཡིན་ཏེ། ཀུན་རྫོབ་ལ་དམིགས་པའི་སྒོམ་པ་ཡིན་པའི་ཕྱིར་ཟེར་ན། ཀུན་རྫོབ་ལྟ་བའི་དམིགས་ཡུལ་དུ་མི་འདོད་པ་ནི། བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་མདོའི་ལུགས་ཡིན་ལ། སྔགས་སུ་བདེན་གཉིས་ཀྱི་སྐྱ་བར་ནས་མི་འདོན་བར་མཉམ་པའི་ལྟ་བ་ཁས་ལེན་པའི་ཕྱིར། སྒོམ་པ་ཡིན་པ་ལྟ་བ་མིན་པ་སོགས་ལྟ་སྒོམ་འགལ་བར་འཛིན་པ་ཡང་མི་རིགས་ཏེ། ལྟ་བ་གཏན་ལ་ཕབ་ནས་རྟོགས་དོན་སྒོམ་བར་མཁས་གྲུབ་ཀུན་ལ་གྲགས་པའི་ཕྱིར་དང་། གལ་ཏེ་ཕུང་ཁམས་སོགས་གཟོད་ནས་ལྷར་དག་པར་གསུངས་པ་ལྟར་རྟོགས་པ་གནས་ལུགས་ཀྱི་ལྟ་བ་མ་ཡིན་པ་དང་། དེ་མ་ཡིན་ནའང་། དེར་སྒྲོ་བཏགས་ཏེ་སྒོམ་པ་ཡིན་ན་ལོགས་པའི་ལྟ་སྒོམ་དུ་འགྱུར་བའི་ཕྱིར། འབྲས་བུ་འབྱུང་མི་རིགས་ཏེ། བོང་བ་གསེར་དུ་བསྒོམ་པ་ལ་ཇི་ཙམ་འབད་ཀྱང་དེར་མི་འགྱུར་བ་བཞིན་ནོ། །དེའི་ཕྱིར་ལྟ་བ་ལ་ཁྱད་པར་ཡོད་པར་གྲུབ་ལ། དེ་ལྟར་གྲུབ་པ་ཉིད་ཀྱིས། དེ་རྟོགས་བྱེད་ཐེག་པའི་རིམ་པ་ལའང་ཁྱད་པར་ཡོད་པར་དམིགས་པའི་ཕྱིར། ཐེག་རིམ་དགུ་ཀ་ལ་ལྟ་བ་སོ་སོར་སྣང་ཞིང་། ཀུན་གྱི་རྩེ་མོ་མཆོག་ཏུ་གྱུར་པ་ནི་ཨ་ཏི་ཡོ་ག་སྟེ། དེ་བས་ན། མཆོག་གོ་ལོ་ཞེས་མ་རངས་པའི་ཚིག་གིས་བསྙད་པ་ནི་བླ་ཅོལ་ཙམ་དུ་ཟད་དེ། སྙིང་པོ་མེད་དོ། །དེ་ལ་ཁ་ཅིག་ན་རེ། དེ་མི་འཐད་དེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་ས་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་པས་ཐེག་པ་བཞི་པ་དང་། གྲུབ་མཐའ་ལྔ་བ་མེད་པར་གསུངས་པས་ཐེག་པ་ནི་གསུམ་ཁོ་ནར་ངེས་པའི་ཕྱིར་ཟེར། འོ་ན་མཚན་བརྗོད་དང་། རྡོ་རྗེ་སྙིང་འགྲེལ་ཉིད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་བཞིར་ཕྱེ་བའང་མི་འཐད་པར་ཐལ། གསུམ་ཁོ་ནར་ངེས་པའི་ཕྱིར་བྱས་པ་ལ། ཁོ་ན་རེ། གསུམ་དུ་ཕྱེ་བ་ནི་ཉན་རང་སངས་རྒྱས་ཀྱི་ཐེག་པ་གསུམ་ཡིན་ལ། དེའི་ཕྱི་མ་ལ་རྒྱུ་འབྲས་གཉིས་སུ་ཕྱེ་ནས་བཞིར་གསུངས་པའི་ཕྱིར། དབྱེ་བསྡུའི་ཁྱད་ཙམ་སྟེ་སྐྱོན་མེད་དོ་ཞེ་ན། དེ་འདྲ་རིམ་དགུ་ལའང་མཚུངས་ཏེ། ཕྱི་ནང་གི་རྒྱུད་སྡེ་དྲུག་པོ་འབྲས་ཐེག་ཏུ་འདུ་ལ། དེའང་སངས་རྒྱས་ཀྱི་ཐེག་པའི་ནང་དུ་འདུ་བས་འདིར་ཡང་དབྱེ་བསྡུའི་ཁྱད་དོ། །གལ་ཏེ་ལྷ་མིའི་ཐེག་པ་མ་འདུས་སོ་ཞེ་ན། སྐྱོན་མེད་དེ། ལྷ་མིའི་ཐེག་པ་ནི་མངོན་མཐོའི་ཐེག་པ་ཡིན་ལ། རྡོ་རྗེ་སྙིང་འགྲེལ་ལས་གསུམ་དུ་བསྡུས་པ་ནི་རྣམ་གྲོལ་གྱི་ཐེག་པ་ལ་དགོངས་པའི་ཕྱིར་རོ། །དེ་བས་ན་ཁྱེད་ཅག་ཐེག་པ་གསུམ་ཁོ་ནར་ཞེན་པ་ནི། ལང་གཤེགས་ཀྱི་མདོར། ཐེག་པ་བསམ་གྱིས་མི་ཁྱབ་པར་གསུངས་པ་སོགས་ཀྱི་དོན་ལ་རྨོངས་པར་ཟད་དོ། །གཞན་ཡང་ཕྱི་འགྱུར་གྱི་རྒྱུད་སྡེ་རྣམས་སུ་ཨ་ནུ་དང་ཨ་ཏིའི་ཆོས་སྐད་མ་བྱུང་བ་རྒྱུ་མཚན་དུ་བྱས་ཏེ། འགོག་པ་ནི་སྨད་མི་མཁས་ཀྱི་བསྟོད་སྒྲར་འགྱུར་ཏེ། རྒྱལ་བས་གདུལ་བྱ་ལ་ལྟོས་ནས་གསུང་རབ་ལ་མཆོག་དམན་མཛད་པའི་འོག་མ་འོག་མའི་ནང་དུ་གོང་མ་གོང་མའི་ཆོས་སྐད་དང་བཤད་པ་རྒྱས་པར་མི་འབྱུང་བ་སྤྱི་ལུགས་ཡིན་པའི་ཕྱིར་ཏེ། དཔེར་ན་ཉན་ཐོས་ཀྱི་སྡེ་སྣོད་དུ་ཕར་ཐེག་དང་། དེའི་ནང་དུ་སྔགས་ཕྱི་རྒྱུད་དང་། དེ་དག་ཏུ་གསང་བདེ་སོགས་ཀྱི་ཆོས་སྐད་མི་འབྱུང་བ་བཞིན་ནོ། །དེའི་ཕྱིར་གསང་བདེ་སོགས་སུ་ཨ་ནུ་དང་ཨ་ཏིའི་ཆོས་སྐད་དང་བཤད་པ་རྒྱས་པར་མི་འབྱུང་བ་ཉིད་ཀྱིས་རྫོགས་པ་ཆེན་པོ་ནི་ཐེག་པ་ཀུན་གྱི་རྩེ་མོར་གྲུབ་པ་ཡིན་ཏེ། སྤྲོས་པས་ཆོག་གོ། །གཉིས་པ་བསྟན་བཅོས་ལ། རྣམ་གཞག་སྤྱིར་བསྟན་པ་དང་། བྱེ་བྲག་རྒྱུད་འདིའི་དགོངས་འགྲེལ་གྱི་བསྟན་བཅོས་ངོས་གཟུང་བ་གཉིས། དང་པོ་ལ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། གཙོ་བོར་བསྟན་བཅོས་རྩོམ་པའི་བསམ་པས་ཀུན་ནས་བསླང་སྟེ་རང་གི་ཞེ་འདོད་ཀྱི་གྲུབ་མཐའ་གཞན་ལ་བརྟན་པའི་ཕྱིར་བསྡེབས་པའི་ལུང་ཆོས་གང་ཞིག །ཁྱད་ཆོས་གསུམ་དང་ལྡན་པ་བསྟན་བཅོས་རྣམ་དག་གི་དང་། དེ་གསུམ་གང་རུང་དང་བྲལ་བ་ལྟར་སྣང་གི་མཚན་ཉིད་དོ། །ཁྱད་ཆོས་གསུམ་ནི། རྒྱལ་བའི་བཀའ་ལ་བརྟེན་ནས་དེའི་དགོངས་འགྲེལ་དུ་བྱས་པ་དང་། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཤད་པ་དང་། བྱེད་ལས་ཐར་བ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་སྟེ། རྒྱུད་བླར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་སོ། །གཉིས་པ་ནི། ཤཱ་སྟྲའི་སྒྲ་ལས། ཤཱ་ས་ན་འཆོས་པ་དང་། ཏྲཱ་ཡ་སྐྱོབ་པ་ལ་འཇུག་པའི་ཕྱིར། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པས་ན་བསྟན་བཅོས་ཏེ། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །གསུམ་པ་ལ། མཆོག་དམན་གྱི་སྒོ་ནས་དང་། བྱེད་ལས་ཀྱི་དང་། རྩོམ་བྱེད་གང་ཟག་གི་དང་། ཇི་ལྟར་བརྩམ་ཚུལ་གྱི་དང་། འརྗོད་བྱ་དོན་གྱི་དང་། བཤད་བྱ་བཀའི་སྒོ་ནས་དབྱེ་བ་དང་དྲུག །དང་པོ་ནི། བདེ་འདུས་ཀྱིས་གཅོད་ཚོམས་ཀྱི་ཆིངས་ལས། བསྟན་བཅོས་དོན་མེད་དོན་དམན་དང་། །དོན་ལོག་དོན་ལྡན་བཞིར་ཤེས་བྱ། །ཞེས་པས་བཞི་སྟེ། དོན་མེད་པར་བྱ་རོག་སོ་བརྟག་གི་བསྟན་བཅོས་ལྟ་བུ། དོན་དམན་པ་ཐུན་མོང་གི་རིག་གནས་བཞིའི་བསྟན་བཅོས་ལྟ་བུ། དོན་ལོག་པ་ཕྱི་རོལ་པའི་བསྟན་བཅོས་ལྟ་བུ། དོན་དང་ལྡན་པ་སངས་རྒྱས་པའི་ནང་རིག་པའི་བསྟན་བཅོས་ལྟ་བུའོ། །ས་སྡེ་ལས་དགུར་བཤད་དེ། ཇི་སྐད་དུ། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོན་བརྩེ་བྲལ་སྡུག་བསྔལ་སྤོང་། །ཐོས་རྩོད་བསྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་རྣམ་པ་དགུ་ཡིན་ནོ། །ཞེས་གསུམ་ཚན་གསུམ་ལས། སྔ་མ་གཉིས་གཉིས་ལྟར་སྣང་དང་། ཕྱི་མ་རེ་རེ་བསྟན་བཅོས་ཡང་དག་གོ། །གཉིས་པ་ནི། བཀའི་དོན་རྒྱ་ཆེན་པོ་སྡུད་པའི། འཁྲུགས་པ་བསྡེབ་པའི། ཟབ་མོ་རྣམ་པར་འབྱེད་པའི་བསྟན་བཅོས་གསུམ་སྟེ། རིམ་པར། ལམ་རིམ། རིན་ཆེན་དྲྭ་བ། བི་མ་ལའི་ཐུགས་ཐིག་ལྟ་བུའོ། །གསུམ་པ་ནི། སངས་རྒྱས་ཀྱིས་གསུངས་པ་ལ་བསྟན་བཅོས་སུ་བྱས་པ་རྡོ་རྗེ་ཆོས་ཀྱིས་མཛད་པའི་བདེ་འདུས་ཀྱི་ལུང་ལྔ་དང་། བྱམས་པའི་ཆོས་ལྔ་ལྟ་བུ། དགྲ་བཅོམ་པས་གསུངས་པ་ལ་བསྟན་བཅོས་སུ་བྱས་པ་མངོན་པ་སྡེ་བདུན་ལྟ་བུ། ས་ནོན་པའི་བྱང་འཕགས་ཀྱིས་བརྩམ་པ་ལ་བསྟན་བཅོས་སུ་བྱས་པ་སློབ་དཔོན་ཆེན་པོ་པདྨ་དང་འོད་འཕྲོའི་ས་ལ་བཞུགས་པ་གནུབས་ཆེན་གྱི་བསྟན་བཅོས་ལྟ་བུ། ཡི་དམ་ལྷའི་ལུང་བསྟན་ཐོབ་ནས་བརྩམ་པ་ལ་བསྟན་བཅོས་སུ་བྱས་པ་སྒེག་རྡོར་དང་ཕྱོགས་གླང་གི་བསྟན་བཅོས་ལྟ་བུ། རང་གི་གྲུབ་མཐའ་ལ་ཟློས་ཤིང་གཞན་གྱི་གྲུབ་མཐའ་སུན་འབྱིན་པ་ལ་མཁས་པའི་སྐྱེ་བོས་བརྩམ་པ་ཐུགས་སྲས་ཀ་བ་བཞིའི་བསྟན་བཅོས་ལྟ་བུའོ། །བཞི་པ་ནི། བཀའ་ཉིད་ལ་འགྲེལ་བར་བཏབ་པའི་དང་། བཀའི་དོན་རང་རྒྱུད་དུ་བརྩམ་པའི་བསྟན་བཅོས་གཉིས་ཏེ། རིམ་བཞིན་འགྲེལ་པ་སྤར་ཁབ་དང་། ཀུན་མཁྱེན་ཆེན་པོའི་སེམས་ཉིད་ངལ་བསོ་ལྟ་བུ། ལྔ་པ་ནི། ཇི་ལྟ་བ་སྟོན་པའི། ཇི་སྙེད་པ་སྟོན་པའི། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་སྟོན་པའི་བསྟན་བཅོས་གསུམ་སྟེ། རིམ་བཞིན་དབུ་མ་རྒྱན། མངོན་པ་ཀུན་བཏུས། སྤྱོད་འཇུག་ལྟ་བུའོ། །དྲུག་པ་ལ། མདོའི་དགོངས་འགྲེལ་དང་། སྔགས་ཀྱི་དགོངས་འགྲེལ་གྱི་བསྟན་བཅོས་གཉིས། དང་པོ་ལ། མཛོད་དང་མདོ་རྩ་ལྟ་བུ་འཁོར་ལོ་དང་པོའི། དབུ་མ་རིགས་ཚོགས་ལྟ་བུ་འཁོར་ལོ་བར་པའི། རྒྱུད་བླ་དང་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ལྟ་བུ་འཁོར་ལོ་གསུམ་པའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་སོ། །གཉིས་པ་ནི། ཕྱི་ནང་གི་རྒྱུད་སྡེ་དྲུག་གི་དགོངས་པ་འགྲེལ་པར་བྱེད་པའི་བསྟན་བཅོས་རྣམས་ཏེ། གཞན་དུ་རིགས་པར་བྱའོ། །གཉིས་པ་ལ། རྒྱུད་སྤྱི་ལ་འཇུག་པའི་མན་ངག་དང་། རྒྱུད་གནས་སྐབས་ལ་འཇུག་པའི་མན་ངག་གཉིས། དང་པོ་ནི། ཐོས་བསམ་གྱི་ཤེས་རབ་ལ་བརྟེན་ཏེ་རྒྱུད་དྲང་ཐད་དུ་གཏན་ལ་འབེབས་པར་བྱེད་པའི་མན་ངག་སྟེ། དེ་ལའང་། སྤྱིའི་དོན་བཤད་དང་། འགྲེལ་པ་གཉིས། དང་པོ་ནི། སྒེག་པའི་ཐུགས་ཐིག །བི་མ་ལའི་ཁོག་གཞུང་གསལ་སྒྲོན་ལ་སོགས་པའོ། །གཉིས་པ་ནི། རྩ་རྒྱུད་ལ་སྒེག་པའི་རིན་པོ་ཆེའི་སྤར་ཁབ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ། སངས་རྒྱས་གསང་བའི་རྣམ་དབྱེ་འགྲེལ། པདྨའི་རྣམ་བཤད་ཆེན་མོ། བི་མ་ལའི་འགྲེལ་ཆུང་བིན་ཏརྠ། ཙནྡྲ་གོ་མིའི་རྒྱ་མདུད་འགྲེལ་རྣམས་སོ། །བཤད་རྒྱུད་ལ་བི་མ་ལས་མཛད་པའི་བླ་མའི་འགྲེལ་པ་མུན་སེལ། ལེ་ལག་གི་སྤྱན་འགྲེལ། བརྒྱད་ཅུ་པའི་བསྡུས་འགྲེལ་ལ་སོགས་པ་རྣམས་སོ། །གཉིས་པ་ནི། བསྒོམ་པའི་ཤེས་རབ་ལ་གཙོ་བོར་བརྟེན་ནས་རྒྱུད་མངོན་རྟོགས་སུ་བསླབ་ཅིང་ཉམས་སུ་ལེན་པའི་མན་ངག་སྟེ། ཡོངས་ཤེས་ཀྱི་དངོས་པོ་ཁ་ཡར་བསྟོད་པ་ཕྲ་མོའི་སྐོར་རོ། །དེ་ལ་བཅུ་ལས། དང་པོ་ལྟ་བ་གཙོ་བོར་སྟོན་པའི་མན་ངག་ནི། དགའ་རབ་ཀྱི་ལ་ཤན། པདྨའི་ལྟ་ཕྲེང་། བི་མ་ལའི་ཤེས་རབ་སྤྱན་འབྱེད་སྒྲོན་མེའི་སྐོར། ཀླུ་སྒྲུབ་ཀྱི་གཡུ་ཐང་། དཔལ་བརྩེགས་ཀྱི་ལྟ་རིམ་ལ་སོགས་པའོ། །གཉིས་པ་སྤྱོད་པ་གཙོ་བོར་སྟོན་པ་ནི། སྤྱོད་བསྡུས་སྒྲོན་མ་དང་། རྡོ་རྗེ་འཇམ་མགོན་ལ་སོགས་པའོ། །གསུམ་པ་དཀྱིལ་འཁོར་ནི། སངས་རྒྱས་གསང་བའི་རྡོ་རྗེ་ལས་རིམ་གཉིས་ཀྱི་སྟོད་དང་། དཀྱིལ་འཁོར་ཆོས་དོན། བི་མ་ལའི་ཐིག་གི་བིན་ཏརྠ་ལ་སོགས་པས་སྟོན་ནོ། །བཞི་པ་དབང་ནི། རྡོ་རྗེ་ལས་རིམ་གཉིས་ཀྱི་སྨད་དང་། གལ་པོ། ངེས་འབྱེད་ཆེ་ཆུང་། ཐིགས་པ་གསུམ་ལ་སོགས་པས་སྟོན་ནོ། །ལྔ་པ་དམ་ཚིག་གི་སྒེག་པའི་གསལ་བཀྲ་དང་། ཕྲ་རྒྱས་ལ་སོགས་པས་སྟོན་ནོ། །དྲུག་པ་ཕྲིན་ལས་ནི། བི་མ་ལའི་སྦྱིན་སྲེག་དང་རོ་སྲེག །སྐུ་གདུང་ལས་ཕྲེང་། དུར་ཁྲོད་བདེ་བའི་དཔེ་ཆུང་རང་གནས་ལ་སོགས་པས་སྟོན་ནོ། །བདུན་པ་སྒྲུབ་པ་ནི། ཐུན་མོང་གི་སྒྲུབ་པ་རྒྱུད་ལས་མང་དུ་གསུངས་མོད་ཀྱི། དེ་དག་ལ་མན་ངག་གི་ཡི་གེ་ཟུར་བཀོལ་མ་མཐོང་ངོ་། །མཆོག་གི་སྒྲུབ་པ་ལ། ངེས་རྫོགས་སྒོམ་པའི་མན་ངག་ནི། ཨིནྡྲ་བྷཱུ་ཏིའི་ལམ་རྣམ་བཀོད་དང་རིམ་པ་གཉིས་པ། སངས་རྒྱས་གསང་བའི་ལམ་རིམ་ཆེ་ཆུང་། སྒེག་པའི་རིམ་དྲུག །བི་མ་ལའི་རིམ་གསུམ་སོགས་བསྐྱེད་རྫོགས་གཉིས་ཀ་སྟོན་པའི་གཞུང་རྣམས་སོ། །མོས་སྒོམ་གྱི་མན་ངག་ནི། བི་མའི་འོད་རིམ་དང་དྲྭ་ཆེན། སངས་རྒྱས་གསང་བའི་དྲྭ་ཆུང་དང་། དམ་པ་རྒྱན་ལ་སོགས་པས་སྟོན་ནོ། །བརྒྱད་པ་ཏིང་ངེ་འཛིན་ནི། བི་མ་ལའི་ཕྱག་རྒྱ་བསམ་གཏན། ཁྲོ་བོ་ཕྱག་རྒྱ་གཅིག་པ། རྩེ་གཅིག་བསྡུས་པ། ཕྱག་རྒྱ་བཞི་པའི་བསམ་གཏན་ལ་སོགས་པ་མཚན་བཅས་གཙོ་བོར་སྟོན་པའི་མན་ངག་དང་། སྤྱོད་ཡུལ་བཞི་པའི་བསམ་གཏན། སྤྱོད་ཡུལ་སྦྱོང་བའི་བསམ་གཏན་སོགས་མཚན་མེད་གཙོ་བོར་སྟོན་པའི་མན་ངག་རྣམས་སོ། །དགུ་པ་མཆོད་པ་ནི། པདྨའི་ཟ་ཚོགས། དུར་ཁྲོད་བདེ་བའི་གཏོར་ཆུང་། ཧེ་ཆེན། ཧེ་ཆུང་། གཡོས་ཡིག་ཆེ་ཆུང་། བི་མ་ལའི་ཐབ་མཆོག་དཔག་གིས་མི་ལང་བ་དང་། དབྱིག་གི་སྒྲོན་མ་ལ་སོགས་པས་སྟོན་ནོ། །བཅུ་པ་སྔགས་དང་ཕྱག་རྒྱའི་མན་ངག་ལ། ཡི་གེ་ཟུར་བ་མེད་པས་སྒྲུབ་ཐབས་ཀྱི་ཁོངས་ནས་སྟོན་པ་ཡིན་གསུངས། དེ་དག་ཀྱང་མདོ་ཙམ་བརྗོད་པ་སྟེ། རྒྱས་པར་རྨ་འགྱུར་ལ་ཕྲ་མོ་དྲུག་ཅུ་རྩ་བཞི་ཡོད་པར་གྲགས་ཤིང་། སྤྱིར་འགྲེལ་བཤད་སྒྲུབ་ཐབས་ཕྲ་མོ་བསམ་གྱིས་མི་ཁྱབ་པ་སྟེ། སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས་གཟིགས་པ་ལའང་བརྒྱ་རེ་བཞི་ཡོད་པར་གསུངས་ལ། དེ་རྣམས་ལ་རྒྱུད་སྒྲུབ་ཐབས་དང་འབྲེལ་བ་ཞེས་བྱའོ། །སྒྲུབ་ཐབས་ལག་ལེན་དང་འབྲེལ་བའི་མན་ངག་ལ་ཕྲིན་ལས་ཤར་སྡེ་བརྒྱད་དེ། ཞི་བ་དང་ཁྲོ་བོ་གཉིས། ཚོགས་མ་བུ་གཉིས། དབང་བསྲེ་བ་གཉིས། རོ་སྲེག་དང་སྦྱིན་སྲེག་གཉིས་ཏེ་བརྒྱད་དོ། །ལྔ་པ་སྐབས་དོན་ངོས་བཟུང་བ་ནི། དེ་ལྟར་བཀའ་དང་བསྟན་བཅོས་གཉིས་ལས། འདིར་གང་བཤད་པར་བྱ་བའི་དམ་ཆོས་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། དེའི་ནང་ནས་ཀྱང་རྩ་བའི་རྒྱུད་གསང་བ་སྙིང་པོ་སྟེ། བཤད་རྒྱུད་རྣམས་ལ་གཙོ་བོར་བརྟེན་ཅིང་། དགོངས་འགྲེལ་མན་ངག་རྣམས་ཀྱི་ལེགས་ཆ་བླངས་ནས་བཤད་པར་བྱ་བ་ཡིན་ནོ། །གང་བཤད་བྱའི་ཆོས་ངོས་བཟུང་བ་བཤད་ཟིན་ཏོ། །གཉིས་པ་གང་གིས་འཆད་པའི་མན་ངག་ལ། རྒྱལ་བས་གསུངས་པའི་རྒྱུད་བཤད་ཐབས་དང་། དེ་ལ་བརྟེན་ཏེ་མཛད་པའི་མན་ངག་བཤད་ཐབས་གཉིས། དང་པོ་ནི། སྤྱིར་མ་ཧཱ་ཡོ་གའི་རྒྱུད་རྣམས་རྒྱན་བདུན་དང་། ཨ་ནུ་རྣམས་ལུང་བདུན་དང་། ཨ་ཏི་རྣམས་སྤྱི་དོན་དྲུག་གི་སྒོ་ནས་བློ་ཁ་དབྱེ་བར་ཧེ་རུ་ཀ་གལ་པོར་གསུངས་ཤིང་། བླ་མེད་ཀྱི་རྒྱུད་འགའ་ཞིག་ལ་ནི། ཕྱི་ནང་གཞན་གསུམ་དང་། རྟོན་པ་བཞིར་བཤད་པ་དག་ཡོད་དོ། །སྒྲུབ་སྡེ་རྣམས་ལས་ནི། བཤད་ཐབས་ཉི་ཤུ་སྟེ། བདེ་འདུས་ཀྱི་རྒྱུད་ཀྱི་སྤྱི་ཆིངས་ལས། བཤད་ཐབས་མན་ངག་ཉི་ཤུལ། སྤྱི་སྡོམས་ལྔ་དང་རྒྱུད་ཆིངས་ལྔ། །ལུང་སྡོམས་ལྔ་དང་སྒྲུབ་ཐབས་ཀྱི། །སྦྱོར་ལུགས་ལྔ་ཡིས་གཏན་ལ་དབབ། །ཅེས་སོ། །དེ་ལྟར་བཤད་ཐབས་ཀྱི་མན་ངག་མཐའ་ཡས་ནའང་། ཡི་གེས་འཇིགས་པའི་ཕྱིར། །གཞན་རྣམས་བཏང་སྙོམས་སུ་བྱས་ཏེ། འདིར་མ་ཧཱ་ཡོ་ག །སྤྱིའི་བཤད་ཐབས་རྒྱན་བདུན་དང་། ཁྱད་པར་འདི་ཉིད་ཀྱི་བཀའ་སྲོལ་སྤྱི་དོན་ལྔ་བཤད་པའོ། །དང་པོ་ནི། གལ་པོ་ལས། མ་ཧཱ་ཡོ་གའི་རྒྱན་བདུན་ཡང་། །གླེང་བསླང་བ་དང་སངས་རྒྱས་ཚུལ། །རྒྱས་བཤད་མཐའ་དང་བཤད་པའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་བདུན་ལས། རྒྱན་དང་པོ་ལ། དྲི་བ་དང་། ལན་བསྟན་པ་གཉིས། དང་པོ་ནི། དེ་ལས། གླེང་བསླང་བ་ཡི་གྲངས་ལྔ་ནི། །རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །རྒྱུད་འདི་སུ་ཞིག་དོན་དུ་མཛད། །བྱེད་པོ་སྟོན་པ་སུ་ཞིག་ཡིན། །རྒྱུད་འདིའི་ལྡང་ཚད་ཇི་ལྟ་བུ། །དགོས་པ་ཅི་ཞིག་ཡོད་པར་ཤེས། །ཞེས་སོ། །གཉིས་པ་ལན་ལའང་ལྔ་ལས། དང་པོ་ནི། འདིའི་མིང་ནི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱའོ། །གཉིས་པ་ནི། གདུལ་བྱ་དབང་པོ་རྣོན་པོ་འདོད་ཆགས་ཅན་གཙོ་བོར་གྱུར་པའི་དུག་ལྔའི་སྐྱེ་བོ་རྣམས་འདུལ་བའི་དོན་དུ་མཛད་དོ། །གསུམ་པ་ནི། བྱེད་པ་བོ་རིགས་དྲུག་པ་ཀུན་ཏུ་བཟང་པོའོ། །བཞི་པ་ནི། དེ་ལས། ཆོ་ག་དེ་བཞིན་ལེའུ་དང་། །རིམ་པར་ཕྱེ་དང་དུམ་བུའོ། །ཞེས་པ་ལས། ཆོ་ག་ནི། དབང་དང་། མཆོག་གི་སྒྲུབ་པ་དང་། ལས་གཞིའི་ཕྲིན་ལས་སོགས་རྒྱས་པར་སྟོན། རབ་གནས། སྦྱིན་སྲེག །ཐུན་མོང་གི་སྒྲུབ་པ་རྣམས་མདོ་ཙམ། གཏོར་མ། ཚོགས། གནས་ལུང་རྣམས་ཆ་མཐུན་གྱི་རྒྱུད་གཞན་ལས་ཁ་བསྐང་སྟེ་མན་ངག་ཏུ་བཤད་དོ། །ལེའུ་ནི་ཉི་ཤུ་རྩ་གཉིས་ཏེ། ཕྱི་མ་དང་བཅས་ན་ཉི་ཤུ་རྩ་བཞིའོ། །རིམ་པར་ཕྱེ་བ་ནི། རིམ་པར་དྲུག་པ་དང་། གསུམ་པ་དང་། གཉིས་པར་ཕྱེ་བ་རྣམས་སོ། །དུམ་བུ་ནི་གཉིས་ཏེ། རྩ་བའི་དུམ་བུ་ལེའུ་ཉེར་གཉིས་དང་། བཤད་པའི་དུམ་བུ་ལེའུ་ཉེར་གསུམ་པ་དང་ཉེར་བཞི་པའོ། །ལྔ་པ་ནི། ཚེ་དང་རྐང་མགྱོགས་སོགས་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་གནས་སྐབས་རིག་འཛིན་བཞི་དང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པའི་ཆེད་དུའོ། །རྒྱན་གཉིས་པ་ནི། གལ་པོ་ལས། སངས་རྒྱས་པ་ཡི་ཚུལ་བཞི་སྟེ། །རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ། །ཞེས་པའི་དོན་ལ། ཆགས་བྲལ་གྱི་ཚུལ་བཞི་དང་། ཆགས་ལམ་གྱི་ཚུལ་བཞིའོ། །དང་པོ་ནི། མིའི་སྐྱེ་བར་འཁྲུངས་པ་ནི་ཆགས་བྲལ་གྱི་ཆོས་ཀྱི་རྟེན་དུ་གྱུར་པའི་ཕྱིར་རྒྱུད་ཅེས་བྱའོ། །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་ཆགས་བྲལ་གྱི་རྣམ་པ་ལ་ངེས་པ་སྟེར་བས་གླེང་གཞི་ཞེས་བྱའོ། །རབ་ཏུ་བྱུང་ནས་ཀྱང་འདུལ་སྡོམ་བསྲུང་བ་ནི་ངེས་པར་བསྟེན་པའི་གནས་སུ་རིགས་པས་ངེས་ཚིག་ཅེས་བྱའོ། །དེ་ལྟར་གསུངས་ནས་ཀྱང་འབྲས་བུ་བྱང་ཆུབ་འདོད་པས་ལམ་ལ་བསླབ་པ་ནི་རྣམ་གྲོལ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རྒྱུ་ཞེས་བྱའོ། །འདིར་ཆགས་བྲལ་གྱིས་སངས་རྒྱས་ཚུལ་སྨོས་པས་ཅི་བྱ་ཞེ་ན། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ནི། ཇི་སྐད་བཤད་པའི་ཚུལ་བཞིའི་སྒོ་ནས་སངས་རྒྱས་པར་འཇིག་རྟེན་དུ་གྲགས་ཤིང་། རྒྱུད་ཀྱི་སྟོན་པ་རིགས་དྲུག་པའང་། དེ་ལས་རྒྱུད་ཐ་མི་དད་དུ་ཤེས་པའི་སྒོ་ནས་བྱེད་པ་པོ་ཚད་མར་སྒྲུབ་པ་ཡིན་ནོ། །དེ་ལ་བླ་མ་དབུས་གྲུ་སྨོན་ལམ་སེང་གེ་ན་རེ། འདིར་སྔགས་དང་མཚན་ཉིད་ཀྱི་འདོད་པ་འབྱེད་པའི་ཕྱིར་ཆགས་བྲལ་གྱི་ཚུལ་བཞི་བཀོད་པ་ཡིན་གྱི། སྔགས་སུ་འདོད་པ་ནི་མ་ཡིན་ནོ་གསུངས། གཉིས་པ་ནི། བདག་ཉིད་རང་རིགས་དང་མཐུན་པར་རིགས་ལྔའི་སངས་རྒྱས་སུ་བསྐྱེད་པ་ནི་གསང་སྔགས་ཀྱི་རྟེན་དུ་རིགས་པས་རྒྱུད་དང་། དེ་ནས་སླར་ཡང་རིགས་ལྔ་གཅིག་ཏུ་འདུས་པའི་རྣམ་པར་གྱུར་པ་ནི་ཆགས་ལམ་གྱི་རྣམ་པ་ལ་ངེས་པ་སྟེར་བས་གླེང་གཞིའོ། །རྡོ་རྗེ་ལ་སོགས་པའི་རིགས་ཀྱི་སྡོམ་པ་བཟུང་བ་དང་ཁྱད་པར་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་ཚངས་སྤྱོད་ཀྱི་བརྟུལ་ཞུགས་བཟུང་བ་ནི་ངེས་པར་བརྟེན་པའི་གནས་སུ་རིགས་པས་ངེས་ཚིག་གོ། །དེ་ནས་འདོད་ཆགས་ལམ་དུ་བསྒྱུར་བའི་གསང་ཆོས་ལ་སྤྱོད་པ་ནི་འབྲས་བུ་མྱུར་དུ་འབྱིན་པའི་ཉེ་རྒྱུད་ཡིན་པས་ན་རྒྱུའོ། །རྒྱན་གསུམ་པ་ནི། ཚིག་དོན་འདི་ལས་མི་འདའ་བས་ན་མཐའ་སྟེ། དེའང་གལ་པོར། རྒྱས་བཤད་མཐའ་ནི་རྣམ་པ་དྲུག །དྲང་དོན་ངེས་དོན་དགོངས་པས་བཤད། །དགོངས་མིན་སྒྲ་ནི་ཇི་བཞིན་པ། །ཇི་བཞིན་མ་ཡིན་ཉིད་དུ་བཤད། །ཅེས་པ་ལྟར་དྲུག་གོ། །དྲང་ངེས་གཉིས་ནི། རྡོ་རྗེའི་ཚིག་གཅིག་གིས་གདུལ་བྱ་ཡང་དག་པའི་སྐལ་བ་དངོས་སུ་མེད་པ་དང་། ཡོད་པ་གཉིས་ལ་དོན་ཐ་དད་དུ་སྟོན་པ་སྟེ། བསྐྱེད་རིམ་ཡན་ལག་དང་བཅས་པ་སྟོན་པ་དྲང་དོན་དང་། རྒྱུ་རྒྱུད་དང་རྫོགས་རིམ་སྟོན་པའི་ཕྱོགས་ནི་ངེས་དོན་ནོ། །དགོངས་དགོངས་མིན་གཉིས་ནི། རྡོ་རྗེའི་ཚིག་ཐ་དད་པས་བསྐྱེད་རྫོགས་ཀྱི་དོན་གཅིག །དེ་དང་འགལ་བའི་ཚིག་གི་སྦྱོར་བས་བཅིངས་ཏེ་བརྗོད་དོན་དགོངས་གཞི་ལ་ལྟོས་ནས་གོ་དགོས་པ་ནི་དགོངས་བཤད་དང་། རྗོད་བྱེད་དགོངས་བསྟན་གྱིས་བརྗོད་དོན་དགོངས་གཞི་ལ་ལྟོས་མི་དགོས་པར་གསལ་བར་གོ་བ་ནི་དགོངས་པ་ཅན་མིན་པའི་བཤད་པའོ། །ཕྱི་དཀྱིལ་དང་སྦྱིན་སྲེག་སོགས་ཆོ་ག་རྣམས་འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་ཚིག་གིས་གསུངས་པ་ནི་སྒྲ་ཇི་བཞིན་པ་དང་། ཀོ་ཊཱ་ཁྱཱཿལ་སོགས་པའི་སྒྲ་དང་། འདིར་སྦྱོར་སྒྲོལ་ལ་ཨཱ་ལི་ཀཱ་ལི་ཞེས་པ་ལྟ་བུ་འཇིག་རྟེན་དང་བསྟན་བཅོས་གཞན་ལ་མ་གྲགས་པའི་བརྡས་བཅིངས་ཏེ་གསུངས་པ་ནི་སྒྲ་ཇི་བཞིན་མ་ཡིན་པའོ། །རྒྱན་བཞི་པ་ནི། གལ་པོ་ལས། བཤད་པའི་ཚུལ་བཞི་ཁྱེད་ལ་བསྟན། །ཚིག་སྤྱི་སྦས་དང་མཐར་ཐུག་ཡིན། །ཞེས་པ་ལྟར་བཞི་ལས། ཚིག་གི་དོན་ནི། ཡི་གེའི་འབྲུ་ནོན་ཙམ་ལ་གཞོལ་བའི་བཤད་པ་སྒྲ་ཚད་ཀྱི་གཞུང་དང་མཐུན་པར་བཀོད་པ་སྟེ། གཞན་དག་ཡི་གེའི་དོན་ཞེས་ཟེར་རོ། །སྤྱི་དོན་ལ། མདོ་སོགས་ཀྱི་དང་། བསྐྱེད་རིམ་པའི་སྤྱི་དོན་གཉིས། དང་པོ་ལ། མདོ་སོགས་ལ་ཞུགས་པའི་དང་། སྔགས་ནང་པ་ལ་ཞུགས་པའི་འགྱོད་པ་བཟློག་པ་གཉིས། དང་པོ་ནི། སྔགས་ནང་པའི་ལམ་བདེ་ཞིང་མྱུར་བ་འདི་ལྟ་བུ་ལ་མ་ཞུགས་པར་སྔར་མདོའམ་བྱ་སྤྱོད་སོགས་ལ་ཞུགས་པ་ནི་མ་ལེགས་སོ་སྙམ་དུ་འགྱོད་ན། དེ་དག་ཀྱང་འདིའི་ལམ་སྟེགས་ཏེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་གསུངས་པའི་ཕྱིར་དང་། མདོ་ལས་ཀྱང་། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་པས་དབང་རྣོན་ཐབས་ཤེས་ཁྱད་པར་ཅན་དང་ལྡན་ན་ཚོགས་ཀྱི་བྱ་བ་རླབས་ཆེན་གཅིག་གིས་བསྐལ་པ་མང་པོའི་ཚོགས་བཟླུམས་པ་སོགས་བདེ་མྱུར་གྱི་ལམ་མདོ་སོགས་ཀྱང་བཞེད་པས་སྤྱིའི་དོན་ཞེས་བྱའོ། །གཉིས་པ་ནི། འདིར་ཁྲུས་དང་གཙང་སྦྲ་སོགས་གཙང་སྨེ་མེད་པར་སྤྱོད་པ་ཁྱི་ཕག་ལྟ་བུ་དང་། སྤྱོར་སྒྲོལ་སོགས་འཚེ་བ་ཆོས་སུ་སྨྲ་བས་མུ་སྟེགས་ཀྱི་ཆོས་སོ་སྙམ་དུ་འགྱོད་ན། གཙང་སྨེའི་ཞེན་པ་མ་སྤངས་ན་ཆོས་མཉམ་པ་ཉིད་ཀྱི་དོན་མི་རྟོགས་པས་ཞེན་པ་སྤང་ཕྱིར་རོ་སྙམ་དུ་སྤྱོད་པ་ནི་མདོ་སོགས་ཀྱང་བཞེད་ཅིང་། མི་ནག་མདུང་ཐུང་ཅན་བསད་པ་དང་། དེད་དཔོན་གྱི་བུ་མོ་ལ་བསྒྲོད་པ་སོགས་སེམས་དགེ་བས་སྦྱོར་སྒྲོལ་ལ་སྤྱད་ཀྱང་ཉེས་པས་མི་གོས་ཤིང་བསོད་ནམས་དཔག་མེད་འཕེལ་བར་མདོ་སོགས་ཀྱང་བཞེད་པས་བསླབ་བྱ་ཐུན་མོང་པའི་དོན་ཞེས་བྱའོ། །གཉིས་པ་ནི། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བསྒོམ་པ་སོགས་བསྐྱེད་རིམ་དང་འབྲེལ་བ་རྣམས་ཏེ། བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་བསླབ་བྱ་ཡིན་པའི་ཕྱིར་སྤྱི་དོན་ནོ། །སྦས་པ་ནི། ལས་རྒྱ་དང་སྙོམས་པར་འཇུག་པའི་ཆོ་ག་སྟོན་པ་སོགས་ཚོགས་སུ་དབྱུང་བར་མི་འོས་པའི་ཕྱིར་འདོད་ཆགས་ཆོས་སྦས་དང་། རང་བྱིན་གྱིས་རློབ་པ་རྩ་རླུང་ཐིག་ལེའི་རྫོགས་རིམ་སོགས་ཀུན་རྫོབ་བདེན་པའི་སྦས་པ་སྟེ། སྤྱི་མཐར་གཉིས་ཀྱི་དབུས་སུ་ཆུད་པས་སྙིང་པོ་ལྟ་བུར་གྱུར་བའི་ཕྱིར་སྦས་པའོ། །མཐར་ཐུག་ནི། དེ་དག་གི་རྒྱས་གདབ་ཏུ་གྱུར་བ་དོན་དམ་འོད་གསལ་གྱི་རྫོགས་རིམ་ནི་ལམ་གྱི་མཐར་ཐུག་དང་། བདེན་གཉིས་ཟུང་འཇུག་ཏུ་རྟོགས་པ་ནི་འབྲས་བུའི་མཐར་ཐུག་སྟེ། ཚུལ་བཞི་ཀ་རྡོ་རྗེའི་ཚིག་གཅིག་ལ་དབང་པོ་མི་འདྲ་བའི་སྒོ་ནས་འཆད་དགོས་པའི་ཕྱིར། ཚིག་དེའི་བརྗོད་བྱ་ལྷག་མ་མ་ལུས་པར་མུར་ཐུག་པས་ན་མཐར་ཐུག་གོ། །རྒྱན་ལྔ་པ་ནི། གལ་པོ་ལས། ཉན་བཤད་དབྱེ་བ་རྣམ་པ་གཉིས། །ཚོགས་དང་སློབ་མ་དག་ཏུ་འདོད། །ཅེས་པས་གཉིས་ཀྱི། ཚོགས་བཤད་ནི་སྒྲ་ཇི་བཞིན་པ་དང་། དེ་དང་ཐུན་མོང་པའི་དགོངས་མིན། དྲང་དོན། ཚིག་དོན། སྤྱིའི་དོན་རྣམས་ཏེ་འདོད་ཆགས་ཆོས་སྦས་མ་གཏོགས་པའི་བསྐྱེད་རིམ་འཁོར་བཅས་སོ། །སློབ་བཤད་ནི། སྒྲ་ཇི་བཞིན་མ་ཡིན་པ་དང་། ངེས་དོན་དང་། དགོངས་བཤད་དང་། སྦས་དང་། མཐར་ཐུག་རྣམས་ཏེ་རྫོགས་རིམ་འཁོར་བཅས་སོ། །འདིར་ཐུན་མོང་མ་ཡིན་པའི་དགོངས་མིན་ནི་སྦས་མཐར་གཉིས་སུ་འདུས་པ་ཡིན་ནོ། །རྒྱན་དྲུག་པ་ནི། གལ་པོར། སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། །ཙནྡན་རིན་པོ་ཆེ་ཡི་དཔེ། །ཞེས་པས་ལྔ་སྟེ། སློབ་དཔོན་ལས་ཐོས་ནས་ལན་ཅིག་འཛིན་པར་ནུས་ཀྱང་འདུ་འཛི་ལ་སོགས་པའི་རྐྱེན་གྱིས་མྱུར་དུ་བརྗེད་པར་གྱུར་པ་ནི་ཨུཏྤལ་ཞེས་བྱ་བའི་གང་ཟག་སྟེ། དཔེར་ན་ཨུཏྤལ་ཆུ་ནང་དུ་རྩི་བཅུད་འཛིན་པ་སོགས་ཀྱི་ཡོན་ཏན་ཀྱང་རྣ་བར་འཇུག་པ་སོགས་ཀྱིས་མྱུར་དུ་རྙིད་པར་འགྱུར་བ་བཞིན་ནོ། །ཡང་མང་དུ་ཐོས་ཤིང་མ་བརྗེད་ཀྱང་གཞན་ལ་འཆད་མི་ནུས་པ་ནི་པད་དཀར་ཞེས་བྱ་བའི་གང་ཟག་སྟེ། དཔེར་ན་པདྨ་དཀར་པོ་ནི་སྔ་མ་ལས་རྙིང་དཀའ་ཞིང་རྩི་བཅུད་བརྟན་ནའང་ཉི་མ་དང་འགྲོགས་པ་ན་ཁ་ཟུམ་པར་འགྱུར་བའི་ཕྱིར་བུང་བ་སོགས་ཀྱི་རྩི་བཅུད་ལེན་མི་ནུས་པ་བཞིན་ནོ། །ཡང་། དད་བརྩེ་ཤེས་རབ་དང་ལྡན་པས་བློ་ཁ་བྱེ་སྟེ་གཞན་ལ་འཆད་ནུས་ཀྱང་རྒྱུད་མི་བརྟན་པའི་ཡོན་ཏན་རིང་དུ་མི་གནས་པ་ནི་པདྨ་དམར་པོ་ཞེས་བྱ་བའི་གང་ཟག་སྟེ། དཔེར་ན་པདྨ་དམར་པོ་ནི་ཉི་མས་ཁ་འབྱེད་ཅིང་རྩི་བཅུད་འཛིན་པ་སོགས་ཀྱི་ཡོན་ཏན་ཡོད་ཀྱང་འཇག་རྐྱེན་པས་རྩི་བཅུད་རིང་དུ་མི་གནས་པ་བཞིན་ནོ། །ཡང་ཐོས་པ་ཆུང་ཞིང་ང་རྒྱལ་ཆེ་བ་ལུང་རིགས་ཀྱི་རྩ་བ་མེད་ཀྱང་མང་དུ་སྨྲ་བ་གདུལ་བྱ་རྗེས་སུ་འཛིན་མི་ནུས་པ་ནི་ཙནྡ ན་ཞེས་བྱ་བའི་གང་ཟག་སྟེ། དཔེར་ན་ཙནྡན་སྦྲུལ་གྱི་སྙིང་པོ་ནི་དངོས་པོ་ཆུང་ལ་དྲི་ཆེ་བ་རྩ་བ་རྒྱ་ཆེར་མ་ཟུག་ཅིང་ཡལ་འདབ་རྒྱས་པ་སྦྲུལ་གདུག་པས་དཀྲིས་པས་གཞན་གྱིས་བླང་མི་ནུས་པ་བཞིན་ནོ། །ཡང་། ཁྲིམས་དག་ཅིང་མཁས་ལ་སྒྲིན་པ་རྒྱུད་བརྟན་པ་རང་གིས་ཐོས་ནས་གཞན་ལ་ལེགས་པར་སྟོན་ནུས་པ་ནི་རིན་པོ་ཆེ་ཞེས་བྱ་བའི་གང་ཟག་སྟེ། དཔེར་ན་རིན་པོ་ཆེ་ནི་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པ་བཟང་པོ་ལས་མི་འགྱུར་བ་དགོས་འདོད་སྩོལ་བ་བཞིན་ནོ། །དེ་ལ་རིན་པོ་ཆེ་རབ། གཞན་གསུམ་འབྲིང་། ཙནྡན་ཐ་མ་སྟེ། རབ་སློབ་བཤད་དང་། གཞན་བཞི་པོ་ཚོགས་བཤད་ཀྱི་སྣོད་དོ། །རྒྱན་བདུན་པ་ནི། གལ་པོར། བདེན་པའི་དགོངས་པ་རྣམ་པ་གཉིས། །ཀུན་རྫོབ་དོན་དམ་བཤད་པར་གྱིས། །ཞེས་པས་རྒྱན་སྔ་མ་དྲུག་ལ་བརྟེན་ནས་རྒྱུད་དོན་བདེན་པ་གཉིས་སུ་ངེས་པར་བྱེད་པ་སྟེ། བསྐྱེད་པའི་རིམ་པ་འཁོར་བཅས་དང་། མཚན་མ་དང་བཅས་པའི་རྫོགས་རིམ་རྣམས་ནི་ཀུན་རྫོབ་བདེན་པ་དང་། མཚན་མེད་དེ་བཞིན་ཉིད་ཀྱི་རྫོགས་རིམ་འོད་གསལ་བ་ནི་དོན་དམ་བདེན་པ་སྟེ། ཟུང་འཇུག་ཀྱང་ཐོབ་བྱ་ཡིན་པའི་ཕྱིར་དོན་དམ་དུ་བཞག་གོ། །དེ་ལྟར་རྒྱན་བདུན་གྱི་འཆད་ཚུལ་འདི་ནི། རྒྱུད་འདིའི་འཆད་ཐབས་ཀྱི་བརྒྱུད་པའི་བཀའ་སྲོལ་མ་ཡིན་ཀྱང་། གལ་པོར་མ་ཧཱ་སྤྱིའི་འཆད་ཐབས་སུ་གསུངས་པ་ལྟར། བློ་གསར་རྣམས་ལ་མང་དུ་ཐོས་པའི་ཡན་ལག་ཏུ་བསམས་ནས་རྣམ་གྲངས་སུ་བཀོད་པའི་འཆད་ཐབས་གཞན་ལས་ཚུལ་འདི་ཅུང་ཟད་སྤྲོས་ཏེ་བཤད་པ་ཡིན་ནོ། །གཉིས་པ་ནི། སྔོན་གྱི་མཁན་པོ་རྣམས་ཀྱི་བཞེད་པ་ཐ་དད་པ་མང་ཡང་། འདིར་བཀའ་སྡེ་ཟུར་པའི་བཤད་སྲོལ་གྱི་རྗེས་སུ་འབྲངས་ཏེ་བཤད་པ་ལ། རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་པའི་སྣང་ཚུལ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། བརྩེ་བས་ཐུགས་རྗེ་སྐྱེས་ཚུལ་། འགྲོ་དོན་ཇི་ལྟར་མཛད་ཚུལ་དང་ལྔ། དང་པོ་ནི། རྟོགས་རུང་མ་རྟོགས་རུང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་ཡིན་ཏེ། རྒྱས་པ་ལས། འཇིག་རྟེན་འདས་དང་འཇིག་རྟེན་པའི། །མཐའ་ཡས་དཀྱིལ་འཁོར་མ་ལུས་ཀུན། །རྒྱལ་བའི་ཡུམ་གྱི་དབྱིངས་སུ་ཐིམ། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་དང་། ཡང་། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་དང་། འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་དང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ནའང་། ཞེས་འབྱུང་བའི་ཕྱིར། གཉིས་པ་ནི། དེ་ལྟར་སངས་རྒྱས་ཀྱང་མ་རྟོགས་ཏེ། དེའི་རྒྱུ་མཚན་ནི། ལྷན་སྐྱེས་ཀྱི་མ་རིག་པས་རང་ངོ་རང་གིས་མ་ཤེས་ལ། དེའི་སྟེང་དུ་ཀུན་བརྟགས་ཀྱི་མ་རིག་པས་ཕྱིན་ཅི་ལོག་ཏུ་བཟུང་སྟེ། ལས་ཉོན་ལ་རང་གར་སྤྱད་པས་ཡང་དག་པའི་ལམ་དང་བྲལ་ཞིང་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པར་གནས་པ་སྟེ། འདི་ཉིད་ལས། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས་འགྲོ་བ་ལྔའི་རིགས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། ཞེས་སོ། །གསུམ་པ་ནི། འདི་ཉིད་ལས། ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་པས་གསུམ་ལས། དང་པོ་དབྱིངས་ལས་མི་གཞན་པའམ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཅིར་ཡང་མི་དམིགས་པར་གཟིགས་ཏེ། རྒྱས་པ་ལས། ཐམས་ཅད་མཁྱེན་པའི་ཐུགས་ལྡན་པས། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །མཐའ་དང་དབུས་ཀྱང་བརྟག་ཏུ་མེད། །ཅེས་སོ། །གཉིས་པ་ཡེ་ཤེས་ལས་མི་གཞན་པའམ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གསལ་ཆ་མ་འདྲེས་པར་གཟིགས་ཏེ། དེ་ལས། མཐོ་དམན་ཀུན་གྱི་གཟུགས་སྣང་དང་། །བླ་མེད་བྱང་ཆུབ་སྐུར་སྣང་བ། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །ཞེས་སོ། །གསུམ་པ་དབྱིངས་ཡེའམ་ཇི་ལྟ་ཇི་སྙེད་དབྱེར་མེད་དུ་མཁྱེན་པའི་ཡེ་ཤེས་ཀྱིས་སྣང་སྟོང་དབྱེར་མེད་མེ་ལོང་གི་གཟུགས་བརྙན་ལྟར་གཟིགས་ཏེ། དེ་ལས། རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡིས་མི་མཁྱེན་གང་ཡང་མེད། །ཅེས་སོ། །བཞི་པ་ནི། རིམ་གསུམ་ལས། རྟག་རྒྱུད་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་འཕྲད་ནས་བྱུང་བར་སྣང་། །ཞེས་པས། རྟག་པ་རྒྱུན་གྱི། རང་བཞིན་ཤུགས་ཀྱི། བསྐུལ་ཞིང་གསོལ་བ་བཏབ་པའི། ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེ་ཚུལ་དང་བཞི། དང་པོ་ནི། སངས་རྒྱས་ཀྱི་ཐུགས་རྗེས་སེམས་ཅན་གྱི་དོན་ནམ་དུའམ་མི་འདོར་བའི་ཕྱིར་རྒྱུན་ཆད་མེད་པར་སྣང་བ་སྟེ། ཆུ་བོ་ཆེན་པོའི་རྒྱུན་བཞིན་ནོ། །གཉིས་པ་ནི། རྒྱུ་རྐྱེན་དང་རྩོལ་རྟོག་མེད་པར་རང་གིས་ཐུགས་རྗེ་འཆར་བ་སྟེ། ཉི་མ་དང་འོད་ཟེར་བཞིན་ནོ། །གསུམ་པ་ནི། གང་ལ་གསོལ་བ་བཏབ་ན་ཐུགས་རྗེ་ཁྱད་པར་ཅན་མི་འགག་པ་སྟེ། ཕོངས་པས་གདུང་བའི་སྨྲེ་སྔགས་འདོན་པ་ལ་སྙིང་རྗེ་ཅན་ལྷག་པར་སྟེར་བ་བཞིན་ནོ། །དེའང་ལྷན་ཅིག་པའི་འཁོར་གྱིས་དབང་ཐོབ་པས་རང་དོན་དུ་རྟོགས་ནའང་། གོ་ཕྱེ་བའི་འཁོར་གྱི་དོན་དུ་རྟོན་པ་ལ་རྒྱུད་གསུང་བར་གསོལ་བ་བཏབ་པས་ཐུགས་རྗེ་སྐྱེས་ཏེ། འདིའི་དངོས་ཀྱི་གདུལ་བྱར་གྱུར་པའི་དོན་དུ་རྒྱུད་གསུངས་ཤིང་། དངོས་སུ་ཉན་པའི་སྐལ་བ་མེད་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་གཞན་སྟོན་པའི་ཕྱིར་ཐུབ་དྲུག་སྤྲུལ་པར་མཛད་པ་སྟེ་ལེའུ་གཉིས་པ་ལྟར་རོ། །བཞི་པ་ནི། སྤྱིར་སེམས་ཅན་ཐམས་ཅད་ཐུགས་རྗེ་སྐྱེ་བའི་ཡུལ་ཡིན་མོད། །ཁྱད་པར་དུའང་རུ་དྲ་ལྟ་བུ་གདུལ་བྱ་ལས་ངན་ཅན་ཡལ་བར་མི་འདོར་བའི་ཐུགས་རྗེ་ཁྱད་པར་ཅན་ཏེ། མཛངས་པ་སྤྱོད་ལོག་བྱེད་པ་མཐོང་བ་ལྟ་བུའོ། །དེ་དག་ཀྱང་འདི་ཉིད་ལས། ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། ཞེས་སོ། །དེའང་ཐུགས་རྗེ་ཆེན་པོ་ནི། ཕན་པ་ཐམས་ཅད་ཀྱི་གཞིར་གྱུར་པ་དམིགས་པ་མེད་པའི་སྙིང་རྗེ་སྟེ། བདག་དང་སེམས་ཅན་དབྱེར་མེད་པའི་ངོས་ནས་སྐྱེས་བའོ། །ལྔ་པ་ནི། བཞེད་པ་མི་མཐུན་པ་མང་སྟེ། རྟེན་ཅན་གྱིས་དོན་བྱེད་པ། རྟེན་མེད་ཀྱིས་དོན་བྱེད་པ། གནས་ལུགས་ངོ་བོ་ཉིད་ཀྱིས་དོན་བྱེད་པར་འདོད་པ་གསུམ་ལས། འདིར་ལྷ་རྗེ་ཟུར་ཆུང་བའི་རྗེས་སུ་འབྲངས་ཏེ། ཕྱི་མ་ཉིད་བཟུང་ངོ་། །དེ་ལའང་། སྤྱིར་བསམ་གྱིས་མི་ཁྱབ་པས་དོན་མཛད་པ་དང་། ཁྱད་པར་དུ་གསང་བའི་བསྟན་པ་རྒྱུད་འདི་ཉིད་ཀྱིས་དོན་མཛད་པའོ། །དང་པོ་ནི། རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་ལ། འདིའི་བྱིན་རླབས་ཀྱིས་དོན་མཛད་པ་དང་། འདི་ཉིད་དངོས་ཀྱིས་དོན་མཛད་པ་གཉིས། དང་པོ་ནི། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་རྗེའི་བྱིན་རླབས་ལས་སྤྲུལ་སྐུ་ཐུབ་དྲུག་སྤྲོས་ཏེ་འདུལ་བ་རྣམ་པ་བཞིས་རིགས་དྲུག་གི་དོན་མཛད་པ་སྟེ། ལེའུ་གསུམ་པའི་སྟོད་ལྟར་རོ། །གཉིས་པ་ལ། ལྷན་ཅིག་པའི་འཁོར་དང་། གོ་ཕྱེ་བའི་འཁོར་གྱི་དོན་མཛད་པའོ། །དང་པོ་ནི། སྟོན་བས་འོག་མིན་དུ་ལྷན་ཅིག་པའི་འཁོར་རྣམས་ལ་ཟབ་མོའི་དབང་གསུམ་བསྐུར་བས་སྟོན་འཁོར་དགོངས་པ་ཁྱད་མེད་དུ་གྱུར་པ་སྟེ། ལེའུ་གཉིས་པའི་སྟོད་ལྟར་རོ། །གཉིས་པ་ནི། མ་འོངས་པའི་གདུལ་བྱ་ཁྱད་པར་ཅན་གྱི་ཆེད་དུ་ལམ་གསང་བའི་སྙིང་པོ་ལྷན་ཅིག་པའི་འཁོར་གྱིས་ཞུས་ཏེ་གསུངས་པ་ཉིད་བརྒྱུད་ནས་ད་ལྟར་སྣང་བ་འདིའོ། །དེ་ལའང་རྒྱུད་ཀྱི་བརྗོད་བྱའི་དོན་ནི། རྒྱུད་གསུམ་སྣང་བ་བཞི་ལ་སོགས་པ་སྟེ། འོག་ཏུ་རྒྱུད་དོན་དངོས་བཤད་པའི་སྐབས་སུ་ཤེས་པར་འགྱུར་རོ། །རྗོད་བྱེད་ཀྱི་སྒྲའི་བཤད་ཐབས་ལའང་། དོར་བྱ་བཤད་ཚུལ་ཉེ་བའི་སྐྱོན་ངོས་བཟུང་བ། བླང་བྱ་ལེགས་པའི་ཡོན་ཏན་ཤེས་པར་བྱའོ། །དང་པོ་ནི། རྒྱུ་འབྲས་ཀྱི་ཐེག་པ་གཉིས་བསྲེས་ནས་བཤད་ན་རྡོ་རྗེ་ཐེག་པ་ན་བབ་ཀྱིས་བཤད་པའི་སྐྱོན་དང་། ཡོ་ག་ཕྱི་ནང་བསྲེས་ན་བསྙེན་སྒྲུབ་བཞིའི་དོན་ལས་གོལ་ཏེ་ཡོ་ག་འབྲོག་འཆོལ་བའི་དང་། འབྲེལ་ཚུལ་གཉིས་དང་མ་ལྡན་ན་སྨྱོན་པའི་ཚིག་ལྟ་བུའི་དང་། སྤྱི་དང་ཁྱད་པར་ཀྱི་དགོས་ཆེད་མེད་འཆལ་བའི་དང་། རྟོག་གེས་བརྟགས་པའི་ཐེ་ཚོམ་གྱི་གེགས་སེལ་མ་ཤེས་ན་མཛངས་པ་ལྕེ་སྡུམ་གྱི་དང་། མི་མཐུན་པའི་ཚིག་དོན་བསྡེབས་མ་ཤེས་ན་ཤེས་རབ་ལོང་བའི་དང་། མངོན་པར་རྟོགས་པའི་གོ་རིམ་མ་ཤེས་ན་བདུད་རྩི་རོ་ཉམས་ལྟ་བུའི་དང་། རྒྱུད་གོང་འོག་འཁྲུགས་པ་བསྡེབས་མ་ཤེས་ན་རིན་པོ་ཆེ་རྩ་འཆོལ་བ་ལྟ་བུའི་སྐྱོན་དང་བརྒྱད་དོ། །གཉིས་པ་ལ། རྒྱུད་གནས་སྐབས་དངོས་པོ་རེ་རེའི་འཆད་ཐབས་དང་། རྒྱུད་གཞུང་ཕྱིར་ཚིག་དོན་འཆད་ཐབས་གཉིས། དང་པོ་ནི། ལྟ་བ་བརྒལ་བརྟག་གིས་དང་། སྤྱོད་པ་རྗེས་འཇུག་ཐབས་ཀྱིས་དང་། དཀྱིལ་འཁོར་དོན་རྟགས་ཀྱིས་དང་། དབང་གདམས་ངག་གིས་དང་། དམ་ཚིག་རྣམ་གྲངས་ཀྱིས་དང་། ཕྲིན་ལས་ཆོག་སྒྲིགས་ཀྱིས་དང་། སྒྲུབ་པ་ཕྱག་བཞེས་ཀྱིས་དང་། ཏིང་ངེ་འཛིན་བསྐྱེད་རྫོགས་ཀྱིས་དང་། པཱུ་ཛ་ཕྱི་ནང་གིས་དང་། སྔགས་སྒྲ་དང་སྡེབས་ཀྱིས་དང་། ཕྱག་རྒྱ་བསྐྱེད་རིམ་གྱིས་བཤད་པ་དང་བཅུ་གཅིག་གོ། །གཉིས་པ་ནི། བཤད་ཐབས་འདྲེན་པའི་ཚིག་བཅུ་སྟེ། སྤྱི་མདོ་ལས། གང་ལ་བལྟ་དང་སྒོ་འབྱེད་དང་། །སྡུད་དང་འབྱོར་བར་འདྲེན་པ་དང་། །རྐྱེན་དང་གཞན་དང་དམིགས་པའི་ཚིག །མ་བཅོས་མེ་ལོང་སྣྲེལ་གཞི་རྣམས། །མེ་ལོང་བཅུ་དང་མཐུན་སྦྱར་བས། །ཚིག་དོན་རྣམ་པར་སྦྱར་བ་ཡིན། །ཞེས་གསུངས་པ་ལས། དང་པོ་རང་བཞིན་ལྟ་བའི་ཚིག་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་བཤད་པ་ནི། ཐུགས་ཐིག་ལས། ག་རུ་ཌ་ཡི་ཆོས་བཞི་པོས། རྣལ་འབྱོར་ཅན་གྱིས་ལྟ་འཕང་བཅད། །ཅེས་པས་ཆོས་བཞི་སྟེ། ཇི་ལྟར་ཁྱུང་ནམ་མཁའ་ལ་ལྡིང་བའི་ཚེ། མིག་གྱེན་དུ་བལྟ་བ་དང་། གཤོག་པ་གཡོབ་པའི་རྩོལ་བ་མེད་པ་དང་། ངམ་གྲོག་དང་གཡང་སར་ཉམ་མི་ང་བ་དང་། བྱ་ལམ་ལ་རྗེས་མེད་པ་བཞིན་དུ། འདིའི་གོང་ན་རྟོགས་བྱ་གཞན་མེད་པས་རང་བཞིན་ལྟ་བའི་ཚིག་གིས་ཐེག་པ་ཐམས་ཅད་ཁོག་འོག་ཏུ་འཇུག་པ་དང་། ལམ་བགྲོད་པའི་རྩོལ་བ་དང་བྲལ་བ་དང་། ལྟུང་གནས་སྲིད་པ་དང་ཞི་བའི་མཐའ་ལ་ཉམ་མིང་བ་དང་། བལྟ་བྱ་ལྟ་བྱེད་བློ་ཡུལ་དུ་བྱེད་པའི་རྟོག་པ་མེད་པའོ། །གཉིས་པ་རྣམ་པར་འབྱེད་པའི་ཚིག་སྟག་གིས་མཆོངས་པ་ལྟ་བུ་ནི། དེ་ཉིད་ལས། བྱ་གྷྲྀ་མཆོངས་པ་དེ་བཞིན་པས། །ཏནྟའི་ཚིག་དོན་དུམ་བུར་གཅོད། །ཅེས་པ་སྟེ། ཇི་ལྟར་སྟག་མཆོངས་པའི་ཚེ། བགྲོད་བྱའི་ས་ཚིགས་དུམ་བུ་དུམ་བུར་བཅད་ནས་མཆོངས་པ་བཞིན་དུ། རྣམ་པར་དབྱེ་བའི་ཚིག་གིས་ཚིག་དོན་གྱི་དམིགས་སོ་སོར་ཕྱེ་ནས་མིང་འདོགས་གསལ་བར་སྟོན་པའོ། །གསུམ་པ་སྤྱི་དོན་སྡུད་པའི་ཚིག་སེང་གེའི་མཆོངས་པ་ལྟ་བུ་ནི། དེ་ཉིད་ལས། སེང་ཆེན་མཆོངས་པའི་ཆོས་གཅིག་ལྟར། །རྣམ་གྲངས་ཚིག་ལམ་དོན་གཅིག་སྡུད། །ཅེས་པ་སྟེ། ཇི་ལྟར་སེང་གེ་མཆོངས་པའི་ཚེ། ས་ཚིགས་དུ་མ་ཁོག་འོག་ཏུ་ཆུད་པ་བཞིན་དུ། ཚིག་དོན་གྱི་རྣམ་གྲངས་དུ་མ་རྣམས་སྤྱི་དོན་བསྡུ་བའི་ཚིག་གིས་དོན་གྱི་ངོ་བོ་གཅིག་ཏུ་སྡུད་པའོ། །བཞི་པ་འབྲེལ་བ་མཚམས་སྦྱོར་བའི་ཚིག་བྱ་ངང་མོའི་འགྲོས་ལྟ་བུ་ནི། དེ་ཉིད་ལས། ངང་མོའི་འགྲོས་ཆོས་རྣམ་གཉིས་ལྟར། །གཞུང་དོན་དབུ་ཞབས་ལེ་མཚམས་སྦྱོར། །ཞེས་པས་ཆོས་གཉིས་ཏེ། ཇི་ལྟར་ངང་མོ་འགྲོ་བའི་ཚེ། སྔ་ཕྱི་དྲང་པོར་འགྲོ་ཞིང་། སྔ་རྗེས་ཕྱི་རྗེས་ཀྱིས་ནོན་པར་འགྲོ་བ་བཞིན་དུ། འབྲེལ་མཚམས་སྦྱོར་བའི་ཚིག་གིས། ཚིག་འབྲེལ་དང་དོན་འབྲེལ་མ་ཆད་པར་འབྲེལ་སྦྱོང་བའོ། །ལྔ་པ་རང་རྐྱེན་གཉེར་གྱི་ཚིག་རུས་སྦལ་གྱི་ནུར་འགྲོས་ལྟ་བུར་བཤད་པ་ནི། དེ་ཉིད་ལས། རུས་སྦལ་འགྲོས་ཀྱི་ཆོས་གཉིས་པོས། །འབྲུ་སྟོང་མི་བཞག་གཟེར་བུ་གདབ། །ཅེས་ཏེ། ཇི་ལྟར་རུས་སྦལ་འགྲོ་བ་ལ་ཆོས་གཉིས་ཏེ། གཡོ་འགུལ་མི་མངོན་པར་ཞུགས་ཀྱི་འགྲོ་བ་དང་། ས་སྟོང་མི་ལུས་པར་རྗེས་ཀྱིས་ཁྱབ་པ་བཞིན་དུ། རང་རྐྱེན་གཉེར་གྱི་ཚིག་གིས་འབྲུ་སྟོང་མི་བཞག་པར་ཚིག་དོན་བརྡ་འཕྲོད་པར་བྱེད་བའོ། །དྲུག་པ་ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེགས་པ་ལྟ་བུ་ནི། དེ་ཉིད་ལས། རྣ་ཕྲུག་འཛེགས་པའི་ཆོས་གཉིས་ལྟར། །ལྡེམ་དགོངས་གསང་བ་བརྒྱད་ཀྱི་སྦྱར། །ཞེས་ཏེ། ཇི་ལྟ་རྣ་ཕྲུག་བྲག་ལ་འཛེགས་པ་ལ་ཆོས་གཉིས་ཏེ། སྐྱེས་མ་ཐག་ཏུ་བྲག་མེ་ལོང་གི་ངོས་ལྟ་བུ་ལ་རྩེད་མོ་རྩེ་ཞིང་འགྲོ་བ་དང་། དེ་རི་དྭགས་གཞན་ལ་མི་འཚམས་ཀྱང་ཁོ་རང་ལ་འཚམས་པ་བཞིན་དུ། ལྡེམ་དགོངས་མན་ངག་གི་ཚིག་ཟབ་ལམ་སྦས་ཚུལ་དུ་བསྟན་པ་རྣམས་ཐབས་ཀྱིས་འབྱིན་པ་དང་། དེ་ཐེག་པ་འོག་མ་རྣམས་ལ་མི་འཚམས་ཀྱང་འདིར་འཚམས་པའོ། །བདུན་པ་གཏར་ག་གེགས་སེལ་གྱི་ཚིག་བྱ་གླག་ཁྲ་མོ་གཟན་ལ་བཅུམ་པ་ལྟ་བུ་ནི། དེ་ཉིད་ལས། གླག་གི་གཟན་གྱི་ཆོས་གཉིས་ལྟར། །དོན་གྱི་དམིགས་བཟུང་གེགས་བསལ་ལོ། །ཞེས་ཏེ། ཇི་ལྟར་གླག་མོ་གཟན་ལ་བཅུམ་པའི་ཚེ་ཆོས་གཉིས་ཏེ། གང་ཡིད་ལ་བཏགས་པའི་ཟས་དང་། དེའི་ཁོང་གི་བཅུད་འབྱིན་པ་ལྟར། གཏར་ག་གེགས་སེལ་གྱི་ཚིག་གི་གཏན་ཚིགས་ཀྱིས་གཏན་ལ་ཕབ་ནས་གྲུབ་མཐའི་དོན་ལོངས་པར་བྱེད་པའོ། །བརྒྱད་པ་ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་སྒྲ་ལྟ་བུ་ནི། དེ་ཉིད་ལས། དུས་ཀྱི་འབྲུག་ལྟར་ཆོས་གསུམ་པོས། །བཀའ་ཡི་ཚད་གཟུང་སྐབས་སྦྱར་ནས། །ཞེས་ཏེ། ཇི་ལྟར་འབྲུག་གི་སྒྲ་ལའང་ཆོས་གསུམ་སྟེ། དུས་མིན་དུ་མི་འབྱུང་བ་དང་། དུས་སུ་འབྱུང་བ་དང་། དེས་དབྱར་དགུན་ལ་སོགས་པའི་དུས་ཀྱི་སྤྲོས་པ་ཆོད་པས་ཡིད་ཆེས་པ་བཞིན་དུ། བཀའ་ལུང་ཚད་མ་ཉིད་དང་ཡུལ་མ་ཡིན་པར་མི་དྲང་ཞིང་། སྐབས་དང་མཐུན་པར་དྲངས་པས་དོན་གྱི་སྒྲོ་འདོགས་ཆོད་པ་སྟེ། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཞེས་སོགས་གསུངས་པའི་ཕྱིར། དགུ་པ། མཚོན་པ་དཔེའི་ཚིག་མེ་ལོང་གཡའ་དག་པ་ལྟ་བུ་ནི། དེ་ཉིད་ལས། མེ་ལོང་ཆོས་ལྟར་མཚོན་པའི་དཔེ། །ཀུན་ལ་དཔེས་མཚོན་ཐོག་ཏུ་དབབ། །ཅེས་པ་སྟེ། ཇི་ལྟར་རང་གི་བཞིན་རས་ལྐོག་ཏུ་གྱུར་པ་མེ་ལོང་གིས་བསལ་བ་བཞིན་དུ། ཤིན་ཏུ་ལྐོག་གྱུར་གྱི་གཞུང་དོན་རྣམས་ཀྱང་དཔེས་མཚོན་ངེས་པར་བྱེད་པའོ། །བཅུ་པ། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་སེང་ཕྲུག་རྩལ་སྦྱོང་བ་ལྟ་བུ་ནི། དེ་ཉིད་ལས། མི་འཇིགས་ཕྲུ་གུ་རྩལ་སྦྱོང་ལྟར། །འབྲུ་ཚིག་དོན་གྱི་གོ་རིམ་སྡེབས། །ཞེས་པ་སྟེ། ཇི་ལྟར་སེང་གེའི་ཕྲུ་གུ་རྩལ་སྦྱོང་བའི་ཚེ་ན། བསྣོལ་མར་མཆོངས་ནས་དྲང་པོར་འགྲོ་བ་བཞིན་དུ་བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་གིས། དོན་གྱི་འཁྲུགས་སྡེབས། དཀྱུས་གྱི་གོ་རིམ་བརྗེ། འབྲུའི་འདུགས་བསྒྱུར་ནས་སྒྲ་ཇི་བཞིན་པ་མ་ཡིན། དོན་ཐུན་མོང་པ་མ་ཡིན་པའི་རྒྱུད་དོན་ཕྱིན་ཅི་མ་ལོག་པར་སྟོན་པའོ། །དེ་དག་ཀྱང་རིགས་བསྡུས་ན། རྗེ་སྒྲོ་ཕུག་པའི་ཁོག་དབུབ་ལས། དེ་ལ་རྣམ་པར་དབྱེ་བ། འབྲེལ་སྦྱོར་བ། རང་རྐྱེན་གཉེར་གསུམ་དཀྱུས་སུ་སྦྱར། གཞན་ལེའུ་གང་བཤད་ཀྱི་དཀྱུས་ཀྱི་ཐད་ཀར་ངོ་སྤྲད་དོ། །ཞེས་གསུངས་པ་ལྟར། སྤྱི་འགྲོ་རྣམ་པ་གསུམ་མ་གཏོགས་ལེའུ་སོ་སོ་དང་སྦྱར་ཚུལ་རགས་ཙམ་སྒྲོལ་གཡུང་གཉིས་ཀྱི་ཁོག་དབུབ་ཏུ་འབྱུང་ངོ་། །ཉང་ཊཱིཀ་པ་ནི། གསུམ་དུ་འདུས་པར་བཞེད་དེ། དཀྱུས་དབུ་ཞབས་ཐམས་ཅད་དུ་ཁྱབ་བྱེད་དུ་འཇུག་པ་གསུམ། ཁྱད་པར་དུ་འཇུག་པ་གསུམ། འཇུག་ཏུ་རུང་བ་བཞིའོ། །དང་པོ་ནི། རྣམ་དབྱེ། འབྲེལ་སྦྱོར། རང་རྐྱེན་ནོ། །གཉིས་པ་ནི། རང་བཞིན། ལྡེམ་དགོངས། སྤྱི་དོན་གསུམ་མོ། །གསུམ་པ་ནི། གཏར་ག །ཚད་མ་བཀའ་གཞུང་། མཚོན་དཔེ། བསྣོལ་མཚམས་འཕེན་སྡུད་དང་བཞིའོ། །ཞེས་གསུང་། དེ་དག་ཀྱང་སྔ་མ་ལས། ཚིག་དོན་མོས་པར་བཤད་པའི་ཕྱིར། །རྣམ་པར་ཕྱེ་བས་མ་འདྲེས་གསལ། །ཞེས་སོ། །གཞན་ཡང་། ལྷ་རྗེ་ཟུར་པོ་ཆེའི་ཞལ་སྔ་ནས། མཚོན་དཔེ་དང་སྦྱར་ཏེ་བཤད་ལུགས་གསུམ་གྱི་སྒོ་ནས་བཤད་པ་དང་། རྒྱུད་འབྲེལ་མན་ངག་རྣམས་དང་མི་འགལ་བར་བྱ་བའི་ཕྱིར་བཤད་ཚུལ་བཞིའི་སྒོ་ནས་འཆད་གསུངས། དང་པོ། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་བཤད་པ། མདུང་ལྟར་སྐེད་པ་ནས་བཟུང་སྟེ་བཤད་པ། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་བཤད་པ་དང་གསུམ། དང་པོ་ནི། མཚན་གྱི་སྐབས་སུ་ཆོས་ཐམས་ཅད་གཞི་ལམ་འབྲས་གསུམ་དུ་དྲིལ་ནས་འཆད། གཉིས་པ་ནི། ལེའུ་ལྔ་པར་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་དྲིལ་ནས་འཆད། གསུམ་པ་ནི། ལེའུ་ཐ་མར་ཆོས་ཐམས་ཅད་སྣང་བ་བཞིར་དྲིལ་ནས་འཆད་དོ། །གཉིས་པ་བཤད་ཚུལ་བཞི་ནི། རྒྱུད་རྒྱུད་ཀྱིས། རྒྱུད་འབྲེལ་བས། རྒྱུད་སྒྲུབ་ཐབས་ཀྱིས། རྒྱུད་མན་ངག་གིས་བཤད་པའོ། །དང་པོ་ནི། རྒྱས་པ་སོགས་བཤད་རྒྱུད་རྣམས་དང་སྦྱར་ཏེ་འཆད། གཉིས་པ་ནི། རང་རང་གི་འདོད་གཞུང་སོ་སོས་སྤར་ཁབ་སོགས་འགྲེལ་པ་རེ་རེའམ་འགའ་ཞིག་དབང་བཙན་པར་བྱས་ཏེ་འཆད། གསུམ་པ་ནི། མན་ངག་གི་གཞུང་ཕྲ་མོ་རྣམས་ཀྱིས་རྒྱུད་དོན་དམིགས་ཕྱེ་སྟེ་སྐབས་དང་སྦྱར་ནས་འཆད། བཞི་པ་ནི། དེ་དག་དང་། ཁྱད་པར་ཟབ་ལམ་སྤས་བཤད་རྣམས་སྙན་བརྒྱུད་དང་ལྡན་པའི་བླ་མ་དམ་པའི་གསུང་སྒྲོས་ཀྱིས་བརྒྱན་ཏེ་འཆད་དོ། །ཚུལ་བཞི་པོ་དེ་ནི་རྗེ་སྒྲོ་ཕུག་པའི་བཞེད་ཀྱིས་རྒྱ་ཆེར་འགྲེལ་གྱི་བཤད་ལུགས་ཡིན་གསུངས་སྐད་དོ། །དེ་ལྟར་བཤད་ཐབས་སྣམས་ངེས་པར་བྱས་ནས། །ཁོག་གཞུང་གསལ་སྒྲོན་ལས། ཕས་ཀྱི་ལན་གདབ་འབྲུ་མནན་དང་། །ཁོག་དབུབ་ས་བཅད་བཞི་རུ་གསུངས། །ཞེས་པས། དང་པོར་སྤྱི་དོན་གྱིས་ཁོག་དབུབ། །བར་དུ་དཀྱུས་ཀྱིས་བཤད། ཐ་མར་ཚིག་གི་འབྲུ་གཞོམ། གནས་སྐབས་ཁྲིའུར་བརྒལ་ལན་གྱིས་གཏན་ལ་དབབ་པའོ། །དང་པོ་ལ། ཐུན་མོང་དང་། ཐུན་མིན་གཉིས་ལས། དང་པོ་ནི། བསྟན་པ་སྤྱིའི་རྣམ་གཞག་དང་། བྱེ་བྲག་སྤྱི་དོན་ལྔར་བསྡུས་ཏེ་བཤད་པ་སོགས་སྔར་སྨོས་པ་རྣམས་སོ། །གཉིས་པ་ནི། འཆད་འགྱུར་ལྟར་རྒྱུད་གསུམ་སྣང་བ་བཞི་ལ་སོགས་པའི་སོགས་ནས་གཏན་ལ་འབེབས་པའོ། །བར་དུ་དཀྱུས་ཀྱིས་བཅད་པ་ལ། དེ་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་པས། དབང་པོ་རབ་ལ་མཚན་བསྟན་པ་སྨན་པས་ལག་གི་རྩལ་བརྟེན་ནས་ལུས་མགོ་མཇུག་གི་ནད་ངོས་འཛིན་པ་ལྟ་བུ། འབྲིང་ལ་རྣམ་པར་དབྱེ་བ་སྨན་སྣོད་ཀྱི་ཁ་བྱང་ལྟ་བུ། ཐ་མ་ལ་འབྲུ་རེས་འཆད་པ་སྨན་གཅིག་ཀྱང་ཆོས་དུ་མས་གཏན་ལ་འབེབས་པ་ལྟ་བུའོ། །དང་པོ་ནི། བཤད་ལུགས་གསུམ་ལས་མདའ་ལྟར་བཟུང་བས་འཆད། འབྲིང་ལ་རྣམ་པར་དབྱེ་བ་ནི། རྒྱུད་ཀྱི་རྒྱུ་དང་། རྐྱེན་དང་། ཡོངས་སུ་ཤེས་པར་བྱ་བ་དང་། དགོས་འབྲེལ་དང་། གདམས་ཤིང་གཏད་པ་དང་ལྔ་ལས། ཡོངས་ཤེས་ནི། རྒྱུད་གནས་སྐབས་ཀྱི་དངོས་པོར་རེ་རེ་བཤད་ཐབས་བཅུ་གཅིག་པོས་འཆད། གདམས་པ་ནི་རལ་གྲི་ལྟར་བཟུང་བས་དང་། གཞན་རྣམས་མན་ངག་གི་ཡི་གེ་དང་གསུང་སྒྲོས་ཅི་རིགས་པས་འཆད་དོ། །དབང་པོ་ཐ་མའི་དོན་ནི། དཀྱུས་ཀྱི་བཅད་པ་དང་། ཚིག་གི་འབྲུ་གཞོན་པ་གཉིས་ཐུན་མོང་དུ་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས་བདུན་པ་མ་གཏོགས་པས་འཆད་ཅིང་། དེ་དག་གི་གནས་སྐབས་ཁྲིའུར་བརྒལ་ལན་ནི་བདུན་པ་གཏར་ག་གེགས་སེལ་གྱི་ཚིག་གིས་འཆད་དོ། །མདུང་ལྟར་བཟུང་བ་ནི། ལེའུ་ལྔ་པ་ཁོ་ནའི་འཆད་ཐབས་སོ། །ཚུལ་བཞིའི་སྒོ་ནས་བཤད་པ་ནི། ལེའུ་ལྔ་པའི། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །ཞེས་སོགས་ལྟ་བུ། ཚུལ་བཞི་ཀས་བཤད་པའང་ཡོད་ལ། ཕལ་ཆེ་བར་ཅི་རིགས་པས་བཤད་དོ། །དེ་ཡང་བཤད་ཐབས་ཀྱི་མན་ངག་འདི་དག་སྙན་བརྒྱུད་ཀྱི་སྲོལ་ཀ་མི་ནུབ་པའི་ཆེད་དུ་ཟློས་སྐྱོན་སོགས་ལ་མ་བལྟས་པར་བཀོད་པ་སྟེ། སྤྱི་དོན་ལྔའི་སྒོ་ནས་བཤད་པ་འདི་ནི། འཇིགས་བྲལ་གྱི་སློབ་དཔོན་བུདྡྷ་གུ་ཧྱ་ལ་སོགས་པའི་བཤད་སྲོལ་རྨ་མེད་པ་ཡིན་པས་འདི་ཙམ་དུ་མ་ཟད་བླ་མེད་ཀྱི་རྒྱུད་ཀུན་གྱི་འཆད་ཐབས་སུ་འགྱུར་རོ། །གཉིས་པ་མན་ངག་གི་བཤད་ཐབས་ནི། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བྱ་བའི་ཕྱིར། །མན་ངག་སྤྱི་དོན་རྩིས་འགོས་ཀླད་ནས་གཞོམ། །ཞེས་པས་རྩིས་འགོ་ལྔས་འཆད་དེ། ཁུངས་ལ་ཡིད་ཆེས་པར་བྱ་བའི་ཕྱིར། སློབ་དཔོན་གང་གིས་མཛད་པ་དང་། བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར་རྒྱུད་གང་ནས་བསྡུས་ཤིང་ཕྱོགས་གར་གཏོགས་པ་དང་། བསྟན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་ཞིག་རྟོགས་པར་བྱ་བའི་ཕྱིར་མཚན་ཅི་ལས་བཏགས་པ་དང་། བརྩམས་པ་ལ་དོན་ཡོན་པར་བྱ་བའི་ཕྱིར་གང་ཟག་གང་གི་དོན་དུམཛད་པ་དང་། བརྗོད་བྱའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དབུ་ཞབས་སུ་བསྡུས་པའི་དོན་དུ་བསྟན་པ་དང་ལྔའོ། །དང་པོ་ནི། སྤྱིར་བསྟན་པ་ལ་འཇུག་པའི་གང་ཟག་ལ་རིགས་གཉིས་ལས། རྟོགས་ལྡན་ཆོས་ཀྱི་རྗེས་སུ་འབྲང་བ་དག་ནི། བརྗོད་བྱའི་དོན་དང་རྗོད་བྱེད་སྒྲའི་སྡེབ་སྦྱོར་ལ་སྐྱོན་མེད་པར་མཐོང་ན། རྩོམ་བྱེད་ཀྱི་གང་ཟག་སུ་ཡིན་ཀྱང་འཇུག་པར་འགྱུར་བས་རྩོམ་པ་པོ་སྨོས་མི་དགོས་མོད། དེ་ལྟ་ནའང་དབང་རྟུལ་གང་ཟག་གི་རྗེས་སུ་འབྲང་བ་དག་ནི། རྩོམ་པ་པོའི་ཡོན་ཏན་ཐོས་པ་ན་དང་སྟེ་འཇུག་པར་འགྱུར་བའི་ཕྱིར། ཐོག་མར་མཛད་པ་བོ་གང་ཡིན་གྱི་མཚན་དང་། དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་བརྗོད་པར་བྱ་བ་སྟེ་སྐབས་དང་སྦྱར་རོ། །གཉིས་པ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་བཏུས་ལ། ཕྱོགས་རྣལ་འབྱོར་ཆེན་པོར་གཏོགས་པའོ། །གསུམ་པ་ནི། སྤྱིར་མཚན་གྱི་འདོགས་ལུགས་ལ། ཡུལ་དང་། མཚོན་དཔེ་དང་། གང་ཟག་དང་། གཞུང་ཚད་དང་། དོན་དང་ལྔ་ལས་བཏགས་ཏེ། དང་པོ་ནི། ལང་ཀར་གཤེགས་པའི་མདོ་ལྟ་བུ། གཉིས་པ་ནི། སྭ་ལུ་ལྗང་པའི་མདོ་ལྟ་བུ། གསུམ་པ་ནི། རྩོམ་པ་པོ་ལས་བཏགས་པ་པདྨའི་ལམ་རིམ་ལྟ་བུ་དང་། ཞུ་བ་པོ་ལས་བཏགས་པ་བམ་བརྒྱད་ཀྱི་སྟག་འགྲེལ་ལྟ་བུ། བཞི་པ་ནི། དབྱིག་གཉེན་དང་ཐུ་མིའི་སུམ་ཅུ་པ་ལྟ་བུ། ལྔ་པ་ནི། དོན་གྱི་ངོ་བོ་ཉིད་ལས་བཏགས་པ་ཕྱག་རྒྱ་བསམ་གཏན་ལྟ་བུ། རྣམ་གྲངས་ལས་བཏགས་པ་སྒེག་པའི་རིམ་དྲུག་དང་བི་མ་ལའི་རིམ་གསུམ་ལྟ་བུ། དོན་གྱི་གཙོ་བོ་ལས་བཏགས་པ་ལམ་རིམ་ཆེ་ཆུང་ལྟ་བུའོ། །དེ་དག་ལས་གང་ཡིན་ངོས་བཟུང་བ་སྐབས་དང་སྦྱར་རོ། །བཞི་པ་ནི། གང་ཟག་སུ་ཞིག་དོན་དུ་མཛད་པ་ཡང་སྐབས་དང་སྦྱར་རོ། །ལྔ་པ་ནི། བརྗོད་བྱ་དོན་གྱིས་བསྡུས་པའི་ཆ་དང་། རྗོད་བྱེད་ཚིག་གིས་བསྡུས་པའི་ཆ་གཉིས་སུ་ཤེས་པར་བྱའོ། །གང་གིས་འཆད་པའི་མན་ངག་བཤད་ཟིན་ཏོ། །གསུམ་པ་དེས་ཇི་ལྟར་འཆད་པའི་ཚུལ་ལ། སློབ་དཔོན་དང་སློབ་མའི་མཚན་ཉིད། ཇི་ལྟར་འཆད་ཉན་བྱ་ཚུལ། དེ་ལྟར་འཆད་ཉན་བྱས་པའི་འབྲས་བུའོ། །དང་པོ་ལ། འཆད་བྱེད་སློབ་དཔོན་གྱི་མཚན་ཉིད་དང་། བཤད་བྱའི་ཡུལ་སློབ་མའི་མཚན་ཉིད་དོ། །དང་པོ་ནི། བརྒྱད་ལྡན་ཏེ། བསྐྱེད་རྫོགས་གསུམ་གྱི་དོན་ལ་མཁས་པས་གསང་བའི་མཛོད་གསུམ་དང་ལྡན་པ། ཕན་ནུས་ཟབ་མོའི་དབང་ཐོབ་པས་ཆུ་བོ་རྫོགས་པ། གསང་སྔགས་བབ་འཆོལ་དུ་མི་སྤྱོད་པས་གསང་གཉེར་ཐུབ་པའམ། ཡང་ན་སྣོད་ལྡན་ཡལ་བར་མི་འདོར་བའི་གཉེར་དང་ལྡན་པ། རྒྱུད་དོན་དངོས་པོ་བཅུ་ལ་མཁས་པས་སློབ་བུའི་ཤེས་རྒྱུད་འགྲོལ་ནུས་པ། དཀྱིལ་འཁོར་དང་དབང་གི་རིམ་པ་དང་ཞི་རྒྱས་སོགས་ལས་ཚོགས་སྒྲུབ་པའི་མཐའ་ལ་མ་རྨོངས་པ། སྙན་བརྒྱུད་ཀྱི་མན་ངག་འཆང་བའམ་ཉམས་མྱོང་དང་ལྡན་པས་མན་ངག་གི་གདེང་ཐོབ་པ་སྟེ། མཛོད་གསུམ་སོ་སོར་བགྲངས་པས་བརྒྱད་དོ། །དེའང་ལྟ་བའི་མཛོད་ཨ་ཏི། ཏིང་འཛིན་གྱི་མཛོད་ཨ་ནུ། སྤྱོད་པའི་མཛོད་མ་ཧཱ་ཡོ་གའོ། །དེ་ལྟར་ཡང་ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་སོ། །འོ་ན་འདིར། བླ་མ་དམ་པ་ལ་བསྟེན་པ་ཞེས་འབོད་པ་གང་ཞེ་ན། མཚོན་བྱ་དོན་གྱི་རྒྱུད་རང་བཞིན་གསང་བའི་སྙིང་པོ་སེམས་ཀྱི་དེ་ཁོ་ན་ཉིད་དང་། མཚོན་བྱེད་ཚིག་གི་རྒྱུད་རྩ་བཤད་མན་ངག་དང་བཅས་པའི་ཚིག་དོན་སྟོན་པར་མཛད་པ་པོ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །རྒྱུད་སྡེ་རྣམས་སུ་སློབ་དཔོན་གྱི་མཚན་ཉིད་མང་དུ་གསུངས་ནའང་། རེ་ཞིག་བརྒྱད་པོ་དེར་འདུས་སོ། །དེ་ལྟ་ནའང་། དོན་དམ་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་འགྱུར་བའོ། །ཞེས་པས་མཚན་ཉིད་ཀུན་ཚང་མ་རྙེད་ན། ཡོན་ཏན་ཤས་ཆེ་བ་ལ་བརྟེན་པར་གསུངས་ཤིང་། འོན་ཀྱང་མེད་དུ་མི་རུང་བའི་ཡོན་ཏན་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པ། གང་འཆད་པའི་རྒྱུད་དང་དཀྱིལ་འཁོར་གྱི་ལས་ལ་མ་རྨོངས་པས་སློབ་མ་རྗེས་སུ་འཛིན་ནུས་པ་ཞིག་ངེས་པར་དགོས་པ་ཡིན་ནོ། །དེ་ཡང་སློབ་མས་བླ་མ་བསྟེན་པ་ན། ཐོག་མར་བརྟག་ཐབས་གསུམ་གྱིས་བརྟག་པ། བར་དུ་བཙལ་ཐབས་གསུམ་གྱིས་འཚོལ་པ། ཐ་མར་བསྟེན་ཐབས་གསུམ་གྱིས་བསྟེན་པ་དང་གསུམ། དང་པོ་ནི། རྒྱང་ནས་གཞན་ལ་དྲིས་ཏེ་བརྟག་པ། དྲུང་ནས་རང་གིས་བརྟག་པ། འདོད་ལྷ་དང་པྲ་སེན་ལ་བརྟེན་ནས་བརྟག་པའོ། །གཉིས་པ་ནི། དེ་ལྟར་བརྟགས་པས་བཟང་པོར་ཤེས་ན། ཐག་ཉེ་རིང་དང་། ལུས་ངལ་དུབ་དང་། ནོར་ཟད་འཕངས་ལ་མི་བལྟ་བར་བཙལ་བར་བྱའོ། །གསུམ་པ་ནི། དེ་ལྟར་བཙལ་བས་རྙེད་པ་དེ་ཉིད། འཆི་གསོས་ཀྱི་སྨན་ལྟར་འབྲལ་མེད་དུ་བསྟེན། ཁོག་གི་སྙིང་ལྟར་གཟུ་ལུམ་དང་རས་ཆོད་མི་བྱ་བར་བསྟེན། ཡིད་བཞིན་གྱི་ནོར་བུ་ལྟར་བསྙེན་བཀུར་ལ་ཚད་བཟུང་མི་བྱ་བར་བསྙེན་པར་བྱའོ། །མདོར་ན་བདག་རྐྱེན་བླ་མ་དམ་པ་མ་བསྟེན་པར་ཐར་པ་ཐོབ་པའི་ཐབས་མེད་པའི་ཕྱིར། བླ་མ་ནི་སངས་རྒྱས་ཀུན་ལས་ལྷག་པར་བལྟས་ལ་བཀུར་པར་བྱ་སྟེ། དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་པས། །སློབ་དཔོན་གཉན་པར་ཤེས་པ་བྱ། །ཞེས་སོགས་མདོ་རྒྱུད་ཀུན་ནས་རྒྱ་ཆེར་གསུངས་སོ། །གཉིས་པ་ནི། སྤྱིར་གང་ཟག་ལྔའི་དབྱེ་བས་སྔར་བཤད་པ་ཉིད་ཡིན་མོད། འོན་ཀྱང་བཀའ་སྲོལ་འདི་ཉིད་ལས་འབྱུང་བ་ལྟར་ཅུང་ཟད་བརྗོད་ན། སྣོད་ཀྱི་སྐྱོན་བཞི་དང་བྲལ་ཞིང་། ཡོན་ཏན་ལྔ་དང་ལྡན་པ་སྟེ། སྐྱོན་བཞི་ནི། ཐོས་པའི་སྣོད་སྐྱོན་ཁ་སྦུབས་ལྟ་བུ་དང་། བསམ་པའི་སྣོད་སྐྱོན་ཞབས་བརྡོལ་དང་གཞོགས་རལ་ལྟ་བུ་དང་། སྒོམ་པའི་སྣོད་སྐྱོན་དུག་ཅན་ལྟ་བུ་སྟེ། ལམ་རིམས་ལས། བཅུད་ཆེན་འཛག་དང་འབོ་བ་དང་། །མི་ཆགས་མ་རུངས་བྱེད་པ་དང་། །ཞེས་སོ། །ཡོན་ཏན་ལྔ་ནི། ངང་ཆུ་རྒྱུན་ལྟར་རིང་བ། ཚུལ་དགེ་སྦྱོང་ལྟར་ཞིབ་པ། བསམ་པ་གསེར་ལྟར་བཟང་བ། བློ་རི་རབ་ལྟར་བརྟན་པ། ལུས་དང་ལོངས་སྤྱོད་ཆོས་ཕྱིར་གཏོང་ཕོད་པ་སྟེ་ལྔའམ། འགྲེལ་བ་སྤར་ཁབ་ལས། ཤེས་རབ་དང་། རབ་དང་། སྙིང་རྗེ་དང་། ནོགས་ཐུབ་པ་ནི་སྣོད་དང་ལྡན་པའོ། །ཞེས་པས་དོན་གོ་བའི་ཤེས་རབ་དང་། གཞན་དོན་ལ་སྤྲོ་བའི་སྙིང་རྗེ་དང་། བསྟན་པའི་དོན་འཛིན་ནུས་པ་ནོགས་ཐུག་པ་སྟེ་གསུམ་པོ་བསྣན་ནས། ཡོན་ཏན་བརྒྱད་དུའང་དབྱེར་ཡོད་དོ། །དེ་ལྟར་ཡང་འདི་ཉིད་ལས། སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་སོ། །དེ་བས་ན་རྒྱས་པ་ལས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེ། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཞེས་པས་རྒྱུད་ཟབ་མོ་འདི་ཉིད་དབང་རྟུལ་གྱི་ཡུལ་མ་ཡིན་གྱི། དབང་པོ་རྣོན་པོའི་སྤྱོད་ཡུལ་ཡིན་པའི་ཕྱིར། ཤེས་རབ་དང་ལྡན་པ་སོགས་ཆོས་གསུམ་ཚང་བ་ལ་འགྲེལ་པར་སྣོད་ལྡན་ཞེས་གསུངས་པ་ནི་ཤིན་ཏུ་རིགས་པ་ཡིན་ནོ། །དབང་རྣོན་དེ་ལའང་དབྱེ་ན། རང་བཞིན་གྱི་དང་། སྦྱངས་པའི་རྣོན་པོའོ། །དང་པོ་ནི། དེ་ཉིད་ལས། ཡངས་ལ་རྒྱ་ཆེ་གཏིང་ཟབ་པ། །ཤེས་རབ་ཟབ་པས་རྟོགས་པར་འགྱུར། །ཞེས་སོ། །གཉིས་པ་ནི། འདི་ཉིད་ལས། ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་བཟུང་། །ཞེས་སོ། །དེ་ཡང་བླ་མས་སློབ་མ་ལ་ཆོས་སྟོན་པ་ན། སྔ་རོལ་དུ་སྣོད་ཀྱི་སྐྱོན་ཡོན་ཏན་དང་ལྡན་མི་ལྡན་བརྟག་ཐབས་ལྔས་ལེགས་པར་བརྟག་སྟེ། ལམ་རིམ་ལས། རྒྱང་དྲུང་པྲ་སེན་མཁའ་འགྲོ་ཡིས། །གསང་སྔགས་ལྟས་སྟོན་སྦྱོར་བ་ཡིས། །ཅི་ནས་བརྟགས་ཏེ་བཟང་ལྡན་ན། །མི་ལྡོག་བརྟན་བྱས་ལྟས་པ་ཡིས། །སིཥྱ་གང་ཡིན་ལག་ཏུ་གཏད། །ཅེས་པས་རིགས་བཟང་ངན་དང་རྒྱུད་འཇམ་རྩུབ་དང་། དད་པ་དང་གཏོང་བ་ཆེ་ཆུང་སོགས་རྒྱང་ནས་གཞན་ལ་དྲིས་ཏེ་བརྟག་པ། དྲུང་ནས་རང་གིས་བརྟག་པ། པྲ་སེན་དང་མོ་ལ་སོགས་པས་བརྟག་པ། སྟོན་དུ་རུང་མ་རུང་མཁའ་འགྲོ་ལ་གསོལ་བ་བཏབ་ནས་བརྟག་པ་དང་། ཁྱད་པར་ལས་ལ་བཀོལ་ཞིང་ངག་གིས་འཐབ་པ་སོགས་སྤྱོ་བའི་སྒོ་ནས་བརྟགས་པས་མི་ལྡོག་ཅིང་། བརྟན་པ་ནི་དགེ་ཉེན་ནན་ཆགས་ཀྱིས་རིགས་ངེས་པ་ཞེས་བྱ་སྟེ་བཟུང་བར་འོས་པ་ལ། དེ་ཡང་སྤྱིར་རིགས་ངེས་པ་ལ། རང་བཞིན་གྱི་དང་། དོན་མཐོང་གི་དང་། དགེ་ཉེན་ནན་ཆགས་ཀྱིས་རིགས་ངེས་པ་དང་གསུམ། དང་པོ་ནི། དབང་རྣོན་གསང་སྔགས་ཀྱི་རིགས་སུ་ངེས་པའོ། །གཉིས་པ་ནི། ལྟ་བ་རྟོགས་ནས་གཞན་གྱི་བསྒྱུར་དུ་མི་བཏུབ་པའོ། །གསུམ་པ་ནི། བཤད་མ་ཐག་པ་དེ་ཉིད་དོ། །གལ་ཏེ་སྣོད་དང་མི་ལྡན་པར་ཤེས་ན་རེ་ཞིག་བཏང་སྙོམས་སུ་འཇོག་པའམ། ཡང་ན། སྣོད་དང་འཚམས་པའི་དྲང་དོན་ཚོགས་བཤད་ཙམ་བཤད་དུ་རུང་ན་བཤད་པར་བྱ་བ་སྟེ། སྔ་མ་ལས། འཚམས་པར་སྐུ་བསྟན་གཅན་འཕྲང་སྦྱིན། །ཞེས་སོ། །གཉིས་པ་ནི། ཐོག་མ་ཁོ་ནར། དཀོན་མཆོག་མཆོད་པ། འབྱུང་པོ་ལ་གཏོར་མ་བཏང་བ། གསུང་རབ་ཀློག་པ། སཱཙྪ་གདབ་པ། ལམ་འཕྲང་གསོ་བ་སོགས་དགེ་བ་ཇི་ཙམ་འགྲུབ་པའི་རིམ་གྲོས་བསོད་རྣམས་ཀྱི་དཔུང་བསྐྱེད་པར་བྱས་ནས། ཇི་སྐད་དུ། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩམས་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་པ་ལྟར་སློབ་མ་སྣོད་རུང་དུ་བྱ་བའི་ཕྱིར་དབང་བསྐུར་ཞིང་། དེས་ཀྱང་སྔོན་དུ་སློབ་དཔོན་མཉེས་པར་བྱས་ཏེ་དབང་ནོད་ནས་དམ་ཚིག་དང་སྡོམ་པ་ལ་གནས་པས་རྒྱུད་མཉན་ནོ། །དེ་ཡང་རྒྱུད་དོན་དངོས་ལ་ཐུག་པ་ནས་བཟུང་སྟེ། བླ་མ་རྒྱུད་པའི་གསོལ་འདེབས། རྡོར་སེམས་བསྒོམ་བཟླས། བསྲུང་བའི་འཁོར་ལོ་བསྒོམ་པ། མཆོད་གཏོར་འབུལ་བ་རྣམས་བྱས་ལ་དཔོན་སློབ་གཉིས་ཀས་སྔོན་བྱུང་ཇི་ལྟ་བར་བསྒོམ་པའམ། ཡང་ན་གསང་འདུས་ལས། མདོ་འདོན་ཆོ་གའི་བྱ་བ་ལ། །རྟག་པར་རྡོ་རྗེ་ཆོས་སུ་བྱ། །ཞེས་པ་ལྟར་འཆད་པ་པོས་བདག་ཉིད་གསུང་རྡོ་རྗེ་སྣང་བ་མཐའ་ཡས་སུ་བསྒོམས་ཀྱང་རུང་སྟེ། འདི་ཉིད་ལས། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་སོགས་འཆད་དབང་གི་བསམ་རྒྱུད་དུ་སྣང་མཐའ་བསྒོམ་པར་གསུངས་པའི་ཕྱིར། དེ་ལྟར་ན་ཉན་པ་པོས་ཀྱང་རིན་འབྱུང་དུ་བསྒོམ་དགོས་པར་མཚུངས་ཏེ། ཉན་དབང་གི་བསམ་རྒྱུད་དུ་དེ་ལྟར་འབྱུང་བའི་ཕྱིར་རོ། །དེ་ནས་རྡོ་རྗེ་སློབ་དཔོན་ལ་ཕྱག་སྔོན་དུ་འགྲོ་བས་ཡོན་དང་མནྜལ་ཕུལ་ལ། པུས་བཙུགས་ཐལ་མོ་སྦྱར་ཏེ། ཨེ་མའོ་སངས་རྒྱས་ཀུན་གྱི་གསང་། །རྟོག་པ་ཀུན་གྱི་རྒྱལ་པོ་སྟེ། །ཆོ་ག་རྒྱས་པར་བསྟན་པའི་རྒྱུད། །དྲི་མེད་ཟབ་མོ་བརྟག་དཀའ་བ། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །མ་ལུས་གཏན་ལ་འབེབས་པ་འདི། །རང་གསང་ཐབས་ཀྱིས་ཆོད་པ་ཡིས། །འགྲོ་བ་ཀུན་ལ་སྨན་སླད་དུ། །བཅོམ་ལྡན་བདག་ལ་བཤད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་པར་བྱ་སྟེ། བླ་མ་ལྔ་བཅུ་པ་ལས། པུས་བཙུགས་ཐལ་མོ་སྦྱར་བ་ཡིས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་སོ། །དེ་ན་དཔོན་སློབ་གཉིས་ཀས་སྒོ་གསུམ་གྱི་སྐྱོན་བཅུ་གཅིག་སྤངས་ཏེ་འཆད་ཉན་བྱའོ། །གང་ཞེན་ན། ཉལ་བ་དང་རྐང་པ་རྐྱོང་བ་སོགས་ལུས་ཀྱི་གནས་ངན་ལེན་དང་། རྩེད་མོ་དང་། ཀྱལ་ཀ་དང་། ཅ་ཅོ་དང་། ཞེ་སྡང་བའི་བརྒལ་ལན་དང་། ཧ་ཅང་རྟོག་གེ་ལ་འཆོལ་བའི་རྩོད་ངོར་ཐལ་བ་དང་། མན་ངག་མེད་པ་དང་། རྫུན་གྱི་མན་ངག་དང་། མ་སྨིན་པའི་སྐྱེ་བོས་ཐོས་པ་དང་། རྙེད་གྲགས་ཀྱི་སེམས་དང་། འགྲན་སེམས་རྣམས་སྤངས་ཏེ། སློབ་དཔོན་གྱིས་སྨྲ་བའི་རྒྱན་དང་ལྡན་པས་སྣོད་དང་སྣོད་མ་ཡིན་པ་བརྟགས་ལ་བཤད་པ་གཉིས་ཀྱི་སྒོ་ནས་འཆད་ཅིང་། ཉན་པ་པོས་ཀྱང་གུས་པའི་སྤྱོད་ལམ་གྱིས་འདུག་སྟེ། བསམ་སྦྱོར་ཕུན་སུམ་ཚོགས་པས་ལེགས་པར་ཉན་ལ། རྗེས་སུ་བཀའ་དྲིན་དྲན་པ་དང་། དེའི་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །གསུམ་པ་ནི། འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་དང་། དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་འཆད་པ་པོས་ཐོབ་པའི་ཕན་ཡོན་དང་། ཡང་། གང་གིས་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་རྒྱུད་ལ་མཐོང་མོས་བྱས་པའི་ཡོན་ཏན་ཏེ། གཙོ་བོར་ཉན་པ་པོས་ཐོབ་པའི་ཕན་ཡོན་ནོ། །ཡང་། རྒྱལ་བའི་རིག་པ་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །ཅེས་དང་། བཤད་རྒྱུད་རྒྱ་མཚོ་ལས། སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ཆེན་འདི། །མོས་དང་མཐོང་དང་བྲིས་པ་དང་། །བཀླགས་པ་ཙམ་གྱིས་འགྲུབ་འགྱུར་ན། །རྟོགས་དང་གོམས་པའི་སྤྱོར་བ་ཡིས། །འབྲས་བུ་ཐོབ་པ་སྨོས་ཅི་དགོས། །ཞེས་དང་། ཧེ་ཧུ་ཀ་གལ་པོ་ལས་ཀྱང་། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི། །ཀློག་གམ་ཡང་ན་སེམས་ཀྱང་རུང་། །དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར། །ཞེས་པ་རྣམས་ནི་གཉིས་ཀས་ཐོབ་པའི་ཕན་ཡོན་ནོ། །གཞན་ཡང་འཆད་ཉན་གྱི་ཕན་ཡོན་མདོ་སྡེ་ལས་འབྱུང་བ་དག་ཀྱང་བཤད་དེ་སྤྲོ་བ་སྐྱེད་པར་བྱའོ། །མན་ངག་དེས་ཇི་ལྟར་བཤད་པའི་ཚུལ་བཤད་ཟིན་ཏོ། །དཔལ་ལྡན་རྒྱུད་རྒྱལ་སྙིང་པོ་ཉིད། །འཆད་པའི་སྔོན་འགྲོའི་རྣམ་གཞག་འདི། །རྗེ་བཙུན་གཏེར་ཆེན་བླ་མ་ཡི། །དྲིན་ལས་བན་ཆུང་ཆོས་དཔལ་གྱིས། །ལེགས་པར་བཤད་ལས་ཐོབ་པའི་དགེས། །པདྨོའི་གཉེན་དང་སྒྲོན་མེ་ལྟར། །འགྲོ་བའི་ནང་གི་མུན་པ་ཀུན། །སེལ་བའི་དཔལ་དུ་མཛེས་གྱུར་ཅིག །ཅེས་རྩ་རྒྱུད་སྙིང་པོའི་སྤྱི་དོན་གསང་བདག་ཞལ་ལུང་ལས། ས་དམིགས་དང་པོ་སྔོན་འགྲོ་སྤྱིའི་རྣམ་པར་གཞག་པ་འདི་ཡང་སྔགས་བཙུན་དྷ རྨ་ཤྲཱིས་དྲུག་ཅུ་སྐོར་བཅུ་གཉིས་པའི་རབ་བྱུང་མེ་ཡོས་ཀྱི་ལོ་ལ་སྦྱར་བའི་ཡི་གེ་པ་ནི། དགེ་བའི་གཤེས་གཉེན་དང་རྡོ་རྗེ་ཐེག་པའི་བསྟན་པ་ལ་གཅིག་ཏུ་གུས་པ་ཟེམ་སྟོན་ཨོ་རྒྱན་དཔལ་འབྱོར་རོ། །ཕྱིས་ལྕགས་རྟ་རང་ལོ་སོ་བདུན་པ་ལས་དམིགས་གཉིས་པ་རྒྱུད་ཀྱི་སྤྱི་དོན་དངོས་ཉིད་སྟན་ཐོག་གཅིག་ཏུ་རྫོགས་པར་བརྩམ་པའི་ཚེ་དབྲི་བསྣན་ཅུང་ཟད་བགྱིས་ཏེ་དག་པར་བྱས་པའོ། །ༀ་སྭ་སྟི་སིདྡྷཾ། འཁོར་འདས་ཆོས་ཀུན་རང་རིག་བྱང་ཆུབ་སེམས། །སྣང་སྟོང་དབྱེར་མེད་ལྷག་པ་ཆོས་ཀྱི་སྐུར། །ཡེ་ནས་རྣམ་དག་བདེ་གཤེགས་སྙིང་པོ་སྟེ། །གཞི་རྒྱུད་སེམས་ཀྱི་ཆོས་ཉིད་ལ་ཕྱག་འཚལ། །མཐའ་བྲལ་རིགས་ལམ་མཁའ་ལ་གཏན་ཚིགས་རྟས། །དྲངས་པའི་ཐབས་གྲོལ་ལམ་མཆོག་ཚ་ཟེར་ཅན། །ཤེས་ཐོབ་བྱེད་པའི་སྣང་བས་གཞི་ཇི་བཞིན། །གསལ་ནུས་ལམ་རྒྱུད་གསང་བའི་སྙིང་པོར་མོས། །ཤེས་རབ་རལ་གྲི་རྣོན་པོས་མ་རིག་པའི། །སྒོ་ངའི་སྦུབས་བརྟོལ་གནས་ལུགས་མངོན་གྱུར་ལ། །མཐར་ཐུག་འབྲས་རྒྱུད་བདེ་བར་གཤེགས་པ་ཞེས། །འདི་ན་དྲིན་ཅན་བླ་མར་བསྟན་ལ་འདུད། །སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་དྲི་བྲལ་གྱི། །གནས་སྐབས་གསུམ་སྟེ་ཤེས་ཐོབ་བྱ་བྱེད་དང་། །བདག་ཉིད་གཅིག་པར་འབྲེལ་ཞིང་རྒྱུན་ཆགས་དོན། །རྨོངས་པས་བདེ་བླག་རྟོགས་ཕྱིར་དེ་དོན་དགྲོལ། །གཞུང་ལུགས་མང་པོའི་ཐོས་རྒྱ་མི་ལྡན་ཞིང་། །ཆོས་རབ་འབྱེད་པའི་ཤེས་རབ་མཐུ་ཆུང་ཡང་། །བླ་མའི་དྲིན་གྱིས་རྙེད་པའི་ཟབ་དོན་གནད། །ཅུང་ཟད་ངེས་འདི་བརྗོད་ལ་སྐྱོན་ཡོད་མིན། ༈ །དེ་ལྟར་སྔོན་དུ་འགྲོ་བ་སྤྱིའི་རྣམ་པར་གཞག་པས་བློ་སྦྱངས་ནས། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་གིས་རྒྱུད་བསྡམས་པའི་སྐལ་ལྡན་ལ་ཟབ་མོའི་རྒྱུད་བཤད་པར་བྱ་བ་ཡིན་པས། དེའི་ཕྱིར། བྱེ་བྲག་རྒྱུད་ཀྱི་དོན་བཤད་པ་ལ་འཇུག་པ་བྱ་སྟེ། འདི་ལ་གསུམ། ཁུངས་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་སྔོན་ཇི་ལྟར་བྱུང་བའི་ལོ་རྒྱུས་དང་། ཆོས་ལ་དོན་གཉེར་གྱི་གུས་པས་འཇུག་པའི་ཕྱིར་རྒྱུད་ཀྱི་ཆེ་བ་དང་། ཆེ་བ་དེ་ལྡན་གྱི་རྒྱུད་དོན་དངོས་བཤད་པའོ། །དང་པོ་ལ། སྟོན་པས་ཇི་ལྟར་གསུང་ཚུལ། དེ་ལ་ཇི་ལྟར་བརྒྱུད་ཚུལ་ལོ། །དང་པོ་ལའང་། ཉི་འོད་སེང་གེའི་བཞེད་པ་དང་། སྒེག་རྡོར་གྱི་བཞེད་པ་གཉིས། དང་པོ་ནི། འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུས་གསང་སྔགས་རྡོ་རྗེའི་ཐེག་པ་སྟོན་པའི་ཚེ། དེ་དང་དུས་མཚུངས་པར་མིའི་ཡུལ་དུ་མཆོག་གི་སྤྲུལ་པའི་རྡོ་རྗེ་གདན་དུ་འཚང་རྒྱ་ཚུལ་མ་བསྟན་པའི་གོང་རོལ་དུ་གསུངས་པར་བཞེད་དེ། རྒྱ་ཆེར་འགྲེལ་ལས། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད་པ་ལ་རིགས་བཞི་སངས་རྒྱས་ཀྱིས་བསྐུལ་ནས་ཞུས་པས། བཏགས་པའི་ལུས་དེར་བཞག་ནས། ཡེ་ཤེས་ཀྱི་ལུས་འོག་མིན་དུ་གཤེགས་ནས། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའི་བྱ་བ་རྫོགས་པའི་སྐད་ཅིག་མར་གནས་པ་ལས། རང་གི་ལུས་ལས་འོད་ཀྱི་རྫུ་འཕྲུལ་གྱིས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གཅིག་ཏུ་འདུས་ནས་ཕྱོགས་བཞིའི་རིགས་ཀྱི་སངས་རྒྱས་ཀྱིས་མངོན་པར་བྱང་ཆུབ་པ་ལྔས་བྱིན་གྱིས་བརླབས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །གལ་ཏེ་དེ་ལྟར་མ་ཡིན་དུ་ཟིན་ན། སློབ་དཔོན་མེད་པའི་ཡེ་ཤེས་ནི་མི་འཐད་པ་ཉིད་ཀྱི་ཕྱིར་རོ། །མཚན་ཡང་རྡོ་རྗེ་དབྱིངས་ཆེན་པོར་གསོལ་ལོ། །དེ་ནས་ཤུགས་བཞིན་དུ་ཡེ་ཤེས་ཀྱི་དབང་གིས་བབས་ནས། རི་རབ་རིའི་རྩེ་མོ་རྡོ་རྗེ་དང་ནོར་བུ་བརྩེགས་པའི་ཁང་པར་བྱོན་ནས། དེ་ཁོ་ན་ཉིད་འདུས་པའི་སྡེ་ལ་སོགས་ཏེ་ཡོ་གའི་ཐེག་པ་ཆེན་པོ་རྣམས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་ཞུས་པས། རྒྱ་མཚོའི་འགྲམ་དུ་བྱོན་ནས་རྡོ་རྗེ་དབྱིངས་ཀྱི་ཁང་བཟང་ཆེན་པོར་ཡང་ཡོ་གའི་ཐེག་པ་རྣམས་བཀའ་སྩལ་ཏོ། །དེ་ནས་ཨོ་རྒྱན་དང་ཟ་ཧོར་གྱི་ཡུལ་དུ་གཤེགས་ནས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་སོགས་པ་ལ་གསང་བའི་རྒྱུད་སྡེ་ཐམས་ཅད་བཀའ་སྩལ་ཏོ། །དེ་ནས་སླར་དཀའ་ཐུབ་མཛད་པའི་སར་གཤེགས་ནས་བཏགས་པའི་ལུས་ལ་ཡེ་ཤེས་སླར་ཞུགས་ནས། དེ་ལས་བཞེངས་ནས། བསོད་སྙོམས་མཛད་པ་དང་། རྡོ་རྗེ་གདན་མནན་ནས་སངས་རྒྱས་ཏེ། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་བསྟན་པ་དང་། མཐར་མྱ་ངན་ལས་འདས་པས་མཛད་པ་མཐར་དབྱུང་ངོ་། །དེར་བརྒལ་བ། འོ་ན། འདི་ལྟར་མི་ཡུལ་དུ་བཀའ་སྩལ་པ་ལགས་ན། རྒྱུད་དངོས་ལས། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ། ཞེས་འབྱུང་བ་ཅིའི་ཕྱིར། དེ་མི་ཡུལ་དུ་བཀའ་སྩལ་པ་མི་སྨོས་ཞེ་ན། ལན་དུ། དེ་ནི་འདི་ལྟར་ལགས་ཏེ། རྣམ་པ་གཅིག་ཏུ་ཁུངས་གསང་དགོས་པ་དང་། གཉིས་སུ་གང་གི་ཚེ། གང་གི་དུས་ན་འོག་མིན་ལྷའི་རྒྱལ་པོའི་གནས་ན་ལོངས་སྤྱོད་རྫོགས་པའི་སྐུས་གསང་སྔགས་རྡོ་རྗེའི་ཐེག་པ་སྟོན་པ་དེའི་ཚེ། དེའི་དུས་ན། སྤྲུལ་པའི་སྐུས་ཀྱང་། དེའི་དབང་གིས་མི་ཡུལ་དུའང་གསང་སྔགས་རྡོ་རྗེའི་ཐེག་པ་འཆད་པར་འགྱུར་རོ། །ཞེས་ཏ་ཐཱ་ཨ་བ་ལོ་ཀི་ཀ་ར་ལས་གསུངས་སོ། །དེ་ནས་མཇུག་ཏུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་ངའི་ཆོས་འདི་དག་ཕྱུང་ལ་ཁུངས་ལྷ་ཡུལ་ནས་བབས་པར་སྙོད་ལ། བཀའ་ཡང་དག་པའི་དོན་དང་མི་འགལ་བའི་ཕྱིར་ཕྱག་ན་རྡོ་རྗེའི་མཐུས་བསྟན་ཏོ་བར་སྒྲོགས་ཤིག །དེ་ཅིའི་ཕྱིར་ཞེ་ན། སྡུད་པ་པོ་ཡིན་པའི་ཕྱིར་ཏེ། གཞུང་འདི་ཉིད་ནས་ཀྱང་། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་ནི། མཆོག་གི་སྤྲུལ་སྐུས་མི་ཡུལ་དུ་ལམ་ཐུན་མོང་བ་བཤད་པ་དང་། དུས་མཚུངས་པར་སྟོན་པས་འོག་མིན་དུ་གསུངས་པར་བཞེད་དེ། སྤར་ཁབ་ལས། དྲུག་པའི་སྟོན་པ་ལྷུན་གྱིས་གྲུབ་པའི་ཐབས་དང་། སྨོན་ལམ་གྱིས་གོ་ཕྱེ་ནས། ལེའུ་དང་པོར་རྒྱུ་སྣང་བར་མཛད། གཉིས་པར་རྐྱེན་སྦྱར། གསུམ་པར་ཐུན་མོང་བཅའ་གཞིའི་སྟོན་པ་དྲུག་སྣང་བར་མཛད་དོ། །དུས་མཚུངས་པར་ཐ་དད་པའི་རྒྱུད་རྣམས་བྱུང་བའོ། །ཞེས་པ་ལྟར། རྒྱ་བོད་ཀྱི་བླ་མ་ཕལ་ཆེར་འདི་དང་མཐུན་པར་འོག་མིན་དུ་གསུངས་པར་བཞེད་དོ། །དེ་ཡང་། སྤྱན་འགྲེལ་ལས། གསང་བའི་འོག་མིན་དང་། གྲགས་པའི་འོག་མིན་དང་། བཏགས་པའི་འོག་མིན་དང་། དོན་གྱི་འོག་མིན་དང་། འོག་མིན་ཆེན་པོ་ལས། གདུལ་བྱའི་སྣང་བ་ལམ་མཐའ་ཉིད་དུའོ། །ཞེས་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིས་དག་རྣམ་སྤངས་པ། །འོག་མིན་ཆེན་པོའི་གནས་མཆོག་ན། །ཞེས་འོག་མིན་ཆེན་པོར་གྲགས་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་གསུངས་པའི་ཕྱིར། དག་མ་དག་གི་ཞིང་ཆོས་ཕྱེ་བའི་གནས་ཕྱོགས་རེ་བ་གཅིག་བསྒྲུབ་ཏུ་མེད་དེ། ཐུགས་ཐིག་ལས། ཆོས་དབྱིངས་འོག་མིན་གསང་བ་ན། །ལྷན་ཅིག་འདུས་པའི་རིན་ཆེན་ཁང་། །ཞེས་དང་། བླ་མའི་འགྲེལ་པ་མུན་སེལ་ལས། འོག་མིན་ཆེན་པོ་དབྱིངས་ཀྱི་གཟུགས་བརྙན་སྣང་བའི་གནས་སུ། ཞེས་དང་། འགྲེལ་ཆུང་ལས། མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་དང་། རྒྱུད་ལས་ཀྱང་། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ། ཞེས་སོགས་གསུངས་པས། འོག་མིན་ཆེན་པོའི་གནས་སུ། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོས། འཁོར་དགོངས་པ་གཉིས་སུ་མེད་པ་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་ལ་བསྟན་པ་སྟེ། རྒྱུད་ཀྱི་གླེང་གཞི་སྒྲ་ཇི་བཞིན་པ་ལྟར་བཞེད་པ་ཡིན་ནོ། །དེ་ལྟར་བཞེད་ལུགས་གཉིས་ལས། ཁོ་བོ་ནི། གོང་ལྟར་བཤད་ཀྱང་མི་འགལ་བར་མངོན་ཏེ། མཆོག་གི་སྤྲུལ་སྐུ་ཐུབ་པའི་དབང་པོ་ཡང་སྟོན་པ་རིགས་དྲུག་པ་ལས་རྒྱུད་གཞན་དུ་མ་གྱུར་པའི་ཕྱིར། མཁའ་ཟླ་དང་། ཆུ་སྣོད་ལྟར་གདུལ་བྱའི་བློ་སྣང་བ་ལ་སོ་སོར་གསུངས་པའང་མི་འགལ་བའི་ཕྱིར་དང་། ལུགས་དེ་གཉིས་ཀྱང་། སྔ་མས་འོག་མིན་དུ་ལོངས་སྐུས་བསྟན་པ་དང་དུས་མཚུངས་པར་སྤྲུལ་སྐུས་མི་ཡུལ་དུ་གསུངས་པའི་ཕྱོགས་བཟུང་ཞིང་། དེ་ཡང་། ཁུངས་ལྷ་ཡུལ་ནས་བྱུང་བར་བསྙད་ནས་ཕྱག་རྡོར་གྱིས་སྟོན་ཅིག་པར་སྟོན་པས་བཀའ་གནང་བའང་བཤད་ལ། ཕྱི་མས་དེའི་ཕྱོགས་བཟུང་ནས་ལོངས་སྐུའི་གླེང་གཞི་དང་སྦྱར་ཏེ་གསུངས་པས་གཉིས་པོ་འགལ་མེད་དུ་འཆད་ཐུབ་ཅིང་། དེར་མ་ཟད་རྒྱུད་གཞུང་གཅིག་ལ་གླེང་གཞི་བཤད་ཚུལ་ཐ་དད་པ་གཞན་ལས་ཀྱང་འབྱུང་སྟེ། འཇམ་དཔལ་སྒྱུ་དྲྭའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེར། །འཛམ་བུའི་གླིང་འདིར་གྲགས་པ་ཡིན། །བྱང་ཆུབ་སེམས་དང་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུངས། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོ་བསྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་ཚེ། །འཁོར་རྣམས་འདུས་པའི་དུས་དེར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ལུགས་གཉིས་འགལ་མེད་དུ་བསྒྲུབས་ནས། རང་ལུགས་ནི། བརྒྱུད་པའི་བཀའ་སྲོལ་ཕྱི་མ་ཉིད་ཡིན་པས། རེ་ཞིག་འདིར་ཡང་སྤར་ཁབ་ཀྱི་ལུགས་ལྟར་བཟུང་ངོ་། །སྔགས་པ་ཁ་ཅིག །མི་ཡུལ་དུ་སྤྲུལ་སྐུས་ལམ་སྟེགས་ཀྱི་ཐེག་པ་ཙམ་ལས་མ་ཧཱ་ཡོ་གའི་རྒྱུད་མ་གསུངས་པར་འདོད་པ་ནི་ཤིན་ཏུ་མི་རིགས་ཏེ། རྩ་རྒྱུད་དུ། སྤྲུལ་སྐུའི་བསྟན་པ་འདུལ་བ་རྣམ་པ་བཞི་ལས་གསུང་གིས་འདུལ་བའི་སྐབས་སུ། བླ་ན་མེད་པའི་ཐེག་པ་དང་། ཞེས་དང་། བཤད་རྒྱུད་ཀྱི། བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་པས་འཆད་དགོས་པའི་ཕྱིར། །དེའང་འདིའི་ལམ་སྟེགས་ཀྱི་རྒྱུད་སྡེ་འོག་མ་རྣམས་ལ་དགོངས་སོ་ཞེ་ན། མ་ཡིན་ཏེ། དེའི་སྤྱན་འགྲེལ་ལས། ཐབས་ཀྱི་རྒྱུད་དུ་ལམ་ཐུན་མོང་བ་རྣམས་འདུས་པ་སྟེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཀྱི་ཕྱིར་རོ། །ཞེས་སོ། །འོ་ན། དགོངས་འདུས་ལས། ངེས་པའི་ཐེག་པ་ཡོངས་མ་གསུངས། །ཞེས་མི་ཡུལ་དུ་ཐུབ་པས་གསང་སྔགས་མ་གསུངས་པ་དང་། ང་ནི་འདི་ནས་མི་སྣང་ནས། །ཞེས་སོགས་སྔགས་ཕྱིས་འབྱུང་བར་ལུང་བསྟན་པ་དང་འགལ་ལོ་ཞེ་ན། ལན་དུ། བླ་མ་སྔ་རབས་པ་རྩགས་ཚ། སྨན་སོགས། དག །གསང་སྔགས་ཀྱི་སྣོད་དུ་མ་གྱུར་པའི་གདུལ་བྱ་ཕལ་ལ་མ་བཤད་པས་ཕྱིས་འབྱུང་བར་ལུང་བསྟན་པ་དང་མ་འགལ་ཞིང་། སྣོད་ལྡན་ལ་བཤད་པས་འདིར་བླ་ན་མེད་པའི་ཐེག་པ། ཞེས་གསུངས་པ་དང་མི་འགལ་ལོ་གསུངས་ཀྱང་། སྔགས་ཀྱི་སྣོད་དུ་མ་གྱུར་པའི་སྐལ་མེད་ལ་ཕྱིས་འབྱུང་བར་ལུང་བསྟན་པ་ལ་དོན་མེད་ཅིང་། སྐལ་ལྡན་ལ་ཕྱིས་འབྱུང་བར་ལུང་བསྟན་ན། དེ་ལྟར་གསུངས་པ་དང་ཡང་འགལ་བའི་ཕྱིར་མ་ངེས་སོ། །རོག་གི་ཞལ་ནས། རྒྱུའི་ཐེག་པ་སྡེ་སྣོད་གསུམ་ནི་དངོས་སུ་ཞལ་ནས་གསུངས་པའི་བཀའ་ཡིན་ལ། འབྲས་བུའི་ཐེག་པ་རིག་པ་འཛིན་པའི་སྡེ་སྣོད་རྗེས་སུ་གནང་བའི་སྒོ་ནས་གསུངས་པས་གཉིས་ཀ་དང་མི་འགལ་གསུངས་ཏེ། དང་པོ་ལ་མདོའི་གླེང་གཞི་སོགས་ཀྱིས་མ་ངེས། ཕྱི་མ་ལ། དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་གྱི་རྒྱུད་གསུངས་པ་སོགས་ཀྱིས་མ་ངེས་སོ། །རང་ལུགས། རེ་ཞིག་རྡོ་རྗེའི་ཐེག་པས་འདུལ་བའི་དུས་ལ་མ་བབས་པའི་ཕྱིར། ཐུབ་པའི་དབང་པོས་གདུལ་བྱ་ཕལ་གྱི་སྣང་ངོར་ཡོངས་སུ་གྲགས་པར་མ་གསུངས་བས་རིགས་ཅན་ལྔ་དང་རྒྱལ་པོ་ཟླ་བཟང་སོགས་ལ་མ་གསུངས་པར་མ་ངེས་ལ། ཕྱིས་འབྱུང་བར་ལུང་བསྟན་པའང་འཇིག་རྟེན་དུ་གསང་སྔགས་ཀྱི་སྒྲ་ཡོངས་སུ་གྲགས་པར་འགྱུར་པ་ལ་དགོངས་པའི་ཕྱིར་སྐྱོན་མེད་དོ། །གཉིས་པ་ནི། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་པས་གསུམ་སྟེ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་རིག་པའི་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དོ། །དང་པོ་ནི། རྒྱལ་བ་ཀུན་ཏུ་བཟང་པོས་རྒྱལ་ཚབ་རིགས་ལྔ་ལ་བརྒྱུད། རིགས་ལྔས་རྒྱལ་སྲས་སེམས་དཔའ་སོགས་ལྷན་ཅིག་པའི་འཁོར་ལ་བརྒྱུད་དོ། །གཉིས་པ་ལ། མི་མ་ཡིན་ལ་བརྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ལ་བརྒྱུད་པ་གཉིས། དང་པོ་ནི། རྒྱལ་སྲས་སེམས་དཔའི་འཁོར་རྣམས་ཀྱི་ནང་ནས་རིགས་གསུམ་གྱིས་གདུལ་བྱ་རང་རང་གི་བསམ་པ་དང་མཐུན་པར་བསྟན་ཅིང་དར་བར་མཛད་དེ་འཇམ་དཔལ་གྱིས་ལྷའི་གནས་སུ་ལྷ་གྲགས་ལྡན་ཕྱོགས་སྐྱོང་ལ་བཤད། དེས་ལྷའི་རིག་འཛིན་རྣམས་ལ་བརྒྱུད་ཅིང་དར་བར་བྱའོ། །སྤྱན་རས་གཟིགས་ཀྱིས་ཀླུའི་གནས་སུ། ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད་དེ་རིམ་པར་བརྒྱུད་ཅིང་དར། ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ། །གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་རིམ་པར་བརྒྱུད་ཅིང་དར་རོ། །གཉིས་པ་ནི། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བཱི་དྲི་མེད་གྲགས་པ་སྟེ། དམ་པའི་རིགས་ཅན་ལྔ་པོ་རང་རང་གི་མངོན་པར་ཤེས་པས་ལངྐའི་ཡུལ་གྱི་གྲོང་རྡལ་གྱི་མཚོ་གླིང་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་རྫུ་འཕྲུལ་གྱི་བྱ་བས་འདུས་ཏེ། གདུང་ཚིག་བཏོན་པས། ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས། །རིགས་ཅན་ལྔ་ལ་བཤད་ཅིང་བརྒྱུད་དོ། །གསུམ་པ་ལ། མི་ཡུལ་དུ་རྒྱུད་འདི་ཐོག་མར་བབས་ཚུལ་དང་། དེ་ལས་ཇི་ལྟར་བརྒྱུད་ཚུལ་གཉིས། དང་པོ་ནི། དུས་གང་གི་ཚེ། གནས་གང་དུ། གང་ཟག་གང་ལ། ཚུལ་ཇི་ལྟར་བབས་པ། དེ་ལ་རྩོད་པ་སྤང་བ་དང་ལྔ། དང་པོ་ནི། ལམ་རིམ་ལས། གསང་བའི་བདག་པོས་མངོན་གཤེགས་ནས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མི་ལས་སྐལ་ལྡན་འདུས་པ་ལ། །དང་པོས་ཇི་ལྟར་ལུང་བསྟན་དུས། །རྒྱལ་བུ་རིགས་ཅན་ལྟས་ཤར་ནས། །ཞེས་དང་། རི་མ་ལ་ཡའི་རྩེར་རིགས་ཅན་ལྔ་ལ་གསང་བདག་གིས་ཆོས་འཁོར་བསྐོར་བའི་ཚེ། དེའི་བྱིན་རླབས་ཀྱིས་རྒྱལ་པོ་ཛཿལ་རྨི་ལྟས་བདུན་ཤར་ཞིང་། དེའི་རྗེས་ཐོག་ཏུ། སྔོན་ཐུབ་པའི་དབང་པོས་ལུང་བསྟན་པ་བཞིན་དུ་གསང་སྔགས་བབས་པར་བཤད་དོ། །དེའང་ལུང་ཇི་ལྟར་བསྟན་སྙམ་ན། འགྱུར་ཁྱད་ཙམ་མ་གཏོགས་སྤྱི་མདོ་ལས་གསུངས་པ་དང་ཚིག་དོན་མཐུན་པར། སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་སོ། །འོ་ན། གང་དུ་ཐུབ་དབང་གཤེགས་ནས་ལོ་ཉེར་བརྒྱད་ན་བབས་པར་བཤད་པ་མི་རིགས་ཏེ། འདིར་ལོ་བརྒྱད་དང་བཅུ་གཉིས་ན་བབས་པར་བཤད་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། ལུང་འདིར་བསྟན་གྱི་ལོ་བཅུ་གཉིས་ནི་བཅུ་ཚན་གཉིས་ལ་དགོངས་པས་དོན་ལ་ཉི་ཤུ་སྟེ། ཨ་ཏི་ཟབ་དོན་སྙིང་པོའི་ལོ་རྒྱུས་ལས། ལོ་ནི་བརྒྱད་དང་ཉི་ཤུའི་ཚེ། །ཞེས་གསུངས་པ་དང་མཐུན་པའི་ཕྱིར། བརྒྱད་དང་ཉི་ཤུ་ཡང་གྲངས་ཀྱི་གནས་གཞན་འགོད་པའི་རིག་པས་དོན་ལ་ཉི་ཤུ་རྩ་བརྒྱད་དེ། འགྲེལ་པ་ཉི་སེང་མར། མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། ཞེས་དང་། ཨ་ཏི་ཟབ་དོན་སྙིང་པོར། སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་རྒྱལ་པོ་ཛཿལ་རྨི་ལྟས་བདུན་བྱུང་སྟེ། ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་དང་ཉེ་བ་ལངྐའི་ཡུལ་གྱི་རི་མ་ལ་ཡའི་ཤར་ལྷོའི་ངོས་ན་ཨ་སུ་རའི་བྲག་ཕུག་བྱ་བ་ཡོད། དེར་རྒྱལ་པོ་ཛཿབསྒྲུབ་པ་མཛད་ཅིང་བཞུགས་པའི་ཡང་ཐོག་ཏུ་བབས་པར་བླ་མ་གོང་མ་རྣམས་བཞེད་མོད་ཀྱི། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཟ་ཧོར་གྱི་ཡུལ་ཉིད་དུ་བབས་པར་གསུངས་སོ། །འོ་ན་ལངྐའི་ཡུལ་དེ་ཟ་ཧོར་གྱི་ཉེ་འཁོར་ན་ཡོད་པ་གང་གིས་ཤེས་ཞེ་ན། དེ་ནི་མདོའི་འགྲེལ་པ་སྨན་པ་ལྕགས་འགྲོལ་ལས། ཟ་ཧོར་ཡུལ་གྱི་ཉེ་འཁོར་ན། །མཐུ་སྟོབས་ཞབས་བཅགས་མ་ལ་ཡ། །གནམ་ལྕགས་འབར་བའི་རི་རྩེ་ན། །ཞེས་སོ། །དེ་ལ་ཁ་ཅིག །ལངྐ་ཟ་ཧོར་གྱི་ཉེ་འཁོར་ན་ཡོད་པ་མི་རིགས་ཏེ། ལངྐའི་ཡུལ་ནི་རྡོ་རྗེ་གདན་གྱི་ལྷོ་ནུབ་ན་ཡོད་ལ། ཟ་ཧོར་ཤར་ན་ཡོད་པའི་ཕྱིར་ཟེར། ལན་དུ་སེ་སྟོན་ཆེན་པོ་ནི། དེ་གཉིས་ཀྱི་བར་ན་འགྱང་ཤིན་ཏུ་རིང་བ་ཡོད་པ་བདེན་མོད། འོན་ཀྱང་ལངྐ་དང་ཟ་ཧོར་གཉིས་རྒྱ་མཚོའི་དོ་ལ་གྲོང་ཁྱེར་ཟམ་མ་ཆད་པར་འབྲེལ་ནས་ཡོད་པ་ལ་དགོངས་ནས་ཟ་ཧོར་གྱི་ཉེ་འཁོར་ཞེས་གསུངས་ཏེ། ཐུགས་སྒྲུབ་རིན་ཆེན་འབར་བ་ལས། ཟ་ཧོར་ཡུལ་ཞེས་བྱ་བ་དེ། །རྒྱལ་མཚོའི་གླིང་གི་མ་ཧཱ་དོ། །གནས་པ་འཛམ་གླིང་ཤར་ན་གནས། །རྒྱ་མཚོའི་གླིང་ལ་བརྒྱུད་མ་རུང་། །སྲིན་པོ་ལངྐ་མགྲིན་བཅུའི་ཡུལ། །ལངྐ་པུ་རི་དག་དང་འབྲེལ། །སྲིན་པོ་སྲིན་མོ་ཤ་ཟ་རྣམས། །ཀུན་ལ་དབང་སྒྱུར་ལོངས་སྤྱོད་ཆེ། །ཞེས་འབྱུང་བའི་ཕྱིར་གསུངས་པ་ཡང་མི་རིགས་ཏེ། ཕ་རོལ་པའི་གེགས་མ་སེལ་བའི་སྟེང་། དེ་གཉིས་རྒྱ་མཚོའི་དོ་ལ་གྲོང་ཁྱེར་ཟམ་མ་ཆད་པར་འབྲེལ་བའང་མི་སྲིད་པའི་ཕྱིར་དང་། སྲིད་ནའང་ཉེ་འཁོར་དུ་མི་རིགས་པའི་ཕྱིར་དང་། ལུང་དེའི་དོན་ཀྱང་དེ་ལྟར་མ་ཡིན་པར་འཆད་འགྱུར་ལས་ཤེས་པའི་ཕྱིར་རོ། །ཁོ་བོ་ནི་འདི་སྙམ་སྟེ། ལངྐའི་ཡུལ་ཡིན་ན་ལྷོ་ནུབ་ན་ཡོད་དགོས་སྙམ་པའི་དོགས་པ་འདི། རྒོལ་བ་པོ་ཁྱོད་མཐོང་རྒྱ་ཆུང་བའམ་རྣམ་དཔྱོད་རྩིང་བ་སྟེ། འདིར་བསྟན་གྱི་ལངྐའི་ཡུལ་དེ་རྔ་ཡབ་ཀྱི་ལངྐ་མ་ཡིན་པའི་ཕྱིར། འོ་ན་གང་ཞེ་ན། འདི་ནི་སྔོན་བཅོམ་ལྡན་འདས་ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ནས་བློ་གྲོས་ཆེན་པོ་ཞུས་པ་ལས། ལངྐར་གཤེགས་པའི་མདོ་གསུངས་པའི་གནས་འཛམ་གླིང་གི་ཤར་ལྷོ་མཚམས་ན་ཡོད་པ་དེ་ཡིན་ཅིང་། ཡུལ་དེ་ལ་སྔོན་སྲིན་པོས་བཟུང་པས་ལངྐའི་ཡུལ་དང་། ཕྱིས་དེད་དཔོན་སེང་གེས་བཟུང་བས། དིང་སང་སེངྒྷ་ལའི་གླིང་ཞེས་གྲགས་པ་དེ་ཡིན་ཏེ། པཎ་ཆེན་ཝ་ན་རཏྣའི་ཞལ་ནས། སིངྒྷ་ལའི་གླིང་དེ་ནི་གསུང་རབ་ལས་ལངྐའི་གླིང་དུ་གྲགས་པ་དེ་ཡིན་ཏེ། རཱ་མ་ཎས་འཛམ་བུའི་གླིང་དང་ལངྐའི་གླིང་གི་བར་དུ་རྡོའི་ཟམ་པ་བཙུགས་པ་རྣམས་ཀྱང་རྒྱ་མཚོའི་ནང་ན་རྡོའི་ཕུང་པོ་འདུག་པ་དངོས་སུ་སྣང་ཞིང་། སྐབས་འགར་རྡོའི་ཕུང་པོ་ལ་གཟིགས་ཐོགས་འོང་བས་བྱོལ་ནས་འགྲོ་དགོས་པ་དང་། གླིང་དེ་ན་སྲིན་པོ་ལངྐ་མགྲིན་བཅུ་བསད་པའི་ཁྲག་གིས་སྦགས་པ་ཡིན་ཟེར་བའི་རྡོ་དམར་པོ་སྔ་དྲོ་ཙམ་གྱི་སའི་ཆ་ཁྱབ་པར་ཡོད་པ་དང་། གླིང་དེ་ན་སུ་མ་ན་ཀཱུ་ཊ་ཟེར་བའི་རི་བོ་སུམ་གཅིག་ཡན་ཆད་བྲག་རིའི་ཟེ་བས་བསྐོར་བས་སྐྱེ་བོ་ཕལ་གྱིས་བགྲོད་མི་ནུས་པ་དེར། པཎ་ཆེན་འཁོར་བཅས་ཀྱིས་འབྱོན་ཐུབ་པ་སོགས་ཀྱི་གཏམ་རྒྱུད་གསུང་ཞེས་རྣམ་ཐར་ལས་འབྱུང་ཞིང་། པཎ་ཆེན་གྱིས་གླིང་དེར་ལོ་དྲུག་བཞུགས་པར་གྲགས་པས་གཏམ་ཁུངས་བཙུན་པར་མ་ཟད། སྐྱེས་བུ་དེ་ནི་ཀུན་གྱིས་རྩོད་མེད་དུ་བཀུར་བའི་མཁས་གྲུབ་ཡིན་པའི་ཕྱིར། འོ་ན། ལྷོ་ནུབ་རྔ་ཡབ་གླིང་ནའང་། རི་བོ་མ་ལ་ཡ་སོགས་ཡོད་པར་བཤད་པས་མི་འགལ་ལམ་ཞེ་ན། གནས་ཀྱི་མིང་དང་། མཚན་ཉིད་དེ་འདྲ་བ་ཅི་རིགས་གཞན་ན་མེད་པས་མ་ཁྱབ་སྟེ། འདིར་བསྟན་གྱི་ཨ་སུ་ར་དང་མིང་གཅིག་པ་རྒྱ་བལ་མཚམས་ནའང་ཡོད་ལ། ཞི་བྱེད་ཀྱི་རྒྱུད་ཆུ་ཀླུང་ཆེན་པོར་གསུངས་པའི་གནས་སིདྒྷ་ལའི་གླིང་དེའང་འདིར་བསྟན་དང་དོན་མི་གཅིག་པར་རྒྱུད་དེ་ལས་གསལ་བའི་ཕྱིར་རོ། །འདི་ལྟར་འཐད་པའི་རྒྱུ་མཚན་གཞན་ཡང་ཡོད་དེ། ཨ་ནུའི་རྒྱུད་རྣམས་ལངྐའི་ཡུལ་དུ་བབས་པར་ཀུན་ལ་གྲགས་པ་ལྟར། ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་ཐབས་ཀྱི་ལམ་མཆོག་འདུས་པའི་རྒྱུད་ཀྱི་ལེའུ་ལྔ་པར། མ་ཧཱ་ཡོ་གའི་རྒྱུད་རྣམས་ནི་རྒྱལ་པོ་ཛཿའི་ཁང་སྟེང་དུ་འབབ་པར་འགྱུར་ལ། ཨ་ནུ་ཡོ་གའི་རྒྱུད་རྣམས་ནི་སིདྒྷ་ལའི་ནགས་ཚལ་དུ་འབྱུང་བར་འགྱུར་ཏེ། ཞེས་ལུང་བསྟན་པའི་ཕྱིར། དེས་ན་གླིང་དེར་ཁ་སྐད་དུ་སུ་མན་ཀཱུ་ཊ་ཞེས་གྲགས་པའི་རི་བོ་ཡོད་པར་གསུངས་པའང་། འདིར་བཤད་པའི་དྲག་ཤུལ་ཅན་གྱི་རིའམ། རི་བོ་མ་ལ་ཡར་གྲགས་པ་དེ་ཡིན་ནམ་སྙམ་དུ་སེམས་ཏེ། བགྲོད་དཀའ་བ་སོགས་མཚན་ཉིད་ཆ་འདྲ་བ་ཡོད་པར་སྣང་བའི་ཕྱིར། འོ་ན། རི་མ་ལ་ཡའི་མཚན་ཉིད་ཀྱང་གང་ཞེ་ན་སྨན་པ་ལྕགས་འགྲོལ་ལས། རྩེ་ན་རྩལ་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཁྱི་ཚུགས་པ། །སེང་གེ་གནམ་དུ་མཆོངས་འདྲ་བརྒྱད། །རྩི་སྨན་རྩ་བརྒྱད་ཚང་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོངས་མི་ཚུགས། །སྤྱི་བོར་ཀ་ལནྟ་ཀ་ནི། །མི་གཉིས་གཅིག་པུར་གནས་པ་ཡི། །མཛོད་ལྡན་དེ་ཡི་ཚངས་བཅས་པ། །སྐལ་ལྡན་རྣམས་ཀྱི་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། །ཞེས་སོ། །གསུམ་པ་ནི། ཟ་ཧོར་གྱི་རྒྱལ་པོ་ཨུ་ཏ་ཛྙཱ་ནའི་སྲས་རྒྱལ་པོ་ཛཿལའོ། །བཞི་པ་ནི་རྒྱལ་པོ་ཉིད་གསང་སྔགས་ཕྱི་རྒྱུད་ལ་སྒྲུབ་པ་མཛད་ཅིང་བཞུགས་པ་ན་རྨི་ལྟས་བདུན་ཤར་ཏེ། དེའང་མདོའི་འགྲེལ་པ་ལུང་བསྟན་མ་ལས། བདག་ཉིད་ལ་ལྟས་བདུན་ཤར་བ་སྟེ། འདི་ཡང་། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་༡། །རིན་ཆེན་གླེགས་བམ་བབས་པ་དང་༢། །ཆོས་ཀྱི་བགྲོ་བ་བྱས་པ་དང་༣། །ཀུན་གྱིས་དམ་པར་བསྒྲགས་པ་དང་༤། །མཆོད་པ་ཆེན་པོ་བྱས་པ་དང་༥། །རིན་ཆེན་ཆར་དུ་བབས་པ༦། །སངས་རྒྱས་ས་ལ་ལུང་བསྟན་པའོ༧། །ཞེས་གསུངས། ཁ་ཅིག་རྨི་ལམ་གཉིས་པ་དང་གསུམ་པ་གོ་བརྗེས་ནས་འཆད་དེ། མདོ་འགྲེལ་ཡེ་ཤེས་སྣང་བ་རྒྱན་གྱི་ལུགས་སུ་བཞེད་དོ། །དེ་ནས་རྨི་ལྟས་དང་མཐུན་པར་དངོས་སུ་རང་གི་ཁང་ཐོག་ཏུ་གསང་སྔགས་རྒྱུད་སྡེའི་གླེགས་བམ་དང་། ཕྱག་ན་རྡོ་རྗེའི་སྐུ་ཁྲུ་གང་པ་ཞིག་བབས་ཏེ། གསོལ་བ་བཏབ་པས་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས། དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ཏེ་ཟླ་བ་དྲུག་བསྒྲུབ་པས་རྡོ་རྗེ་སེམས་དཔའི་ཞལ་མཇལ་ཞིང་བྱིན་གྱིས་རློབས་པའི་མཐུས་གླེགས་བམ་གྱི་དོན་མ་ལུས་པར་མཁྱེན་ཏོ། །ཞེས་རྗེ་བླ་མའི་གཏེར་བྱོན་གྱི་ཨ་ཏིའི་ལོ་རྒྱུས་ལས་གསུངས། སྔ་རབས་ཀྱི་བླ་མ་ཕལ་ཆེར། རྨི་ལྟས་བདུན་བྱུང་བ་སད་ནས་ཡང་ཐོག་ཏུ་བྱོན་པས་ཕྱག་རྡོར་གྱི་སྐུ་རྙེད་དེ་ལ་བརྟེན་ཏེ་ཟླ་བ་བདུན་བསྒྲུབ་པས་གླེགས་བམ་རྣམས་དངོས་སུ་བབས་པ་ལ་བརྟགས་ན་རྟོགས་པར་འདུག་ཀྱང་། གདུལ་བྱ་རྒྱུད་ལ་རང་དགར་འཇུག་པ་དགག་པའི་ཕྱིར་མ་རྟོགས་པ་ལྟར་བསྟན་ནས། གླེགས་བམ་རྣམས་ཤིང་རྟ་ལ་སྤྱན་དྲངས་ཏེ་ཨུ་པ་རཱ་ཛ་ལ་བསྟན་པས་བརྡ་མ་འཇལ། དེ་ནས་དགེ་སློང་ཀུ་ཀུ་རཱ་ཛ་ལ་བསྟན་པས། དེས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ཏེ་བསྒྲུབས་པས་ཞལ་མཇལ་ནས་ཕྱག་རྡོར་གྱིས་སྟོན་པར་འགྱུར་རོ་ཞེས་ལུང་བསྟན། ད་དུང་བསྒྲུབས་པས་ཕྱག་རྡོར་བྱོན་ནས། སྤོང་ལེན་བརྟུལ་ཞུགས་སྤོང་བའི་དབང་། །དགེ་བར་བསྐུར་ནས་སྡིག་པ་མེད། །ཅེས་དོན་གྱི་བསྟན་པ་དང་ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར། ཚིག་གི་བསྟན་པ་ལི་ཙ་བཱི་དྲི་མེད་ལ་ཞུས་ཤིག་པར་ལུང་བསྟན་པ་ལྟར། ཀུ་ཀུ་རཱ་ཛས་གསང་བདག་གི་བཀའ་བཞིན་དུ་བསྒྲུབས་ཏེ། ཏནྟྲ་སྡེ་བཅོ་བརྒྱད་དུ་ཕྱེ་ནས་རྒྱལ་པོ་ཛཿལ་བསྟན་པར་བཞེད་ཅིང་། ཚུལ་བརྒྱ་ལྔ་བཅུ་པ་དང་། མཉམ་སྦྱོར་གྱི་འགྲེལ་པར་ཡང་དེ་ལྟར་འབྱུང་ངོ་། །ལུགས་དེ་གཉིས་ཀ་ལ་འགལ་བ་མེད་དེ། རྒྱལ་པོ་ཉིད་ཀྱིས་རྟོགས་ཀྱང་། གཞན་གྱི་གཟུ་ལུམ་དང་རས་གཅོད་དགག་པའི་ཕྱིར་ཀུ་ཀུ་རཱ་ཛ་ལ་བསྟེན་པ་ལྟར་མཛད་པའི་ཕྱིར་རོ། །འོན་ཀྱང་འདིར་ནི་རྒྱལ་པོ་རང་གིས་རྟོགས་པའི་ཕྱོགས་ལེགས་ཏེ། རྒྱལ་པོ་ཉིད་ཀྱི་མཛད་པའི་ལམ་རྣམ་བཀོད་ལས། ཤར་ཕྱོགས་ཨིནྡྲའི་ལུང་པ་ན། །རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྡྲ་བྷཱུ་ཏི་ངས། །གསང་བའི་བདག་པོས་མངོན་བསྟན་པའི། །སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་གྲུབ་སྟེ། །སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ནས་སྡིག་པ་མེད། །དེ་ནས་ས་ལ་རེག་པར་བྱས། །ཞེས་དང་། སངས་རྒྱས་གསང་བའི་ལམ་རིམ་གྱི་ལུང་སྔ་མའི་འཕྲོས་ལས། འབྲེལ་བས་སྣང་ལ་མངོན་བརྟགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་གྲུབ། །བརྟན་པའི་དངོས་གྲུབ་དེ་ནས་འཐོབ། །དོན་དམ་བཅུད་ཀྱིས་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་རུ་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །ཞེས་རང་གིས་རྟོགས་པར་བཤད་ཀྱི། གཞན་ལ་བརྟེན་པར་མ་བཤད་པའི་ཕྱིར་རོ། །དེ་ལ་ཏནྟྲ་སྡེ་བཅོ་བརྒྱད་ནི། སྔ་རབས་པ་ཕལ་ཆེར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་གསུམ་གསུམ་སྟེ་བཅོ་ལྔ། སྤྱི་རྒྱུད་གསུམ་སྟེ་བཅོ་བརྒྱད་དོ། །ཞེས་བཞེད། དཔལ་ཕྲེང་དམ་པའི་འགྲེལ་པ་སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་དེའ་ིརྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་བསྟན་པ་རོལ་པའི་རྒྱུད་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་ལྔ། ཆོ་ག་མ་ཚང་བ་ཁ་སྐོང་བར་བྱེད་པ་རྒྱུད་ཕྱི་མ་ལྟ་བུ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་ཆེན་པོ་གཅིག་དང་བཅོ་བརྒྱད་དོ། །ཞེས་གསུངས་པ་ལྟར་བདག་ཅག་གི་རྗེ་བླ་མའི་དགོངས་པའང་ཕྱི་མར་གནས་ཏེ། ཤིན་ཏུ་ལེགས་པ་ཉིད་དོ། །ལྔ་པ་ནི། མཁས་པ་དག །གླེགས་བམ་བལྟས་ནས་བསྒྲུབས་པས་འགྲུབ་ན། གསང་སྔགས་རང་ཉིད་ལེན་པ་ནི། །ལུས་ཅན་དམྱལ་བ་འབའ་ཞིག་རྒྱུ། །ཞེས་བཤད་པ་དང་འགལ་ལ། བླ་མ་མེད་པས་མི་འགྲུབ་པར་བཤད་པ་དང་འགལ་ལོ། །གཞན་ཡང་། ཤར་ལྷོའི་ཕྱོགས་མཚམས་ཞེས་ཟེར་བ་དེ་ཨོ་ཌྱཱ་ན་ཡིན་ཞེས་པའང་འཇིག་རྟེན་གྱི་གྲགས་པ་དང་མངོན་སུམ་དུ་འགལ་ལོ་ཟེར་བ། མི་འཐད་དེ། སྐལ་མེད་ལ་དེ་ལྟར་འགལ་ཡང་། སྐལ་ལྡན་ལ་ངེས་པ་མེད་པའི་ཕྱིར་མཐའ་གཅིག་ཏུ་དགག་པ་མི་རིགས་སོ། །རྒྱུ་མཚན་དགྱེས་རྡོར་དང་གདན་བཞི་སོགས་ཀླུ་སྒྲུབ་ཀྱིས་ལྐུགས་པར་བརྫུས་ནས་ཨོ་ཌྱཱན་ནས་བརྐུས་ཏེ་བྲོས་པ་མཁའ་འགྲོ་རྣམས་ཀྱིས་བདས་ཀྱང་མ་ཟིན་ཏེ། སྐལ་ལྡན་ལ་བྱིན་ཅིག་ཅེས་རྗེས་གནང་མཛད་པ་ལ་བརྟེན་ནས་སློབ་དཔོན་གྱིས་དར་བར་མཛད་དོ་ཞེས་གྲགས་པའི་ཕྱིར་དང་། བི་རཱུ་པ་ལ་གསང་སྔགས་རང་ཉིད་ལེན་པའི་སྐྱོན་མེད་དེ། བདག་མེད་མས་བསྟན་པའི་ཕྱིར་དང་། དེ་འདོད་ན་ཕྱག་རྡོར་གྱིས་རྒྱལ་པོ་ཛཿསོགས་ལ་བསྟན་པ་ལའང་མཚུངས་པའི་ཕྱིར་དང་། གང་དུ་བབས་པའི་གནས་སྔར་དཔྱད་པ་ལྟར་ཡིན་པས་ཁྱེད་ཀྱི་སྐྱོན་འདི་འཇུག་པའི་གནས་མེད་པའི་ཕྱིིར་དང་། དེར་མ་ཟད། ཤར་ལྷོ་མཚམས་ཀྱི་ཡུལ་ལ་ཨོ་ཌྱཱན་དུ་འདོད་པ་ཁོ་བོ་ཅག་གི་གཞུང་ཁུངས་མ་གང་དུའང་བྲིས་པ་མེད་པས། སུ་ཞིག་གིས་སྨྲས་ཁྱེད་ཅག་ལའང་ཆ་མེད་པའི་ཕྱིར་དང་། གསང་སྔགས་བབས་ཚུལ་འདི་ལ་ཐུན་མོང་དུ་གྲགས་པའི་ལུང་གི་དཔང་པོའང་ཡོད་དེ། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་འགྲེས་པ་ལས། གསུང་རབ་འདིའི་ལོ་རྒྱུས་བཤད་ན། སྔོན་སངས་རྒྱས་མི་ཡུལ་དུ་ལོ་བརྒྱད་ཅུ་བཞུགས་པའི་ཚེ་ན། སརྦ་བུདྡྷ་ས་མ་ཡོ་ག་དང་། གུ་ཧྱ་ས་མ་ཡ་སོགས་པས་འདུལ་ཞིང་། དེ་ནས་ཐེག་པ་དེ་དག་གི་སྣོད་དུ་གྱུར་པ་འཛམ་བུའི་གླིང་གི་མི་ཡུལ་ན་མེད་པས་རྒྱལ་ཆེན་རིགས་བཞི་ལ་སོགས་པའི་གནས་ན་ལྷ་རྣམས་དང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྣོད་དུ་གྱུར་ནས། དེའི་ཚེ་མདོ་སྡེ་དེ་ན་བཞུགས་སོ། །སླད་ཀྱིས་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་ཟ་ཧོར་གྱི་རྒྱལ་པོར་འཁོར་དང་བཅས་པ་ངོ་མཚར་དུ་གྱུར་ཏེ། ཆོས་ལ་དད་པ་ཞིག་འདུས་པ་ཐེག་པ་དེའི་འདུལ་སྐལ་དུ་གྱུར་ཅིང་སྣོད་དུ་གྱུར་ནས། སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པ་མདོ་སྡེ་ཆེན་པོ་བཅོ་བརྒྱད་ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས་ཟ་ཧོར་གྱི་ཡུལ་དུ་གཤེགས་པ་དང་། ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མདོ་སྡེ་བལྟས་པས་བརྡ་མ་འཕྲོད་ནས། གང་གིས་ཤེས་མངོན་ཤེས་ཀྱིས་བལྟས་པ་ན། ཡུལ་དབུས་སུ་དགེ་སློང་ཀུ་ཀུ་རཱ་ཛ་ཉིན་རེ་བཞིན་ཁྱི་སྟོང་ལ་ཆོས་འཆད། མཚན་རེ་བཞིན་ཁྱི་དེ་དག་ལ་དམ་ཚིག་གི་ལོངས་སྤྱོད་མཛད་པ་ཞིག་བཞུགས་པ་དེ་ཐེག་པའི་སྣོད་དུ་གྱུར་ལ། བདག་གི་འདུལ་སྐལ་དུ་འགྱུར་པའང་འདྲ་ནས། རྒྱལ་པོས་ཕོ་ཉ་བཏང་སྟེ་སློབ་དཔོན་སྤྱན་དྲངས་པ་དང་། སློབ་དཔོན་གྱིས་མངོན་ཤེས་ཀྱིས་བརྟགས་པས་བདག་འདུལ་སྐལ་དུའང་བབས། བདག་ཀྱང་མདོ་སྡེའི་སྣོད་དུ་འགྱུར་བར་ཤེས་མོད་ཀྱི། འོན་ཀྱང་མདོ་སྡེ་དེ་དག་སྔར་མ་བལྟས་ན། རྒྱ་ལ་རྒྱལ་པོའི་ཐེ་ཚོམ་དག་མ་སེལ་བར་གྱུར་ན་མི་རུང་སྙམ་ནས། མདོ་སྡེ་ཚུར་བླངས་ཏེ་བལྟས་པ་ན། མགོ་མཇུག་གར་ཡང་བལྟ་བའི་ཆ་མ་མཆིས་ནས། དེ་ཉིད་དུ་ལུས་བརྡབས་ཏེ། མགོན་མེད་དོ། །སྐྱབས་མེད་དོ། །ཞེས་བོས་པ་དང་། དཔལ་རྡོ་རྗེ་སེམས་དཔའ་མངོན་པར་གཤེགས་ཏེ། ཁྱོད་ཅི་འདོད་ཅེས་དྲིས་པས། བདག་མདོ་སྡེ་ཟབ་མོ་འདི་བལྟས་པ་ཙམ་གྱིས་ཤེས་པར་འདོད། ཅེས་གསོལ་དང་། དེ་བཞིན་གནང་ངོ་། །དེ་ནས་སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པའི་གླེགས་བམ་རྣམས་མ་ཕྱེ་བར་དེ་དག་གི་དོན་ཡིད་ལ་མངོན་སུམ་གསལ་བར་གྱུར་ཏོ། །དེ་ནས་སློབ་དཔོན་དེ་ཟ་ཧོར་གྱི་ཡུལ་དུ་གཤེགས་ནས་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་དེ་དག་བཤད་དོ། །དཔལ་རྡོ་རྗེ་སེམས་དཔས་ལུང་བསྟན་ནས། རྒྱལ་པོ་འཁོར་དང་བཅས་པ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷར་བཀོད་ནས་བསྒོམ་དུ་བཅུག་པས་རིམ་པ་ལྟར་རྒྱལ་པོ་འཁོར་དང་བཅས་པ་དང་། དེའི་སྲས་འཁོར་དང་བཅས་པ་དང་། སྲས་མོ་འཁོར་དང་བཅས་པ་རྣམས། ས་ལ་གནས་པའི་རིག་འཛིན་དུ་གྲུབ་བོ། །དེ་ནས་སྲས་མོ་དེས་རྒྱལ་བུ་ལ་ལུང་དང་མན་ངག་བཞག་པ་ལས་འཕེལ་བ་ནི་དེང་སང་གི་འདི་ལགས་ཏེ། ཞེས་དང་། མཉམ་སྦྱོར་གྱི་འགྲེལ་པ་བརྒྱ་བྱིན་སྡོང་པོས་མཛད་པར་ཡང་། སྤྲུལ་པའི་སྐུ་འདས་ཕྱི་མའི་དུས་ཤིག་ཚེ། །རྒྱལ་བའི་བཀའ་གསང་འཛམ་གླིང་གནས་སུ་ཤར། །རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་མཆོད་བྱས་ཏེ། །དགའ་ཞིང་གུས་བསྟོད་ལེགས་བལྟས་བརྡ་མ་འཇལ། །ཐུགས་རྗེའི་འབྲེལ་ཤུགས་གསང་སྔགས་འཛིན་པར་གྲགས། །དམ་པར་བཟུང་སྟེ་གླེགས་བམ་གཟིགས་པར་ཞུས། །སྒྱུ་འཕྲུལ་ཐིག་ལེ་སྟོང་པའི་དཀྱིལ་འཁོར་བཞུགས། །གྲུབ་ཐོབ་ལྷག་པའི་ལྷ་ཡིས་ལུང་བསྟན་མཛད། །རྡོ་རྗེ་ཐེག་པའི་གཞུང་ལུགས་སྣ་ཚོགས་མཐའ། །དམ་པ་རྣམས་ཀྱི་གདམས་པ་ཇི་བཞིན་པ། །མི་འགལ་ལེགས་པར་བསྡུས་ཤིང་རབ་བཀྲོལ་ཏེ། །འགྲེལ་དང་བསྡུས་དོན་སྒྲུབ་ཐབས་མང་དུ་བསྟན། །ཞེས་གསུངས་པའི་ཕྱིར་དང་། གཞན་ཡང་ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་ནཱ་ལེནྡྲའི་གཙུག་ལག་ཁང་ན་པུསྟིའི་ཆར་བབས་པའི་བཀོད་པ་རི་མོར་བྲིས་པ་མཐོང་བ་སོགས་མཁས་པ་ལ་གྲགས་པའི་གཏམ་ངེས་པ་ཅན་མང་དུ་ཡོད་པས་དེ་ཐམས་ཅད་མི་བདེན་ནོ་ཞེས་སྨྲ་དགོས་ན་ཧ་ཅང་ཐལ་བའི་ཕྱིར་བག་ཡོད་པར་མཛོད་ཅིག །གཉིས་པ་ནི། རྒྱལ་པོ་ཛཿས་ཏནྟྲ་སྡེ་བཅོ་བརྒྱད་པོ། ཀུ་ཀུ་རཱ་ཛ་ལ་བཤད། དེས་ཨིནྡྲ་བྷཱུ་ཏི་ལ། དེས་སིངྷ་རཱ་ཛ་ལ། དེས་ཨུ་པ་རཱ་ཛ་ལ། དེས་སྲས་མོ་གོ་མ་དེ་ཝཱི་ལ་བསྟན་ཏེ། དེ་རྣམས་ཀྱིས་བསྒྲུབས་པས་རང་རང་གི་ཚོམ་བུ་དང་བཅས་ཏེ་རིག་པ་འཛིན་པའི་སར་གཤེགས་སོ། །དེ་ལྟར་ཡང་། ལམ་རིམ་ལས། དེ་ནས་རྡོ་རྗེ་གདན་སྟེང་གི། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །ཕོ་བྲང་དམ་པ་རིན་ཆེན་ནང་། །བཀྲ་ཤིས་དམ་པའི་ཁང་བུ་རུ། །ཀུ་ཀུ་རཱ་ཛཱནྡྲི་བྷཱུ་ཏི། །སིཾ་ཧ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་ས་ལ་སོགས། །སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་སོ། །སྲས་མོས་རྒྱལ་པོ་ཀུ་ཀུ་རཱ་ཛ། སློབ་དཔོན་སྒེག་པ་རྡོ་རྗེ། སློབ་དཔོན་སངས་རྒྱས་གསང་བ་གསུམ་ལ་བཤད། རྒྱལ་པོ་ཀུ་ཀུ་རཱ་ཛས། རོ་ལངས་བདེ་བའི་དངོས་གྲུབ་དང་། དྲང་སྲོང་བྷ་ཤི་ཏ་གཉིས་ལ་བཤད། སྔ་མས་རྡོ་རྗེ་བཞད་པ་ལ། དེ་དང་ཕྱི་མ་གཉིས་ཀས་ཟ་ཧོར་གྱི་རྒྱལ་པོ་པྲ་ཧསྟི་ལ་བཤད། དེ་ལ་སློབ་དཔོན་སངས་རྒྱས་གསང་བ་དང་། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་གསན། ཡང་སློབ་དཔོན་པདྨས་ནི་རྒྱལ་པོ་ཛཿཉིད་ལའང་གསན་པར་ཨ་ཏི་ཟབ་དོན་སྙིང་པོ་ལས་གསུངས་སོ། །སྒེག་པ་རྡོ་རྗེ་དང་། སངས་རྒྱས་གསང་བ་གཉིས་ཀྱིས། པཎ་ཆེན་བི་མ་ལ་མི་ཏྲ་ལ་བཤད། དེས་བོད་དུ་ལོ་ཙཱ་བ་རྨ་རིན་ཆེན་མཆོག་དང་། གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ལ་བཤད་ཅིང་། མངའ་བདག་རལ་པ་ཅན་གྱི་དུས་སུ་རྨས་བསྒྱུར་ཞེས་རྗེ་གཡུང་བཞེད་ཀྱང་། ཀུན་མཁྱེན་ཆོས་རྗེའི་དགོངས་པ་ལྟར་རྨ་གཉགས་ཐུན་མོང་གིས་མངའ་བདག་ཁྲི་སྲོང་གི་དུས་བསྒྱུར་གསུང་བ་འདི་འཐད་པར་མངོན། སྤྱིར་རྩ་རྒྱུད་འདི་ལ་བོད་དུ་ལོ་པཎ་བསྡེབས་པའི་གཞི་འགྱུར་གསུམ་དང་། པཎྜི་ཏ་མེད་པའི་རྩལ་འགྱུར་གཉིས་ཏེ་འགྱུར་ལྔ་བྱུང་བར་གྲགས་པ་ལས། གཞི་འགྱུར་གསུམ་ནི། སངས་རྒྱས་གསང་བ་དང་བཻ་རོ་ཙ་ནའི་སྔ་འགྱུར། པདྨ་དང་གཉགས་ཛྙཱ་ནའི་བར་འགྱུར། བི་མ་ལ་དང་རྨ་གཉགས་ཐུན་མོང་གི་ཕྱི་འགྱུར་གསུམ་ལས། འདི་ནི་ཕྱི་མ་སྟེ་འཕྱོང་ཅན་ཡིན་ལ། སྔ་བར་གཉིས་ལ་འཕྱོང་མེད་པར་གྲགས་སོ། །རྩལ་འགྱུར་གཉིས་ནི། ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར་དང་། འགོས་ལོ་ཙཱ་བ་གཞོན་ནུའི་ཞབས་ཀྱི་འགྱུར་བཅོས་གཉིས་སོ། །སྤྱིར། གནུབས་སངས་རྒྱས་ཡེ་ཤེས་ལ་རྨ་གཉགས་གཉིས་ལས་བརྒྱུད་པའི་བཀའ་སྲོལ་གསུམ་པ་བབས་ཏེ། དེ་ཡང་རྨ་རིན་ཆེན་མཆོག་གིས། །གཙུག་རུ་རིན་ཆེན་གཞོན་ནུ་དང་། གྱེ་རེ་མཆོག་སྐྱོང་གཉིས་ལ་བཤད། དེ་གཉིས་ཀས་དར་རྗེ་དཔལ་གྱི་གྲགས་པ་དང་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བཤད། དར་རྗེ་ལས་ཡོངས་གྲགས་དབུས་ལུགས་པ་དང་། ཁམས་ལུགས་པ་ཞེས་བཀའ་སྲོལ་གཉིས་སུ་གྱེས། ཞང་ལ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་གསན། འདི་ལ་སྒྱུ་འཕྲུལ་གདམས་ངག་ལུགས་སམ་ནོར་བུ་ལུགས་སུ་གྲགས་ཏེ་བཀའ་སྒྲོལ་གཅིག་གོ། །ཡང་། སློབ་དཔོན་པདྨ་དང་བི་མ་ལ་གཉིས་ཀའི་སློབ་མ་གཉགས་ཛྙཱ་ནས། སོག་པོ་དཔལ་གྱི་ཡེ་ཤེས་ལ་བཤད། དེས་གནུབས་ལ་བཤད་དེ་བཀའ་སྲོལ་གཅིག་གོ། །ཡང་རྨ་གཉགས་ཐུན་མོང་གི་སློབ་མ་ཁུ་བྱང་ཆུབ་འོད་དང་། ཁྱུང་པོ་དབྱིག་འོད་གཉིས་ལས། ཁུས་ཞང་དང་། ཁྱུང་པོས་དར་རྗེ་ལ་བཤད། ཞང་གིས་མཁས་པ་གཙུག་གྱེར་རྣམ་གཉིས་དང་ཁུའི་བཤད་བཀའ་གཙོ་བོར་བཟུང་བར་བཀའ་ཕྱོགས་སྐྱོང་མ་དང་། གནས་ལས་བཏགས་པ་བཀའ་མཆིམས་ཕུ་མར་ཡང་གྲགས་ཏེ། གནུབས་ལ་བཤད་པ་ནི་བཀའ་སྲོལ་གཅིག་གོ། །གནུབས་སངས་རྒྱས་ཡེ་ཤེས་ལ། ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་གཅིག་དང་ལྔ་བྱུང་བ་ལས། སྲས་བཞི་ནི། སོ་ཡེ་ཤེས་དབང་ཕྱུག །སྤ་གོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག །སྲུ་ལེགས་པའི་སྒྲོན་མེ་རྣམས་སོ། །སྲས་ཀྱི་དམ་པ་གཅིག་ནི་གནུབས་ཡོན་ཏན་རྒྱ་མཚོའོ། །དེས་སྲས་ཡེ་ཤེས་རྒྱ་མཚོ་ལ་བཤད། ཡབ་སྲས་དེ་གཉིས་དང་། སོ་ཡེ་ཤེས་དབང་ཕྱུག་གིས་ཉང་ཤེས་རབ་མཆོག་ལ་བཤད། དེས་ཉང་ཡེ་ཤེས་འབྱུང་གནས་ལ། །དེས་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ་བཤད། དེ་ལ་སློབ་མ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་སོགས་བྱུང་བ་ལས། རྩེ་མོ་བཞི་ནི། མི་ཉག་འབྱུང་གྲགས། ཞང་འགོས་ཆུང་བ། བཟང་སྒོམ་ཤེར་རྒྱལ ། ལྷ་རྗེ་ཟུར་ཆུང་བ་ཤེས་རབ་གྲགས་པ་རྣམས་སོ། །རྗེ་ཟུར་ཆུང་པ་ལ། སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག །དྲལ་མ་སུམ་ཅུ་རྩ་གཉིས། ཡུས་པོ་ཆེ་མི་གཉིས་སོགས་མང་དུ་བྱུང་ངོ་། །དེ་ལ་ཀ་བ་བཞི་ནི། རྫོགས་ཆེན་གྱི་ཀ་བ་སྐྱོ་སྟོན་ཤཱཀ་ཡེ། མདོའི་ཀ་བ་ཡང་ཁྱེད་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་གླན་ཤཱཀྱ་བཟང་པོ། ཕྲིན་སྒྲུབ་ཀྱི་ཀ་བ་མདའ་ཏིག་ཆོས་ཤཱཀ་གོ། །ལྷ་རྗེ་ཟུར་ཆུང་བའི་སྲས། རྩགས་ཚ་རྡོ་རྗེ་འབར་དང་། གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ་གཉིས་ལས། རྗེ་སྒྲོ་ཕུག་པས་ཡབ་ཀྱི་སློབ་མ་ཀ་བ་བཞི་དང་། གླན་ཉ་ཚལ་པ་ཤཱཀྱ་བྱང་ཆུབ་རྣམས་ལ་གཏུགས་ཏེ་ལེགས་པར་གསན། སྒྲོ་ཕུག་པ་ལ་གདུགས་ཐོགས་ཀྱི་སློབ་མ་གྲྭ་ས་འཛིན་པ་སྟོང་དང་། དེའི་ནང་ནས་ཀྱང་ཐུགས་ཟིན་གྱི་སློབ་མ་བཞི་གསུམ་བཅུ་གཉིས་ཏེ། དེ་ལ་ནག་པོ་བཞི་ནི། ཟུར་ནག་འཁོར་ལོ། ལྕེ་སྟོན་རྒྱ་ནག་པ། ཉང་ནག་མདོ་བོ། འདར་ནག་གཙུག་ཏོར་དབང་ཕྱུག་གམ། ཁ་ཅིག་ལྕེ་དཔལ་སེང་ཟེར། སྟོན་བཞི་ནི། ཉེ་སྟོན། གྱབས་སྟོན། ཞང་སྟོན། རྒྱ་སྟོན་ནམ། ཕྱི་མ་གཉིས་ཕྲི་ནས་གཉན་སྟོན་དང་། ཁ་རག་སྟོན་བསྣན་པའང་མཐོང་ངོ་། །མི་བཞི་ནི། གཡུང་སྟོན་ཧོར་པོ། སྤོང་སྟོན་ལྕགས་ཀྱུ། གཙང་པ་བྱིས་སྟོན། དབུས་པ་ཆོས་སེང་སྟེ། དེས་སྔོན་དུ་ཕྱི་མ་གཉིས་ཕྲི་ནས་ཤངས་པ་རྩེ་སེར་བ་དང་། བྱ་སྟོན་རྡོ་རྗེ་གྲགས་གཉིས་བགྲངས་སོ། །དེ་ཡང་ལ་སྟོད་པ་གཙང་ནག་འོད་འབར་གྱིས། རྗེ་སྒྲོ་ཕུག་པ་དང་། ཟུར་དཔལ་ལེ། གཙང་པ་བྱིས་སྟོན་རྣམས་ལའང་ཉན་མོད་ཀྱི། གཙོ་བོར་ཐུགས་ཐག་གཅོད་ས་ནི། ཉ་རི་དྲི་ངས་པ་ཉེའུ་སྟོན་ཆོས་སེང་ངོ་། །གཙང་ནག་གིས། གཅུང་གི་མི་སྟོན་མགོན་པོ་ལ་བཤད། དེས་སོ་ཤེས་རབ་ཚུལ་ཁྲིམས་ལ། དེས་རྟ་ནག་བདུད་འདུལ་འབུམ་ལ། དེས་མདའ་ཤཱཀྱ་འཕེལ་ལ། དེས་ཟུར་ཐམས་ཅད་མཁྱེན་པ་བྱམས་པ་སེང་གེ་ལ། དེས་སྒྲོལ་མ་པ་འབྲོ་སྟོན་བསམ་འགྲུབ་རྡོ་རྗེ་ལ། དེས་སྒྲོལ་ཆེན་སངས་རྒྱས་རིན་ཆེན་ལ། དེས་འགོས་ལོ་ཐམས་ཅད་མཁྱེན་པ་གཞོན་ནུ་དཔལ་ལ། དེས་སྤྱན་སྔ་རིན་པོ་ཆེ་ཡེ་ཤེས་དཔལ་བཟང་པོ་ལ། དེས་སྒྱུར་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ། དེས་རང་གྲོལ་ཉི་ཟླ་སངས་རྒྱས་ལ། དེ་ལ་འཁོན་ཚེ་དབང་ནོར་རྒྱས་ཀྱིས་གསན་པ་ནི་སྤར་ཁབ་ཀྱི་བཤད་སྲོལ་དང་ལུང་གི་བརྒྱུད་པ་སྟེ། གཡུང་ཊཱིཀ་ལྟར་ན། མདའ་ཤཱཀྱ་འཕེལ་དང་། ཟུར་བྱམས་སེང་གཉིས་ཀ་ལ། གཡུང་སྟོན་རྡོ་རྗེ་དཔལ་གྱིས་གསན། དེས་བྲག་རྒྱ་བོ་པ་སྟོན་པ་མཁའ་འགྲོ་ལ། དེས་རྒྱ་བོ་བླ་མ་བཀྲ་ཤིས་ལ། དེས་རྒྱ་བོ་སྲི་ཐར་བསམ་འགྲུབ་ལ། དེས་སློབ་དཔོན་ཨུ་ལེགས་པ་ལ། །དེ་ལ་འཁོར་ཇོ་སྲས་ཚེ་དབང་ནོར་རྒྱས་ཀྱིས་གསན་ནས། རང་གི་སྲས་ལུང་རྟོགས་ཀྱི་མངའ་བདག་དཔལ་འབྱོར་ལྷུན་གྲུབ་ལ་བཤད། དེས་ཟུར་ཆེན་བཀྲ་ཤིས་ཀུན་དགའ་ལ། དེས་སྨྱོས་སྟོན་གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་ལ། དེས་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ལ། དེས་བདག་གཉོས་ཀྱི་བན་ཆུང་དྷརྨ་ཤྲཱི་ལ་དགྱེས་བཞིན་དུ་སྩལ་ཏོ། །གཞན་ཡང་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་མན་ངག་རྒྱ་གཞུང་ཕྲ་མོའི་དཔེ་ལུང་མང་པོ་དང་། ལོ་ཙཱ་བ་ཆེན་པོ་དྷརྨ་བྷ་དྲས་མཛད་པའི་ཊཱི་ཀ་ཚུལ་བཞི་ཡན་ལག་བཅོ་ལྔ་པ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཊཱིཀ་ཕྱོགས་བཅུ་མུན་སེལ་རྣམས་ཀྱི་བཀའ་ལུང་ཡང་བདག་ལ་སྩལ་ཞིང་། སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི། རྒྱུད་ཕྲན་དང་བཅས་པ་རྣམས་ནི། གྲོགས་རྡོ་རྗེ་ཐེག་པའི་དོན་གྱི་དགེ་འདུན་གཉིས་བརྒྱ་བརྒལ་བ་དང་ཐབས་ཅིག་བར་སྔ་འགྱུར་བླ་ན་མེད་པའི་རྒྱུད་འབུམ་ཆེན་པོ་སྟན་ཐོག་གཅིག་ཏུ་སྩལ་བའི་དུས་ལེགས་པར་ནོད་ཅིང་། རྩ་རྒྱུད་དང་། བརྒྱད་ཅུ་པ་ནི་གནས་སྐབས་གཞན་དུའང་ལན་དུ་མར་བཀའ་དྲིན་དུ་སྩལ་ཏེ། དེ་དག་གི་བརྒྱུད་པ་དང་། བརྒྱུད་པ་སོ་སོའི་སྐུ་ཆེ་བའི་ལོ་རྒྱུས་ལ་སོགས་པ་ནི་འདིར་ཡི་གེ་མང་གི་དོགས་ནས་མ་བཀོད་པས་གཞན་ལས་ཤེས་པར་བྱའོ། །མདོར་ན་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་སའི་སྟེང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་གཙོ་བོ་གཅིག་པུ་པ། མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་ལྷ་དང་བཅས་པའི་འཇིག་རྟེན་དུ་རྣམ་པར་གྲགས་པ་འདི་ནི། སྤྱིར་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་དང་། བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པ་བཀའ་གཏེར་ཐམས་ཅད་ཀྱི་སྟོན་པ་པོ་དང་། ཁྱད་པར་སྒྱུ་འཕྲུལ་སྙིང་པོའི་སྐོར་གྱི་དབང་བཀའ་བཤད་བཀའ་གདམས་ངག་ཡན་ལག་དང་བཅས་པ་ནུབ་པར་ཉེ་བ་ན་ལྷ་རྗེ་ཟུར་པོ་ཆེ་ཉིད་འདིའི་ངེས་པ་གསལ་བར་མཛད་པའི་ཕྱིར་སླར་ཡང་བྱོན་པ་ལགས་པས། ངེས་པའི་དོན་དུ་ནི་རྗེ་རིན་པོ་ཆེ་འདི་ལ་ཐུག་པ་རྣམས་ཉེ་བརྒྱུད་རྨད་དུ་བྱུང་བ་ཡིན་ནོ། །གཉིས་པ་ཆེ་བ་ནི། ཁོག་གཞུང་གསལ་སྒྲོན་པས། རང་བཞིན་གསང་བའི་སྙིང་པོ་འདི། །གཞན་ལས་འཕགས་པའི་ཆེ་བ་བརྒྱད། །ཅེས་པས་བརྒྱད་དེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པས་ངེས་པར་ཆེ་བ་གཟི་ལྡན་གསལ་བའི་ཉི་མ་ལྟ་བུ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པས་ཆེ་བ་དབུས་ཀྱི་རི་བོ་མཆོག་རབ་ལྟ་བུ། བསྟན་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་ཆེ་བ་འབྱུང་བ་ནམ་མཁའ་ལྟ་བུ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་ཡིན་པས་ཆེ་བ་ནམ་མཁས་སྣང་སྲིད་ཀྱི་གོ་ཕྱེ་བ་ལྟ་བུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་ཡིན་པས་ཆེ་བ་རྒྱལ་པོའི་བཀའ་གསང་ཐོབ་པའི་མི་ལྟ་བུ། འབྲས་བུ་ཐམས་ཅད་ཀྱི་ཐུག་ས་ཡིན་པས་ཆེ་བ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་ཆེ་བ་སྟོང་ལམ་གྱི་ཤུལ་ལྟ་བུ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཡིན་པས་ཆེ་བ་ཁྲི་ལམ་ལྟ་བུ་སྟེ་བརྒྱད་དོ། །དེ་ལས་དང་པོ་ནི། ཇི་ལྟར་ཉི་མའི་སྣང་བ་ནི་སྣང་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པ་བཞིན་དུ་རྒྱུད་འདི་ཉིད་ཀྱང་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སྟེ། རྒྱས་པ་ལས། གསང་བའི་སྙིང་པོ་ངེས་པ་ནི། །གསང་སྔགས་ཀུན་གྱི་རྒྱལ་པོ་ཡིན། །ཞེས་སོ། །གཉིས་པ་ནི། ཇི་ལྟར་ལྷུན་པོའི་རྩེར་ཕྱིན་ན་རི་བྲན་ཐམས་ཅད་མིག་འོག་ཏུ་ཚུད་པ་ལྟར། རྒྱུད་འདིའི་དོན་རྟོགས་ན་ཐེག་པ་ཐམས་ཅད་ཀྱི་དོན་འདིར་འདུས་པའི་ཕྱིར་དེ་ཐམས་ཅད་ཤེས་པར་འགྱུར་ཏེ། སྔ་མ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །གསུམ་པ་ནི། ཇི་ལྟར་ནམ་མཁའ་ལས་འབྱུང་བ་བཞི་ཤར་ནས་སྣོད་བཅུད་ཆགས་པ་ལྟར། རྒྱུད་འདིའི་བྱིན་རླབས་ལས་བསྟན་པ་དང་ཐེག་པ་ཐམས་ཅད་འཕྲོས་པ་ཡིན་ཏེ། འདི་ཉིད་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་སོ། །བཞི་པ་ནི། ཇི་ལྟར་ནམ་མཁའ་སྣང་སྲིད་ཀྱི་གོ་ཕྱེ་བ་ལྟར། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་དོན་དང་འབྲས་བུ་ཐམས་ཅད་འདིར་འདུས་ཤིང་འདིས་སྟོན་པས་ན་ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་ཏེ། འདི་ཉིད་ལས། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་སོ། །ལྔ་པ་ནི། ཇི་ལྟར་རྒྱལ་པོའི་བཀའ་གསང་ཐོབ་པའི་མི་ནི་རྒྱལ་པོའི་བློའི་གཏད་པ་ཡིན་པས་འབངས་བློན་གཞན་ལ་རག་མི་ལུས་པ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་དམ་པའི་མཐར་ཐུག་འདི་ལས་མི་འདའ་བས་འདིའི་དོན་རྟོགས་ན་ཐེག་པ་གཞན་ལ་རག་ལུས་མི་དགོས་པ་སྟེ། འདི་ཉིད་ལ། འདི་ནི་གསང་ཆེན་ངེས་པ་སྟེ། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་སོ། །དྲུག་པ་ནི། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ནི་འདོད་རྒུ་ཐམས་ཅད་སྟེར་བའི་མཆོག་མཐར་ཐུག་ཏུ་གྲུབ་པ་བཞིན་དུ། བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་གི་འབྲས་བུ་ནི་རང་བཞིན་གསང་བའི་སྙིང་པོ་འདི་ཁོ་ནར་ཐུག་པ་སྟེ། འདི་ཉིད་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །བདུན་པ་ནི། ཇི་ལྟར་གང་དུ་འགྲོ་བའི་ལམ་པོ་ཆེར། །དེར་སླེབས་པ་ཐམས་ཅད་ཀྱིས་ཕྱིན་པ་ལྟར། སྔར་འདས་པའི་སངས་རྒྱས་ཐམས་ཅད་ལམ་འདི་ལ་བརྟེན་ནས་སངས་རྒྱས་པ་སྟེ། འདི་ཉིད་ལས། འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་སོ། །བརྒྱད་པ་ནི། ཇི་ལྟར་གནས་དེར་སླར་འགྲོ་འགྱུར་རྣམས་ཀྱང་ལམ་དེ་ལ་འགྲོ་བ་བཞིན་དུ། མ་འོངས་པ་ན་འཚང་རྒྱ་འགྱུར་རྣམས་ཀྱང་ལམ་འདི་ཁོ་ན་ལ་བསྟེན་ནས་འཚང་རྒྱ་བར་འགྱུར་ཏེ། འདི་ཉིད་ལས། འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་འགྲུབ་པ་འགྱུར། །ཞེས་སོ། །གསུམ་པ་ཆེ་བ་དེ་ལྡན་གྱི་རྒྱུད་དོན་བཤད་པ་ནི། དེ་ཡང་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་ཀྱང་དགོས་འབྲེལ་ཡན་ལག་བཞི་ལྡན་དུ་གནས་ཏེ། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་དང་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། །ཞེས་སོ། །དེའི་དོན་གྱིས་དགོས་སོགས་མཐོང་ན་ངེས་པར་འགྱུར་བའི་ཕྱིར། རེ་ཞིག་ཐོག་མར་དགོས་འབྲེལ་བརྗོད་པ་ལ། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། ཕྱི་མའི་རྒྱུད་འགོས་འགྱུར་ལས། འདི་ལ་བརྗོད་པར་གྱུར་པ་གང་། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །འདིར་བཤད་པ་རྣམས་ཇི་ལྟར་འབྲེལ། །བརྗོད་པར་བྱེད་པ་གང་ལ་བརྗོད། །ཅེས་སོ། །གཉིས་པ་ནི། དེ་ལས། སྟོང་ཉིད་སྙིང་རྗེར་སྦྱོར་བ་ནི། །བརྗོད་པར་བྱ་བ་འདིར་བཤད་དོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །དགོས་པའི་གཙོ་བོའི་རང་བཞིན་ཕྱིར། །འཇིག་རྟེན་པ་ཡི་ལམ་གྱུར་པས། །སྣ་ཚོགས་རང་བཞིན་མཐའ་དག་གོ། །ཐབས་དང་ཐབས་བྱུང་འབྲེལ་བ་སྟེ། །བླ་མ་སློབ་མ་དག་ཀྱང་ངོ་། །གང་གིས་བརྗོད་བྱ་འཆད་བྱེད་པ། །དེ་ནི་རྗོད་བྱེད་དུ་བཤད་དོ། །ཞེས་གསུངས་པ་ལྟར། མཚོན་བྱ་རང་བཞིན་གྱི་རྒྱུད་གཞི་ལམ་འབྲས་གསུམ་གཅིག་ཏུ་གྱུར་པའི་ཟུང་འཇུག་རང་བཞིན་གྱི་ཆོས་སྐུ་ནི་བརྗོད་པ་སྟེ། ཁོག་གཞུང་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །ཅེས་སོ། །དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། མཚོན་བྱེད་ཡི་གེའི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བཤད་ཀྱི་རྒྱུད་རྣམས་ནི་རྗོད་པར་བྱེད་པ་སྟེ། དེ་ཉིད་ལས། སྒྲོ་སྐུར་མེད་པར་བསྟན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །ཞེས་སོ། །རྗོད་བྱེད་ལ་བརྟེན་ནས་བརྗོད་བྱའི་དོན་རྣམས་ཤེས་པ་ནི་དགོས་པ་སྟེ། དེ་ལས། མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་སོ། །དེ་ལྟར་ཤེས་པའི་དོན་ཉམས་སུ་བླངས་པས་ཐུན་མོང་གི་དངོས་གྲུབ་ཐོབ་པ་ནི་ཉིང་དགོས་ཕྲ་མོ་དང་། སློབ་བ་དང་མི་སློབ་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ནི་དགོས་པའི་ཡང་དགོས་པ་མཆོག་སྟེ། དེ་ལས། དགོས་པའི་དགོས་པ་འབྲས་བུ་ཉིད། །ཅེས་སོ། །དེའང་བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དང་། རྗོད་བྱེད་དང་དགོས་པ་གཉིས་ཐབས་དང་ཐབས་བྱུང་དང་། བླ་མ་དང་སློབ་མའི་འབྲེལ་པ་ནི་དོན་རྟགས་ཀྱི་ཁྱད་པར་གྱིས་ངོ་བོ་ཉིད་དང་སྣོད་བཅུད་དུ་འབྲེལ་ལ། དགོས་པ་དང་ཉིང་དགོས་གཉིས་དེ་ལས་དེ་བྱུང་དང་། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་ཉིད་གཅིག་པར་འབྲེལ་པ་རྣམས་ནི་འབྲེལ་པ་སྟེ། ཙནྡྲ་གོ་མིས་རིག་པ་གྲུབ་པའི་སྒྲོན་མར། མེད་ན་མི་འབྱུང་རག་ལས་འབྲེལ། །ཞེས་སོ། །དེ་ལྟ་བུའི་དོན་དང་ལྡན་པའི་རྒྱུད་འདི་བཤད་པའི་དབང་དུ་བྱས་ན། སྤྱིར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པའི་སྐྱེས་བུ་བློ་གྲོས་ཅན་རྣམས་ཀྱི་དོན་དུ་གཉེར་བའི་གཙོ་བོ་ནི་གཞན་དོན་ཕུན་ཚོགས་ཏེ། ཇི་སྐད་དུ། གཞན་དོན་ཕུན་ཚོགས་སངས་རྒྱས་ཀྱི། །འབྲས་བུ་གཙོ་བོ་ཡིན་པར་འདོད། །ཅེས་སོ། །དེའི་རྟེན་ནི་རང་དོན་ཕུན་ཚོགས་ཀྱི་བྱང་ཆུབ་ཅེས་གྲགས་པ་འབྲས་རྒྱུད་ཡིན་ལ། དེ་མངོན་དུ་བྱེད་པའང་ཉེར་ལེན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྐྱེན་གཉིས་ཚང་བ་ལ་རག་ལས་པའི་ཕྱིར། དང་པོའི་དབང་དུ་བྱས་ཏེ་གཞིའམ་རྒྱུའི་རྒྱུད་བཞག །གཉིས་པའི་དབང་དུ་བྱས་ཏེ་ཐབས་སམ་ལམ་གྱི་རྒྱུད་བཞག་གོ། །དེའི་ཕྱིར་རྒྱུད་ཐམས་ཅད་ཀྱི་བརྗོད་བྱའི་དོན་རྣམས་མ་ལུས་པ་གཞི་ལམ་འབྲས་གསུམ་དུ་འདུ་བ་ཉིད་དོ། །ཞེས་རྒྱུད་གསུམ་གྱི་མིང་གང་ལ་གདགས་བྱའི་ཡུལ་ངོས་བཟུང་ནས། དེ་འཆད་པ་ལ། ཐ་སྙད་ཀྱི་དབང་དུ་བྱས་ཏེ་རྣམ་པར་དབྱེ་བ། དོན་གྱི་དབང་དུ་བྱས་ཏེ་རྣམ་པར་བསྡུ་བ། བསྡུས་པའི་དོན་གཏན་ལ་དབབ་པ་དང་གསུམ། དང་པོ་ལའང་། རྒྱུད་གསུམ་དུ་དབྱེ་བ། སྣང་བ་གསུམ་མམ་བཞིར་དབྱེ་བ། རྣལ་འབྱོར་གསུམ་མམ་རིགས་གསུམ་དུ་དབྱེ་བ། གཞི་ལམ་འབྲས་གསུམ་དུ་དབྱེ་བའོ། །དང་པོ་ནི། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པས། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པ་རྒྱུའི་རྒྱུད། རང་བཞིན་མངོན་དུ་བྱེད་པ་ཐབས་ཀྱི་རྒྱུད། རང་བཞིན་མངོན་དུ་བྱས་པ་འབྲས་བུའི་རྒྱུད་དེ། ཤེས་ཐོབ་ཀྱི་བྱ་བྱེད་དང་བདག་ཉིད་གཅིག་པར་འབྲེལ་ཞིང་། གཞི་ལམ་འབྲས་གསུམ་གྱི་དགོས་པ་མ་ཚང་བ་མེད་པའི་ཕྱིར་ཏེ། རྔམ་གློག་ལས། འབྲེལ་དང་མ་ཚང་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་དང་། སྤར་ཁབ་ལས། ཐམས་ཅད་དུ་འབྲེལ་ཞིང་ཐམས་ཅད་ཚང་བའི་ཕྱིར། ཞེས་སོ། །གཉིས་པ་ནི། ཐུགས་ཐིག་ལས། རང་བཞིན་བདེ་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལས། །རྒྱུད་ཀྱི་དབྱེ་བ་རྣམ་པར་བཞག །གཅིག་ལ་གསུམ་གྱི་ངོ་བོ་ཡང་། །འཁྲུལ་བའི་སྣང་བ་གསུམ་དུ་འགྱུར། །དེས་ན་སྣང་བ་བཞི་དག་ཏུ། །ལུང་རིགས་ཀུན་ལས་གསལ་བར་བཤད། །ཅེས་པས་གཞི་རང་བཞིན་གྱི་སྣང་བ། ལམ་གདུལ་བྱའི་སྣང་བ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་སྟེ། གཞི་ནི་ཆོས་ཐམས་ཅད་ཀྱི་འབྱུང་གཞི། རང་བཞིན་ནི། དབུ་མ་རྩ་ཤེས་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པའོ། །ཞེས་པ་ལྟར་ཤེས་རབ་དང་གཏན་ཚིགས་ཀྱིས་མ་བྱས་པ་སྟེ། རང་རིག་པ་བྱང་ཆུབ་ཀྱི་སེམས་རྩལ་མ་འགགས་པར་རང་སྣང་བའོ། །གདུལ་བྱ་ནི་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་སམ་སྐྱེར་རུང་བ། ལམ་ནི་ཐེག་པ་སྟེ། དེ་གདུལ་བྱའི་བློའི་རིམ་པས་བྱེ་བྲག་ཏུ་སྣང་བའོ། །བྲལ་ཐོབ་མེད་པའི་ཡོན་ཏན་ནར་སོན་པས་བདེ་གཤེགས། དེར་སྨིན་པས་འབྲས་བུ་སྟེ། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའོ། །དེ་གསུམ་ངོ་བོ་སེམས་སུ་གཅིག་ཀྱང་སོ་སོར་སྣང་བ་ནི། ལོག་རྟོག་འཁྲུལ་བའི་སྣང་བས་བསླད་པ་སྟེ། ཡུལ་ཡུལ་ཅན་གཉིས་མེད་པ་གཉིས་སུ་རྟོགས་པས་ལོག་རྟོག །དེ་མ་ཡིན་ལ་དེར་བཟུང་པས་འཁྲུལ་བ། ལས་དང་ལོག་རྟོག་གི་བློར་སྣང་བའོ། །དེ་ལྟར་སྣང་བ་བཞི་ལས། ཕྱི་མ་ནི་སྦྱང་བྱའི་དྲི་མ་ཡིན་པས་འབྲེལ་བ་དང་དགོས་པ་མེད་པའི་ཕྱིར་རྒྱུད་དུ་བཞག་ཏུ་མེད་པས་རྒྱུད་ཀྱི་དབྱེ་བ་ནི་གསུམ་ཉིད་དོ། །གསུམ་པ་ནི། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། ཚད་མ་གསུམ་གྱི་དངོས་པོ་ཡིས། །རྣལ་འབྱོར་གསུམ་གྱི་ཕུང་པོ་ལ། །རིགས་དང་སྣང་བའི་ཡན་ལག་བཞག །དེ་ཉིད་ཐུར་མའི་མཆོག་ཏུ་ངེས། །ཞེས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་ནི་བྱ་བ་གཞིའི་རྣལ་འབྱོར་ཏེ། བྱ་བ་ནི་རྒྱུ། གཞི་ནི་གནས་ལུགས། དེའི་དོན་ལ་བཅོས་སླད་མེད་པར་ཡེ་ནས་གནས་པའོ། །དེའང་མདོའི་དོན་བསྡུས་ལས། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པ། །ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཞེས་སོ། །ལྟ་བ་དང་ཏིང་ངེ་འཛིན་གཉིས་མེད་ཀྱི་འཇུག་པ་བྱེད་པ་རྐྱེན་གྱི་རྣལ་འབྱོར་ཏེ། ཤེས་ཐོབ་ཀྱི་རྐྱེན་དུ་གྱུར་པའི་བྱེད་རྩོལ་གྱི་ངང་དུ་བློ་གནས་པའོ། །འབྲས་བུར་སྨིན་པ་ནི་བྱ་བ་བྱས་ཟིན་པ་སྟེ། དེས་རང་གཞན་གྱི་དོན་གཉིས་མེད་མངོན་དུ་གྱུར་པ་ལ་དབང་འབྱོར་བ་ནི་བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །འོ་ན་འདིར་བསྟན་གྱི་རྣལ་འབྱོར་གསུམ་དང་། མདོའི་དོན་བསྡུས་ལས། བྱ་བ་གཞི་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་དག །ཅེས་གསུངས་པ་གཉིས་དགོངས་པ་གཅིག་གམ་ཐ་དད་ཟེར་ན། གཡུང་སྟོན་ཆེན་པོས། ལམ་རིམ་སོ་སོའི་གོ་མཐུན་བརྩི་ཚུལ་ན་གཅིག་པར་མཛད་ཀྱང་། རྣལ་འབྱོར་ཕྱི་མ་གཉིས་འདི་དང་བཞེད་ཚུལ་ཐ་དད་པར་མངོན་ཏེ། དེ་ལས། རྩོལ་བྱས་སྤྱོད་པ་འདྲེན་འཇུག་པའི། །ཐེག་པ་དེ་ནི་བྱ་བྱེད་རྐྱེན། །ཞེས་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་ལ་བྱེད་པ་རྐྱེན་གྱི་རྣལ་འབྱོར་དུ་གསུངས་པ་དང་། གཞན་དུ་འབྲས་བུ་རེ་རྩོལ་མེད། །བསྒྲུབ་བྱ་ཉིད་ལ་ལམ་གནས་པ། །ཐབས་ཆེན་ཐེག་འདི་བྱ་བྲལ་བའོ། །དེ་ཡང་ཕྱི་ནང་། ཞེས་ཕྱི་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་དང་། ནང་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་ལ་བྱ་བྲལ་འབྲས་བུའི་རྣལ་འབྱོར་དུ་གསུངས་པའི་ཕྱིར། འོ་ན་འདིར་ཡང་དེ་དང་མཐུན་པར་བཤད་པར་བྱ་བ་ཡིན་ནམ་སྙམ་ན། མ་ཡིན་ཏེ། རྣལ་འབྱོར་ཕྱི་མས། སྤྱན་འགྲེལ་ལས། མཐར་ཐུག་གི་རྣལ་འབྱོར་བྱ་བ་མེད་པའི་རྒྱུད་དུ་བྱུང་ཟིན་པས་མི་འགྱུར་བ་འབྲས་བུའི་རིགས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་འདིར་རིགས་དང་ཞེས་པའི་ཟུར་གྱིས་རིགས་གསུམ་དུའང་འགྱུར་ཏེ། ངོ་བོ་གཞན་དུ་མི་འགྱུར་ཞིང་མ་ཆད་པ་ཕྱི་མོའི་རིགས་དང་། སེམས་ལྔ་བསྐྱེད་པས་ཆོས་ཉིད་ཀྱི་རྒྱུད་དུ་བྱུང་ཞིང་། དེའི་མི་མཐུན་ཕྱོགས་སུ་མི་གཏོང་བ་རྩོལ་བའི་རིགས་དང་། རྒྱུད་དུ་བྱུང་ཟིན་པས་ལམ་རྩོལ་གྱི་བྱ་བ་མེད་པ་འབྲས་བུའི་རིགས་དང་གསུམ་དུ་བཤད་དོ། །བཞི་པ་ནི། རིམ་གསུམ་ལས། གཞི་ལམ་འབྲས་བུར་བཅས་པའི་ཆོས། །ཞེས་པས། གང་རྟོགས་བྱ་གཞིའི་རྒྱུད་དང་། གང་གིས་རྟོགས་ཤིང་བགྲོད་པ་ལམ་གྱི་རྒྱུད་དང་། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དེ་གཞི་ལམ་འབྲས་བུ་གསུམ་དུའང་བཤད་དོ། །དེ་ལྟར་ནའང་དབྱེ་སྒོ་བཞིའི་ནང་གསེས་བཅུ་གཉིས་སུ་ཕྱེ་བ་དེ་རྣམས་ངོ་བོ་རིས་སུ་ཆད་པ་ཞིག་ན། ཐུགས་ཐིག་ལས། གཅིག་ལ་གསུམ་གྱི་ངོ་བོ་ཡང་། །ཞེས་པ་དང་འགལ་ལ། ཡང་ལྡོག་བཅས་ཀྱི་དབྱེ་བའང་མེད་པར་གཅིག་པ་ཞིག་ན་སོ་སོར་ཕྱེ་བ་དང་འགལ་ལོ་ཞེ་ན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པས་སྐྱོན་མེད་དེ། ལམ་རིམ་ལས། དེ་ལྟར་ཡེ་ཤེས་རང་གནས་པ། །ལམ་དང་འབྲས་བུ་ཀུན་ངོ་བོ། །ཞེས་པས་ངོ་བོ་རང་རིག་པ་བྱང་ཆུབ་ཀྱི་སེམས་སུ་གཅིག་པར་གསུངས་པ་གང་ཞིག །དེའི་མཚོན་ཚུལ་གྱི་ལྡོག་ཆ་གཞི་ལམ་འབྲས་གསུམ་དུ་ཐ་དད་པར་སྣང་བའི་ཕྱིར། གཉིས་པ་རྣམ་པར་བསྡུ་བ་ནི། ཤེས་བྱའི་ཆོས་ཀུན་གཞི་ལམ་འབྲས་བུ་གསུམ་དུ་འདུ་སྟེ། སྔར་དབྱེ་སྒོ་བཞིར་ཕྱེ་བ་དེ་རྣམས་མིང་གི་རྣམ་གྲངས་ཙམ་ལས་ངོ་བོ་ཐ་དད་དུ་མ་གྲུབ་པའི་ཕྱིར། དཔེར་ན་སྐྱེས་བུ་གཅིག་ཉིད་ལ་མིང་གི་རྣམ་གྲངས་དུ་མ་བཏགས་པ་བཞིན་ནོ། །གསུམ་པ་བསྡུས་པའི་དོན་གཏན་ལ་དབབ་པ་ལ། གཞི་ལམ་འབྲས་གསུམ་སྤྱིར་གཏན་ལ་དབབ་པས་མདོར་བསྟན། དེ་སོ་སོར་གཏན་ལ་དབབ་པས་རྒྱས་པར་བཤད་པའོ། །དང་པོ་ལ། དབྱེ་བ། ངོ་བོ། སྒྲ་དོན། མཚན་ཉིད་དང་བཞི། དང་པོ་ལའང་། དབྱེ་གཞི། དབྱེ་ཆོས། དབྱེ་བའི་དགོས་པ། ངེས་བྱེད་ཀྱི་ཚད་མ་བསམ་པའོ། །དང་པོ་ནི། གང་ལས་འབྱེད་པའི་གཞིར་མེད་མི་རུང་བ་སྟེ། དབྱེ་གཞི་མེད་པའི་དབྱེ་སྒོ་མི་མཚུངས་པའི་ཕྱིར། ཤེས་བྱ་ཙམ་དབྱེ་གཞིར་འཐད་ཅེས་མཁས་པ་ཕལ་ཆེར་ཞལ་མཐུན་པར་གསུངས་སོ། །དེ་སྐད་དུའང་། སྤྱན་འགྲེལ་ལས། གཞི་ལམ་འབྲས་བུའི་ཤེས་བྱ་རྣམས། །འབྲུ་མཐུན་ཚིག་དོན་ཤེས་བྱའི་ཕྱིར། །རྣམ་གསུམ་རྒྱུད་ཀྱི་དོན་དུ་བསྡུས། །ཞེས་སོ། །གལ་ཏེ་མི་འཐད་དེ། ལུང་རིགས་མན་ངག་གསུམ་དང་འགལ་བའི་ཕྱིར། ལུང་དང་འགལ་ཏེ། དགོངས་འདུས་ལས། དཔེའམ་ཚད་མའམ་གཏན་ཚིགས་སམ། རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། །དམུས་ལོང་མཁའ་ལ་མཐོ་འཇལ་འདྲ། །ཞེས་སོ། །མན་ངག་དང་འགལ་ཏེ། ལམ་རིམ་ལས། དེ་མིང་ཞེན་པ་དགྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་སོ། །རིགས་པས་ཀྱང་གནོད་དེ། ཤེས་བྱ་ཙམ་དབྱེ་གཞིར་བྱས་ནས་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཡང་ཤེས་བྱར་ཐལ། དབྱེ་གཞིའི་ཁྱབ་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཤེས་བྱའི་ཡུལ་ལས་འདས་པའི་ཕྱིར་ཏེ། རྡོར་གཅོད་ལས། ཆོས་དབྱིངས་ཤེས་བྱ་མ་ཡིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་དང་། གལ་པོ་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པའི་ཕྱིར་ཟེར་ན། ལན་དུ་ཁ་ཅིག །གནས་ལུགས་ཤེས་བྱ་མ་ཡིན་ཀྱང་། གཏན་ལ་འབེབས་ལྡོག་ཤེས་བྱའི་ཡུལ་ཡིན་པས་སྐྱོན་མེད་ཟེར་ཀྱང་། གཏན་ལ་དབབ་བྱ་ཁོ་ན་གནས་ལུགས་དེ་ཡིན་པའི་ཕྱིར་མི་འཐད་གསུང་། མཁས་པ་དག་རོག །གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཤེས་བྱར་ཐལ་བ་ལ་སྐྱོན་མེད་དེ། དགོངས་འདུས་ཀྱི་ལུང་དེའི་དོན་ནི། རྟོག་གེའི་རིགས་པས་མི་རྟོགས་པ་ལ་དགོངས་ཀྱི། ཀུན་ཁྱབ་ཀྱི་གཏན་ཚིགས་གསུམ་གྱིས་མི་རྟོགས་པ་ལ་དགོངས་པ་མ་ཡིན་བཞིན། མན་ངག་ཀྱང་གནས་ལུགས་པ་ཐ་དད་མེད་པ་ལ་བརྗོད་ཀྱི། གཏན་ལ་འབེབས་ཚུལ་ལ་བརྗོད་པ་མ་ཡིན་ནོ། །འོན་ཀྱང་ཤེས་བྱ་ལ་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་ཆོད་དམ་མ་ཆོད་ཟེར་ན། དེ་ཙམ་དུ་གསང་བ་སྒྱུ་འཕྲུལ་པའི་ལུགས་ཀྱི་ལམ་མཐའ་དག་ལྟ་བ་དང་ཏིང་ངེ་འཛིན་གཉིས་སུ་འདུས་སམ་མ་འདུས། འདུས་ན་འདིར་ཡང་ཆོད་དོ། །གནས་ལུགས་དེ་དངོས་པོ་དང་དངོས་མེད་ཀྱི་མཐར་ཐལ་ཞེ་ན། ལམ་ཡང་ལྟ་བ་དང་ཏིང་ངེ་འཛིན་གང་རུང་གིས་མཚོན་ནུས་པར་ཐལ་ལོ། །ཡང་མ་འདུས་ཟེར་ན། འདིར་ཡང་མ་ཆོད་དོ། །འོ་ན་ཤེས་བྱ་ཁ་ཚོན་གཅོད་པའི་ཚད་མ་རྒྱུན་ཆད་དུ་ཐལ། ཤེས་བྱ་ལ་ཕུང་པོ་གསུམ་པ་སྲིད་པར་འགྱུར་རོ་ཟེར་ན། ལམ་མཐའ་དག་ལྟ་བ་དང་ཏིང་ངེ་འཛིན་གཉིས་སུ་འདུས་པར་བཤད་པ་དང་འགལ་ཏེ། ལམ་གྱི་གཙོ་བོ་གསུམ་པ་ཞིག་ཀྱང་སྲིད་པར་འགྱུར་རོ་ཞེས་མགོ་བསྒྲེའོ། །དེས་ན་ལམ་མཐའ་དག་ལྟ་བ་དང་ཏིང་ངེ་འཛིན་གཉིས་སུ་འདུས་ཀྱང་། ལམ་ཙམ་སྤྱི་ཁྱབ་ཏུ་གནས་པ་བཞིན་དུ་ཤེས་བྱ་མཐའ་དག་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་ཆོད་ཀྱང་། གནས་ལུགས་ཀྱི་གཞི་དེ་སྤྱི་ཁྱབ་ཏུ་གནས་པ་ནི་གཏན་ལ་དབབ་བྱར་རིགས་ཤེས་གསུངས། དེ་ལྟར་ཡང་ཡིན་མོད། ཁོ་བོ་ནི་གནས་ལུགས་ཀྱི་ངོ་བོ་ཤེས་བྱ་ཤེས་བྱེད་པ་ལས་འདས་ཀྱང་། ཐ་སྙད་ཙམ་དུ་གཞལ་བྱར་བྱས་པ་མི་འགལ་ཏེ། དཔེར་ན་ནམ་མཁའ་སེམས་རྟོག་གི་ཡུལ་ལས་འདས་ཀྱང་སྐྱེས་བུས་འཇལ་བ་བཞིན་དང་། ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བའང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་ཟད་དོ། །ཞེས་དང་། གལ་པོ་ལས། ཤེས་བྱའི་ནང་ནས་དམ་པར་ནི། །གྱུར་ཕྱིར་ངེས་པའི་ཚིག་ཡིན་ནོ། །ཞེས་དོན་དམ་ཤེས་བྱར་བཤད་པའི་སྐབས་མང་ཡང་། སྔར་གྱི་ལུང་རྣམས་དང་མི་འགལ་བའི་གནད་ཀྱང་དེ་ཡིན་པའི་ཕྱིར་དང་། མདོར་ན་གཞི་ལམ་འབྲས་གསུམ་དུ་ཕྱེ་བ་ཡང་རྨི་ལམ་གྱི་རྒྱུ་འབྲས་སོ་སོར་སྣང་བ་ལྟར། རེ་ཞིག་འཁྲུལ་སྣང་ཀུན་བརྟགས་ཀྱི་དབང་གིས་སོ་སོར་སྣང་བ་ཙམ་ལ་བཞག་མོད། ཆོས་ཀྱི་ངོ་བོ་ཉིད་ཀྱིས་ཕྱེ་བ་མ་ཡིན་ཏེ། ངོ་བོ་རང་རིག་པའི་བྱང་ཆུབ་ཀྱི་སེམས་སུ་གཅིག་པའི་ཕྱིར། འོན་ཀྱང་ཐ་སྙད་ཀྱི་བློ་ངོ་བོར་དབྱེ་གཞི་ཤེས་བྱ་ཙམ་དུ་བྱས་པས་གནས་ལུགས་ཤེས་བྱར་ཐལ་བ་ལ་སྐྱོན་མེད་དེ། འདིར་དབྱེ་གཞི་ཉིད་གནས་ལུགས་ཡིན་པས་དེ་ཤེས་པར་བྱ་བའི་རྒྱུད་དོན་གྱི་རྩ་བ་ཡིན་པའི་ཕྱིར་ཏེ། དོན་བསྡུས་ལས། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པ། །ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཞེས་བཞེད་པའི་ཕྱིར་དང་། དོན་དམ་བློའི་སྤྱོད་ཡུལ་མིན་ཀྱང་བདེན་གཉིས་འབྱེད་པའི་རྣམ་གཞག་གི་ཚེ། གལ་པོར། ཤེས་བྱ་ཙམ་གྱི་སྣང་བ་ལ། །བདེན་པ་གཉིས་ཀྱི་ཞིང་ཡང་གྲུབ། །ཅེས་དབྱེ་གཞི་ཤེས་བྱར་གསུངས་པ་ལྟར་འདིར་ཡང་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། དབྱེ་གཞི་ཤེས་བྱ་ཙམ་ལས། དབྱེ་བའི་ཆོས་གཞི་ལམ་འབྲས་བུ་གསུམ་དུ་ངེས་ཏེ། དེ་ལས་མང་མི་དགོས་ཤིང་། ཉུང་ན་མི་འདུ་བའི་ཕྱིར་རོ། །གསུམ་པ་ནི། གཞི་དེ་རང་ལ་ཡོད་པ་ལ་བརྟེན་ནས། འབྲས་བུ་སྐུ་དང་ཡེ་ཤེས་ལ་བྲོད་པ་བསྐྱེད་པས་ལམ་གྱི་དཀའ་ཚེགས་བཟོད་པར་བྱས་ནས་འཇུག་པའི་དགོས་པ་ཡོད་དེ། ཡུངས་ཀར་ལ་མར་ནག་ལྷུན་གྲུབ་ཏུ་ཡོད་པས། མར་ནག་འདོད་པ་རྣམས་བཏག་འཚག་གི་རྩོལ་བ་ལ་མི་བལྟ་བར་འཇུག་པ་བཞིན་ནོ། །བཞི་པ་ནི། དེ་ལྟར་དབྱེ་སྒོ་གཞི་ལམ་འབྲས་གསུམ་ཁོ་ནར་ངེས་ཤིང་འདུས་པ་དེ་ཚད་མས་ཤེས་སམ། ཚད་མ་མ་ཡིན་པ་ཞིག་གིས་ཤེས་ཞེ་ན། ཚད་མས་ཤེས་ཏེ། གཞན་དུ་ན་སྒྲོ་འདོགས་ཀྱི་བློར་ཟད་པའི་ཕྱིར་ཡིད་བརྟན་མི་རུང་ངོ་། །འོ་ན་རྟོག་གེའི་རིགས་པས་ཤེས་པར་འགྱུར་རུམ་སྙམ་ན། མ་ཡིན་ཏེ། རྟོགས་བྱ་གནས་ལུགས་ཀྱི་དོན་དེ་ནི་ཐ་སྙད་པའི་ཤེས་ངོ་ལས་འདས་པའི་ཕྱིར་རོ། །དེ་ལྟར་ཡང་དགོངས་འདུས་ལས། དཔེའམ་ཚད་མའམ་གཏན་ཚིགས་སམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པས་ནུས་པ་མ་ཡིན་ཏེ། །དམུས་ལོང་མཁའ་ལ་མཐོ་འཇལ་འདྲ། །ཞེས་དང་། དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ནི། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པས། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེའི་ཡུལ་ལས་འདས་པའོ། །ཞེས་དང་། ལངྐར་གཤེགས་པ་ལས་ཀྱང་། བྱིས་པ་དེ་དག་རྟོག་གེ་བ། །རོ་དང་འདྲ་བས་དེ་དག་བརྟགས། །ཞེས་སོ། །འོ་ན་གང་གིས་ཤེས་ན། ལམ་རིམ་ལས། བྱེ་བྲག་བསྡུས་པས་ཀུན་ཁྱབ་གསུམ། །ཞེས་པས་ཤིན་ཏུ་ལྐོག་གྱུར་གྱི་དོན་ཆད་ལྷག་མེད་པར་འཇལ་ནུས་པ་ནི། རྒྱལ་བའི་བཀའ་དྲི་མ་མེད་པའི་ལུང་ཚད་མ་དང་། མཁས་པས་མཛད་པའི་མན་ངག་ཚད་མ་དང་། དེ་གཉིས་དང་རྗེས་སུ་མཐུན་པར་སྐྱེས་པའི་རིགས་པ་ཚད་མ་གསུམ་ལས་གཞན་མེད་པའི་ཕྱིར། ཀུན་ཁྱབ་ཀྱི་ཚད་མ་གསུམ་གྱིས་ཤེས་ཏེ། བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། ལུང་དང་རིགས་པ་མན་ངག་གི། །ཚད་མ་དག་གིས་གང་གཞལ་པས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་དང་། འགྲེལ་ཆུང་ལས། ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་པ་འདི། །ལུང་དང་མན་ངག་གི་རིག་པས་གཏན་ལ་དབབ། །ཅེས་དང་། སློབ་དཔོན་དཔལ་དབྱངས་ཀྱིས་ལྟ་བ་ཡང་དག་སྒྲོན་མར། རྣམ་པར་མི་རྟོག་དོན་དམ་རང་བཞིན་གྱི། །རིག་པའི་ཚུལ་ཆེན་སེམས་ཀྱི་དམིགས་པ་ནི། །ལུང་དང་མན་ངག་རིགས་པས་ཐག་བཅད་དེ། །ཆོས་ཀྱི་རང་བཞིན་ཡང་དག་ཡིད་ཆེས་བྱ། །ཞེས་སོ། །དེས་ན་ལུང་ནི་འདི་ཉིད་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་སོ། །མན་ངག་ནི། གཞི་ལམ་འབྲས་བུའི་ཤེས་བྱ་རྣམས། །འབྲུ་མཐུན་ཚིག་དོན་ཤེས་བྱའི་ཕྱིར། །རྣམ་གསུམ་རྒྱུད་ཀྱི་དོན་དུ་བསྡུས། །ཞེས་སོ། །རིགས་པ་ནི། དབྱེ་གཞི་ལས་དབྱེ་སྒོ་གཞི་ལམ་འབྲས་བུ་གསུམ་དུ་ངེས་ཏེ། དེ་དག་མ་ཚོགས་པར་དོན་གཉིས་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་མི་འབྱུང་བ་གང་ཞིག །དེར་ཤེས་བྱའི་ཆོས་ཀུན་འདུས་པ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་གསུམ་ཁ་ཡར་བ་ལས་འབྲས་བུ་འབྱུང་མི་སྲིད་པའི་ཕྱིར། དཔེར་ན། ས་བོན་ཡོད་ཀྱང་ཞིང་ས་དང་སྐྱེས་བུའི་རྩོལ་བ་མེད་པ་དང་། དེ་གཉིས་ཡོད་ཀྱང་ས་བོན་མེད་ན་སྟོན་ཐོག་མི་འབྱུང་བ་བཞིན་ནོ། །གཉིས་པ་གྲུབ་སྟེ། དེར་མ་འདུས་པའི་ཆོས་གཞན་མ་དམིགས་པའི་ཕྱིར། ཁ་ཅིག་འཁྲུལ་པའི་སྣང་བ་མ་འདུས་སོ་ཞེ་ན། དེ་ནི་བརྟགས་གཞི་ཡིན་པའི་གཞིར་འདུ་བའི་ཕྱིར་སྐྱོན་མེད་དེ། གཞི་ལ་ངོ་བོའི་གཞི་དང་བརྟགས་གཞི་གཉིས་སུ་ངེས་པའི་ཕྱིར་ཏེ། རིམ་གསུམ་ལས། ངོ་བོའི་གཞི་དང་བརྟགས་པའི་གཞི། །ཞེས་སོ། །གཉིས་པ་ལ། གཞིའི། ལམ་གྱི། འབྲས་བུའི་ངོ་བོ་དང་གསུམ། དང་པོ་ལའང་། གཞན་སྤྱིའི་གནས་ལུགས་ཀྱི། བརྟག་གཞིའི་ངོ་བོའོ། །དང་པོ་ནི། རང་རིག་པ་བྱང་ཆུབ་ཀྱི་སེམས་ཏེ། རིམ་གསུམ་ལས། ངོ་བོ་ཐམས་ཅད་སེམས་ཉིད་དེ། །གསེར་གྱི་དཔེ་བཞིན་གཉིས་སུ་མེད། །ཅེས་སོ། །གཉིས་པ་ནི། བཅོས་བསླད་མེད་པར་རང་རྩལ་འགག་མེད་དུ་ཅིར་ཡང་སྣང་བ་སྟེ། སྤར་ཁབ་ལས། རང་རིག་པའི་ལུགས་ཀྱི་ཅིར་ཡང་སྣང་བ། ཞེས་སོ། །གསུམ་པ་ནི། སྣོད་བཅུད་སྣང་ཞེན་གྱིས་བསྡུས་པའི་ཆོས་ཐམས་ཅད་དེ། རིམས་གསུམ་ལས། ངོ་བོ་སྣོད་བཅུད་འཇིག་རྟེན་གྱི། །སྣང་དང་ཞེན་པའི་ཆོས་རྣམས་སོ། །ཞེས་སོ། །གཉིས་པ་ལམ་གྱི་ངོ་བོ་ནི། །སྐྱེད་བྱེད་ཤེས་རབ་གསུམ་གྱིས་བསྐྱེད་བྱ་ཐུན་མོང་དང་མཆོག་གི་སེམས་བཞིའམ་ལྔ་སྐྱེས་སམ་སྐྱེ་བ་སྟེ། དེ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེས་བར་བསྟན་པ་ཡིན། །ཞེས་དང་། སྤྱན་འགྲེལ་ལས། ལྔ་སེམས་ལྡན་པའི་ཤེས་རབ་ཉིད། །སྐྱེ་བའི་གཞི་དག་སྐྱེ་ངེས་པའོ། །ཞེས་སོ། །གསུམ་པ་འབྲས་བུའི་ངོ་བོ་ནི། རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་སྟེ། ལམ་རིམ་ལས། སྐུ་དང་གསུང་དང་ཐུགས་ཉིད་དང་། །ཡོན་ཏན་ཕྲིན་ལས་རྨད་བྱུང་བ། །ལྔའམ་ལྔ་ཉིད་ངོ་བོར་གནས། །ཞེས་སོ། །གསུམ་པ་ལ་གཞིའི། ལམ་གྱི། འབྲས་བུའི་སྒྲ་དོན་དང་གསུམ། དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་སམ་གཞིར་གྱུར་པས་ན་གཞི་སྟེ། རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་སོ། གཉིས་པ་ནི། གང་གིས་གང་དུ་བགྲོད་བྱར་གྱུར་བས་ན་ལམ་སྟེ། དོན་བསྡུས་ལས། བགྲོད་དང་དེ་ཆོས་ལྡན་པ་དང་། །ཞེས་སོ། །གསུམ་པ་ནི། སྨིན་པའམ་མཐར་ཕྱིན་པའི་ཕྱིར་འབྲས་བུ་སྟེ། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་སོ། །ཞར་ལ་དེ་གསུམ་རྒྱུད་དུ་མཚོན་བྱའི་སྒྲ་བཤད་ནི། ཕྱི་མ་འགོས་འགྱུར་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པས་གཞི་ལམ་གཉིས་ཤེས་བྱ་ཤེས་བྱེད། ལམ་འབྲས་གཉིས་ཐོབ་བྱ་འཐོབ་བྱེད་གཞི་འབྲས་གཉིས་བདག་ཉིད་གཅིག་པར་འབྲེལ་བས། རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་ཞིང་རྒྱུན་ཆགས་པས་ན་རྒྱུད་དེ། སྤར་ཁབ་ལས། རང་བཞིན་འབྲས་བུ་རྣམ་གཉིས་ཀྱིས། །ཤེས་ཐོབ་བཏགས་པའི་ངེས་ཚིག་གཉིས། །ཤེས་སོ། །བཞི་པ་མཚན་ཉིད་ལ། དགག་གཞག་གཉིས། དང་པོ་ནི། སྔ་རབས་པ་ཁ་ཅིག །གཞི་ཤེས་བྱ། ལམ་ཤེས་བྱེད། འབྲས་བུ་ཤེས་ཟིན་པའམ། ཡང་ན། གཞི་གསལ་བྱ། ལམ་གསལ་བྱེད། འབྲས་བུ་གསལ་ཟིན་པའོ་ཟེར། དེ་གཉིས་ཀ་མི་འཐད་དེ། ལམ་དེ་ཤེས་ཤིང་གསལ་བར་བྱ་དགོས་སམ་མི་དགོས། དགོས་ན་གཞིར་འགྱུར། མི་དགོས་ན་འབྲས་བུར་ཐལ། གཞན་ཡང་ཡུལ་སྔོན་པོ། ཡུལ་ཅན་མིག་ཤེས། སྔོན་པོར་རྟོགས་པ་གསུམ་ཡང་སྒྱུ་འཕྲུལ་གྱི་གཞི་ལམ་འབྲས་གསུམ་དུ་འགྱུར་རོ་གསུང་། གླན་ཉ་ཚལ་བ་ནི། གནས་པ་གཞི། འཇུག་པ་ལམ། སྨིན་པ་འབྲས་བུའོ་གསུང་། དེ་ལྟར་ན་ལམ་ཡང་གཞིར་ཐལ། གང་གིས་བགྲོད་བྱར་གྱུར་པའི་གནས་སམ་རྟེན་ལམ་ཡིན་པའི་ཕྱིར་དང་། ལམ་གྱི་མཚན་ཉིད་ཀྱིས་ཀྱང་ལྟ་བ་ལ་མ་ཁྱབ་སྟེ། དེ་ཤེས་བྱེད་ཡིན་གྱི་འཇུག་བྱེད་མ་ཡིན་པའི་ཕྱིར་གྲུབ་སྟེ། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །ཞེས་གསུངས་པའི་ཕྱིར། ལྷ་རྗེ་དཔྱལ་ན་རེ། གནས་ཤིང་བརྟེན་པས་གཞི། འཇུག་ཅིང་བགྲོད་པ་བྱེད་པས་ན་ལམ། ཡོན་ཏན་གྱིས་སྨིན་པ་མཐར་ཐུག་པ་འབྲས་བུའོ། །གསུང་ཡང་། གཞི་ལམ་གཉིས་ལ་སྐྱོན་སྔ་མ་ལྟར་འབབ་ཅིང་། འབྲས་བུ་ལ་འཆད་འགྱུར་གྱི་སྐྱོན་གནས་པས་མི་རིགས་སོ། །ཡང་བདག་ཉིད་ཆེན་པོ་འགའ་ཞིག །ཡེ་ནས་གནས་པ་བརྟག་བྱ་དང་བཅས་པ་ནི་གཞི། བགྲོད་པར་བྱེད་པ་རྟོགས་བྱེད་དང་བཅས་པ་ནི་ལམ། མཐར་ཐུག་པའི་དོན་མངོན་དུ་བྱས་པས་རྩོལ་བ་ལས་གྲོལ་བ་ནི་འབྲས་བུའོ། །ཞེས་བཞེད་ཀྱང་། མི་འཐད་དེ། དེ་ལྟར་ན་ལམ་འབྲས་གཉིས་ཡེ་ནས་གནས་པའི་བརྟག་བྱ་ཡིན་ནམ་མིན། ཡིན་ན། གཞི་ལམ་འབྲས་གསུམ་ཀ་མཚན་ཉིད་གཅིག་གིས་མཚོན་ནུས་པར་འགྱུར་ལ། གལ་ཏེ་མ་ཡིན་ན་ནི། དེ་ལྟར་ཡེ་ཤེས་རང་གནས་པ། །ལམ་དང་འབྲས་བུ་ཀུན་ངོ་བོ། །ཞེས་གསུངས་པ་དང་འགལ་ཞིང་། འབྲས་བུའི་མཚན་ཉིད་ཀྱིས་ཀྱང་། ལམ་གྱུར་གྱི་འབྲས་བུ་ལ་མ་ཁྱབ་སྟེ། ད་དུང་མཐོང་ཟིན་བསྒོམ་པའི་རྩོལ་བ་ལས་མ་གྲོལ་བས་མཐར་ཐུག་གི་དོན་མངོན་དུ་མ་བྱས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ནི་གཞི་ཤེས་འཇུག་གི་བྱེད་རྩོལ་དང་བཅས་པ་ནི་ལམ། ཆོས་ཉིད་མངོན་གྱུར་བསྐྱེད་དུ་བྱར་མེད་པར་སོན་པ་ནི་འབྲས་བུ་སྟེ། མཚན་ཉིད་དང་པོས་ངོ་བོ་དང་བརྟག་གཞི་གཉིས་ཀ་ལ་ཁྱབ་ཅིང་ལམ་འབྲས་བཅད། བར་པས་ལྟ་བ་དང་ཏིང་ངེ་འཛིན་གཉིས་ཀ་ལ་ཁྱབ་ཅིང་གཞི་འབྲས་བཅད། ཐ་མས་གནས་སྐབས་དང་མཐར་ཐུག་གཉིས་ཀ་ལ་ཁྱབ་ཅིང་གཞི་ལམ་བཅད་པས་སྐྱོན་ལས་གྲོལ་བའི་ཕྱིར། མཁས་པས་བསྔགས་པར་འོས་པ་ཡིན་ནོ། །གཉིས་པ་ལ་སོ་སོའི་གཏན་ལ་དབབ་པས་རྒྱས་པར་བཤད་པ་ལ། གཞི་བཤད་པ། ལམ་བཤད་པ། འབྲས་བུ་བཤད་པ་དང་གསུམ། དང་པོ་ལའང་། སྤྱིར་བཤད་པ་དང་། བྱེ་བྲག་རྒྱུ་རྒྱུད་དུ་ཇི་ལྟར་འགྱུར་པའི་འཐད་པ་བཤད་པའོ། །དང་པོ་ནི། རིམ་གསུམ་ལས། དང་པོ་རྣམ་པ་གཉིས་ཡིན་ཏེ། །ངོ་བོའི་གཞི་དང་བརྟགས་པའི་གཞི། །ཞེས་པས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་། འཁྲུལ་པ་བརྟགས་པའི་གཞི་གཉིས། དང་པོ་ལ། རང་གི་མཚན་ཉིད་ངོས་བཟུང་བ་དང་། དེ་གཏན་ལ་དབབ་པའོ། །དང་པོ་ལ། དངོས་དང་། སྒྲུབ་བྱེད། སྐབས་འཕྲོས་ཀྱི་གཞལ་བྱ་དང་གསུམ། དང་པོ་ནི། རང་རིག་པ་བྱང་ཆུབ་ཀྱི་སེམས་ཤེས་བྱ་དངོས་པོའི་གཤིས་མཐའ་དང་བྲལ་བར་གནས་ཙམ་ཞིག་སྟེ། དེ་ལས། མཚན་ཉིད་མཐའ་རྣམས་ཀུན་བྲལ་བ། །ཅིར་ཡང་གཟུང་དུ་མེད་པའོ། །ཞེས་སོ། །གཉིས་པ་ནི། ཀུན་ཁྱབ་ཀྱི་གཏན་ཚིགས་གསུམ་སྟེ། དེ་ལ། ལུང་ནི། རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་སོ། །མན་ངག་ནི། ལྟ་ཕྲེང་ལས། ཆོས་ཐམས་ཅད་སེམས་ལ་གནས། ཞེས་དང་། རྣལ་འབྱོར་མིག་གི་བསམ་གཏན་གྱི་རྒྱ་ཆེར་འགྲེལ་ལས། ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་རང་གི་མཚན་ཉིད་རིག་པར་གསལ་བས་ཅིས་ཀྱང་མ་བསྒྲིབས་པ། གཉིས་སུ་མེད་པ་ལ་མཚན་ཉིད་འདི་འདྲར་བརྗོད་དུ་མེད་པ་སྟེ། ཞེས་སོ། །རིགས་པ་ནི། འཁོར་འདས་ལམ་གསུམ་གྱི་བསྡུས་པའི་ཆོས་རྣམས་ཆོས་ཅན། རང་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཐམས་ཅད་སེམས་སུ་འདུས་པས། སེམས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། རིན་ཆེན་གསེར་གླིང་དུ་ཕྱིན་པ་བཞིན་ནོ། །དེ་ལ་ཁ་ཅིག་ན་རེ། ཡུལ་རྫས་སུ་སྣང་བ་འདི་དག་ཤེས་པ་ལས་གཞན་དུ་གྲུབ་པའི་ཕྱིར་མི་འཐད་དོ་ཟེར། འོ་ན། ཡུལ་ཤེས་ལ་བདག་གཅིག་གི་འབྲེལ་པ་མེད་དེ། བདག་ཉིད་མི་གཅིག་པའི་ཕྱིར། ཀ་བ་དང་བུམ་པ་བཞིན་ནོ། །དེ་ལས་དེ་བྱུང་གི་འབྲེལ་པའང་མེད་དེ། བསྟན་མེད་ཐོགས་མེད་ཀྱི་རིག་ཙམ་དེ་ལས་བེམ་པོའི་རྫས་སྐྱེ་མི་སྲིད་པའི་ཕྱིར། ནམ་མཁའ་དང་པདྨ་བཞིན་ནོ། །དེ་ལྟར་འབྲེལ་མེད་པར་འདོད་ན། ཤེས་པ་ལས་ཡུལ་རྣམས་སྣང་བ་མི་རིགས་ཏེ། ཡུལ་ཤེས་ལ་འབྲེལ་བ་གཏན་མེད་པའི་ཕྱིར། མིག་དང་སྒྲ་བཞིན་ནོ། །འདོད་མི་ནུས་ཏེ། མངོན་སུམ་གྱི་ཚད་མས་གནོད་པའི་ཕྱིར་རོ། །དེ་བས་ན་སེམས་ལས་གཞན་པའི་ཆོས་གཞན་མ་གྲུབ་སྟེ། འདི་ལྟར་ཡུལ་སོགས་སྣང་བ་ན་ཉམས་སུ་མྱོང་བའི་ཕྱིར། རྨི་ལམ་གྱི་སྣང་བ་བཞིན་དང་། སེམས་ཀྱིས་ཇི་ལྟར་དབང་བསྒྱུར་བ་ལྟར་རང་སྣང་བའི་ཕྱིར། ཟད་པར་གོམས་པའི་སྣང་བ་བཞིན་ནོ། །དེ་ལྟར་ཡང་རྒྱས་པ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །ཞེས་དང་། འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །རྡོས་པ་ཅན་གྱི་ཆོས་མིན་ཏེ། །རྟོག་མེད་རང་རིག་འོད་གསལ་བའི། །ཤེས་པ་འབའ་ཞིག་ཁོ་ནའོ། །ཞེས་དང་། ལམ་རིམ་ལས། སེམས་ལས་མ་གཏོགས་ཆོས་མེད་ཕྱིར། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་དང་། སློབ་དཔོན་དཔལ་དབྱངས་ཀྱི་མཐའི་མུན་སེལ་སྒྲོན་མ་ལས། ཆོས་རྣམས་སེམས་ཀྱི་འཕྲུལ་པ་སྟེ། །སེམས་ལས་མ་གཏོགས་ཆོས་རྣམས་མེད། །ཅེས་སོ། །དེ་ལྟར་ཐུན་མོང་གི་ལུང་ལས་ཀྱང་གསུངས་ཏེ། ལངྐར་གཤེགས་པ་ལས། ཇི་ལྟར་ཕྱིས་བས་བརྟགས་པ་ཡི། །ཕྱི་རོལ་དངོས་པོ་ཡོད་མིན་པར། །བག་ཆགས་ཀྱིས་ནི་སྤགས་པའི་སེམས། །དོན་གྱི་དངོས་པོར་རབ་ཏུ་སྐྱེས། །ཞེས་དང་། མདོ་སྡེ་ས་བཅུ་པར་ཡང་། ཀྱེ་རྒྱལ་བའི་སྲས་དག །ཁམས་གསུམ་པ་འདི་དག་སེམས་ཙམ་མོ། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཞེས་སོ། །དེ་དག་ཐུན་མོང་གི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་རང་སྣང་དུ་སྒྲུབ་པ་སྟེ། དེ་ཉིད་ཐུན་མིན་གྱི་གཏན་ཚིགས་ཀྱིས་མཐའ་བྲལ་དུ་བསྒྲུབ་པ་ནི་འོག་ཏུ་འཆད་པར་འགྱུར་རོ། །གསུམ་པ་ནི། དེ་ལྟར་ན་སོ་སྐྱེའི་སྣང་བ་སོར་བཞག་འདི་གནས་ལུགས་ངོ་བོ་ཉིད་ཀྱི་གཞིར་འདོད་ན་ནི། ཤེས་བྱ་མ་ནོར་བ་ཡུལ་དུ་བྱེད་པའི་ཕྱིར། སོ་སྐྱེའི་ཤེས་པ་འདི་ཡང་དག་པའི་ཚད་མར་འགྱུར་ཏེ། འཕགས་པའི་མཁྱེན་དངོས་བཞིན་དང་། གལ་ཏེ་ངོ་བོ་ཉིད་ཀྱི་གཞི་མ་ཡིན་ན་འཁྲུལ་སྣང་འདི་ཆོས་ཉིད་ཀྱི་ཁྱབ་བྱ་མ་ཡིན་པར་འགྱུར་ཏེ། ངོ་བོ་ཐ་དད་པའི་ཕྱིར། ཀ་བ་དང་བུམ་པ་བཞིན་ནོ་ཞེ་ན། ལན་དུ། མཁས་པ་གླན། སྣང་ངོ་ནས་ཆོས་ཉིད་རང་སྣང་ཡིན་པས་ཆོས་ཉིད་ཡིན་གྱི། ཞེན་ངོ་ལ་ཕྱོགས་སུ་ཞེས་པས་མ་ཡིན་ཏེ། ལྟོས་ས་ཐ་དད་ལ་ལྟོས་པའོ་གསུང་། རྗེ་ཉ་རི་བ། རྟོགས་པའི་དུས་ན་གཞིར་མ་འགྱུར་བ་མེད་ལ། མ་རྟོགས་པའི་འཁྲུལ་ངོ་འདི་མ་ཡིན་ནོ་གསུངས་ཀྱང་། དེ་གཉིས་ཀ་ལེགས་པར་མི་སེམས་ཏེ། དང་པོ་ལྟར་ན། སྣང་ཞེན་གཉིས་བློ་རྫས་ངོ་བོ་གཅིག་ན། །རྫས་གཅིག་ལ་སྣང་མི་སྣང་གི་ཆ་གཉིས་འགལ་བས། ཞེན་ངོ་ཡང་ཆོས་ཉིད་རང་སྣང་དུ་འགྱུར་ཞིང་། ཐ་དད་ན་ཞེན་འཁྲུལ་སྤངས་ཚེ་སྣང་འཁྲུལ་མི་སྤོང་བར་ཐལ་བ་དང་། གཉིས་པ་ལྟར་ན། རྟོགས་པ་དེ་རྐྱེན་ལ་རག་ལུས་ན་རང་བཞིན་གྱི་སྣང་བ་མ་ཡིན་པར་འགྱུར་ཞིང་། རག་མ་ལུས་ན་རྟོགས་མ་རྟོགས་ཀྱི་དུས་ཀྱི་ལྡོག་ཆས་གཞི་ཡིན་མིན་དུ་འདོད་པའི་དམ་བཅའ་ཉམས་སོ། །འོ་ན་གང་ཞེ་ན། རང་བཞིན་ཆོས་ཉིད་དུ་ཡོངས་རྫོགས། རྣམ་པ་འཁྲུལ་ལྡོག་ཏུ་མ་འདྲེས། ངོ་བོ་ལ་དབྱེར་མེད་ཅེས་བྱ་སྟེ། དགོངས་འདུས་ལས། ཞེ་སྡང་མ་འདྲེས་མནར་སེམས་པ། །ཡོངས་སུ་རྫོགས་པར་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ནས། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་སོ། །འོ་ན་མ་འདྲེས་པས་ཆོས་ཉིད་མིན་པ་བཞིན་དུ། །ཡོངས་རྫོགས་ཀྱི་ངོས་ནས་ཀྱང་མ་ཡིན་པར་འགྱུར་ཏེ། དེ་ཉིད་ངོ་བོ་དབྱེར་མེད་ཡིན་པས་སོ། །ཟེར་ན། སྐྱོན་མེད་དེ། ཏིལ་འབྲུ་དང་སྣུམ་གཉིས་རྫས་དབྱེར་མེད་ནའང་། ཏིལ་འབྲུ་ཁུ་བ་དང་། སྣུམ་གོང་བུར་མི་སྣང་བ་བཞིན་ནོ། །ཞེས་གོང་མ་རྣམས་གསུང་། གཉིས་པ་ལ། ཀ་དག་ལྷུན་གྲུབ་ཀྱི་དབྱེ་བ་བཤད་པས་གཞི་འཆིང་གྲོལ་མེད་པར་བསྟན། གྲུབ་མཐའ་བདེན་པ་གསུམ་གྱིས་རང་གཞུང་མཐའ་བྲལ་དུ་བསྒྲུབས། གཞི་ངེས་བྱེད་ཀྱི་ཚད་མ་བསམ་པའོ། །དང་པོ་ལ། ཀ་དག་ལྷུན་གྲུབ་ཀྱི་གོ་བ་བསྟན། འདོད་གཞུང་གི་དབྱེ་བ་བརྗོད། སྐྱོན་ཅན་གྱི་ཕྱོགས་དགག །རང་གཞུང་བཞག་སྟེ་ལ་བཟླ་བ་དང་བཞི། དང་པོ་ནི། གཞི་གདོད་མ་ནས་དག་པ་ཡིན་ཏེ། མ་རིག་པ་གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར། ནོར་བུ་རིན་པོ་ཆེ་མི་གཙང་བའི་འདམ་གྱིས་གཏུམས་པ་བཞིན་ནོ། །ཞེས་གཞི་དང་དྲི་མ་ཐ་དད་དུ་འདོད་པའི་ཀ་དག་པ་དང་། གཞི་ཡེ་ནས་ལྷུན་གྲུབ་ཡིན་ཏེ། མ་རིག་པ་གཞན་བྱུང་མ་ཡིན་པའི་ཕྱིར། ཡེ་ནས་གསེར་ལྕགས་དབྱེར་མེད་དུ་མེད་ན་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་དུ་མི་བཏུབ་པ་བཞིན་ནོ། །ཞེས་གཞི་དང་དྲི་མ་དབྱེར་མེད་དུ་འདོད་པའི་ལྷུན་གྲུབ་པའོ། །གཉིས་པ་ནི། དེ་གཉིས་རེ་རེ་ལའང་དབྱེ་བ་གསུམ་གསུམ་དུ་ཡོད་ནའང་། ཀ་དག་ཆེན་པོ་དང་། ལྷུན་གྲུབ་ཆེན་པོ་གཉིས་ཡོངས་གཅོད་བསྒྲུབ་བྱ་ཡིན་པས་འོག་ཏུ་འཆད་ལ། འདིར་སྐྱོན་ཅན་གྱི་འདོད་གཞུང་གི་དབང་དུ་བྱས་ནས་རེ་རེ་ལའང་གཉིས་གཉིས་སུ་དབྱེ་སྟེ། དེ་ཡང་ཀ་དག་ལ་གཉིས་ལས། དབྱིངས་ཀ་དག་པ་ན་རེ། གཞི་ཆོས་དབྱིངས་རྣམ་དག་ཡིན་པའི་ཕྱིར། མ་རིག་པའི་གཞི་མི་རུང་སྟེ། ནོར་བུ་རིན་ཆེན་ལ་མི་གཙང་བའི་འདམ་གྱི་སེལ་མེད་པ་བཞིན་ནོ་ཟེར། ཡེ་ཤེས་ཀ་དག་པ་ན་རེ། འབྲས་བུ་སྐུ་དང་ཡེ་ཤེས་ལ་མ་རིག་པ་གློ་བུར་གྱི་དྲི་མ་ལམ་ལྔས་སྤངས་པ་ཡིན་ཏེ། རིན་པོ་ཆེའི་དགོས་འདོད་འབྱུང་བའི་གེགས་མི་གཙང་བའི་འདམ་དེ་བཀྲུས་ཤིང་ཕྱིས་ནས་དག་པ་ལས་དགོས་འདོད་འབྱུང་བ་བཞིན་ནོ་ཟེར། ལྷུན་གྲུབ་ལའང་གཉིས་ལས། ཆོས་ཉིད་ལྷུན་གྲུབ་པ་ན་རེ། གཞི་མ་རིག་པ་དང་ཡེ་ཤེས་དབྱེར་མེད་ཡིན་པའི་གནད་ཀྱིས་ཆོས་ཉིད་གཅིག་གི་རང་བཞིན་ལས་མ་འདས་པའི་ཕྱིར། ཆོས་ཅན་སོ་སོ་ཡང་ཕན་ཚུན་གཅིག་ལ་གཅིག་ལྷུན་གྱིས་གྲུབ་པ་སྟེ། ཡེ་ནས་གསེར་ལྕགས་དབྱེར་མེད་དུ་མེད་ན་འགྱུར་རྩིས་གསེར་དུ་བསྒྲུར་དུ་མི་བཏུབ་པ་རྫ་ཤིང་ལ་སོགས་པ་བཞིན་ནོ་ཟེར། ཆོས་ཅན་ལྷུན་གྲུབ་པ་ན་རེ། འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་ཀྱང་མ་རིག་པ་གཏན་ནས་མ་སྤངས་ཏེ། འཁོར་འདས་གཉིས་དེ་ལས་དེ་མི་གཞན་པའི་ཕྱིར། ལྕགས་གསེར་དུ་གྱུར་པའི་ཚེ་ལྕགས་ལ་གསེར་གྱི་མཚན་མ་མི་སྣང་ཡང་ལྕགས་དེར་གྱུར་པ་ལས་ལོགས་སུ་མ་སྤངས་པ་བཞིན། ཞེས་ཟེར་རོ། །གསུམ་པ་ནི། དབྱིངས་ཀ་དག་པ་ལྟར་ན། གཞི་དེ་མ་རིག་པའི་རྒྱུད་རྒྱུར་ཡང་མི་རུང་བའི་ཕྱིར། འཁྲུལ་པ་སྐྱེ་མི་སྲིད་པར་ཐལ་བ་དང་། གལ་ཏེ་མ་རིག་པ་གློ་བུར་གྱི་དྲི་མ་ཡིན་ནོ་ཟེར་ན། རྒྱུ་བཀག་པས་འབྲས་བུ་ཁེགས་པའི་ཕྱིར། གློ་བུར་གྱི་དྲི་མ་འབྱུང་བ་མི་རིགས་ཏེ། རྒྱུ་བདེ་གཤེགས་སྙིང་པོ་དྲི་བྲལ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀ་དག་པ་ལྟར་ན། སྐུ་དང་ཡེ་ཤེས་ཐོབ་པའི་ཚེ་འཁོར་བ་སྤངས་པའི་ཕྱིར། ལྷ་དང་རྟོག་པ་ཐ་དད་དུ་འགྱུར་པས། རྡོ་རྗེ་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་སོགས་དང་འགལ་བ་དང་། ཀ་དག་པ་སྤྱིའི་སྐྱོན་དུ། གཞི་དང་དྲི་མ་ཐ་དད་པའི་ཕྱིར། རྒྱས་པ་ལས། མ་རིག་ཡེ་ཤེས་ཐ་དད་མིན། །མ་རྟོག་རྟོགས་པའི་ལམ་འདིར་གཅིག །ཅེས་པའི་ལུང་དང་འགལ་ཞིང་། རིག་པས་གནོད་པའམ། འཁྲུལ་སྣང་དག་ཕྱོགས་སུ་བསྒྱུར་དུ་མི་བཏུབ་པ་དང་། ཆོས་ཉིད་མཐོང་ཡུང་འཁྲུལ་སྣང་མི་སྤོང་བ་སོགས་ཆར་ལྟར་འབབ་ཅིང་། འཆད་འགྱུར་ལྟར། འཁྲུལ་གཞི་མེད་ན་སྐྱོན་དུ་འགྱུར་བའི་ལུང་རིགས་རྣམས་ཀྱིས་ཀྱང་གནོད་དོ། །ཡང་ཆོས་ཉིད་ལྷུན་གྲུབ་པ་ལྟར་ན། གཞི་དང་འཁྲུལ་པ་དབྱེར་མེད་ཡིན་པའི་ཕྱིར། འཁྲུལ་པ་སྤང་དུ་མི་རུང་བར་ཐལ་བ་དང་། ཆོས་ཅན་ལྷུན་གྲུབ་པ་ལྟར་ན། མ་རིག་པའི་རང་བཞིན་ལས་མ་འདས་པའི་ཕྱིར། འབྲས་བུ་སངས་རྒྱས་ཐོབ་ཀྱང་དགོས་མེད་དུ་ཐལ་བ་དང་། སྤྱི་སྐྱོན་དུ། གཞི་དང་དྲི་མ་དབྱེར་མེད་དུ་འདོད་པའི་ཕྱིར། རྒྱས་པ་ལས། ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་བསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །ཅེས་པའི་ལུང་དང་འགལ་ཞིང་མ་རིག་པའི་འཁྲུལ་སྣང་མཐོང་བས་ཆོས་ཉིད་མཐོང་བ་སོགས་དང་། འཁྲུལ་གཞི་ཡོད་ན་སྐྱོན་དུ་འགྱུར་བའི་གནོད་བྱེད་འོག་ཏུ་འཆད་པ་རྣམས་ཀྱང་འཆད་པར་འགྱུར་ཞིང་། མདོར་ན། ཀ་དག་ལྷུན་གྲུབ་གཉིས་གཅིག་གི་གྲུབ་མཐས་གཅིག་ལ་གནོད་པའི་ཕྱིར། གྲུབ་མཐའ་བཞི་པོ་དེ་ཐམས་ཅད་སྐྱོན་ཅན་འབའ་ཞིག་པའོ་ཞེས་བླ་མ་རྣམས་གསུངས་སོ། །བཞི་པ་ཀ་དག་ཆེན་པོའམ་ཀ་དག་སྐྱོན་མེད་དང་། ལྷུན་གྲུབ་ཆེན་པོའམ་ལྷུན་གྲུབ་སྐྱོན་མེད་གཉིས་ནི། གཞི་འབྲས་ལམ་རིག་པ་མི་ལྡན་པའི་ཆ་ནས་ཀ་དག་དང་། གཞི་འབྲས་ཀྱིས་མ་རིག་པ་མ་སྤངས་པའི་ཆ་ནས་ལྷུན་གྲུབ་ཅེས་བཏགས་ཀྱི། དོན་ལ་གཞི་འབྲས་གཉིས་ལ་མ་རིག་པ་མ་སྤངས་ལ་མི་ལྡན་པ་སྟེ། དཔེར་ན་སྣུམ་ལ་ཏིལ་གྱི་རྫས་མ་སྤངས་ལ། ཏིལ་གོང་མི་ལྡན་པ་བཞིན་ནོ། །དེའི་ཕྱིར། འཁོར་འདས་སོ་སོར་སྣང་བ་ཡང་ཀུན་བརྟགས་འཁྲུལ་ངོ་ཙམ་དུ་ཟད་ཀྱི། ཆོས་ཀྱི་ངོ་བོ་ནས་ཡང་དག་པར་གཞལ་ན། ཡེ་ནས་བཅིང་གྲོལ་མེད་པ། དཔེ་རྒྱལ་བུ་དམངས་སུ་འཁྱམས་པ་ལྟར། འཁོར་འདས་མཉམ་པ་ཉིད་དུ་ལ་བཟླས་པ་སྟེ། རྩ་རྒྱུད་ལས། བཅིང་མེད་རྣམ་པར་གྲོལ་མེད་པས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། རྒྱུད་ཕྱི་མ་ལས། སྤྲོས་པ་ཐམས་ཅད་ཉེར་ཞི་བ། །རང་བཞིན་གྱིས་ནི་གྲོལ་བར་བརྗོད། །འཆིང་བ་མེད་ཕྱིར་དེ་གྲོལ་ལོ། །ཞེས་དང་། ཀུན་བྱེད་ལས། བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན། །ཞེས་སོ། །གཉིས་པ་ནི། ལམ་རིམ་ལས། དེ་ཡང་རྣམ་གསུམ་གནས་ཚུལ་བཞག །ཅེས་པས། ཀུན་རྫོབ། དོན་དམ། བདེན་པ་དབྱེར་མེད་དང་གསུམ། དང་པོ་ལ། ངོ་བོ། སྒྲ་དོན། དབྱེ་བ། སྤགས་ལུགས་སོ། །དང་པོ་ལའང་། སྤྱིའི་ངོ་བོ་དང་། ལྷག་པ་ཀུན་རྫོབ་ཀྱི་ངོ་བོའོ། །དང་པོ་ནི། ཐ་སྙད་ཀྱི་ངོ་བོར་སྣང་ལ་མ་འགགས་ཙམ་མོ། །གཉིས་པ་ནི། ཆུ་ཟླ་ལྟར་བདེན་དངོས་ཀྱི་སྟོང་པའི་སྣང་བ་རིས་སུ་མ་ཆད་པའོ། །དེ་དག་སྒྲུབ་པ་ལ། ལུང་རིགས་མན་ངག་གསུམ་ལས། ལུང་ནི། རྒྱས་པ་ལས། ཀུན་རྫོབ་སྒྱུ་མར་མཉམ་པ་ཡང་། །འདུས་བྱས་དངོས་པོ་སྣ་ཚོགས་ནི། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འཕྲུལ་སྣང་བྱ་བ་ཀུན་བྱེད་ཀྱང་། །རྟོག་པ་ཀུན་གྱི་ཚད་མར་སྣང་། །འདི་དག་ཐམས་ཅད་གཟུགས་བརྙན་ཏེ། །བྱ་བྱེད་མེད་ཅིང་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས། །ཐམས་ཅད་སྣང་ལ་རང་བཞིན་མེད། །ཅེས་དང་། ཀུན་རྫོབ་ཆུ་ཟླ་ལྟར་ཡིན་པས། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །ཅེས་སོ། །མན་ངག་ནི། ལམ་རིམ་ལས། ཆུ་ཟླ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །རིག་པ་ལ་སྣང་ཙམ་འགགས་མེད་དུ་སྒྲུབ་པ་དང་། བདེན་པས་སྟོངས་པའི་སྣང་བ་རིས་མེད་དུ་སྒྲུབ་པའོ། །དང་པོ་ནི། སྣང་བ་ཆོས་ཅན་འགག་པ་མེད་པ་ཡིན་ཏེ། གཤིས་ལ་ཡང་དག་ཡེ་ཤེས་ཀྱི་སྣང་བ་ཞིག་ཡོད་པར་གཏན་ཚིགས་བཞིས་གྲུབ་པའི་ཕྱིར། བཞི་གང་ཞེ་ན། སྣང་བ་མ་གྲུབ་ན་འཁྲུལ་སྣང་འབྱུང་མི་རིགས་པའི་ཕྱིར་དང་། སྣང་བ་མེད་ན་དོན་དམ་ཤེས་བྱེད་ཀྱང་མེད་པའི་སྐྱོན་དུ་འགྲུབ་པའི་ཕྱིར་དང་། སྣང་ཙམ་པ་འདི་སུས་ཀྱང་དགག་མི་ནུས་པའི་ཕྱིར་དང་། རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པར་རང་སྣང་བའི་ཕྱིར་རོ། །དེ་ལྟར་བཞི་ལས། དང་པོ་ནི། ད་ལྟར་གྱི་འཁྲུལ་སྣང་འདི་ཆོས་ཅན། འབྱུང་མི་རིགས་ཏེ། དེ་ལ་གཞི་གཤིས་ལ་སྣང་བ་མེད་པའི་ཕྱིར། གང་དུ་སྣང་བ་ཁེགས་པ་ལ་འཁྲུལ་སྣང་ཁེགས་པས་ཁྱབ་སྟེ། དངོས་པོའི་སྦྲུལ་ཁེགས་ན་ཐག་ཁྲ་ལ་སྦྲུལ་འཛིན་གྱི་འཁྲུལ་ཤེས་ཁེགས་པ་བཞིན་ནོ། །གཉིས་པ་ནི། སྣང་བ་ཆོས་ཅན། ཁྱོད་མེད་ན་དོན་དམ་སྟོང་པ་རང་དུ་ཤེས་བྱེད་མེད་དེ་སྟོང་པ་ཕྱོགས་གཅིག་པར་སོང་བའི་ཕྱིར། སྐྱོན་མེད་དེ། སྣང་བ་མ་ཡིན་པ་ཞིག་གིས་ཤེས་ཟེར་ན། དེ་འཁྲུལ་ལམ་མ་འཁྲུལ། འཁྲུལ་ན་དོན་དམ་སྟོང་པར་མི་བདེན་པ་འགྱུར་ཏེ། ཤེས་བྱེད་འཁྲུལ་པས་ཤེས་པའི་ཡུལ་ཡིན་པའི་ཕྱིར། མིག་ཤེས་འཁྲུལ་མཐོང་གི་དུང་གི་རང་བཞིན་སེར་པོ་མིན་པ་བཞིན་ནོ། །མ་འཁྲུལ་ན་ཤེས་བྱ་དོན་དམ་ཤེས་པའི་ཤེས་བྱ་དེ་ཁོ་ན་ལ་སྣང་བ་ཟེར་བ་ཡིན་ཏེ། ཀ་བ་ཞེས་པ་གདུང་འདེགས་ནུས་པ་ལ་ཟེར་བ་བཞིན་ནོ། །གསུམ་པ་ནི། སྣང་བ་འདི་ཆོས་ཅན། ཐམས་ཅད་མཁྱེན་པའི་ཕྱག་གིས་ཀྱང་མི་ཁེགས་ཏེ། རང་སྣང་བའི་ཕྱིར་ཏེ། རིགས་དྲུག་གི་སྡུག་བསྔལ་མ་ཁེགས་པར་འདུག་པའི་ཕྱིར་རོ། །ཁེགས་ཏེ་མ་བཀག་གོ་ཟེར་ན། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་དང་མི་ལྡན་པར་ཐལ་ལོ། །བཞི་པ་ནི། རང་རིག་པ་ཆོས་ཅན། ཐམས་ཅད་དུ་རྩལ་མ་འགགས་པར་རང་སྣང་བ་ཡིན་ཏེ། གཞན་དུན་བེམ་སྟོང་དང་ཁྱད་པར་མེད་པར་ཐལ་བའི་ཕྱིར། འདོད་མི་ནུས་ཏེ། སྟོང་པའི་རང་འོད་འགག་པ་མེད་པར་འཁོར་འདས་ཀྱི་ཆོས་སུ་ཤར་བའི་ཕྱིར། དཔེར་ན་མཚོ་ཉིད་རླབས་དང་། ཉི་མ་ཉི་འོད་ཀྱི་དཀྱིལ་འཁོར་དུ་སྣང་བ་བཞིན་ནོ། །གཉིས་པ་སྣང་བ་བདེན་སྟོང་རིས་མེད་དུ་སྒྲུབ་པ་ནི། མཐུན་སྣང་གི་ཆོས་ཅན་གཅིག་པ་སྒྲུབ་ན། རང་ཅག་མི་རྣམས་ལ་སྣང་གྱུར་ཐུན་མོང་དུ་དམིགས་པའི་ཆུ་འདི་ཆོས་ཅན། རིག་པ་སྒྱུ་མའི་སྣང་བ་ཡིན་ཏེ། སྣང་བའི་ངོ་བོ་རིས་སུ་མ་ངེས་པའི་ཕྱིར་ཏེ། ཡི་དྭགས་རྣམས་ལ་རྣག་ཏུ་སྣང་བའི་ཕྱིར། དེ་ལྟར་ཡང་སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་ལས། དམྱལ་བ་རང་སེམས་མེ་སོགས་སྣང་། །ཡི་དྭགས་སྡིག་སེམས་མི་གཙང་ཡུལ། །བྱོལ་སོང་གྱེན་མཐུར་ངམ་གྲོག་སྟེ། །མི་ལ་མཐོང་ཡུལ་འདི་ཉིད་སྣང་། །དེ་བཞིན་ལྷ་མིའི་གོ་མཚོན་སོགས། །ལྷ་ལ་དགེ་སེམས་རིན་ཆེན་སྣང་། །ཞེས་སོ། །དེ་ལྟར་ནའང་། ཁོ་ན་རེ། ང་ལ་ཆུར་སྣང་བ་བཞིན་དུ་ཁྱོད་ལ་མི་སྣང་བར་འགྱུར་ཏེ། མ་ངེས་པའི་ཕྱིར་ཞེ་ན། ཁྱོད་དང་ང་གཉིས་ལས་མཐུན་གཅིག་ཏུ་ཚོགས་པས་མཐུན་པར་སྣང་བ་མི་འགལ་ཏེ། དཔེར་ན་ནད་ཀྱིས་བཏབ་པའི་མིག་སེར་ཅན་གཉིས་ཀྱིས་དུང་དཀར་པོ་སེར་པོར་མཐུན་པར་མཐོང་བ་དེ། དུང་སེར་པོར་ཡོད་ནས་མཐོང་ལུགས་མཐུན་པ་མ་ཡིན། ནད་རིགས་མཐུན་པས་མཐོང་ལུགས་གཅིག་པ་བཞིན་ནོ། །གཞན་ཡང་། ཤེས་ངོ་ཐུན་མོང་པ་དང་། དུས་གསུམ་ཐུན་མོང་པ་ལ་མཐུན་པ་མི་འགལ་ཡང་། ཤེས་ངོ་ཁྱད་པར་བ་དང་། དུས་གསུམ་སྔ་ཕྱི་མཐུན་པར་མི་འགྱུར་ཏེ། ཡི་དྭགས་གཉིས་ཀྱི་ཆུ་རྣག་ཏུ་མཐུན་པར་མཐོང་ནའང་། མི་དང་ཡི་དྭགས་གཉིས་མཐོང་ལུགས་སོ་སོ་བའི་ཕྱིར། ཤེས་ངོ་ཁྱད་པར་བ་ལ་སྣང་བའི་ངོ་བོ་རིས་སུ་མ་ངེས་པ་དང་། དུས་ཐུན་མོང་པ་དུས་གསུམ་གདོང་ཚུགས་སུ་སྣང་བ་ངེས་ནའང་། དུས་གསུམ་སྔ་ཕྱི་མ་ངེས་ཏེ། དུས་སྔར་གྱི་འཇིམ་པ། ད་ལྟའི་རྫ་བུམ། ཕྱིས་ཀྱི་གྱོ་དུམ་རྣམས་སྣང་བའི་ངོ་བོ་མ་ངེས་པའི་ཕྱིར། རྒྱུ་མཚན་དེ་དག་གིས་རིག་པ་སྒྱུ་མའི་སྣང་བ་ཡིན་པར་གྲུབ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་སྤྲུལ་པའི་གཟུགས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཞེས་པ་ལྟར་རོ། །གཉིས་པ་ནི། སཾ་པྲྀཏྟ་སཏྱ་ཞེས་པའི་སྒྲ་ལས། ཀུན་རྫོབ་བདེན་པ་སྟེ། པྲྀ་ཉ་འགེགས་པ་དང་སྒྲིབ་པ་ལའོ། །ཞེས་པའི་བྱིངས་དོན་གྱིས། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་རྟོགས་པས་བསྐྱེད་པའི་ཀུན་བརྟགས་བདེན་འཛིན་གྱི་སྣང་བརྙན་ནི་ཀུན་རྫོབ་ཡིན་ལ། དེས་བདེན་པར་བཟུང་བས་ན་ཀུན་རྫོབ་བདེན་པ་སྟེ། འདིའི་རྒྱུད་ཕྱི་མ་ལས། རྣམ་པ་རྟོག་པའི་སྣང་བརྙན་ཡང་། །རྣམ་པ་ཀུན་ཏུ་ཀུན་རྫོབ་འདོད། །ཅེས་དང་། དབུ་མ་འཇུག་པར། གཏི་མུག་ཡང་དག་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་བར་སྣང་དེ་ལ། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་སོ། །གསུམ་པ་ནི། དབུ་མ་པ་དག །ཐ་སྙད་ཀྱི་ངོར་མི་བསླུ་བ་ཡང་དག་ཀུན་རྫོབ་དང་། བསླུ་བ་ལོག་པའི་ཀུན་རྫོབ་བ་བདེན་པ་གཉིས་སུ་འབྱེད་དེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །འདིར་ནི། དབུ་མ་པས་ཡང་དག་ཀུན་རྫོབ་ཏུ་འདོད་པའི་ཕུང་སོགས་ཀྱི་ཆོས་སུ་རྟོག་པ་རྣམས་ལ། མ་དག་པ་ལས་སྣང་ལོག་པའི་ཀུན་རྫོབ་ཞེས་བཞག །ཡང་དག་པའི་ཀུན་རྫོབ་ནི་ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔ་དང་། ཡུལ་འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔ། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་རང་བཞིན་གྱིས་དག་པས་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པར་འདོད་ལ། གནས་ཚུལ་ཀྱང་། ལམ་རིམ་ལས། མཚོན་བྱ་དོན་གྱི་བསྟན་པ་ཡེ་ཤེས་ལྔ་རང་ལ་གནས་པའི་ཚུལ་དང་། དེ་བཞིན་དུ། རྒྱུད་ཀྱི་གླེང་གཞི་དང་། རྒྱུད་དོན་ཐབས་གྲོལ་དང་། འབྲས་བུ་རང་ལ་གནས་ཚུལ་རྣམས་རྒྱ་ཆེར་གསུངས་ཀྱང་། འདིར་ཁ་རག་སྟོན་སྙིང་གི་ཞལ་ནས། འདྲེན་བཤད་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་དང་། །དེ་བཞིན་གསང་བར་ཤེས་པར་བྱ། །ཞེས་པས། ཕྱི་ནང་གསང་གསུམ་དུ་དབྱེ་གསུང་། །དེ་ཡང་ཀུན་རྫོབ་ཕྱི་ལྟར། རྟོག་ཚོགས་ལྷའི་རང་བཞིན་དུ་གནས་ཏེ། རྡོ་རྗེ་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་སོགས་སོ། །ནང་ལྟར་ན། སྟེང་སྒོ་འཁོར་ལོ་བཞི་རང་ལ་ཡེ་ནས་ཇི་ལྟར་གནས་པ་སྟེ། ལམ་རིམ་ལས། དཀྱིལ་འཁོར་བཞི་དང་སྲོག་ཤིང་གསུམ། །གནས་ན་ཀཱ་ལི་སྒྲ་དབྱངས་ལྡན། །ཞེས་སོ། །དེའི་ནང་ནས་ཀྱང་ཆོས་ཀྱི་འཁོར་ལོ་ལ་གླེང་གཞི་ཇི་ལྟར་གནས་ཚུལ་ཀྱང་། རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །མ་ནུ་རྣམ་ཤེས་ཡིད་སོགས་བཞི། །ཡེ་ཤེས་མྱོང་བས་སྡུད་པར་བཤད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་སོ། །གསང་བ་ལྟར་ན། འོག་སྒོ་ཐབས་ཤེས་ལ་གླེང་གཞི་གནས་ཚུལ་ཀྱང་། ཐལ་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །མ་ད་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་ཆེན་འདི་ཉིད་དོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །སྤྱིར་ན་ལམ་རིམ་ལས། སྒྱུ་མ་མིག་ཡོར་སྤྲུལ་པ་དང་། །སྨིག་རྒྱུ་འཇའ་ཚོན་ཆུ་ཟླ་བཞིན། །ཞེས་པའི་དཔེས་སྒྱུ་མའི་དངོས་པོ་དྲུག་ཏུ་དབྱེ་སྟེ། དེ་ལ་ལོག་རྟོག་སྒྱུ་མ་ནི། སྒྱུ་མའི་རྟ་གླང་ལྟར་དེ་མ་ཡིན་ལ་དེར་འཛིན་གྱི་ཞེན་པའི་ལོག་རྟོག་དང་། རྟེན་འབྲེལ་སྒྱུ་མ་ནི་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཆོས་དེས་དབང་པོ་བསླད་པའི་མིག་ཡོར་གྱི་གཟུགས་ལྟར་སྣང་ལ་མ་གྲུབ་པ་དང་། དངོས་པོ་སྒྱུ་མ་ནི་སྣང་ལ་ཚིམ་པ་མེད་པ། སྨིག་རྒྱུའི་དཔེས་བུམ་པ་ལ་བུམ་པར་སྣང་བ་ལྟ་བུའི་སྣང་ཆ་དང་། ཕྱག་རྒྱ་སྒྱུ་མ་ནི། སྣང་ལ་རྟོག་པ་མེད་པ་ཆུ་ཟླའི་དཔེས་བདེན་དངོས་ཀྱིས་སྟོངས་པའི་སྣང་བ་ལྷ་སྐུར་གསལ་བའི་ཆ་དང་། ཡེ་ཤེས་སྒྱུ་མ་ནི་མེད་བཞིན་དུ་རྣམ་པར་བཀྲ་བ་འཇའ་ཚོན་གྱི་དཔེས་རིག་པ་ཕྱི་ནང་མེད་པར་གསལ་བའི་ཆ་དང་། ཐབས་སྒྱུ་མ་ནི་གཅིག་ཏུ་མ་ངེས་པ་སྤྲུལ་པའི་དཔེས་དེ་དང་དེར་སྣང་གི་སྣང་བ་འགག་མེད་དུ་འཆར་བའི་ཆ་ནས་བཞག་པའོ། །དེ་ལྟར་སྒྱུ་མའི་དངོས་པོ་དྲུག་པོ་ཐ་དད་མེད་པར་རིག་པ་ལ་གསལ་བ་ནི་ལྷག་པ་ཀུན་རྫོབ་བོ། །བཞི་པ་ལ། ངོ་བོ། མཚན་ཉིད། རང་བཞིན་གྱིས་སྤགས་ལུགས་གསུམ། དང་པོ་ནི། རྒྱུའི་ཐེག་པའི་ཀུན་རྫོབ་རྒྱུ་རྐྱེན་གྱིས་བསྐྱེད་ལ། འདིར་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འཕགས་ཏེ། རྒྱས་པ་ལས། རྒྱུ་རྐྱེན་རང་ལུས་མེད་པའི་ཕྱིར། །ཞེས་སོ། །གཉིས་པ་ནི། རྒྱུའི་ཀུན་རྫོབ་སྐྱེ་འཇིག་ཅན་ཡིན་ལ། འདིར་སྐྱེ་འཇིག་དང་བྲལ་བས་འཕགས་ཏེ། འདི་ཉིད་ལས། སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་སོ། །གསུམ་པ་ནི། རྒྱུའི་ཀུན་རྫོབ་བཟང་ངན་ཅན་ཡིན་ལ། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འཕགས་ཏེ། རྒྱས་པ་ལས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་སོ། །དེ་ལྟར་ན་ཀུན་རྫོབ་དང་བདེན་པ་དབྱེར་མེད་ལ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། སྣང་ཡང་བདེན་པས་སྟོངས་པ་ཙམ་དུ་ངོ་བོ་གཅིག་ཀྱང་། གཏན་ལ་འབེབས་ཚུལ་གྱི་ལྡོག་པ་ཐ་དད་པས་སྐྱོན་མེད་དེ། འཁྱགས་པ་དངོས་སུ་མཐོང་བས་ཆུ་ལྐོག་གྱུར་དུ་ཤུགས་ལས་རྟོགས་པ་ལྟར། སྣང་བ་ཀུན་རྫོབ་ཀྱི་བདེན་པར་གཏན་ལ་ཕབ་པས་རང་བཞིན་མེད་པར་ཤུགས་ལས་རྟོགས་པ་ཡིན་གསུངས། ཞར་ལ་སྐབས་འཕྲོས་ཀྱི་རྩོད་སྤོང་ནི། ཁ་ཅིག །ཀུན་རྫོབ་སྤྱི་མཚན་གྱིས་ལྷག་པའི་ཀུན་རྫོབ་སྤྱི་མཚན་གྱིས་ལྷག་པའི་ཀུན་རྫོབ་ལ་ཁྱབ་བམ་མ་ཁྱབ། ཁྱབ་ན་ལྷག་པའི་ཀུན་རྫོབ་ཀྱང་འཁྲུལ་སྣང་ལོག་ཤེས་སུ་འགྱུར་ལ། མ་ཁྱབ་ན་སྤྱི་མཚན་ཁེགས་པས་རང་མཚན་ཀྱང་ཁེགས་པར་འགྱུར་ཏེ། ཤིང་ཙམ་ཁེགས་པས་ཤ་བ་སོགས་ཁེགས་པ་བཞིན་ཞེ་ན། སྤྱི་ལ་མ་ལྟོས་པའི་བྱེ་བྲག་མི་སྲིད་པའི་ཕྱིར་ཁྱབ་པ་ཁས་བླང་ངོ་། །དེ་ལྟ་ནའང་། ལྷག་པའི་ཀུན་རྫོབ་འཁྲུལ་སྣང་ལོག་ཤེས་སུ་མི་འགྱུར་ཏེ། ཁྱབ་བྱེད་ཀུན་རྫོབ་སྤྱི་མཚན་བདེན་པའི་སྤྲོས་པས་སྟོངས་པ་ཡིན་པའི་ཕྱིར། དཔེར་ན་མི་ལ་ཆུ་དང་ཡི་དྭགས་ལ་རྣག་ཏུ་སྣང་བའི་མཐོང་ཚུལ་ཐ་དད་ཀྱང་། གཞི་གཤེར་བས་གཉིས་ཀ་ལ་ཁྱབ་པ་བཞིན་ནོ། །ཡང་ལྷག་པ་ཀུན་རྫོབ་འདི་ལྟར་སྣང་བ་ལྷའི་དཀྱིལ་འཁོར་དུ་འདོད་པ་དེ། ཡེ་ནས་མེད་པའི་སྒྲོ་བཏགས་ཞིག་གམ། ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཞིག་ཡིན། ཞེས་འདྲི་ན། འདིར་ཕྱི་མ་ལྟར་འདོད་དེ། གལ་ཏེ་སྒྲོ་བཏགས་ཞིག་ན། སྒྲོ་བཏགས་དངོས་མེད་རྫུན་པ་ཡིན་པས་དོན་བྱེད་ནུས་པ་མཐའ་དག་གིས་སྟོངས་པའི་ཕྱིར། ལམ་ལྷའི་རྣལ་འབྱོར་བསྒོམ་པ་དོན་མེད་དུ་འགྱུར་བས་ན་མི་རིགས་སོ། །དེ་ལྟར་ནའང་ཆོས་ཅན་མཚན་མར་སྣང་བ་འདི་དག་ཡེ་ནས་དག་པ་ལྷའི་དཀྱིལ་འཁོར་དུ་གྲུབ་ཟིན་ན། གསེར་ས་ལེ་སྦྲམ་ལྟར་རྒྱུ་རྐྱེན་གཞན་ལ་མ་ལྟོས་པའི་ཕྱིར། ལྷར་སྐྱེད་བྱེད་ཀྱི་ཤེས་པ་ཙམ་ལའང་མ་ལྟོས་པར་ཐལ་ཞེ་ན། དེའི་སྐྱོན་མེད་དེ། ཇི་ལྟར་ནོར་བུ་རིན་པོ་ཆེ་རྙེད་པ་ངོ་མ་ཤེས་ཏེ་ནོར་བུར་ཕལ་པའི་ཁྲོད་དུ་བཞག་པ་ན། དེའི་ཡོན་ཏན་མི་མཐོང་མོད། དེ་ནོར་བུའི་རིགས་ཤེས་པས་ངོ་སྤྲད་དེ་བྱི་དོར་བྱས་པ་ན། གདོད་དེ་ལས་རིན་པོ་ཆེའི་ཡོན་ཏན་ཁྱད་པར་ཅན་འབྱུང་བ་ལྟར། ཡེ་ནས་ལྷར་དག་ཀྱང་སྣང་བ་འདིའི་བདེན་ཞེན་གྱིས་དག་པར་མ་ཤེས་པས། དེའི་ཕྱིར་ལམ་བསྐྱེད་རིམ་ཀྱང་བདེན་ཞེན་འགོག་བྱེད་ཙམ་ཡིན་པས། དེ་ལ་ལྟོས་ནས་ཡོངས་གྲུབ་ཀྱི་དམ་བཅའ་ཉམས་པར་མི་འགྱུར་རོ། །དེས་ན་འདིར་ཡོངས་གྲུབ་ཏུ་ལུང་རིགས་མན་ངག་གསུམ་ཀས་འགྲུབ་སྟེ། ལུང་ནི། འདི་ཉིད་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་སོགས་དང་། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །ཞེས་སོ། །མན་ངག་ནི། ལམ་རིམ་ལས། ཡན་ལག་དབང་པོ་རྣམ་ཤེས་ཀུན། །རང་བཞིན་ཡོངས་ཀྱིས་དག་པ་དང་། །ཏིང་འཛིན་དེ་བཞིན་གཤེགས་པ་ལྔར། །ཡེ་ནས་མ་བཅོས་ཡོངས་ཀྱིས་གནས། །ཞེས་དང་། ནམ་སྙིང་གི་ཞི་ཁྲོ་གལ་ཕྲེང་ལས། རྡོ་རྗེ་ཕུང་པོ་ཡན་ལག་རྣམས། །ཡེ་ནས་ལྷ་ཡི་དཀྱིལ་འཁོར་ལ། །ཏིང་འཛིན་སྔགས་རྐྱེན་བསྒོམ་པ་ཡིས། །རང་བཞིན་མངོན་དུ་གྱུར་བྱའི་ཕྱིར། །ཕྱག་རྒྱ་ཆེན་པོ་ཚང་བར་བསྐྱེད། །ཅེས་དང་། ཀུན་མཁྱེན་ཆོས་རྗེས། ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ། །ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལས། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་ཡིན། །ཞེས་སོ། །རིགས་པ་ནི། ཕུང་སོགས་རང་བཞིན་གྱིས་ལྷའི་དཀྱིལ་འཁོར་དུ་གྲུབ་སྟེ། རང་བཞིན་མཐར་ཕྱིན་གྱི་གཟུགས་སྐུ་མངོན་དུ་བྱར་རུང་བའི་ཕྱིར། དངུལ་རྡོ་ལ་དངུལ་རང་བཞིན་གྱིས་གནས་པ་བཞིན་ནོ། །དེས་རང་བཞིན་འདུས་བྱས་སུ་ཡང་མི་འགྱུར་ཏེ། ལམ་གྱིས་མེད་པ་ཞིག་ཡོད་པར་སྒྲུབ་པ་ལྟ་བུ་མ་ཡིན་གྱི། རང་གནས་མངོན་དུ་གྱུར་པའི་ཕྱིར། འཁྲུལ་ཞེན་སྦྱོང་བ་ཙམ་དུ་ཟད་དོ། །དཔེར་ན་དུང་སེར་མཐོང་གི་མིག་ནད་སྦྱོང་བྱེད་ཀྱི་སྨན་ལ་ལྟོས་ཏེ། དུང་གི་དཀར་པོ་མེད་པ་ཡོད་པར་སྒྲུབ་པ་ལྟ་བུ་མ་ཡིན་པ་བཞིན་ནོ། །གཉིས་པ་དོན་དམ་ལའང་། ངོ་བོ། སྒྲ་དོན། དབྱེ་བ། སྤགས་ལུགས་བཞི། དང་པོ་ལ། དོན་དམ་ཙམ་གྱི་ངོ་བོ་དང་། ལྷག་པ་དོན་དམ་གྱི་ངོ་བོའོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་མེད་སྤྲོས་པའི་མཚན་མ་དང་བྲལ་བའོ། །གཉིས་པ་ནི། རིག་པ་སྤྲོས་བྲལ་ལ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པའོ། །དེ་སྒྲུབ་པའི་ལུང་ནི། འདི་ཉིད་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་སོ། །མན་ངག་ནི། རིན་ཆེན་དྲྭ་བ་ལས། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་སོ། །རིགས་པ་ལ། སྤྲོས་བྲལ་དུ་སྒྲུབ་པ་དང་། འདི་ཉིད་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པར་སྒྲུབ་པའོ། །དང་པོ་ནི། སྤྱན་འགྲེལ་དུ། སྐྱེ་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་བཞི་གསུངས་ཏེ། བུམ་པ་ཆོས་ཅན། ཡང་དག་པར་རང་བཞིན་མེད་དེ། གཏན་ཚིགས་བཞིས་སྐྱེ་མེད་དུ་གྲུབ་པའི་ཕྱིར། བཞི་གང་ཞེ་ན། རྒྱུ་རྐྱེན་ལས་མ་སྐྱེས་པའི་ཕྱིར་དང་། དུས་གློ་བུར་དུ་མ་བྱུང་བའི་ཕྱིར་དང་། བྱེད་པ་པོས་མ་བྱས་པའི་ཕྱིར་དང་། སྐྱེས་པའི་དངོས་པོ་འདི་འདྲ་བ་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་བཞི་ལས། དང་པོ་མ་གྲུབ་སྟེ། དངོས་པོ་ཐམས་ཅད་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཟེར་ན། འོ་ན་དངོས་པོ་དེ་བདག་གམ། གཞན་ནམ་གཉིས་ཀའམ། རྒྱུ་མེད་པ་གཞི་གང་ལས་སྐྱེ། དང་པོ་བདག་ལས་སྐྱེའོ་ཞེ་ན། བདག་གྲུབ་པ་ལས་སྐྱེའམ། མ་གྲུབ་པ་ལས་སྐྱེ། གལ་ཏེ་གྲུབ་པ་ལས་སྐྱེ་སྙམ་ན། རྫ་བུམ་ཆོས་ཅན། བསྐྱེད་མི་དགོས་པར་འགྱུར་ཏེ། འཇིམ་པ་ལ་གྲུབ་ཟིན་པའི་ཕྱིར། རྟགས་མ་གྲུབ་ན་སྐྱེད་བྱེད་ཀྱི་རྒྱུ་གྲུབ་དུས་སུ་བསྐྱེད་བྱ་འབྲས་བུ་གྲུབ་པ་ཉམས་ལ། གལ་ཏེ་གྲུབ་ཟིན་ནས་ཀྱང་སྐྱེའོ་ཞེ་ན། ཐུག་མེད་དུ་སྐྱེ་བར་ཐལ་ཏེ། བུམ་པ་ལས་ཀྱང་བུམ་པ་སྐྱེ་བར་འགྱུར་རོ། །ཡང་མ་གྲུབ་པ་ལས་སྐྱེའོ་ཞེ་ན། རྒྱུ་མ་གྲུབ་པའི་སྐྱེད་བྱེད་དུ་མི་འཐད་ཅིང་། འབྲས་བུ་མ་གྲུབ་པས་བསྐྱེད་བྱར་ཡང་མི་འཐད་དོ། །གཉིས་པ་གཞན་ལས་སྐྱེའོ་ཞེ་ན། གཞན་རྟག་མི་རྟག་གང་ལས་སྐྱེ། རྟག་པ་ལས་སྐྱེའོ་ཞེ་ན། རྟག་པ་སྐྱེད་བྱེད་ཀྱི་རྒྱུར་མི་འཐད་དེ། རྒྱུ་མི་འགྱུར་བས་འབྲས་བུ་བསྐྱེད་པ་མི་སྲིད་པའི་ཕྱིར། བསྐྱེད་ན་རྟག་པ་ཉམས་ཏེ། བདེན་གཉིས་ལས། དངོས་རྣམས་གཞན་དུ་འགྱུར་བ་ལ། མཁས་རྣམས་མི་རྟག་བརྗོད་པར་མཛད། །ཅེས་སོ། །གལ་ཏེ་མི་རྟག་པ་ལས་སྐྱེའོ་ཞེ་ན། དུས་གསུམ་གང་ལས་སྐྱེ། འདས་པ་རྒྱུ་འབྲས་སྤྱད་ཟིན་པས་སྐྱེ་མི་འཐད། མ་འོངས་པ་མ་སྐྱེས་པས་སྐྱེད་བྱེད་དུ་མི་འཐད། ད་ལྟར་པ་ལས་སྐྱེ་ན། འབྲས་བུ་རང་དང་དུས་མཉམ་པ་ལས་སྐྱེའམ། མི་མཉམ་པ་ལས་སྐྱེ། དུས་མཉམ་པ་བསྐྱེད་བྱ་སྐྱེད་བྱེད་དུ་མི་འཐད། མི་མཉམ་ན་རྒྱུ་འབྲས། འཕྲད་པ་མེད་པས་སྐྱེ་བར་མི་རིགས་སོ། །གསུམ་པ་གཉིས་ཀ་ལས་སྐྱེའོ་ཞེ་ནའང་། མི་འཐད་དེ། རྒྱུ་འབྲས་གཉིས་བདག་གཅིག་པ་དང་། རྫས་གཞན་གཉིས་ཕན་ཚུན་གཅིག་ཡིན་ན་གཅིག་ཡིན་པ་འགལ་བ་དང་། བདག་གཞན་སོ་སོ་ལས་སྐྱེ་བ་ཁེགས་པས་གཉིས་ཀ་ལས་སྐྱེ་བ་ཁེགས་ཏེ། བྱེ་མ་རེ་རེ་ལ་མར་བསྐྱེད་པའི་ནུས་པ་མེད་པར་བྱེ་མ་ཚོགས་པའི་ཕུང་པོ་ལའང་ནུས་པ་དེ་མེད་པ་བཞིན་ནོ། །བཞི་པ་རྒྱུ་མེད་པ་ལས་སྐྱེའོ་ཞེ་ན། ཡུལ་འདི་གང་དུ་ཡང་དེ་ལྟར་སྐྱེས་པ་ཚད་མས་མ་མཐོང་བའི་ཕྱིར་ཏེ། གཞན་དུ་ན་ནམ་མཁའ་ལས་ཀྱང་པདྨ་སྐྱེ་བར་ཐལ་བའི་ཕྱིར་རོ། །དེས་ན་མུ་བཞི་ལས་སྐྱེ་བ་ཁེགས་པའི་ཕྱིར། སྐྱེ་བ་ལྟར་སྣང་ཡང་། སྐྱེ་བ་བདེན་པར་གྲུབ་པ་མེད་དེ། རྩ་བ་ཤེས་རབ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །ཡང་གཉིས་པ་མ་གྲུབ་སྟེ། དུས་གློ་བུར་དུ་བྱུང་ངོ་ཞེ་ན། གློ་བུར་བ་དེ་རྒྱུ་རྐྱེན་ཞིག་ཡོད་ནས་བྱུང་ངམ། མེད་ཀྱང་བྱུང་། གལ་ཏེ་ཡོད་ནས་བྱུང་སྙམ་ན། རྒྱུ་རྐྱེན་བདག་གཞན་གང་ལས་བྱུང་བརྟག་པ་སྔར་དང་འདྲ། རྒྱུ་རྐྱེན་མེད་པར་སྐྱེ་མི་སྲིད་དེ། སྐྱེད་བྱེད་ཀྱི་རྒྱུ་བདག་མ་གྲུབ་པར་གཞན་སྐྱེད་བྱེད་ཀྱི་ནུས་པ་སྟོངས་པའི་ཕྱིར། གང་དུ་འབྲས་བུ་དམིགས་པ་ལ་རྒྱུ་སྔོན་སོང་གིས་ཁྱབ་པས་གློ་བུར་བ་ཉམས་སོ། །དེ་ལྟར་ཡང་རྣམ་ངེས་ལས། རྒྱུ་མེད་རྐྱེན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའང་མེད་པར་ཐལ། །ཞེས་སོ། །ཡང་གསུམ་པ་མ་གྲུབ་སྟེ། བྱེད་པ་པོ་གཞན་གྱིས་བྱས་སོ་ཟེར་ན། བྱེད་པ་པོ་དེ་རྟག་པ་ཞིག་གམ། མི་རྟག་པ་ཞིག་གིས་བྱས། གལ་ཏེ་རྟག་པ་ཞིག་གིས་བྱས་ཞེ་ན། དེ་ཆོས་ཅན། དོན་བྱེད་ནུས་པས་སྟོངས་ཏེ། རྟག་པ་ཡིན་པའི་ཕྱིར། གང་དོན་བྱེད་མི་ནུས་པ་ལ་བྱེད་པ་པོ་མིན་པས་ཁྱབ་སྟེ། བུམ་པ་ཆོས་ཅན། རི་བོང་གི་རྭ་བཞིན་ནོ། །གལ་ཏེ་མི་རྟག་པ་ཞིག་གིས་བྱས་ཞེ་ན། དེ་ནི་སྐད་ཅིག་མ་འགྱུར་བ་དང་བཅས་པ་ཡིན་པས་འདས་མ་འོངས་གཉིས་དངོས་མེད་ཡིན་པའི་ཕྱིར་བྱེད་པ་པོར་མི་འཐད། ད་ལྟར་བ་ལ་བསྐྱེད་བྱ་རང་དང་དུས་མཉམ་པར་བྱེད་ན་ཕན་འདོགས་བྱེད་མེད་ལ། དུས་མི་མཉམ་པས་བྱེད་ན་བྱ་བྱེད་འཕྲད་པ་མེད་པས་བྱེད་པོར་མི་འཐད་དོ། །ཡང་ཁོ་ན་རེ། རྒྱུ་རྐྱེན་ལས་མ་བྱུང་། བྱེད་པ་པོས་ཀྱང་མ་བྱས། དུས་གློ་བུར་དུའང་མ་བྱུང་མོད། འོན་ཀྱང་དངོས་པོ་འདི་དག་སྐྱེས་ནས་འདུག་པ་སུས་ཀྱང་མི་ཁེགས་པའི་ཕྱིར། བཞི་པ་མ་གྲུབ་བོ་ཞེ་ན། བུམ་པ་ཆོས་ཅན། ཡང་དག་པར་རང་བཞིན་མེད་དེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར། དེ་ལྟར་ཡང་དབུ་མ་སྣང་བ་ལས། བདག་དང་གཞན་གྱི་དངོས་འདི་དག །ཡང་དག་པར་ནི་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་སོ། །གཏན་ཚིགས་མ་གྲུབ་ཞེ་ན། འོ་ན་བུམ་པ་ཉིད་གཅིག་ཏུ་ཡོད་དམ། །དུ་མར་ཡོད། གཅིག་ཏུ་ཡོད་ན། ཆ་ཤས་དང་བཅས་པར་ཡོད་དམ། བྲལ་བར་ཡོད། གལ་ཏེ་ཆ་ཤས་དང་བཅས་པར་ཡོད་ན། གཅིག་ཏུ་མི་བཏུབ་སྟེ། སྐར་མའི་ཚོགས་ལྟར་དུ་མར་ཐལ་ལོ། །ཆ་བྲལ་དུ་འདོད་ན་མི་འགྲུབ་སྟེ། ཕྱོགས་ཆ་དྲུག་དང་བཅས་པའི་ཕྱིར། རགས་སྣང་འདི་ནུབ་པར་འགྱུར་རོ། །དེའང་ཉི་ཤུ་པ་ལས། དྲུག་གིས་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་དག་ཏུ་འགྱུར། །ཞེས་སོ། །ཡང་དུ་མར་ཡོད་ན་དུ་མ་དེ་གཅིག་ལ་ལྟོས་སམ་མི་ལྟོས། མ་ལྟོས་ན་ཁྱབ་བྱེད་གཅིག་མ་གྲུབ་པས་ཁྱབ་བྱ་དུ་མའང་མི་འགྲུབ་སྟེ། གྲངས་ཀྱི་གནས་བཞིན་ནོ། །ལྟོས་ན། གཅིག་ཏུ་ཐལ་ཏེ། ལྟོས་པས་གྲུབ་པའི་ཕྱིར་མེར་འཛིན་ལ་མེ་གཅིག་ཏུ་སྣང་བ་བཞིན་ནོ། །དེས་ན་གང་གཅིག་དང་དུ་མའི་སྤྲོས་པ་དང་བྲལ་བ་ལ། རང་བཞིན་མེད་པས་ཁྱབ་སྟེ། ནམ་མཁའ་བཞིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་རིགས་པས་སྤྲོས་བྲལ་དེ་ཉིད་སྣང་བ་ངོ་བོ་ཉིད་ཀྱི་རྒྱུ་ལྷུན་གྲུབ་ཏུ་སྒྲུབ་པ་ནི། གོང་གི་སྤྲོས་བྲལ་དེ་ཆོས་ཅན། སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་སྟེ། སྣང་ཙམ་ཉིད་ནས་བརྟགས་ན་ཡང་དག་ཏུ་མ་གྲུབ་ཅིང་། སྣང་ཚོད་ཙམ་ཞིག་མ་འགགས་པའི་ཕྱིར། རྟགས་མ་གྲུབ་ན། འོ་ན་སྣང་སྟོང་ལ་འབྲེལ་ཡོད་དམ་མེད། ཡོད་ན་གྲུབ་པ་ཉིད་དེ། འབྲེལ་པའི་མཚན་ཉིད་མེད་ན་མི་འབྱུང་བའི་རྒྱུ་འབྲས་ཡིན་པའི་ཕྱིར། གལ་ཏེ་འབྲེལ་མེད་དོ་ཟེར་ན། འོ་ན་གཞིའི་དུས་ན་ཆོས་དང་ཆོས་ཉིད་མ་ཡིན་པ་དང་། ལམ་གྱི་དུས་ན་ཚོགས་གཉིས་བསྟེན་པའི་རྒྱུད་ཐ་དད་པ་དང་། འབྲས་བུའི་དུས་ན་སྐུ་གཉིས་ངོ་བོ་ཕན་ཚུན་གཅིག་གིས་གཅིག་སྤངས་པར་ཐལ་ཏེ། སྣང་སྟོང་ལ་འབྲེལ་མེད་པའི་ཕྱིར་རོ། །འདོད་ན། རྒྱས་པ་ལས། མེད་པ་ཉིད་ན་སྣ་ཚོགས་སྣང་། །ཐམས་ཅད་ཤེས་རབ་དབྱིངས་ལས་བྱུང་། །ཞེས་པའི་ལུང་གིས་གསལ། གང་དུ་འབྲེལ་མེད་ལ་རྫས་ཕན་ཚུན་སྤངས་པས་ཁྱབ་སྟེ། ཀ་བ་དང་བུམ་པ་བཞིན་ནོ། །གཉིས་པ་ནི། པ་ར་མཱརྠ་སཏྱ་ཞེས་པའི་སྒྲ་ལས། པ་ར་མ་ནི་དམ་པ། ཨརྠ་དོན། སཏྱ་བདེན་པ་སྟེ། དམ་པ་ནི་བསྒོམ་བྱུང་གི་མཉམ་གཞག་ཡེ་ཤེས་དང་། དེའི་རྗེས་མཐུན་རིག་ཤེས་རྗེས་དཔག །དོན་ནི། དེའི་སྤྱོད་ཡུལ་དུ་གྱུར་པའི་སྟོང་ཉིད་དང་། རྗེས་མཐུན་མེད་དགག་གི་མཚན་ཉིད་ཅན་གྱི་སྟོང་ཉིད། དེ་ལ་རིག་པ་གཞན་གྱིས་མི་གནོད་པས་ན་བདེན་པའོ། །ཡང་ན་དབུ་མ་ཚིག་གསལ་ལས། དོན་ཡང་དེ་ཡིན། དམ་པའང་དེ་ཡིན་པས་ན་དོན་དམ་པ་ཞེས་བྱའོ། །དེ་ཉིད་བདེན་པ་ཡིན་པས་ན་དོན་དམ་པའི་བདེན་པ་ཞེས་བྱའོ། །ཞེས་པས། དོན་དང་། དམ་པ་དང་། བདེན་པ་གསུམ་གཞི་མཐུན་པའི་བསྡུ་བར་བཞེད་དོ། །གསུམ་པ་ནི། ཐུན་མོང་པ་དག །སྤྲོས་པ་ཕྱོགས་རེ་ཆོད་པ་རྣམ་གྲངས་པའི་དོན་དམ་དང་། སྤྲོས་པ་མཐའ་དག་ཆོད་པ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སུ་འབྱེད། འདིར་ནི། ལམ་རིམ་ལས། དོན་མཆོག་ལྔ་འབྲས་ཡེ་ཤེས་དབྱིངས། །བདུན་དང་གསུམ་ཕྱིར་དོན་དམ་པ། །ཞེས་པས་བདུན་ནི། ཡེ་ནས་རིག་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱིངས་དང་ཡེ་ཤེས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་སྟེ། དེ་ཉིད་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཞེས་སོ། །དེ་བདུན་ཡང་རིགས་བསྡུས་ན་གསུམ་སྟེ། རང་བཞིན་དོན་དམ། ཡེ་ཤེས་དོན་དམ། འབྲས་བུ་དོན་དམ་མོ། །དང་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བའི་གནས་ལུགས་ཏེ་དབྱིངས་སོ། །གཉིས་པ་ནི། དོན་རྟོགས་པས་ཤེས་བྱ་ལ་སྒྲིབ་གཡོགས་ཀྱིས་དབེན་པ་སྟེ་ཡེ་ཤེས་སོ། །གསུམ་པ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའོ། །དེ་དག་ཀྱང་རང་བཞིན་དང་འབྲས་བུ་མངོན་དུ་བྱས་མ་བྱས་དང་། འབྲས་བུ་དང་ཡེ་ཤེས་སྤྱི་བྱེ་བྲག་དང་། རང་བཞིན་དང་ཡེ་ཤེས་གཉིས་གཞི་འབྲས་ཀྱི་ཆ་ལས་ཕྱེ་བར་ཟད་དོ། །ཞེས་སྔ་རབས་པ་རྣམས་གསུང་ཡང་། གཞི་འབྲས་གཉིས་དམིགས་འདྲེས་པའི་སྐྱོན་དུ་འགྱུར་རམ་སྙམ་སྟེ། དེས་ན་རང་ལུགས། དབྱིངས་སྤྲོས་བྲལ་དེ་ཉིད་རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཆ་ནས་ཡེ་ཤེས་དོན་དམ་དང་། དེ་ཉིད་ལ་འབྲས་ཆོས་ལྔ་པོ་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པ་ནི་འབྲས་བུ་དོན་དམ་མོ་ཞེས་བཤད་ན་འཐད་དོ། །དེ་ལྟར་ན་མཐར་ཐུག་གི་འབྲས་བུ་དང་ཁྱད་པར་ཡོད་དམ་མེད་ཅེ་ན། དེ་ལས་གཞན་པའི་ཐོབ་བྱ་མེད། །ཅེས་པས་ངོ་བོ་ལ་ཁྱད་པར་མེད་ཀྱང་། རྣམ་པ་ལམ་གྱིས་མངོན་གསལ་དུ་བྱས་མ་བྱས་ལ་ཁྱད་པར་ཡོད་པ་ཡིན་ནོ། །བཞི་པ་ལ། ངོ་བོ། མཚན་ཉིད་ནི། རང་བཞིན་གྱིས་སྤགས་ལུགས་གསུམ། དང་པོ་ནི། རྒྱུའི་ཐེག་པའི་དོན་དམ་སྟོང་ཉིད་སྤྲོས་བྲལ་དུ་འདོད་ལ། འདིར་སྟོང་མཐའ་ལས་གྲོལ་ཏེ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པས་འཕགས་ཏེ། ལམ་རིམ་ལས། དཔག་བསམ་ཤིང་དང་རིན་ཆེན་ལྟར། །དེ་ཀུན་ངོ་བོ་ཉིད་རྒྱུར་གནས། །ཞེས་སོ། །གཉིས་པ་ནི། རྒྱུའི་དོན་དམ་སྟོང་པའི་མཐར་ལྷུང་ལ། འདིར་ནི་སྣང་ཆོས་མ་སྤངས་ལ་མི་ལྡན་པའི་ཕྱིར་འཕགས་ཏེ། དེ་ལས། གང་ཡང་མ་སྤངས་མི་ལྡན་པས། །མ་བྲལ་ཕྱིར་ན་བྲལ་ཞེས་བྱ། །ཞེས་སོ། །གསུམ་པ་ནི། རྒྱུའི་དོན་དམ་སྐྱེ་མེད་སྒྲ་ཇི་བཞིན་པར་སོང་བས་བྱིན་རླབས་རིག་པ་རང་སྣང་དུ་མི་འཆར་ལ། འདིར་ནི་བྱིན་རླབས་རིག་པ་རང་སྣང་ལྷ་དང་གཞལ་ཡས་ཁང་སོགས་སུ་འཆར་བས་འཕགས་ཏེ། འདི་ཉིད་ལས། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་སོ། །ཞར་བྱུང་སྐབས་འཕྲོས་ཀྱི་རྩོད་སྤོང་ནི། ཁྱེད་ཅག་སྤྲོས་བྲལ་ལ་སྣང་བ་ངོ་བོ་ཉིད་རྒྱུར་གྲུབ་པར་འདོད་པ་དེ། སྐྱེད་བྱེད་དམ་རྣམ་འཇོག་གི་རྒྱུ་གང་ཡིན། དང་པོ་ལྟར་ན། སྐྱེད་བྱེད་ཀྱི་རྒྱུར་གྲུབ་པའི་ཕྱིར། དོན་དམ་དངོས་པོར་ཐལ་བས་སྤྲོས་བྲལ་ཉམས་ལ། གཉིས་པ་ལྟར་ན། དོན་དམ་གྱིས་རྣམ་པར་བཞག་པའི་འབྲས་བུ་ཡིན་པའི་ཕྱིར། ཀུན་རྫོབ་དེ་ཉིད་དོན་ལས་མི་བསླུ་བའི་འཇུག་ཡུལ་དུ་ཐལ་ལོ་ཞེ་ན། ལན་དུ། རྫས་མ་སྤང་ལ་ལྡོག་པ་མི་གནས་པ་ངོ་བོ་ཉིད་ཀྱི་རྒྱུ་སྟེ། ཤེལ་མེ་ལྡན་བཞིན་ནོ་གསུངས། འོ་ན་ཀུན་རྫོབ་མ་སྤངས་པའི་ཕྱིར། དོན་དམ་ལ་སྤྲོས་པ་མ་ཁེགས་པར་ཐལ་ཞེ་ན། དེ་ཙམ་དུ་ཤེལ་གྲང་མོ་ལ་མེ་ངོ་བོ་ཉིད་ཀྱི་རྒྱུར་གྲུབ་བམ་མ་གྲུབ། མ་གྲུབ་ན། ཉི་མ་ལ་སྐྱོན་མེད་པ་དང་བར་སྣང་ལ་སྒྲིབ་གཡོགས་མེད་པའི་རྐྱེན་དང་སྤྲོད་པ་དོན་མེད་དུ་ཐལ། རྒྱུ་མེད་རྐྱེན་ལ་མི་ལྟོས་ཕྱིར། །ཞེས་གསུངས་པས་སོ། །གྲུབ་ན། མེ་རྫས་མ་སྤངས་པའི་ཕྱིར། ཤེལ་གྲང་མོ་ལ་སྲེག་བྱེད་མངོན་གྱུར་གྱི་དོན་བྱེད་མ་ཁེགས་པར་ཐལ་ཞེས་མགོ་བསྒྲེའོ། །གསུམ་པ་བདེན་པ་དབྱེར་མེད་ལའང་། ངོ་བོ། སྒྲ་དོན། དབྱེ་བ། སྤགས་ལུགས་བཞི། དང་པོ་ནི། མཐའ་གང་དུའང་མ་རེག་པའི་སེམས་ཉིད་ཡེ་ནས་དཀོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པའི་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཀུན་རྫོབ་ཀྱི་བདེན་པ་གཉིས། མཚོན་བྱེད་ཀྱི་ཚིག་ལ་སྔ་ཕྱི་བྱུང་ཡང་། མཚོན་བྱའི་དོན་ངོ་བོ་མཉམ་པ་ཉིད་དུ་གནས་པས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བའོ། །དེ་སྒྲུབ་པ་ལ་གསུམ་ལས། ལུང་ནི། འདི་ཉིད་ལས། བདེན་པ་གཉིས་ཀ་དབྱེར་མེད་པས། །འཕྲུལ་དགའི་ཚུལ་དེ་ཐ་དད་མིན། །ཞེས་དང་། རྒྱས་པ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །ཅེས་སོ། །མན་ངག་ནི། ལམ་རིམ་ལས། རྒྱལ་འགྲོས་མ་མཛད་མ་བཅོས་པར། །རང་བཞིན་ངང་གིས་དབྱེར་མེད་པའོ། །ཞེས་སོ། །རིགས་པ་ནི། སྒྲོལ་ཊཱིཀ་པ། མ་ཡིན་པ་དཔེ་ལ་བརྟེན་ནས་དགག་པ་དང་། ཡིན་པ་དཔེ་ལ་བརྟེན་ནས་བསྒྲུབ་པ་གཉིས་ཡིན་གསུངས། དང་པོ་ནི། སྐུད་པ་དཀར་ནག་སྒྲིལ་བ་བཞིན་སྣང་སྟོང་རེ་མོས་མེད་པའི་ཕྱིར་དང་། བུམ་པ་དང་སྣམ་བུ་བཞིན་ཐ་དད་པ་མེད་པའི་ཕྱིར་དང་། དངོས་པོ་གླང་རྭ་དང་དངོས་མེད་རི་བོང་གི་རྭ་ལྟར་སྣང་སྟོང་ཐ་དད་པ་མེད་པའི་ཕྱིར་དབྱེར་མེད་གྲུབ་བོ། །གཉིས་པ་ནི། གསེར་དང་གསེར་གྱི་སེར་པོ་དང་། གཡུ་དང་གཡུའི་སྔོན་པོ་དང་། མཚོ་དང་མཚོའི་རླབས་དང་། བར་སྣང་དང་འཇའ་ཚོན་གྱི་དཔེ་བཞིས་དབྱེར་མེད་དུ་བསྒྲུབ་གསུང་། རྒྱལ་བ་གཡུང་སོགས་གོང་མ་ཕལ་ཆེར། དབྱེར་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་བཞིར་བཞེད་དེ། བདེན་པ་གཉིས་པོ་དེ་རང་བཞིན་བཟང་ངན་མེད་པའི་ཕྱིར་དང་། ངོ་བོ་དབྱེར་མི་ཕྱེད་པའི་ཕྱིར་དང་། འདུག་ས་ཐ་མི་དད་པའི་ཕྱིར་དང་། དུས་སྔ་ཕྱི་མེད་པའི་ཕྱིར་དབྱེར་མེད་དུ་གྲུབ་གསུངས་སོ། །འདིར་མཐུན་སྣང་གི་ཆོས་ཅན་གཅིག་གི་སྟེང་དུ་བསྒྲུབ་ན། བུམ་པ་ཆོས་ཅན། བདེན་པ་དབྱེར་མེད་ཡིན་ཏེ། སྣང་སྟོང་གང་གི་ཡང་ཕྱོགས་སུ་མ་ཆད་པའི་ཕྱིར། གཏན་ཚིགས་མ་གྲུབ་ཅེ་ན། འོ་ན་བུམ་པ་སྣང་ཕྱོགས་སུ་ཆད་དམ། སྟོང་ཕྱོགས་སུ་ཆད། དང་པོ་ལྟར་ན། སྣང་བ་འདི་ཡང་དག་པར་བདེན་པས་སྟོང་ངམ་མི་སྟོང་། སྟོང་ན་སྣང་ཕྱོགས་སུ་ཆད་པ་ཉམས་ལ། མི་སྟོང་ན་སྣང་བ་རྟག་དངོས་སུ་ཐལ། འདོད་ན། སྤྱི་མདོ་ལས། བྱས་པ་ཐམས་ཅད་མི་རྟག་ཕྱིར། །ཞེས་པ་ལྟར་འདུས་བྱས་འཇིག་པས་གསལ་ཏེ། བུམ་པ་དངོས་པོ་གཞན་གྱིས་བཅོམ་པ་ན་རང་གི་གནས་སྐབས་བཏང་སྟེ་མི་རྟག་པར་འགྱུར་པའི་ཕྱིར། དེ་ལྟར་ཡང་། ཀུན་འདུས་ལས། དཔེར་ན་རྡོ་རྗེ་དངོས་པོ་ལས། །བཏགས་སམ་ཕྱེ་མར་བྱས་ནས་ནི། །རླུང་གི་ངོ་ལ་བསྐྱོད་བྱས་ན། །དེ་ལ་རང་བཞིན་གང་ཡང་མེད། །ཅེས་སོ། །ཡང་། སྟོང་ཕྱོགས་སུ་ཆད་ན། བུམ་པར་སྣང་རུང་མ་གྲུབ་པར་ཐལ། འདོད་ན། བུམ་པར་སྣང་བསགས་ལ། གལ་ཏེ་སྣང་སྟོང་གང་གི་ཕྱོགས་སུ་མ་ཆད་ནའང་བདེན་པ་དབྱེར་མེད་ཡིན་ན་ཅི་སྟོ་ཞེ་ན། གང་དུ་སྣང་ཕྱོགས་དང་སྟོང་ཕྱོགས་གར་ཡང་མ་ཆད་ན་དབྱེར་མེད་ཡིན་པས་ཁྱབ་སྟེ། སྒྱུ་མའི་རྟ་གླང་བཞིན་ནོ། །དེའི་ཕྱིར་སྣང་བ་མ་སྤངས་སྣང་བའི་མཐའ་ལས་གྲོལ། སྟོང་པ་མ་སྤངས་སྟོང་པའི་མཐར་མི་འཛིན། གཉིས་ཀ་མ་སྤངས་གཉིས་སུ་འཛིན་པའི་མཐའ་ལས་གྲོལ། མདོར་ན་དབྱེར་མེད་ཅེས་བརྗོད་པ་ཉིད་ཀྱང་སྣང་སྟོང་ཐ་དད་དུ་ཞེན་པ་དགག་པའི་ཕྱིར་སྨོས་པར་ཟད་ཀྱི། ཡང་དག་པར་ན། དབྱེར་མེད་དུ་འཛིན་པ་དང་ཡང་བྲལ་བའི་ཕྱིར། བློའི་སྤྱོད་ཡུལ་དང་བྲལ་བ་ཞེས་བྱ་སྟེ། འདི་ཉིད་ལས། ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་དང་། ལམ་རིམ་ལས། དེ་མིང་ཞེན་པ་དགྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་སོ། །གཉིས་པ་ནི། བི་བྷེ་ད། ཞེས་པའི་སྒྲ་ལས། བྷེ་ད་ནི་དབྱེ་བ། བི་ནི་དགག་སྒྲ་སྟེ། སྣང་སྟོང་གང་གིའང་རིས་སུ་མ་ཆད་པས་དབྱེ་བ་བྱར་མེད་པའི་དོན་ཏེ། ཕན་ཚུན་བསྡེབས་པ་ལྟ་བུ་མ་ཡིན་པར། ཆོས་གཉིས་པོ་གཅིག་གིས་གཅིག་མི་གཏོང་བའི་མཚན་ཉིད་ཅན་གྱི་དབྱེར་མེད་དོ། །གསུམ་པ་ནི། གཅིག་ལ་གཉིས་མེད་པའི་དབྱེར་མེད། མཐའ་གཉིས་བཀག་པའི་དབྱེར་མེད། ངོ་བོ་དབྱེར་མེད་གསུམ། དང་པོ་ནི། སེམས་ཙམ་པའི་དོན་དམ་བདེན་པ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ། གཉིས་པ་ནི། དབུ་མ་པའི་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ། གསུམ་པ་ནི། གསང་སྔགས་པའི་སྣང་སྟོང་ཟུང་འཇུག་གི་གྲུབ་མཐའོ། །བཞི་པ་ལ། ངོ་བོ་མཚན་ཉིད། རང་བཞིན་གྱིས་སྤགས་ལུགས་གསུམ། དང་པོ་ནི། རྒྱུའི་ཐེག་པའི་བདེན་གཉིས་རེས་འཇོག་ཏུ་གྱུར་པས་ངོ་བོ་སྐུར་འདེབས་སུ་སོང་ལ། འདིར་སྣང་སྟོང་དུས་གཅིག་ཏུ་ཆོད་པས་སྐུར་འདེབས་སུ་མ་སོང་བའི་ཕྱིར་ངོ་བོས་ལྷག་སྟེ། ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །གཉིས་པ་ནི། རྒྱུའི་དབྱེར་མེད་མཐར་ཐུག་དཔྱད་པའི་རིག་ངོར་གྲུབ་པར་འདོད་པས་མཚན་ཉིད་གཟུང་དུ་ཡོད་ལ། འདིར་བློའི་སྤྱོད་ཡུལ་དང་བྲལ་བའི་ཕྱིར་མཚན་ཉིད་ཕྱོགས་གཅིག་ཏུ་མེད་པས་མཚན་ཉིད་ཀྱིས་ལྷག་སྟེ། ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་སོ། །གསུམ་པ་ནི། རྒྱུའི་བདེན་གཉིས་རང་བཞིན་ཡོད་མེད་རིས་ཆད་དུ་སོང་ལ། སྔགས་ཀྱི་སྣང་སྟོང་དབྱེར་མེད་པའི་ཕྱིར། རང་བཞིན་གྱིས་འཕགས་ཏེ། ལམ་རིམ་ལས། རང་བཞིན་གང་གིས་དབྱེར་མེད་པའོ། །ཞེས་སོ། །ཞར་བྱུང་སྐབས་འཕྲོས་ཀྱི་རྩོད་སྤོང་ནི། དེ་ལྟར་ན་རང་བཞིན་གྱི་སྣང་བ་གསུམ་དུ་འགྱུར་ཏེ། གནས་ཚུལ་དེ་ལྟར་གྲུབ་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་ལ། དེར་བཀོད་པའི་ཕྱིར་ཞེ་ན། རང་བཞིན་དེ་རྟོགས་པར་བྱ་བའི་ཕྱིར་བློས་སྒྲོ་བཏགས་ཏེ་གསུམ་དུ་བཀོད་ཀྱང་། དེར་མི་འགྱུར་ན་ཅི་སྟོ་སྟེ། ཁྱབ་པ་མེད་དོ་ཞེས་ཉང་ཊཱིཀ་པ་གསུང་། ཡང་ཁ་ཅིག་ན་རེ། སྣང་བ་སྐྱེ་འགག་བྱེད་པའི་ཚེ་སྟོང་ཉིད་ཀྱང་སྐྱེ་འགག་བྱེད་པར་འགྱུར་ཏེ། སྣང་སྟོང་གཉིས་ངོ་བོ་བདག་གཅིག་པའི་ཕྱིར་ཟེར་ན། ལན་དུ་མཁས་པ་གླན། སྣང་ལྡོག་སྐྱེ་འགག་བྱེད་ཀྱི། ངོ་བོ་མི་བྱེད་གསུང་། འོ་ན་སྐྱེ་འགག་བྱེད་མི་བྱེད་འགལ་བའི་ཆོས་ཡིན་པའི་ཕྱིར། སྣང་སྟོང་བདག་མི་གཅིག་པར་འགྱུར་རོ་ཞེ་ན། དེ་ཙམ་དུ་མི་རྟག་དང་བྱས་ཆོས་ཀྱང་བདག་མི་གཅིག་པར་འགྱུར་ཏེ། མི་རྟག་ལྡོག་སྐད་ཅིག་སྐྱེ་འགག་བྱེད་ཚེ་དེ་དང་བདག་གཅིག་པའི་བྱས་ཆོས་ཀྱི་རྫས་སྐྱེ་འགག་མི་བྱེད་པའི་ཕྱིར། དཔེར་ན་ད་ལྟ་བུམ་འཛིན་གྱི་ཤེས་པ་སྐད་ཅིག་གཉིས་པ་ལ་བུམ་པའི་རྫས་རྒྱུན་མ་འགགས་པ་བཞིན་ནོ། །ཡང་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་དེ། ཐོས་བསམ་གྱིས་གཏན་ལ་དབབ་དུ་ཡོད་དམ་མེད། ཡོད་ན་བློའི་སྤྱོད་ཡུལ་དང་བྲལ་བ་ཉམས་ལ། མེད་ན་འདི་ལྟར་གཏན་ལ་དབབ་པའི་གཏན་ཚིགས་རྣམས་དོན་མེད་པར་འགྱུར་རོ་ཞེ་ན། གནས་ལུགས་ཀྱི་རང་མཚན་རྟོགས་པའི་མཐར་རྟོགས་བྱ་རྟོགས་བྱེད་གཉིས་མེད་དུ་གྲོལ་བས་མི་སྟོ་སྟེ། རྟོགས་པའི་རང་མཚན་བློ་མཐའ་གང་གིས་ཀྱང་མ་རེག་པའི་ཕྱིར་། རྩོད་པའི་ངལ་བ་དོན་མེད་དོ། །དེ་ལྟ་ནའང་། སོ་སྐྱེའི་བློ་ཡུལ་དུ་རྟོགས་པའི་ངེས་ཤེས་ཡོད་དམ་མེད་ཅེ་ན། རང་མཚན་རྟོགས་པའི་ངེས་ཤེས་མེད་མོད། འོན་ཀྱང་རྗོད་བྱེད་ཟབ་མོའི་སྒྲས་མཚོན་ཏེ་སྤྱོད་ཡུལ་དང་བྲལ་བའི་དོན་ལ། དེ་དང་རྗེས་མཐུན་གྱི་དོན་སྤྱི་རྟོགས་པའི་ངེས་ཤེས་ཙམ་སྐྱེར་ཡོད་པའི་ཕྱིར་གཏན་ལ་ཕབ་པ་དོན་མེད་དུ་མི་འགྱུར་ཏེ། འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་ལ་བློས་གཞལ་བ་ན། མཐའ་དབུས་དང་། དབྱིབས་ཁ་དོག །གཅིག་དང་དུ་མ་སོགས་སྤྲོས་པ་དུ་མས་གཏན་ལ་ཕབ་ཀྱང་། འབྱུང་བ་གཞན་གྱི་གོ་འབྱེད་པ་ཙམ་ལས་རང་གི་མཚན་ཉིད་ངོས་གཟུང་རྒྱུ་མ་དམིགས་པ་ལྟར། འདིར་ཡང་སྣང་སྟོང་དབྱེར་མེད་སོ་སོ་ནས་ཞིབ་ཏུ་སྨྲས་ཀྱང་། དོན་གྱི་གྲུབ་མཐའ་བརྗོད་དུ་མེད་པའི་དོན། དང་པོར་དོན་སྤྱི་ཙམ་དང་མཐར་རང་མཚན་ཡིན་ལུགས་ལྟར་མངོན་དུ་རྟོགས་པས་འགལ་བར་སྣང་བའི་ཆོས་རྣམས་མི་འགལ་བ་སོགས་ལུང་ཚད་མས་གྲུབ་ཀྱི། འདི་དག་ཐ་སྙད་ཀྱི་རིག་པ་ཁོ་ནས་བསྒྲུབ་ཏུ་མེད་དེ། བརྗོད་མེད་ཀྱི་དོན་ལ་གང་ལྟར་བརྗོད་ཀྱང་མཐར་འཛིན་གྱི་བློ་མི་འདོར་བའི་ཕྱིར། ཐམས་ཅད་མཁྱེན་པའང་ཚིག་གིས་དབུལ་བར་འགྱུར་རོ། །དེ་ལྟར་ཡང་། སྤྱི་མདོ་ལས། སྣང་དང་མི་སྣང་ལ་སོགས་པ། །གཉིས་སུ་རྟོག་པ་ཐམས་ཅད་མཐའ། །ཀུན་མཁྱེན་རྣམས་ནི་དབུས་ལའང་མིན། །ཞེས་དང་། སློབ་དཔོན་གཉན་དཔལ་དབྱངས་ཀྱིས་མཛད་པའི་ལྟ་བ་ཡང་དག་སྒྲོན་མ་ལས། ཇི་ལྟར་ནམ་མཁའ་ལ་ནི་ཐ་སྙད་དུ། །མིང་དང་ཚིག་གིས་བརྗོད་པར་བྱེད་མོད་ཀྱི། །མཚན་མ་མེད་ཅིང་སྤྲོས་དང་བྲལ་བ་དེ། །ངོ་བོ་ཉིད་ཀྱི་སེམས་ཀྱི་ཡུལ་ལས་འདས། །ཞེས་དང་། དེས་མཛད་པ་ཡི་ངེས་དོན་ལ། །ཇི་ལྟར་བསྒོམ་པའི་ཐབས་ལས་ཀྱང་། །ཇི་བཞིན་པ་ཡི་ཆོས་བཙན་པར། །ཆོས་ལ་ཆོས་ནི་མི་འཇུག་སྟེ། །ཇི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །དོན་དང་མཐུན་པར་མི་འགྱུར་རོ། །ཞེས་སོ། །འོན་ཀྱང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་པའི་ཐབས་མེད་པའང་མ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་ཅིང་སྟོན་པར་བྱེད་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་ལེན་པར་བྱེད་པ་ཡིན། །ཞེས་པས་སྤྱོད་ཡུལ་དང་བྲལ་བར་གཏན་ལ་ཕབ་ནས་ངེས་ཤེས་བསྐྱེད་པར་བྱ་བ་ཡིན་པས་ཀྱང་མི་འགལ་ལོ། །དེས་ན་ཁོག་གཞུང་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །སྒྲོ་སྐུར་མེད་པར་བསྟན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་རང་བཞིན་གྱི་རྒྱུད་སྒྲ་རྒྱུད་ཀྱི་མཚོན་ནུས་པར་གསུངས་པས་ཀྱང་གསལ་ལོ། །ཅི། དེ་ལྟར་ན། ཟླ་བ་ལྟ་འདོད་པ་ལ་མཛུབ་མོས་བསྟན་ན་ཟླ་བའི་རང་མཚན་མཐོང་ངེས་པའི་ཕྱིར། དང་པོ་ནས་རང་མཚན་མཐོང་གི། དོན་སྤྱི་མཐོང་བའི་དཔེར་མི་རུང་ངོ་ཞེ་ན་སྐྱོན་མེད་དེ། བྱིས་པ་བརྡ་ལ་མ་བྱང་པ་ལ་ཟླ་བ་དངོས་སུ་བསྟན་ཀྱང་དོན་སྤྱིར་སོང་སྟེ། ཕྱིས་ཆུ་ཟླ་ལ་དེར་རྟོག་པའི་བློ་སྐྱེ་བ་ལྟར། མཚོན་བྱ་མཚོན་ནུས་ཀྱིས་ཟབ་མོའི་སྒྲས་བཤད་ཀྱང་སོ་སྐྱེ་མཚན་མའི་བློ་ཅན་གྱིས་ཇི་ལྟར་བཤད་པ་ལྟར་མི་རྟོགས་པས། ཐོག་མར་དོན་སྤྱི་ཙམ་བློ་ལ་བཀོད་དེ་དད་པས་དྲངས་པའི་ངེས་ཤེས་བསྐྱེད་པས་བརྒྱུད་ནས་བརྗོད་བྱ་ཟབ་མོའི་དོན་རྣམས་རིམ་གྱིས་རྟོགས་པར་གདོན་མི་ཟ་བར་གྲུབ་པ་ཡིན་ནོ། །གསུམ་པ་གཞི་ངེས་བྱེད་ཀྱི་ཚད་མ་ལའང་གསུམ་ལས། ལུང་ནི། རྒྱས་པ་ལས། བདེན་པ་ཀུན་རྫོབ་དོན་དམ་དང་། །གཉིས་སུ་མེད་དང་རྣམ་གསུམ་ཡང་། །དེ་གསུམ་གཉིད་དུ་མཉམ་པས་གསལ། །ཞེས་སོ། །མན་ངག་ནི། ལམ་རིམ་ལས། དེ་ཡང་རྣམ་གསུམ་གནས་ཚུལ་བཞག །ཅེས་སོ། །རིགས་པ་ནི། གནས་ལུགས་སམ་རང་བཞིན་གྱི་གཞི་ཆོས་ཅན། བདེན་པ་གསུམ་དུ་ངེས་ཏེ། རྣམ་པ་མ་འདྲེས་ལྡོག་བདེན་གཉིས་སུ་སྣང་ཞིང་། རང་བཞིན་དབྱེར་མེད་དུ་ཡོངས་སུ་རྫོགས་པ་ཉིད་ཐམས་ཅད་མཁྱེན་པས་ཀྱང་དགག་ཏུ་མེད་པའི་ཕྱིར་རོ། །ཇི་སྐད་དུ་རིམ་ལྔ་ལས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ཏེ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས་ཀྱང་། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་སོ། །གཉིས་པ་བརྟག་གཞི་ལ། མཚན་ཉིད་ངོས་བཟུང་བ་དང་། དེ་གཏན་ལ་དབབ་པ་གཉིས། དང་པོ་ལ། དགག །གཞག །སྤང་གསུམ། དང་པོ་ནི། སྔ་རབས་པ་ཕལ་ཆེར། ལམ་པའི་བློས་བརྟགས་པས་ན་བརྟག་གཞིའོ་གསུང་། དེ་ལྟར་ན་ལམ་ཡང་བརྟག་གཞིར་འགྱུར་ཞིང་། སྨིག་རྒྱུ་ལ་ཆུ་རགས་མི་དགོས་པ་བཞིན་བློས་སྒྲོ་བཏགས་ལ་སྤང་བྱའི་རྫས་མ་གྲུབ་པའི་ཕྱིར། ལམ་སྦྱངས་པའང་དོན་མེད་དུ་ཐལ་ལོ། །ཡང་། བླ་མ་བདེ་གཤེགས་ཆེན་པོ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས། །བརྟག་དཔྱད་བྱ་བའི་གཞིར་གྱུར་པའོ། །གསུང་། དེ་ལྟར་ན་ཤེས་རབ་ཀྱིས་དཔྱད་བྱའི་ཡུལ་ཡིན་པའི་ཕྱིར། གཞི་ལམ་འབྲས་གསུམ་ཀ་དེར་ཐལ་བས་མི་རིགས་སོ། །གཉིས་པ་ནི། གནས་ལུགས་ལ་ཡང་དག་པར་མ་གྲུབ་པ་ལས་ལོག་པར་རྟོག་པའི་ཞེན་སྣང་སྟེ། ལམ་རིམ་ལས། འཁོར་དང་འདས་དངོས་ཞེན་སྣང་བརྟག །ཅེས་སོ། །གསུམ་པ་ནི། འོ་ན་འདས་པའི་ཆོས་ཀྱང་ལོག་རྟོག་ཏུ་ཐལ་ཏེ། བརྟག་གཞི་ཡིན་པའི་ཕྱིར་ཟེར་ན། རང་མཚན་ལ་མ་ཁྱབ་ཅིང་། ཞེན་ངོ་ལ་འདོད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། འདས་པ་རང་མཚན་སྤྱོད་ཡུལ་དུ་མ་གྱུར་ཅིང་། འཁོར་བའི་རང་མཚན་འཁྲུལ་པ་ནི་རྫུན་པའི་ཕྱིར། རང་མཚན་གཉིས་ཀ་གཞལ་བྱར་མི་རུང་བ་མཉམ་པས་ཞེན་སྣང་ལ་འཇལ་བའི་ཕྱིར་སྐྱོན་མེད་དེ། དེ་ལས། ཞེན་སྣང་འཇལ་ལ་སྐྱོན་པ་མེད། །ཅེས་སོ། །འོ་ན་འཁོར་འདས་ཀྱི་ཞེན་སྣང་གཉིས་སོ་སོ་ནས་གཞལ་ལམ་ཞེ་ན། མ་ཡིན་ཏེ། སྣང་ཆ་ནས་ཐག་པ་ཡིན་ཀྱང་། ཞེན་ཆ་ནས་སྦྲུལ་དུ་ཞེན་པ་ལྟར། སྣང་ཆ་ནས་འདས་པ་ཡིན་ཀྱང་། ཞེན་ཆ་ནས་འཁོར་བར་འཛིན་པའི་ཚོགས་པ་དེ་གཞལ་བྱའོ། །གཉིས་པ་ནི། རིམ་གསུམ་ལས། བརྟག་གཞི་གཉིས་སུ་བསྟན་པའི་ཆོས། །འཁོར་དང་མྱ་ངན་འདས་པར་གསུངས། །ཞེས་པས། འཁོར་བའི་ཆོས་གཏན་ལ་དབབ་པ་དང་། མྱང་འདས་ཀྱི་ཆོས་གཏན་ལ་དབབ་པའོ། །དང་པོ་ནི། ཐུགས་ཐིག་ལས། འཁྲུལ་གཞི་འཁྲུལ་ཚུལ་རང་བཞིན་གྱིས། །བསྡོམས་ཏེ་ཡོངས་སུ་ཤེས་པར་བྱ། །ཞེས་པས། གང་ལས་འཁྲུལ་པའི་གཞི། ཇི་ལྟར་འཁྲུལ་པའི་ཚུལ། འཁྲུལ་བའི་རང་བཞིན་ཆོས་ཉིད་ལས་མ་གཡོས་པར་ལ་བཟླ་བའོ། །དང་པོ་ལའང་། དགག །གཞག །སྤང་གསུམ། དང་པོ་ནི། ཁ་ཅིག་ན་རེ། གཉགས་པད་འབྱུང་སོགས། ཡེ་ནས་འཁྲུལ་གཞི་ཡོད་པ་ལས་འཁྲུལ་ལོ་ཟེར་བ་ནི། མི་འཐད་དེ། ཐུགས་ཐིག་ལས། སྒྲོ་འདོགས་དབང་གྱུར་གང་ཟག་རྣམས། །སེམས་ཉིད་དམིགས་སུ་མེད་པ་ལ། །དངོས་པོ་རང་རྒྱུད་གཞིར་སྨྲ་བ། །དེ་ཡི་རིགས་རྒྱུད་རྟག་པར་ལྷུང་། །ཞེས་པས་སྐྱོན་བཞི་གནས་ཏེ། དང་པོ། འཁྲུལ་བ་རང་རྒྱུད་པ་རྟག་པར་ཐལ། ཡེ་ནས་འཁྲུལ་གཞི་ཡོད་པ་ལས་འཁྲུལ་པའི་ཕྱིར། རྟགས་མ་གྲུབ་ན་དམ་བཅའ་ཉམས་ལ། འདོད་ན། ལམ་རིམ་ལས། འཁོར་བའི་རང་བཞིན་མི་དམིགས་ཕྱིར། །ཞེས་པས་གསལ། སྐྱོན་གཉིས་པ་ནི། གཞི་འཁོར་བའི་མཐར་ལྷུང་བར་ཐལ། འཁྲུལ་གཞི་ཡོད་པའི་ཕྱིར། འདོད་ན། དེ་ཉིད་ལས། རང་བཞིན་ངང་གིས་དབྱེར་མེད་པའང་། །ཞེས་པས་གསལ། སྐྱོན་གསུམ་པ་ནི། ཐོས་བསམ་བསྒོམ་གསུམ་གྱིས་འཁྲུལ་པ་མི་སེལ་བར་ཐལ། འཁྲུལ་གཞི་ཡེ་ནས་དམིགས་པའི་ཕྱིར། འདོད་ན། རྩ་རྒྱུད་ལས། ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས་གསལ། སྐྱོན་བཞི་པ་ནི། གཞི་གཟུང་འཛིན་ཅན་དུ་ཐལ། ཡེ་ནས་འཁྲུལ་གཞི་ཡོད་པའི་ཕྱིར། འདོད་ན། རིམ་གསུམ་ལས། མཚན་ཉིད་མཐའ་རྣམས་ཀུན་བྲལ་བ། །ཞེས་དང་། རྒྱས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །ཞེས་པས་གསལ་ལོ། །ཡང་ཁ་ཅིག་ན་རེ། འཁྲུལ་གཞི་མེད་ཀྱང་འཁྲུལ་ལོ་ཟེར་བ་ནི། མི་འཐད་དེ། ཐུགས་ཐིག་ལས། སྐུར་པ་པོ་ནི་ལྷུན་གྲུབ་ལ། །དེ་དང་མི་མཐུན་སོ་སོར་རྟོག །དེ་ལ་དེ་ནི་མི་སྲིད་བཞིན། །གཞི་ལ་ཡེ་ནས་མེད་ཅིང་སྨྲ། །ཞེན་བློའི་ངོ་ལ་ཡོད་དོ་ཞེས། །སྐུར་བ་གང་ཡིན་ཆད་བལྟ་བ། །དེ་དང་དེ་གཉིས་ཐ་དད་ཅིང་། །མི་སྲིད་ཀུན་འབྱུང་ཐོག་མ་འབྱུང་། །ཞེས་པས་སྐྱོན་བཞིས་གནོད་པའི་ཕྱིར། །གང་ཞེ་ན། དང་པོ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པ་མ་གྲུབ་པར་ཐལ། འཁུལ་གཞི་མེད་པའི་ཕྱིར། འདོད་ན། སྤར་ཁབ་ལས། ངེས་པའི་ཤེས་པ་མ་སྐྱེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །ཞེས་སོ། །སྐྱོན་གཉིས་པ་ནི། གཞི་མྱང་འདས་ཀྱི་མཐར་ལྷུང་བར་ཐལ། འཁྲུལ་གཞི་མེད་པའི་ཕྱིར། འདོད་ན། མྱ་ངན་འདས་པའང་ཡོད་མ་ཡིན། །ཞེས་པས་གནོད་དོ། །སྐྱོན་གསུམ་པ་ནི། འཁོར་བ་ལ་ཐོག་མ་འབྱུང་བར་ཐལ། འཁྲུལ་གཞི་མེད་པ་ལས་འཁྲུལ་པའི་ཕྱིར། འདོད་ན། སྤྱི་མདོ་ལས། འཁོར་བ་ཐོག་མ་ཐ་མ་མེད། །ཅེས་སོ། །སྐྱོན་བཞི་པ་ནི། རྒྱུད་དག་པའི་སངས་རྒྱས་ལའང་འཁྲུལ་བ་འབྱུང་རིགས་པར་ཐལ། འཁྲུལ་པ་གཞི་ལ་མེད་ཀྱང་གློ་བུར་དུ་འབྱུང་བའི་ཕྱིར། འདོད་ན། ཐུགས་ཐིག་ལས། དེ་བཞིན་ཉིད་དུ་གཤེགས་པའང་། །སྣ་ཚོགས་ཞེན་པས་གྲོལ་བར་ཟད། །ཅེས་སོ། །ཡང་ཁ་ཅིག་ན་རེ། འཁྲུལ་གཞི་ཡོད་མེད་དབྱེར་མེད་ལས་འཁྲུལ་ལོ་ཟེར། དེ་ཡང་མི་རིགས་ཏེ། གཞི་རང་བཞིན་ནི་ཡེ་ནས་རྣམ་དག་ཡིན་ལ། འཁྲུལ་པ་ནི་གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་ལ་སྐད་ཡངས་དོག་གཉིས་ལས། དང་པོ་ནི། འཁྲུལ་གཞི་ཡོད་མེད་དབྱེར་མེད་གསུམ་ཀ་ལས་འཁྲུལ་གྱི། གང་རུང་གཅིག་ཁོ་ན་ལས་འཁྲུལ་བ་ནི་མ་ཡིན་ནོ། །དེའི་ཕྱིར། འཁྲུལ་གཞི་ཡོད་པ་ལས་ཀྱང་འཁྲུལ་ཏེ། སྦྲུལ་ཡོད་པས་ཐག་པ་ལ་སྦྲུལ་འཛིན་གྱི་ཤེས་པ་ཞུགས་པ་བཞིན་ནོ། །དེ་ལྟར་ཡང་ཨ་རོ་ཐིག་ལེའི་སྐོར་ལས། འཁྲུལ་གཞི་མེད་པར་འཁྲུལ་བ་འབྱུང་མི་འགྱུར། །ཡང་དག་མེད་པས་དེ་མི་འབྱུང་བ་བཞིན། །ཞེས་སོ། །འདིར་བླ་མ་བདེ་གཤེགས་ཆེན་པོ་ནི། གཞི་ལ་འཁྲུལ་པ་མེད་ཀྱང་འཁྲུལ་པ་ལ་གཞི་ཡོད་དེ། ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན་ཞེས་ཕྱེ་སྟེ། གསུངས་སོ། །ཡང་འཁྲུལ་གཞི་མེད་པ་ལས་ཀྱང་འཁྲུལ་ཏེ། རབ་རིབ་ཅན་གྱི་མིག་ལམ་དུ་མཁའ་ལས་སྐྲ་ཤད་འཛག་པ་བཞིན་ནོ། །དེ་ཡང་གསལ་བཀྲ་ལས། ཉི་མའི་དཀྱིལ་ན་མུན་མེད་ལྟར། །ཞེས་དང་། སྤྱི་མདོ་ལས། སྲིད་པ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཅི་ཡང་མེད་པ་ལས་སྣང་བར་ཟད་དོ། །ཞེས་སོ། །དབྱེར་མེད་ལས་ཀྱང་འཁྲུལ་ཏེ། གནས་ལུགས་ཀྱི་གཞི་ལ་མ་རིག་ཡེ་ཤེས་དབྱེར་མེད་པའི་གནད་ཀྱིས་དེ་ཉིད་རྟོགས་མ་རྟོགས་ལས་གྲོལ་འཁྲུལ་ལྟར་སྣང་བའི་ཕྱིར། ག་བུར་ལ་སྨན་དུག་དབྱེར་མེད་པས་ཚད་ནད་ཅན་ལ་སྨན་དང་། རླུང་ནད་ཅན་ལ་དུག་ཏུ་འགྱུར་བ་བཞིན་ནོ། །དེ་ལྟར་ཡང་ཐུགས་ཐིག་ལས། དོན་གཉིས་ཡོད་མེད་རིས་མེད་པས། །དེ་ཡི་རྒྱུ་རྐྱེན་རང་བཞིན་པས། །སྨན་གྱི་ཕན་གནོད་ཇི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་པས། །མི་མཐུན་ཁྱད་པར་སོ་སོར་སྣང་། །ཞེས་སོ། །གཉིས་པ་སྐད་དོག་པའི་དབང་དུ་བྱས་ན། གཞི་རང་བཞིན་རྣམ་དག་ཡོད་མེད་དབུ་མའི་མཐའ་ལས་གྲོལ་བ་དེ་རང་ངོ་རང་གིས་མ་ཤེས་པས་འཁྲུལ་ཏེ། ཐུགས་ཐིག་ལས། དྲུག་གི་འགྲོ་བ་ཐམས་ཅད་ཀྱི། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་བསམ་པ་སྣང་བ་ལ། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་མེད། །ཅེས་སོ། །གསུམ་པ་ནི། དེ་ལྟར་ནའང་། འཁྲུལ་གཞི་ཞེས་བྱ་བ་དེ། བདེ་གཤེགས་སྙིང་པོ་ལ་འདོད་དམ། མ་རིག་པ་རྒྱུ་དང་བཅས་པ་ལ་འདོད། དང་པོ་ལྟར་ན། སངས་རྒྱས་ཀྱི་དགོངས་པ་མི་རྙེད་པར་འགྱུར་ཞིང་། གཉིས་པ་ལྟར་ན་འཁྲུལ་པའི་ངོ་བོ་མི་རྙེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། བརྒྱུད་པའི་རྒྱུ་བདེ་གཤེགས་སྙིང་པོ། དངོས་རྒྱུ་མ་རིག་པ་སྟེ། རྒྱས་པར་ད་ལྟ་ཉིད་དུ་འཆད་འགྱུར་ལས་ཤེས་པ་ཉིད་དོ། །གཉིས་པ་འཁྲུལ་ཚུལ་ནི། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། རྒྱུ་རྐྱེན་འབྲས་བུ་འབྱུང་བའི་དུས། །ཚུལ་དང་ཉེས་པ་སྒྲུབ་བྱེད་པ། །ཉེ་བར་མཚོན་པས་རྣམ་པར་དབྱེ། །ཞེས་པས་དོན་བརྒྱད་ལས། དང་པོ་རྒྱུ་ལ་སྤྱི་བྱེ་བྲག་གཉིས། དང་པོ་ནི། འཁོར་བའི་ཆོས་ཐམས་ཅད་བདག་ཏུ་རྟོག་པ་ལས་བྱུང་བ་ཡིན་ཏེ། དེ་ཉིད་ལས། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་དང་། རྒྱུད་ཕྱི་མ་ལས། ཐོག་མེད་དུས་ཀྱི་ཉོན་མོངས་བདག །བརྟགས་ཕྱིར་འཁྲུལ་པ་ཙམ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། རིམ་གསུམ་ལས། བརྒྱུད་མཚུངས་ལྷན་ཅིག་ཉེ་བར་ལེན། །ཞེས་པས་བཞི་སྟེ། བརྒྱུད་པའི་རྒྱུ་ནི། ཆོས་ཀྱི་དབྱིངས་རང་བཞིན་རྣམ་དག་ཡེ་ནས་དྲི་མ་མེད་པ་བདེ་བར་གཤེགས་པའི་སྙིང་པོ་སྟེ། དེ་ཡིན་བཞིན་དུ་ངོ་མ་ཤེས་པས་འཁྲུལ་པའི་རྒྱུར་གྱུར་པའོ། །དེའང་འདི་ཉིད་ལས། ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་སོ། །མཚུངས་ལྡན་གྱི་རྒྱུ་ནི། ཆོས་ཉིད་དང་ལྷན་ཅིག་ཏུ་སྐྱེས་པའི་མ་རིག་པ་སྟེ། རྐྱེན་དང་འཕྲད་ན་འཁྲུལ་པ་འབྱུང་རུང་དུ་གནས་པ་ནི་གསེར་དང་གསེར་གྱི་གཡའ་བཞིན་ནོ། །དེ་ཡང་རྒྱས་པ་ལས། ཀུན་གཞི་རྣམ་པ་གཉིས་བྲལ་བས། །ཞེན་པ་སྣང་བར་འགྱུར་མ་ཡིན། །རྟག་ཏུ་རང་མཚན་སྣང་གྱུར་ཀྱང་། །མིག་གིས་མིག་བཞིན་མ་རིག་པའོ། །ཞེས་དང་། དུར་ཁྲོད་བདེ་བའི་དཔེ་ཆུང་རང་གནས་ལས། བདེ་གཤེགས་སྙིང་པོ་རང་རིག་ལ། །མ་རིག་བདག་ལྟ་མཚུངས་པའི་རྒྱུ། །ཞེས་དང་། སྤར་ཁབ་ལས། སེམས་ཅན་རང་བཞིན་གྱིས་འོད་གསལ་བ་ཡིན་ཡང་། ངེས་པའི་ཤེས་པས་ངེས་པར་མ་བྱས་པ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པའོ། །ཞེས་སོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། ཀུན་བརྟགས་ཀྱི་མ་རིག་པ་སྟེ། ཡུལ་ཡུལ་ཅན་དུ་སྣང་བའི་ལོག་རྟོག་ལས་གཟུང་འཛིན་གཉིས་སྣང་གི་རྐྱེན་གྱིས་དགེ་སྡིག་གི་བག་ཆགས་ཀུན་གཞི་ལ་བཞག་ནས། འཁོར་བའི་གནས་མཐོ་དམན་དུ་ལྷན་ཅིག་བྱེད་པའོ། །དེ་ཡང་འདི་ཉིད་ལས། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་དང་། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་དང་། དཔེ་ཆུང་ལས། ཀུན་བརྟགས་མ་རིག་ཉོན་མོངས་ལས། །ལྷན་ཅིག་བྱེད་རྒྱུ་རྒྱུ་ཡི་རྒྱུད། །ཅེས་སོ། །ཉེར་ལེན་གྱི་རྒྱུ་ནི། ལས་དགེ་སྡིག་གི་བག་ཆགས་མཐུ་ཅན་དུ་གྱུར་པས་བདེ་སྡུག་གི་འབྲས་བུ་འབྱིན་མ་རག་པ་སྟེ། འདི་ཉིད་ལས། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས། ཞེས་དང་། རྒྱས་པ་ལས། རྟོག་པའི་བག་ཆགས་སྟུག་པོ་ཡིས། །ཞེས་སོ། །གཉིས་པ་རྐྱེན་ནི། རིམ་གསུམ་ལས། རྐྱེན་གཉིས་བསྟན་པ་ལས་གསུམ་དང་། །ཀུན་བརྟགས་མ་རིག་ཉོན་མོངས་ལྔ། །ཞེས་པས། ལས་གསུམ་དང་། ཉོན་མོངས་པ་དུག་ལྔའོ། །དང་པོ་ནི། རྒྱུད་ཕྱི་མ་ལས། བསོད་ནམས་གཞན་ལ་ཕན་པ་སྟེ། །དེ་ལ་བཟློག་པ་སྡིག་པའོ། །ཞེས་པས། མཐོ་རིས་སུ་སྐྱེ་བའི་རྐྱེན་བསོད་ནམས་ཀྱི་ལས་དང་། ངན་འགྲོར་སྐྱེ་བའི་རྐྱེན་སྡིག་ཏོའི་ལས་གཉིས་ཀྱི་སྟེང་དུ། ཁམས་གོང་མ་གཉིས་སུ་སྐྱེ་བའི་རྐྱེན། བསམ་གཏན་བཞི་དང་། སྙོམས་འཇུག་བཞི་ལ་མི་གཡོ་བའི་ལས་ཞེས་བྱ་སྟེ། དེ་ཉིད་བསྣན་པས་ལས་གསུམ་མོ། །དེ་ལྟར་ཡང་འདི་ཉིད་ལས། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་སོ། །གཉིས་པ་ནི་ལས་དེ་དག་ཀུན་ནས་སློང་བ་པོ་སྟེ། དེའང་ཞེ་སྡང་གིས་ཀུན་ནས་བསླངས་པའི་མི་དགེ་ལས་ཀྱིས་དམྱལ་བ། དེ་བཞིན་དུ་སེར་སྣས་ཡི་དྭགས། གཏི་མུག་གིས་དུད་འགྲོ། འདོད་ཆགས་ཀྱིས་མི། ཕྲག་དོག་གིས་ལྷ་མ་ཡིན། ང་རྒྱལ་གྱིས་ལྷར་སྐྱེ་བའི་རྐྱེན་བྱེད་དེ། རྒྱུད་ཕྱི་མ་ལས། ཉོན་མོངས་ལས་ཀྱིས་འཁོར་བ་སྟེ། །དེ་ཡང་འགྲོ་དྲུག་རང་བཞིན་ཡིན། །ཞེས་དང་། རྒྱས་པ་ལས། ཐམས་ཅད་མཉམ་པར་མ་ཤེས་ཤིང་། །མ་ལུས་ཀུན་ལ་ཞེ་སྡང་བས། །དམྱལ་ཁམས་བཅུ་དྲུག་དག་ཏུ་བརྒྱུད། །ཅེས་སོགས་དང་། དེ་དག་ཀྱང་སྤྱན་འགྲེལ་དུ། རྐྱེན་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་དང་། ཉོན་མོངས་པ་བརྟགས་པ་ལྔ། ཕྲ་རགས་དང་མང་ཉུང་གིས་སོ་སོར་སྦྱར་བའོ། །ཞེས་གསུངས་སོ། །དེ་ལྟ་ནའང་འཁོར་བའི་རྒྱུ་དང་རྐྱེན་ལ་ཁྱད་པར་ཅི་ཡོད་ཅེ་ན། འབྲས་བུའི་ངོ་བོ་སྐྱེ་བར་བྱེད་པ་རྒྱུ་ཡིན་ལ། དེའི་ཁྱད་པར་བསྐྱེད་པ་རྐྱེན་ཡིན་ནོ། །གསུམ་པ་འཁྲུལ་པའི་འབྲས་བུ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་དུ་སྣང་ཞིང་ཞེན་པས་ལས་ཉོན་གྱི་འབྲས་བུ་སྡུག་བསྔལ་གྱི་རྣམ་པར་སྨིན་པ་སྟེ། འདི་ཉིད་ལས། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་དང་། རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ཞེས་དང་། རྒྱུད་ཕྱི་མའི་ལུང་དེའི་འགྲེལ་ལས། འགྲོ་ས་དེར་འགྲོ་དེ་རུ་གནས། །ཞེས་སོ། །བཞི་པ་འཁྲུལ་པའི་དུས་ནི། ཐོག་མ་དང་ཐ་མ་མེད་པར་འཁོར་ཞིང་འཁྲུལ་པས་སྡུག་བསྔལ་གྱིས་ལོང་བཏགས་ཏེ། རྒྱས་པ་ལས། ཐོག་མ་མེད་ནས་སེམས་ཡན་བཏང་། །ཞེས་དང་། རིམ་གསུམ་ལས། ཐོག་མ་ཐ་མ་མེད་དུས་ནས། །ཡང་དག་དོན་ལ་རྟོག་པས་ཉམས། །ཞེས་སོ། །འདིར་ཁ་ཅིག་ན་རེ། འཁོར་བ་ལ་ཐོག་མ་དང་ཐ་མ་ཡོད་དམ་མེད། གཉིས་པ་ལྟར་ན། ལམ་ཉམས་སུ་བླངས་པ་ལ་དགོས་པ་མེད་པར་ཐལ། སྟོངས་པའི་ཕྱི་མཐའ་མེད་པའི་ཕྱིར། འདོད་ན། འདི་ཉིད་ལས། ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པ་དང་འགལ་ལོ། །དང་པོ་ལྟར་ན། འཁོར་བ་ཆོས་ཅན། དོང་སྤྲུགས་པ་སྲིད་པར་ཐལ། འདོད་ན། སྤྱི་མདོ་ལས། འཁོར་བ་ཐོག་ཐ་མེད་པའི་ཁམས་སུ། ཞེས་པས་གསལ་ལོ་ཞེ་ན། ལན་དུ་ཁ་ཅིག་ན་རེ། ཐོག་མ་ཡོད་དེ། ལྷན་སྐྱེས་ཀྱི་མ་རིག་པའོ་ཟེར། །དེ་ནི་ཤིན་ཏུ་མི་རིགས་ཏེ། མ་རིག་པ་ནི་ཆོས་ཉིད་དང་མཚུངས་ལྡན་དུ་གནས་ལ། དེ་དང་བདག་གཅིག་པའི་ཆོས་ཉིད་ལ་ཐོག་ཐ་མེད་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། འབྲི་བ་ཡོད་ལ་བསྣོན་པ་མེད་པའི་ཕྱིར་ཐ་མའང་ཡོད་དེ། འབྲུའི་ཕུང་པོ་རེ་རེ་ནས་བགྲངས་ན་འཛད་པ་བཞིན་ཟེར། དེ་ཡང་མི་འཐད་དེ། སྒྲུབ་བྱེད་དེའི་ཕྱིར། ངས་ཀྱང་ཤར་ཕྱོགས་སུ་རིང་དུ་བརྒྱུགས་ན་ནམ་མཁའི་མཐའ་རྙེད་པར་འགྱུར་རོ། །བྱས་ན་ཅིས་དགག །དེ་ལ་རྙེད་རྒྱུའི་མཐའ་མ་གྲུབ་པའི་ཕྱིར་ཟེར་ན། འདིར་ཡང་ཡོད་རྒྱུའི་གྲལ་གྱི་མཐའ་གཉིས་མ་གྲུབ་པའི་ཕྱིར་མཚུངས་སོ། །འབྲི་བ་ཡོད་ལ་སྣོན་མཁན་མེད་པའི་ཕྱིར་ཟེར་ན། འདིར་ཡང་བགྲོད་པ་ཡོད་ལ་བཟློག་མཁན་མེད་པའི་ཕྱིར་ཞེས་མགོ་བསྒྲེའོ། །དེས་ན་སྡུད་པ་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་སོ། །ཡང་། སྤྱི་བཙན་དུ་ཐོག་མ་དང་ཐ་མ་གཉིས་ཀ་མེད་ལ། ལམ་གྱིས་གྲོལ་བར་ནུས་པའི་ཕྱིར་བྱེ་བྲག་གང་ཟག་སྒོས་བཙན་ལ་མཐའ་ཡོད་དོ་བྱས་པ་ལ། ཁ་ཅིག་ན་རེ། དེ་ལྟར་ན་སྤྱི་དེའི་སྒོས་ལ་ཁྱབ་བམ་མ་ཁྱབ། དང་པོ་ལྟར་ན་སྒོས་བཙན་ལའང་ཐ་མ་མེད་པར་ཐལ། ཁྱབ་བྱེད་སྤྱི་ལ་མེད་པའི་ཕྱིར། གཉིས་པ་ལྟར་ན། སྒོས་ལ་མ་ཁྱབ་པའི་ཕྱིར་སྤྱི་མ་ཡིན་པར་ཐལ་ལོ་ཟེར་ན། མཁས་པ་དག །རིས་སྤྱིས་ཁྱབ་པ་རྟགས་མ་གྲུབ་སྟེ། སྤྱི་ལོག་ན་བྱེ་བྲག་བཟློག་པའི་རིས་དོན་དུ་ཁས་མ་བླངས་པའི་ཕྱིར་དང་། ཚོགས་སྤྱིས་ཁྱབ་པའི་ཕྱིར་ཞེ་ན། ཚོགས་པའི་སྤྱིས་ཁེགས་ཀྱང་བྱེ་བྲག་ཁེགས་པའི་ཁྱབ་པ་མེད་དོ་གསུང་། འདིར་སྒྲོལ་གཡུང་གཉིས་ཀྱི་ཊཱི་ཀའི་དགོངས་པ་ལྟར་ན། གོ་དོན་ནི། འདི་ཉིད་ལས། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་དང་། ལམ་རིམ་ལས། འཁོར་བའི་རང་བཞིན་མི་དམིགས་ཕྱིར། །ཞེས་པས་འཁོར་བ་དང་འདས་པའི་ཆོས་གཉིས། དེ་གཉིས་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར། བློའི་ཡུལ་ལས་འདས་པ་སྟེ། ཐོག་མཐའ་ཡོད་མེད་ཀྱི་ཐ་སྙད་ལས་གྲོལ་བ་ཡིན་ནོ། །འོན་ཀྱང་ལན་གྱི་དབང་དུ་བྱས་ན། འགལ་ན་འགོག །མཚུངས་ན་བསྒྲེ་བྱ་བ་ཡིན་པས། འབྱུང་ཆེན་གཏོས་ཀྱི་ནམ་མཁའ་ལ་མཐའ་དབུས་ཡོད་དམ་མེད་བྱས་པས། ཡོད་ཟེར་ན། འཁོར་བ་ལའང་ཐོག་མཐའ་ཡོད་བྱ། འཁོར་བ་ལ་ཐོག་མཐའ་མེད་པར་སྤྱི་མདོའི་ལུང་གིས་གསལ་ལོ་ཟེར་ན། དེ་ཙམ་དུ་ནམ་མཁའ་ལའང་མཐའ་དབུས་མེད་པར་ལུང་རིགས་ཚད་མས་གསལ་བའི་ཕྱིར་མགོ་སྙོམས་སོ། །ཡང་ནམ་མཁའ་ལ་མཐའ་དབུས་མེད་ཟེར་ན། །འཁོར་བ་ལའང་ཐོག་མཐའ་མེད་དོ། །དེ་ལྟར་ན་ལམ་ཉམས་སུ་བླངས་པ་དོན་མེད་དུ་ཐལ་ཟེར་ན། བུ་གའི་ནམ་མཁའ་བཀག་ཀྱང་མི་ཁེགས་པར་ཐལ་ལོ་ཞེས་མགོ་མཚུངས་བསྒྲེའོ། །ལྔ་པ་འཁྲུལ་ཚུལ་ནི། འདི་ཉིད་ལས། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་པས་ཕྱི་ནང་གཉིས་ལས། དང་པོ་ཕྱིའི་རྟེན་འབྲེལ་བཅུ་གཉིས་ནི། མང་ཉུང་གི་ཚུལ་དུ་འཁོར་རོ། །དེ་ཡང་གལ་པོ་ལས། ཕྱི་ནི་རྒྱུ་དང་འབྲེལ་བ་དྲུག །དེ་བཞིན་རྐྱེན་དང་འབྲེལ་བ་དྲུག །ཅེས་པས་རྒྱུ་འབྲེལ་དྲུག་ནི། ས་བོན་ལས་མྱུ་གུ་དང་། དེ་ནས་རིམ་བཞིན། སྡོང་བུ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་སྔ་མ་སྔ་མས། ཕྱི་མ་ཕྱི་མ་བསྐྱེད་པ་ལྟ་བུ་ནི་མང་བའི་འཁོར་ཚུལ་ལོ། །ཉུང་བ་རྡོ་ཟླུམ་ལྟ་བུ་ལ་སྦྱར་ན། དྲུག་ཀ་དེ་རང་ཡིན་པ་ལྟ་བུའོ་གསུང་། གཉིས་པ་རྐྱེན་དང་འབྲེལ་བ་དྲུག་ནི། འབྱུང་བ་ལྔ་དུས་ཀྱི་འགྱུར་བ་དང་དྲུག་གོ། །དེ་ལྟར་རྒྱུ་དང་འབྲེལ་བའི་ཆོས་དྲུག་པོ་རྐྱེན་དྲུག་གིས་བརྟེན་པ་ལ་སོགས་པའི་བྱ་བ་བྱས་ནས་ཕྱི་རོལ་ལྟར་སྣང་བའི་ཡུལ་སྣོད་ཀྱི་འཇིག་རྟེན་ལ་སོགས་པ་འདི་དག་བསྐྱེད་པ་སྟེ། ལངྐར་གཤེགས་པ་ལས། བློ་གྲོས་ཆེན་པོ། ཇི་ལྟར་འཇིམ་པའི་གོང་བུ་ལས་རྫ་མ་བྱུང་བ་དེ་བཞིན་དུ། ཐག་པ་ལས་སྣམ་བུ་དང་། རྩི་སྐྱོང་ལས་རེ་ལྡེ་དང་། ས་བོན་ལས་མྱུ་གུ་དང་། སྲུབ་མ་ལ་སོགས་པའི་མིའི་ནན་ཏན་དང་ཞོ་ལས་མར་བྱུང་བ་འདི་ནི། བློ་གྲོས་ཆེན་པོ། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྔ་མ་ལས་ཕྱི་མ་འབྱུང་བའོ། །ཞེས་སོ། །གཉིས་པ་ནང་གི་རྟེན་འབྲེལ་ལ། མཚན་ཉིད། དབྱེ་བ། བསྡུ་བའོ། །དང་པོ་ནི། མེད་ན་མི་འབྱུང་ཞིང་ལྟོས་པས་འགྲུབ་པ་ཞིག་སྟེ། གལ་པོ་ལས། འདི་ཡོད་ཕྱིར་ན་འདི་འབྱུང་ལ། །འདི་སྐྱེས་ཕྱི་ན་འདི་སྐྱེ་བས། །སྔ་མའི་རྐྱེན་གྱིས་ཕྱི་མ་འབྱུང་། །ཞེས་སོ། །གཉིས་པ་ལ། དངོས་དང་། དབྱེ་དོན་གྱི་ཁྱད་པར་ཇི་ལྟར་འཁོར་ཚུལ་ལོ། །དང་པོ་ནི། མ་རིག་པ་ལ་སོགས་པ་བཅུ་གཉིས་སོ། །གཉིས་པ་ནི། རྫོགས་ཆེན་གྱི་རྒྱུད་རིག་པ་རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒ་བ་འབྱུང་། །རྒ་བ་ལས་ནི་ན་བ་འབྱུང་། །ན་བ་ལས་ནི་ཤི་བ་འབྱུང་། །ཞེས་གསུངས་པ་ལྟར། མ་རིག་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་དང་ལས་འབྲས་ལ་རྨོངས་པའོ། །དེས་རྒྱུ་བྱས་ནས་དགེ་མི་དགེའི་ལས་གསོག་པའམ་མངོན་པར་འདུ་བྱེད་པ་ནི་འདུ་བྱེད་དོ། །ལས་དེ་དག་རྒྱུན་དང་བཅས་པའི་རྣམ་ཤེས་ཀྱི་སྟེང་དུ་བསགས་ཏེ་སྐྱེ་བ་ཕྱི་མར་ཁྱེར་བ་པོ་ནི་རྣམ་ཤེས་སོ། །དེ་སྐྱེ་གནས་སུ་ཚུད་པ་ལས་ཚོར་སོགས་མིང་བཞིའི་ཕུང་པོ་དང་ལྷན་ཅིག་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་ཏེ་ཕུང་པོ་ལྔའི་རང་བཞིན་གྱི་མིང་གཟུགས་གྲུབ་པའོ། །དེ་རིམ་གྱིས་འཕེལ་བས་མིག་སོགས་ནང་གི་སྐྱེ་མཆེད་དྲུག་དོད་པའོ། །དེ་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རེག་པ་དང་། དེ་ལས་བདེ་སྡུག་ཉམས་སུ་མྱོང་བའི་ཚོར་བ་དང་། དེ་ལས་བདེ་བ་བླང་འདོད་དང་སྡུག་བསྔལ་འདོར་འདོད་ཀྱི་སྲེད་པ་དང་། དེ་ལས་བླང་དོར་གྱི་བྱ་བ་སྒོ་གསུམ་གྱིས་རྩོལ་བར་བྱེད་པའི་ལེན་པ་དང་། དེས་གསོས་བཏབ་སྟེ་ལས་ཀྱི་བག་ཆགས་ཡང་སྲིད་ལེན་པ་ལ་ནུས་མཐུ་ཅན་དུ་གྱུར་པ་ནི་སྲིད་པའོ། །དེ་ལས་ཕྱི་མའི་སྐྱེ་བ་འབྱུང་ཞིང་། སྐྱེ་བ་ཡོད་ན་ན་ཚོད་འགྱུར་བའི་རྒས་པ་དང་། ཁམས་འགྱུར་བའི་ནད་དང་། སྲོག་འགྱུར་བའི་ཤི་བ་སྟེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཁོར་ལོ་བར་མེད་པར་འཁོར་བས་ན་འཁོར་བ་ཞེས་བྱའོ། །དེ་དག་ཀྱང་ཚེ་གསུམ་ལ་རྫོགས་ཏེ། མ་རིག །འདུ་བྱེད། རྣམ་ཤེས་གསུམ་ནི། སྐྱེ་བ་འཕེན་བྱེད་ཡིན་པའི་ཕྱིར་ཚེ་སྔ་མ་དང་། མིང་གཟུགས་ནས། སྲིད་པའི་བར་བདུན་ནི་ཚེ་བར་པ་ལ་རྫོགས་ཏེ། དང་པོ་བཞི་རྣམ་སྨིན་གྱི་རང་བཞིན་དང་། ཕྱི་མ་གསུམ་རྣམ་སྨིན་དེ་དག་གི་རྐྱེན་ལས་བྱུང་བའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་གཉིས་ཕྱི་མ་ལ་རྫོགས་ཏེ། ཚེ་འདིའི་ཐ་མ་སྲིད་པ་ཡིན་ལ། དེའི་རྐྱེན་ལས་སྐྱེ་བ་དང་། དེ་ལས་རྒ་ཤི་འབྱུང་བའི་ཕྱིར་རོ། །དེ་སྐད་དུའང་ཀླུ་སྒྲུབ་ཀྱིས། གསུམ་པོ་དག་ལས་གཉིས་བྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་སོ། །དེ་དག་ཀྱང་སྔ་མ་སྔ་མས་ཕྱི་མ་ཕྱི་མ་བསྐྱེད་པའི་ཆ་ནས་རྒྱུ་དང་འབྲེལ་བ་དང་། ནང་གི་འབྱུང་ལྔ་དང་རྣམ་ཤེས་ཏེ་ཁམས་དྲུག་འདུས་པས་བསྐྱེད་པའི་ཕྱིར་རྐྱེན་དང་འབྲེལ་བ་ཞེས་བྱ་སྟེ། སཱ་ལུ་ལྗང་བའི་མདོ་ལས། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲེལ་བ་དང་། རྐྱེན་དང་འབྲེལ་བའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་བསྡུ་ན་གསུམ་སྟེ། མ་རིག་སྲེད་ལེན་གསུམ་ཉོན་མོངས་པའི་རང་བཞིན་དང་། འདུ་བྱེད་དང་སྲིད་པ་གཉིས་ལས་དང་། ལྷག་མ་བདུན་ནི་སྡུག་བསྔལ་ཏེ། ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་སོ། །དེ་ཡང་ཉོན་མོངས་པ་ལས་ལས་དང་། དེ་ལས་སྡུག་བསྔལ་དང་། དེ་ལས་ཀྱང་ཉོན་མོངས་པ་སྟེ། ལུས་ཅན་རྣམས་ལ་དངོས་དང་། ལུས་མེད་རྣམས་ལ་བག་ཆགས་ཀྱི་ཚུལ་དུ་འཁོར་རོ། །དེ་ལྟར་ན་ཕྱི་ནང་གི་རྟེན་འབྲེལ་གཉིས་ཀ་བཅུ་གཉིས་ཀྱི་ཚུལ་དུ་འཁོར་བ་ཉིད་དེ། རིམ་གསུམ་ལས། རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ། །ཕྱི་ནང་གཉིས་ཀར་འཁོར་བའོ། །ཞེས་སོ། །དྲུག་པ་འཁྲུལ་པའི་ཉེས་པ་ནི། དེ་ཉིད་ལས། འཕགས་ལམ་བྲལ་དང་སྡུག་བསྔལ་མྱོང་། །ཉེས་པ་རྣམ་པ་གཉིས་སུ་གསུངས། །ཞེས་པས། འདོད་བྱ་འཕགས་ལམ་དང་བྲལ་བའི་སྡུག་བསྔལ་ནི། རྒྱས་པ་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་རྟོགས། །ཞེས་སོ། །སྤང་བྱ་ཤིན་ཏུ་མནར་བའི་སྡུག་བསྔལ་དྲག་པོ་དང་། གནས་སྐབས་བདེ་བ་ལྟར་སྣང་བའི་སྡུག་བསྔལ་རིས་མི་མཐུན་པ་སྣ་ཚོགས་ཀྱི་ཚོར་བ་ཉམས་སུ་མྱོང་བའི་ཉེས་པ་ནི། འདི་ཉིད་ལས། མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་སོ། །འདིར་ཁ་ཅིག་ན་རེ། སྡུག་བསྔལ་ཉེས་པར་འགྲོ་མོད་དེ། བདེ་བ་ཉེས་པར་ཅིས་འགྲོ་ཞེ་ན། ལན་དུ་ལྷ་རྗེ་ཉེ་སྟོན། སངས་རྒྱས་ཀྱི་བདེ་བ་ལ་ལྟོས་ན་སེམས་ཅན་གྱི་བདེ་བ་ཇི་ལྟར་ཕུན་སུམ་ཚོགས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། གླ་མིས་གླས་རྙེད་པ་ལྟ་བུའོ་གསུང་། དེར་ཡང་མ་ཟད་འགྱུར་བའི་སྡུག་བསྔལ་གྱི་རྒྱུར་ངེས་པའི་ཕྱིར་རོ། །བདུན་པ་འཁྲུལ་པའི་སྒྲུབ་བྱེད་ལས། འཁོར་འདས་གཉིས་ཀའི་བྱེད་པ་པོ་ནི་མ་བཅོས་རྒྱུན་གྱི་སྐད་ཅིག་མ་སྟེ། རྒྱས་པ་ལས། མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་ཟིན་གང་ཡང་མེད། །ཅེས་སོ། །བྱེ་བྲག་ཏུ་འཁོར་བའི་བྱེད་པ་པོ་ནི། ལོག་རྟོག་རྒྱུན་གྱི་སྐད་ཅིག་མ་སྟེ། དེ་ལས། ལོག་རྟོག་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །ཅེས་དང་། འདི་ཉིད་ལས། བདག་དང་གཞན་དང་རྟོག་པའི་རྒྱུན། །ཞེས་དང་། རིམ་གསུམ་ལས། རྒྱུན་དང་བཅས་པའི་སྐད་ཅིག་མ། །ལས་ཀྱི་བྱེད་པོར་བརྗོད་པའོ། །ཞེས་སོ། །བརྒྱད་པ་དཔེ་ནི། འཁོར་བ་ཟོ་ཆུན་གྱི་འཁྱུད་མོ་ལྟ་བུ་དང་། མཆེད་པ་རྩྭ་སོག་གི་མེ་ལྟ་བུ་སྟེ། རིམ་གསུམ་ལས། ཟོ་ཆུན་རྩ་སོག་མེ་དཔེ་བཞིན། །རྟག་ཏུ་འཁོར་ཞིང་མཆེད་པའོ། །ཞེས་སོ། །དེ་ལྟར་བརྒྱད་ཀྱི་སྟེང་དུ། དེ་ལས། འཇིག་དང་ཆགས་དང་སྟོངས་དང་གནས། །སྐྱེ་རྒ་ན་འཆི་བཞི་ལྡན་པས། །མཚན་ཉིད་ཐེར་ཟུག་མེད་པའོ། །ཞེས་པས་སྐྱེ་ཞིང་འཇིག་པའི་ཆོས་དང་ལྡན་པ་འཁོར་བའི་མཚན་ཉིད་དུ་བཤད་དོ། །གསུམ་པ་འཁྲུལ་པ་ཆོས་ཉིད་དུ་ལ་བཟླ་བ་ནི། དེ་ལྟར་བརྟག་གཞི་འཁོར་བའི་ཆོས་དེ་དག་ཏུ་འཁྲུལ་པ་ལྟར་སྣང་ཡང་རང་བཞིན་ཆོས་ཉིད་ལས་གཡོས་པ་མེད་དེ། ཐོ་ཡོར་ལ་མིར་སྣང་ཡང་ཐོ་ཡོར་ལས་མ་གཡོས་པ་བཞིན་ནོ། །དེ་ལྟར་ཡང་འདི་ཉིད་ལས། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་དང་། ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་དང་། རྒྱས་པ་ལས། མཆོག་གསུམ་རྫོགས་པ་མན་ཆོད་ནས། །ངན་སོང་གནས་རྣམས་ཐམས་ཅད་ཀུན། །ཡང་དག་པར་ནི་དབྱེར་མེད་དེ། །གང་ཡང་སྤང་བར་བྱ་བ་མིན། །ཞེས་སོ། །འདིར་འཁོར་བའི་ཆོས་གཏན་ལ་ཕབ་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། དགོས་པ་གཉིས་ཏེ། འཁྲུལ་ཚུལ་བཤད་པས་འཁོར་བའི་མཚང་ཤེས་ནས་མྱང་འདས་ཀྱི་ལམ་ལ་བཀྲི་བའི་དགོས་པ་དང་། དེའི་རང་བཞིན་བཤད་པས་འཁོར་བ་འདི་མ་སྤངས་པར་རང་བྱུང་གི་ཡེ་ཤེས་སུ་ངོ་འཕྲོད་དེ་འཁོར་འདས་དབྱེར་མེད་དུ་ཤེས་པའི་དགོས་པ་ཡོད་དོ། །དེ་ལས་དང་པོ་ནི། ལུང་ལས། སྡུག་བསྔལ་མེད་ན་ངེས་འབྱུང་མེད། །ཅེས་སོ། །གཉིས་པ་ནི། གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པའི་འགྲེལ་པར་སློབ་དཔོན་ཉི་འོད་སེང་གེས། འཁོར་བའི་ཆོས་ཞེས་བྱ་བ་གཞན་ཡུལ་ལོགས་ཤིག་ན་མེད་དོ། །འཁོར་བའི་ཆོས་དེ་ཉིད་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དེ་ལྟར་ཡིན་ཞེས་བྱའོ། །ཞེས་དང་། ལེ་ལག་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་ཀ་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་དུ་དྲངས་ཤིང་། དགྱེས་རྡོར་ལས་ཀྱང་། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་སོ། །གལ་ཏེ་དེ་ལྟར་མ་ཡིན་ན། ལམ་སྦྱངས་པར་དོན་མེད་པར་འགྱུར་ཏེ། སོལ་བ་ལ་བྱི་དོར་བྱས་ཀྱང་དཀར་པོར་མི་འགྱུར་བ་བཞིན་ནོ། །དེ་ལྟར་ཡང་རྒྱས་པ་ལས། རྣམ་པར་བྱང་དང་སྡུག་བསྔལ་དང་། །ཡེ་ནས་ངོ་བོ་ཡོད་མེད་ན། །ཉོན་མོངས་སྤངས་ཤིང་བྱང་བསྒྲུབ་མེད། །ཅེས་སོ། །གཉིས་པ་བརྟག་གཞི་མྱ་ངན་ལས་འདས་པའི་ཆོས་ལ་བི་མ་ལས་རིམ་པ་གསུམ་པར་ས་དམིགས་དྲུག་ཏུ་བསྡུས་ནས་གསུངས་ཀྱང་། དེ་དག་ནི་མྱང་འདས་རང་གི་མཚན་ཉིད་ཡིན་གྱི། འདིར་ནི་སྐུ་དང་ཡེ་ཤེས་སུ་ཞེན་པ་སྒྲོ་བཏགས་ཀྱི་བློ་དེས་བརྟག་གཞིའོ། །དེའི་ཕྱིར་རང་གི་མཚན་ཉིད་ནི་འབྲས་བུའི་སྐབས་སུ་རྒྱ་ཆེར་ཤེས་པར་འགྱུར་བས་འདིར་མ་སྤྲོས་སོ། །དེ་རྣམས་ནི་གཞི་སྤྱིར་བཤད་པའོ། །གཉིས་པ་རྒྱུ་རྒྱུད་དུ་འགྱུར་བའི་འཐད་པ་ནི། འཁོར་འདས་སུ་སྣང་ཙམ་ཉིད་ནས་འཆིང་གྲོལ་མེད་པས། དག་པ་ཆེན་པོའོ། །ལྷུན་གྲུབ་ཆེན་པོའི་གཞི། མ་ཡིན་དགག་གི་སྟོང་ཉིད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་བཞུགས་པ་ནི། འབྲས་རྒྱུད་ཀྱི་ཉེ་བར་ལེན་པའི་རྒྱུ་ཡིན་པའི་ཕྱིར་རྒྱུ་དང་། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་གསེར་བཟང་པོའི་ཁམས་ལྟར་རང་བཞིན་འགྱུར་བ་མེད་པར་རྒྱུན་ཆགས་པས་ན་རྒྱུད་དོ། །དེ་ཡང་རྗེ་བླ་མའི་གཏེར་བྱོན་བདེ་གཤེགས་ཀུན་འདུས་ཀྱི་རྩ་སྒྲུབ་སློབ་དཔོན་གྱིས་མཛད་པ་ལས། གདོད་ནས་དག་པའི་རིག་པ་ནི། །ཡེ་ནས་ཆོས་སྐུར་གནས་པ་ལ། །དབུལ་པོའི་ཁྱིམ་གྱི་ས་འོག་ན། །གནས་པའི་ནོར་བུ་རིན་ཆེན་བཞིན། །ངོ་མ་ཤེས་པས་འཁོར་བར་འཁྲུལ། །ངོ་སྤྲད་དེ་ངོ་ཤེས་པ་ནི། །ཆོས་དབྱིངས་ཡེ་ཤེས་རྟོགས་པ་དེ། །སངས་རྒྱས་ཞེས་སུ་གྲགས་པའོ། །ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། རང་བཞིན་དེ་བཞིན་ཉིད་གཉིས་སུ་མེད་པ་ཡིན་ཡང་། ཐབས་དང་མ་ལྡན་པས། དབུལ་པོའི་གཏེར་དང་གྱད་ཀྱི་ནོར་བུ་བཞིན་མ་མཐོང་བར་ཟད་དོ། །ཞེས་སོ། །གཞི་དོན་གྱི་ཀུན་གཞིའམ་རང་བཞིན་གྱི་ཆོས་ཉིད་དེ་ལ་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་གྱི་མདོ་སྡེ་དགོངས་འགྲེལ་དང་བཅས་པར་དཔེ་དགུ་དང་། སྟོང་གསུམ་དང་ཡུག་ཆེན་པོའི་དཔེ་སོགས་ཀྱི་སྒོ་ནས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་བཤད་པ་ལྟར། རྒྱུད་འདིར་ཡང་བཞེད་དེ། ཨེ་མ་བདེ་གཤེགས་སྙིང་པོ་ལས། །ཞེས་དང་། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་དང་། རྒྱས་པ་ལས་ཀྱང་། རྣམ་རྟོག་ཀུན་གཞི་མ་ཡིན་ཏེ། །རང་བཞིན་མེད་པ་དོན་གྱི་གཞི། །དེ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་དང་། གཞན་ཡང་མདོ་སྡེ་ཆེན་པོ་ལས། ཡེ་ནས་ངང་གིས་མ་སྐྱེས་པ། །མ་བཅོས་ཡོངས་ཀྱི་འདི་གསལ་བ། །ཞེས་སོ། །གཞི་དོན་གྱི་ཀུན་གཞིའི་དོན་དེ་ཡང་། རྒྱན་སྟུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་བར་གཤེགས་པའི་སྙིང་པོའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །བདེ་བར་གཤེགས་པས་བསྟན་པར་མཛད། །ཅེས་སོ། །སྙིང་པོ་དེས་འགྲོ་བ་ཀུན་ལ་ཏིལ་ལ་མར་བཞིན་དུ་ཁྱབ་སྟེ། རྡོ་རྗེེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་དང་། མདོ་སྡེ་ལས་ཀྱང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་པའི་ཕྱིར། དེ་ཡང་སྙིང་པོའི་དོན་ནང་རིག་འགྱུར་མེད་ལ་བཞེད་པའི་ཕྱོགས་ལེགས་ཏེ། མགོན་པོ་བྱམས་པས། རིགས་ཁམས་སྦྲང་རྩི་འདྲ་བ་འདི་གཟིགས་ནས། །ཞེས་དང་། སློབ་དཔོན་དུར་ཁྲོད་བདེ་བས་ཀྱང་། བདེ་གཤེགས་སྙིང་པོ་རང་རིག་ལ། །ཞེས་དང་། སློབ་དཔོན་མ་དྷུ་སཱ་ཱདྷུས། ནང་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་འཁོར་ལོ་ཁ་ནང་དུ་འདུས་པའོ། །ཞེས་མིག་སྒྲོན་དུ་དྲངས་པ་དང་། སྔར་གྱི། གདོད་ནས་དག་པའི་རིག་པ་ནི། །ཞེས་སོགས་ཀྱིས་ཀྱང་སྟོན་པའི་ཕྱིར་རོ། །འོ་ན་འཁོར་ལོ་བར་པའི་དངོས་བསྟན་ལྟར་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་སོགས་ཀྱིས། ཕུང་སོགས་ལ་གཅིག་དུ་བྲལ་གྱི་རིགས་པས་དཔྱད་པའི་རིག་ཤེས་ཀྱི་ཡུལ་སྟོང་པ་ཉིད་མེད་པར་དགག་པའི་མཚན་ཉིད་ཅན་ལ། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་སོགས་སུ་གསུངས་པས་གནོད་དོ་ཞེ་ན། དེ་ནི་རྒྱུའི་རྒྱུད་ནང་རིག་འགྱུར་མེད་འདིར་འཇུག་པའི་ཐབས་ཀྱི་ཡན་ལག་གམ། དེར་བགྲོད་པའི་ཐེམ་སྐས་ལྟ་བུ་ཡིན་ནོ་ཞེས་འགོས་ལོ་ཆེན་པོ་གསུང་ཞིང་། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་ཀྱང་། སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བརྗོད་པ་ལས། ངས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་གང་ཡིན་པ་དེ་བྱིས་པ་རྣམས་བདག་ཏུ་མངོན་པར་ཞེན་པ་ལས་ཡོངས་སུ་དྲང་བའི་ཕྱིར་བཤད་ཀྱི། ཡང་དག་པར་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉག་གཅིག་དོན་དམ་པའི་བདེན་པའོ། །ཞེས་གསུངས་པས་ཀྱང་ཤེས་སོ། །ཁྱད་པར་དུ། རྒྱུད་འདི་ཉིད་ཀྱི་མན་ངག་གསང་ཐིག་གི། བརྒྱུད་དཀྱིལ་ན། དོན་དམ་སྙིང་པོ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་འགྲེལ་པར། འོད་དེའི་དཀྱིལ་ན་ཐིག་ལེ་ཆེན་པོ་བྱང་ཆུབ་ཀྱི་སེམས་བཞུགས་སོ། །ཞེས་དང་། དེ་ནི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་དོན་དམ་པ་ཀུན་གྱི་རྒྱུ་ཡིན་པས་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། དབང་གི་གལ་པོའི་རང་འགྲེལ་ལས། དེའི་ནང་ན་བྱང་ཆུབ་ཀྱི་སེམས་སྤྲོས་པ་མེད་པའི་ཐིག་ལེ་ཚོགས་བརྒྱད་གང་ཡང་མ་ཡིན་པ་ངོ་བོ་ཉིད་ཀྱི་སྐུར་བཞུགས་པ་ནི། ཞེས་དྭངས་མ་ལྔ་འདུས་ཀྱི་དབུས་ན་སེམས་ཉིད་འོད་གསལ་བའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་བཞུགས་པར་བཤད་པ་དེ་ཉིད་སྔར་བརྗོད་པའི་བདེ་གཤེགས་སྙིང་པོ་ཞེས་བསྙད་པ་གང་ཡིན་པ་དེ་ཉིད་དེ། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། རྒྱུད་བླར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། ས་ར་ཧས། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །ཞེས་སོ། །བྱང་ཆུབ་ཀྱི་སེམས་དེ་ཡང་རང་བཞིན་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་ཏེ། རྡོ་རྗེ་མེ་ལོང་གི་ལེའུ་དྲུག་པ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དཔེ་ཆུང་རང་གནས་ཀྱི་འགྲེལ་པར་བི་མ་ལས། དེའི་ནང་ན་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་འོད་ཁ་དོག་སྣ་ཚོགས་པའི་དབྱིབས་དང་ཁ་དོག་གང་ལ་ཡང་མ་བརྟེན་པ་བཞུགས་པ་ནི་བདེ་བའི་དྭངས་མ། ཞེས་དང་། བརྟག་གཉིས་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་སོགས་ཀྱིས་ཀྱང་། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་དེ། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་སོ། །དེས་ན་ནང་རིག་འགྱུར་མེད་པ་དེ་བཞིན་ཉིད་དུ་བྱས་པ་ནི་སྙིང་པོའི་སྐོར་གྱི་མདོ་དང་། རྒྱུད་བླ་སོགས་དེ་དག་གི་དགོངས་འགྲེལ་རྣམས་དང་མཐུན་ཡང་། འདིར་ནང་རིག་དེ་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་པ་ནི། བླ་ན་མེད་པའི་རྒྱུད་ཀྱི་ཁྱད་ཆོས་ཡིན་ནམ་སྙམ་དུ་སེམས་ཏེ། དུས་འཁོར་ལས། སྲིད་གསུམ་ཕྲ་རགས་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གིས་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་བར་ལྟ་བྱེད་པ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་སོ། །འོ་ན་ལུས་ལ་གནས་པའི་མི་ཤིགས་པའི་ཐིག་ལེ་ལ་སྙིང་པོ་དང་རྒྱུ་རྒྱུད་དུ་བཞག་པ་དེ་ལྟར་ན། མུ་སྟེགས་པའི་བདག་རྟག་པ་དང་མཚུངས་སོ་ཟེར་ན། མི་མཚུངས་ཏེ། མུ་སྟེགས་པའི་འདོད་པ་དེ་ནི་བདག་ཏུ་བལྟ་བའི་མཚན་ཉིད་ཅན་ཡིན་ལ། འདིར་ནི་ཡེ་ནས་འོད་གསལ་ཞིང་ལུས་ལ་གནས་ཀྱང་རྟག་མི་རྟག་གི་སྤྲོས་པ་ལས་འདས་པས་རྟག་པ་ཁོ་ནར་མི་འདོད་པའི་ཕྱིར་དང་། འོད་གསལ་བ་དེ་སུས་ཀྱང་མི་མཐོང་བའི་ལྐོག་ཏུ་གྱུར་པ་མ་ཡིན་ཏེ། བླ་མའི་མན་ངག་གིས་མཐོང་དུ་ཡོད་པའི་ཕྱིར་དང་། མུ་སྟེགས་པ་མཐེ་བོང་གི་ཚད་ལ་སོགས་པའི་དངོས་པོ་རང་མཚན་དང་ཆོས་མི་སྦྱོར་ཏེ། འདིར་ངོ་བོ་སྣང་སྟོང་དབྱེར་མེད་མཐའ་བྲལ་དུ་འདོད་པའི་ཕྱིར་དང་། ཆོས་ཉིད་འོད་གསལ་བའི་དོན་དེ་མངོན་དུ་རྟོགས་པ་ན། བདག་གཉིས་ཀྱིས་དབེན་པའི་གནས་ལུགས་མངོན་དུ་གྱུར་པ་ཡིན་པའི་ཕྱིར། བདག་ལྟར་མི་འགྱུར་བར་མ་ཟད། དེའི་གཉེན་པོར་མཆོག་ཏུ་འགྱུར་བ་སོགས་ཁྱད་པར་ཤིན་ཏུ་མང་ངོ་། །མདོར་ན་འདི་ཉིད་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཞིག །ཅེས་དང་། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་སོགས་གསུངས་པ་བློ་དང་ལྡན་པ་རྣམས་ཀྱིས་ངེས་ཤེས་ཁྱད་པར་ཅན་གྱི་སྒོ་ནས་སྤྲོ་དགའ་བསྐྱེད་དེ། སེམས་ཉིད་འོད་གསལ་བའི་དོན་ལ་འབད་པས་སྦྱོར་བ་གཅེས་སོ། །དེ་ལྟར་ཡང་ཀུན་མཁྱེན་ཆོས་རྗེས། མ་ལུས་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །གློ་བུར་དྲི་མ་གཡོགས་པའི་སྦུབས་ནང་ན། །འོད་གསལ་ཆོས་ཁམས་མར་མེ་ཡེ་ནས་གནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས། །རང་ལ་ཡོད་དེ་དེ་ཉིད་ལྷུན་གྱིས་གྲུབ། །སྟོང་དང་སྙིང་རྗེའི་སྙིང་པོ་ལྷུར་ལེན་པས། །ཁམས་དེ་བྱང་ཆུབ་ཅེས་བྱའི་མིང་ཐོབ་ནས། །མ་ལུས་སྐྱེ་རྒུའི་ཚོགས་ལ་ཕན་བདེ་བྱེད། །ཉི་མཁའ་བཞིན་དུ་གདོད་ནས་རང་བྱུང་ཡང་། །གློ་བུར་ཉོན་མོངས་ཆུ་འཛིན་གྱིས་བསྒྲིབས་པས། །རྨི་ལམ་འདྲ་བའི་སྲིད་པར་སྡུག་བསྔལ་མྱང་། །དེ་བསལ་བྱ་ཕྱིར་བརྩོན་པའི་སྟོབས་སྐྱེད་ཅིག །ཅེས་གསུངས་སོ། །གཞིའི་དོན་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ནི། དཔེ་ཆུང་རང་གནས་ལས། རང་བཞིན་མངོན་དུ་བྱེད་རྒྱུད་ནི། །ངོ་བོ་དང་ནི་རྐྱེན་ཉིད་དོ། །ཞེས་པས། བརྗོད་བྱ་དོན་གྱི་རྒྱུད་ལམ་གྱི་ངོ་བོ་ཉིད་དང་། རྗོད་བྱེད་ཚིག་གི་རྒྱུད་ལམ་རྐྱེན་དུ་གྱུར་པ་གཉིས་ལས། དང་པོ་ལ། དབྱེ་བ། དབྱེ་དོན་གྱིས་མཚམས་འཇོག་ལུགས། ཇི་ལྟར་བཞག་པའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། ཐུན་མོང་སྤྱིའི་ལམ་དང་། ཁྱད་པར་འདི་ཉིད་ཀྱི་ལམ་གཉིས་ཏེ། རིམ་གསུམ་ལས། ཐུན་མོང་ལམ་ལྔར་བསླབ་པ་དང་། །ཁྱད་པར་སོ་སོའི་ལམ་བཞིན་བསླབ། །ཅེས་སོ། །གཉིས་པ་ནི། དོན་སྤྱི་བྱེ་བྲག་ལ་འཇུག་པའི་ཁྱད་པར་ཏེ། ཅིའི་ཕྱིར་ཞེ་ན། མདོ་སྔགས་གཉིས་ཀའི་འཇུག་ཡུལ་དུ་གྱུར་པ་ནི་ཐུན་མོང་གི་ལམ་དང་། མ་ཧཱ་ཡོ་ག་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པ་ནི་ཁྱད་པར་གྱི་ལམ་མོ། །གསུམ་པ་ལ། ཐུན་མོང་གི་ལམ་དང་། ཁྱད་པར་གྱི་ལམ་གཉིས། དང་པོ་ལ། དགོས་ཆེད། ངོ་བོ། སྒྲ་དོན། དབྱེ་བ། རྩོད་པ་སྤང་བ་དང་ལྔ། དང་པོ་ནི། དངོས་སུ་འདིའི་ལམ་གྱི་གོལ་ས་ཤེས་ཤིང་། བརྒྱུད་ནས་ཐུན་མོང་གི་ལམ་པ་རྣམས་ཀྱང་ཁྱད་པར་གྱི་ལམ་འདིར་འཇུག་པའི་དགོས་པ་ཡོད་དེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། ཁོག་གཞུང་ལས། ཐུན་མོང་ལམ་སྟེགས་ཙམ་ཉིད་དུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་སྤྱོད། །ཅེས་སོ། །གཉིས་པ་ནི། གང་བློ་ཆེ་ཆུང་གི་ཡུལ་དུ་གྱུར་པའི་ཐུན་མོང་གི་སེམས་ལྔ་སྐྱེས་པ་སྟེ། ངེས་འབྱུང་གི་ཐེག་པ་བཞི་དང་། ཕྱི་རྒྱུད་སྡེ་གསུམ་མོ། །གསུམ་པ་ནི། དེ་དག་གིས་རང་རང་གི་འབྲས་བུ་སྒྲུབ་པ་དང་འདིའི་ལམ་སྟེགས་སུ་བགྲོད་པ་ཐུན་མོང་དུ་བྱེད་པའི་ཕྱིར། ཐུན་མོང་གི་ལམ་ཞེས་བྱའོ། །བཞི་པ་ལ། དངོས་ཀྱི་ཐུན་མོང་གི་ལམ་དང་། ལྟོས་པའི་ཐུན་མོང་གི་ལམ་མོ། །དང་པོ་ནི། ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས་ཏེ། ངེས་འབྱུང་གི་ཐེག་པ་བཞིའོ། །དེའང་རྒྱ་མཚོ་ལས། རིགས་ཀྱི་དབྱེ་བས་ལམ་དབྱེ་བ། །ལྔ་དང་གཅིག་གིས་རྒྱུ་འབྲས་འགྱུར། །མ་ངེས་སྤྱི་ཡི་དབྱེ་བ་སྟེ། །བཞི་ནི་ངེས་འབྱུང་ཐུན་མོང་ལམ། །ཞེས་སོ། །གཉིས་པ་ནི། ཕྱི་རྒྱུད་སྡེ་གསུམ་གཅིག་ཏུ་བསྡོམས་པ་སྟེ་དེ་ཉིད་ལས། དེ་བཞིན་རིགས་གཅིག་ཐུན་མོང་མིན། །དེ་ཉིད་ཕྱི་ནང་ཆར་སྣང་བས། །ཕྱི་རོལ་ལྟོས་པའི་ཐུན་མོང་ལམ། །ཞེས་སོ། །ལྔ་པ་ནི། ཐུན་མོང་གི་ལམ་དེ་ཁྱད་པར་གྱི་ལམ་དུ་འགྲོ་བའམ་མི་འགྲོ། འགྲོ་ན་ཐུན་མོང་དང་ཁྱད་པར་ལ་ཁྱད་མེད་དུ་ཐལ། ཐུན་མོང་ཀྱང་ཁྱད་པར་གྱི་ལམ་དུ་འགྲོ་བའི་ཕྱིར། གལ་ཏེ་མི་འགྲོ་ན། ཐུན་མོང་གི་དམ་བཅའ་ཉམས་སོ་ཞེ་ན། ལན་ནི། དངོས་སུ་ཁྱད་པར་གྱི་ལམ་མིན་པས་སྐྱོན་སྔ་མ་མེད་ལ། རིམ་གྱིས་པ་ལ་ལྟོས་ནས་ལམ་སྟེགས་ཙམ་དུ་སྔོན་དུ་རྫོགས་པར་སྦྱོར་བས་སྐྱོན་ཕྱི་མ་ཡང་མེད་དོ། །དེ་ལྟར་ཡང་སྤྱན་འགྲེལ་ལས། རང་བཞིན་སྔོན་དུ་སོང་བ་དང་། །ཆེད་དུ་སྔོན་དུ་བསྡུར་བས་འགྲོ། །དེས་ན་ཐུན་མོང་མངོན་རྫོགས་ལམ། །ཞེས་སོ། །གཉིས་པ་ཁྱད་པར་གྱི་ལམ་ལ། དགོས་ཆེད། ངོ་བོ། སྒྲ་དོན། དབྱེ་བ། གཏན་ལ་དབབ་པ། སྔོན་དུ་གང་འགྲོ་དཔྱད་པ་དང་དྲུག །དང་པོ་ནི། བྱེད་པ་གཉིས་དང་ལྡན་པ་སྟེ། ཅིའི་ཕྱིར་ཞེ་ན། རང་བཞིན་མངོན་བྱེད་ཅེས་པས་གཞི་ཤེས་པར་བྱེད་པ་ལ་དགོས་ཏེ། འདི་ཉིད་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་སོ། །དེས་ཐོབ་བྱའི་འབྲས་བུ་མངོན་དུ་བྱེད་པ་ལའང་དགོས་ཏེ། འདི་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་སོ། །གཉིས་པ་ནི། ཁྱད་པར་གྱི་སེམས་ལྔ་སྐྱེས་པའོ། །དེ་ལའང་རྒྱ་མཚོ་ལས། སྐྱེ་ས་རྐྱེན་གྱིས་སྐྱེ་ཚུལ་དང་། །སྐྱེས་པའི་ངོ་བོ་སེམས་རིམ་པ། །ཞེས་པས། གང་ནས་སྐྱེ་བའི་གཞི། གང་གིས་སྐྱེ་བའི་རྒྱུ་རྐྱེན། ཇི་ལྟར་སྐྱེ་བའི་ཚུལ། སྐྱེས་པ་རང་གི་ངོ་བོ་བསྟན་པའོ། །དང་པོ་ནི། དེ་ཉིད་ལས། གཞི་དང་སྐབས་ནས་སྐྱེ་འགྱུར་པ། །གྲོལ་མཐར་ལམ་དུ་རྣམ་པར་བཤད། །ཅེས་པས། གཞི་དང་། ལམ་དང་། འབྲས་བུ་ནས་སེམས་སྐྱེ་བའོ། །དང་པོ་ལ། གཞིའི་རིགས་གསུམ་བཤད་པ་དང་། གང་ལས་སྐྱེ་བའི་ས་ངོས་བཟུང་བའོ། །དང་པོ་ལ། རིགས་ངེས་པ་དང་། ཆད་པ་དང་། མ་ངེས་པ་གསུམ། དང་པོ་ནི། ཐེག་པའི་རིམ་པ་ལ་རང་བློ་དང་འཚམས་པར་འཇུག་པའི་ཡིད་གཞན་དུ་མི་ནུར་བས་ངེས་པ་སྟེ། རྒྱས་པ་ལས། བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོ་རང་གི་བློ་ལ་སྣང་བར་ཟད། །ཅེས་སོ། །དེ་ལ་དབྱེ་ན། ཉན་རང་བྱང་སེམས་ཀྱི་རིགས་ཅན་གསུམ་མོ། །གཉིས་པ་ནི། དེ་ལས། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ཀྱང་། །རང་རིག་རྟོགས་པའི་སྐལ་ལྡན་མི་ལྡན་ན། །ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན། །འདི་ནི་སྐལ་མེད་རིགས་ཆད་ས་པ་ཡིན། །ཞེས་པས། རེ་ཞིག་ཐར་ཐོབ་ཀྱི་སྐལ་པ་ཆད་པའོ། །དབྱེ་ན། རྣམ་བཅད་རང་བཞིན་གྱི་རིགས་ཆད་དུ་འདོད་པ་དགག་པ་དང་། ཡོངས་གཅོད་གནས་སྐབས་རྐྱེན་གྱིས་རིགས་ཆད་པར་སྒྲུབ་པའོ། །དང་པོ་ནི། མཁས་པ་ཁ་ཅིག་ན་རེ། གང་ཟག་གི་ཤེས་རྒྱུད་ཆོས་ཅན། ཁྱོད་ལ་རང་བཞིན་གྱིས་རིགས་ཆད་པ་ཡོད་དེ། རང་རིག་རྟོགས་པའི་སྐལ་བ་དང་མི་ལྡན་པའི་ཕྱིར། ལོང་བའི་མདུན་དུ་ཁ་དོག་བསྟན་པ་བཞིན་གསུང་། དེ་ལྟར་ན་རང་བཞིན་གྱི་གཞི་བཟང་ངན་ཅན་དུ་ཐལ་བའི་ཕྱིར་མི་འཐད་དེ། མགོན་པོ་བྱམས་པས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་དང་། རིམ་དྲུག་ལས། ཆོས་རྣམས་མ་ལུས་ཐམས་ཅད་ལ། །བྱང་ཆུབ་སྙིང་པོ་ཡོད་པར་བལྟ། །རང་བཞིན་ཡེ་ནས་འོད་གསལ་བར། །ཀུན་བཟང་རྡོ་རྗེ་སེམས་དཔས་གསུངས། །ཞེས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་གསུངས་པས་གནོད་དོ། །ཁོ་ན་རེ། སྐྱོན་དེ་མི་འཇུག་སྟེ། འདིར་མཐུན་རྐྱེན་གྱིས་ཅིག་ཅར་དུ་རིགས་མི་སད་པའི་ཕྱིར་སྐལ་པ་དང་མི་ལྡན་པ་ལ་རང་བཞིན་གྱི་རིགས་ཆད་ཟེར་གྱིས་བྱང་ཆུབ་ཀྱི་སྙིང་པོའི་ས་བོན་ཙམ་ཡང་རྒྱུད་ལ་མེད་པར་བདག་མི་འདོད་དོ་ཞེ་ན། དེ་ལྟར་ན། རེ་ཞིག་དད་མོས་མ་སྐྱེས་ཀྱང་ཀུན་གཞི་ལ་དཀར་པོའི་བག་ཆགས་བཞག་སྟེ་ནམ་ཞིག་ན་རིགས་སད་པའི་རྒྱུར་འགྱུར་བའང་སྲིད་པའི་ཕྱིར། རང་བཞིན་གྱི་རིགས་ཆད་ཡིན་པར་མ་ངེས་ཏེ། ཕལ་ཆེན་གྱི་མདོ་ལས། སེམས་ཅན་ལ་ལ་ཞིག་ལས་ཀྱི་སྒྲིབ་པས་དེ་བཞིན་གཤེགས་པ་ལ་མ་དད་ནའང་། དེ་དག་གིས་མཐོང་ཞིང་ཐོས་པའི་དགེ་བའི་རྩ་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དོན་ཡོད་པར་འགྱུར་རོ། །ཞེས་སོ། །དེར་མ་ཟད། ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན། །ཞེས་པའང་རང་བཞིན་གྱི་དཔེར་མི་མཚུངས་ཏེ། གལ་ཏེ་མཚུངས་ན། མིག་མཁན་གྱིས་ཕྱེ་བ་རྣམ་པ་ཀུན་ཏུ་དོན་མེད་པར་འགྱུར་རོ། །གཉིས་པ་ནི། རང་བཞིན་ཉིད་བཏགས་པའི་བག་ཆགས་འཐུག་པོས་རིང་མོ་ནས་བསྒྲིབས་པས་ཡུན་རིང་པོར་མཐོང་དཀའ་བའམ། གྲུབ་མཐའ་ལོག་པ་ལ་ཞེན་པས་ཡང་དག་པའི་གེགས་སུ་གྱུར་པ་ལ་དགོངས་ནས། རེ་ཞིག་ཐར་ཐོབ་ཀྱི་སྐལ་པ་དང་མི་ལྡན་པས་རིགས་ཆད་ཅེས་གསུངས་སོ། །དེ་ལྟར་ཡང་འདི་ཉིད་ལས། བདག་ཏུ་རྨོངས་པའི་རྟོག་པ་དང་བརྟགས་པ་ལ་མངོན་པར་ཞེན་པས་ཡང་དག་པའི་ལམ་དང་བྲལ་བ་དག །ཅེས་དང་། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ཀྱང་། །ཞེས་པའི་སྤྱན་འགྲེལ་ལས། ཆད་པའི་རྒྱུ་མ་རིག་པ་གཉིས་ཀྱི་ཤེས་རབ་ཀྱི་སྤྱན་ལྡོངས་པས་དཔེ་ཇི་ལྟ་བར་ཡེ་ནས་ལོག་པས་རང་རྒྱུད་དུ་གོལ་བ་ནི་རིགས་ཆད་པའི་ས་པ་སྟེ། རྩ་བ་དང་ཡན་ལག་ཉམས་པ་ལས་ཀྱང་འབྱུང་སྟེ། ཡུན་རིང་དུ་འགྱངས་པ་ཙམ་ལ་བརྗོད་པའོ། །ཞེས་སོ། །དེ་ལ་ཁ་ཅིག་ན་རེ། གོལ་བ་ནི་རིགས་ཆད་པའི་ས་པ་སྟེ། ཞེས་པ་ཡན་ཆད་རང་བཞིན་གྱིས་རིགས་ཆད་སྒྲུབ་པའི་ལུང་ཡིན་ཟེར་ནའང་། མ་ཡིན་ཏེ། གལ་ཏེ་ཡིན་ན། རྩ་བ་དང་ཡན་ལག་ཉམས་པ་ལས་ཀྱང་། ཞེས་པའི་ཀྱང་སྒྲས། རྩ་བ་ཡིན་ཏེ་རིགས་མེད་འགྱུར། །ཞེས་རྐྱེན་གྱིས་ཆད་པའང་རང་བཞིན་གྱི་རིགས་ཆད་དུ་འགྱུར་རོ། །དེས་ན་རྩ་འགྲེལ་གྱི་ལུང་དེ་དག་གི་དོན་ནི། རྐྱེན་གྱིས་ཆད་པ་ཁོ་ན་ལ་དགོངས་པ་སྟེ། ཡུན་རིང་དུ་འགྱངས་པ་ཙམ་ལ་བརྗོད་པའོ། །ཞེས་པས་གསལ་ལོ། །གསུམ་པ་རིགས་མ་ངེས་པ་ནི། རྐྱེན་གྱི་དབང་གིས་སེམས་གང་དུའང་སྐྱེར་རུང་བ་སྟེ། རྒྱས་པ་ལས། ཐེག་པ་གང་དུ་བསྟན་པར་མ་ངེས་པའི། །ཞེས་སོ། །དེ་ལའང་དབྱེ་ན། མ་ངེས་པ་བཟང་ངན་གཉིས། དང་པོ་ནི། ཐེག་པ་གང་བསྟན་ཀྱང་ཐོགས་མེད་དུ་གོ་བའི་བཟང་པོའི་རིགས་ཅན་ཏེ། དེ་ལས། ཡང་ན་ཀུན་ལ་མཐུན་བྱས་འབྱམས་པར་འཇུག །ཅེས་སོ། །གཉིས་པ་ནི། ཐེག་པ་མཐའ་དག་ལ་ཞུགས་ཤིང་ངེས་ཤེས་ཀྱི་མཐར་མི་ཕྱིན་པའི་མ་ངེས་པ་ངན་པའི་རིགས་ཅན་ཏེ། དེ་ལས། ཡང་ན་ངེས་མེད་འདི་ཞེས་བརྟག་ཏུ་མེད། །ཅེས་སོ། །གཉིས་པ་ནི། སྔར་གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་གང་ཞིག །འབྲས་བུའི་ཐེག་པ་འདིར་རིགས་ངེས་པའི་དབང་རྣོན་ནམ། རིགས་མ་ངེས་པ་བཟང་པོ་དེ་ལས་སྐྱེ་བར་བཞེད་དེ། ལམ་རིམ་ལས། མ་ངེས་པ་ན་འབྲེལ་རྒྱུ་རྐྱེན། །ལྡན་པས་རྣལ་འབྱོར་མཆོག་སྦྱོར་བའོ། །ཞེས་དང་། ལམ་ཆུང་ལས། ངོ་བོས་འབྲེལ་ཕྱིར་གཞི་ཉིད་ནས། །འདིར་འཇུག་ངེས་པའི་དོན་དུ་རུང་། །ཞེས་སོ། །གཉིས་པ་ནི། ལམ་རིགས་བཞི་ནས་སྐྱེ་བ་ཡིན་ཏེ་ལྷ་མི་དང་། །ཉན་རང་དང་། བྱང་སེམས་དང་། ཕྱི་རྒྱུད་རྣམས་རིམ་གྱིས་བགྲོད་པ་ལས། གང་རུང་ལ་སྦྱོར་འཕྲོ་ནས་འདིར་འཇུག་པའོ། །དེའང་ལམ་རིམ་ལས། གཞི་ཡི་ཐེག་པ་དང་པོར་ཞོག །དེ་ནས་རིམ་གྱིས་བགྲོད་བྱས་ཏེ། །ཞེས་དང་། ལམ་ཆུང་ལས། ལ་ལ་ཐུན་མོང་ལམ་རྣམས་ནས། །རྐྱེན་རྒྱུས་འདིར་འཇུག་བསླབ་པར་ངེས། །ཞེས་སོ། །གསུམ་པ་ནི། འོག་མའི་འབྲས་བུ་མཐར་ཕྱིན་ནས་འདིར་འཇུག་པ་སྟེ། ལམ་ཆུང་ནས། ཐུན་མོང་ས་མཐར་བྱས་པའི་ཚེ། །ཡང་དག་སྐུ་གསུང་ཐུགས་བཅོ་ལྔ། །བྱིན་རླབས་འཚམས་པར་མོས་སྣང་བས། །འཁོར་བའི་ས་ལ་འགྱུར་བར་ངེས། །ཞེས་སོ། །གཉིས་པ་ནི། རྒྱུ་དང་རྐྱེན་དུ་འབྲེལ་བས་ཁྱད་པར་དུ་བྱས་ནས་སྐྱེ་བའི་ཕྱིར་གསུམ་སྟེ། རྒྱུ་དང་། རྐྱེན་དང་། འབྲེལ་པའོ། །དང་པོ་ལ་གཉིས་ལས། མཚུངས་ལྡན་གྱི་རྒྱུ་ནི། སེམས་ཉིད་ཡེ་ནས་བདེ་བར་གཤེགས་པའི་སྙིང་པོར་གནས་པ་སྟེ། ལམ་རིམ་ལས། སྙིང་པོ་རང་བཞིན་མཚུངས་པ་དང་། །ཞེས་སོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། ཐེག་པ་འོག་མའི་སྐྱོན་ཐོས་པས་སྐྱོ་ཞིང་། གོང་མའི་ཡོན་ཏན་ཐོས་པས་བྲོད་ནས། འདིར་འཇུག་པའི་འདུན་རྩོལ་སྐྱེ་བ་སྟེ། སྔ་མའི་འཕྲོས་ལས། བཤེས་གཉེན་མགོན་ལས་ལུང་གཉིས་ཐོས། །ཡོན་ཏན་མཐོང་དང་སྐྱོན་མཐོང་དང་། །དེའི་སྐྱོ་རྨོངས་བྲོད་དང་བས། །གཉིས་པའི་རྒྱུ་རུ་གསུངས་པ་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལས། དེ་དག་གསང་སོགས་དམིགས་པ་སྟེ། །སྐད་ཅིག་འཕེལ་བ་དེ་མ་ཐག །ཅེས་པས་རྐྱེན་བཞི་ལས། ཆོས་ཉིད་རྟོགས་རུང་གི་བློ་སོ་སོར་རྟོག་པའི་ཤེས་རབ་ཅན་གྱི་སློབ་བུ་དེ་རྒྱུའི་རྐྱེན། ལུང་མན་ངག་དང་ལྡན་པའི་བླ་མ་ནི་བདག་པོའི་རྐྱེན། མཚོན་བྱེད་ཡི་གེའི་རྒྱུད་མན་ངག་དང་བཅས་པ་ནི་དམིགས་པའི་རྐྱེན། ཐོས་བསམ་གྱིས་རྟོགས་པའི་ཤེས་རབ་སྐད་ཅིག་སྔ་མས་གོ་ཕྱེ་ནས་ཕྱི་མའི་རྟོགས་པ་བོགས་ཕྱུང་བ་ནི་དེ་མ་ཐག་རྐྱེན་ནོ། །གསུམ་པ་འབྲེལ་བ་ལའང་བཞི་ལས། ལྷན་ཅིག་བྱེད་རྒྱུ་དང་བཅས་པའི་ལམ་བདེ། མཚུངས་ལྡན་གྱི་རྒྱུ་རང་རིག་དོན་གྱི་བླ་མ་དང་བྱས་པ་དང་མི་རྟག་པ་ལྟར་ངོ་བོ་ཉིད་ཀྱིས་འབྲེལ། བདག་རྐྱེན་རྟགས་ཀྱི་བླ་མ་དང་གསེར་སྣོད་དང་སེང་གེའི་འོ་མ་ལྟར་སྣོད་བཅུད་དུ་འབྲེལ། དམིགས་རྐྱེན་བསྟན་བྱའི་ཆོས་མ་ཧཱ་ཡོ་ག་དང་མེ་དང་དུ་བ་ལྟར་ཤེས་བྱ་ཤེས་བྱེད་དུ་འབྲེལ། དེ་སྟོན་པ་པོ་རྒྱལ་བ་དྲུག་པ་དང་ཉི་མ་དང་གླིང་བཞི་ལྟར་ལས་དང་ཐུགས་རྗེར་འབྲེལ་བ་སྟེ། དེ་ཉིད་ལས། བཤེས་གཉེན་རྣམས་དག་ངོ་བོས་འབྲེལ། །དེ་ལྟར་བྱ་བྱེད་སྣོད་བཅུད་དུ། །ཆེན་པོའི་ལུང་དང་འབྲེལ་བ་དང་། །མགོན་དང་བྱ་བྱེད་ཐུགས་རྗེར་འབྲེལ། །ཞེས་སོ། །དེ་ལྟར་སེམས་སྐྱེ་བ་ལ་རྒྱུ་རྐྱེན་དྲུག་དང་ལྡན་པ་དགོས་ན། ལམ་རིམས་བཞི་ནས་སེམས་བསྐྱེད་པ་ཉམས་ཏེ། རང་རྒྱལ་ལ་བླ་མ་མེད་པས་སེམས་སྐྱེར་མི་བཏུབ་པར་འགྱུར་རོ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་བསེ་རུའམ་ནེ་ཙོ་ལྟ་བུ་རིགས་མཐུན་པའི་གྲོགས་པོར་བསྟན་ནས་དོན་བྱེད་པའི་ཕྱིར་སྐྱོན་མེད་དེ། འདི་ཉིད་ལས། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །ཞེས་དང་། རྣམ་སྣང་སྒྱུ་དྲྭ་ལས། རང་རྒྱལ་རྣམས་ལ་གྲོགས་པོའི་གཟུགས། །བསྟན་ནས་ཐེག་ཆེན་དམིགས་ལ་འཛུད། །ཅེས་དང་། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་ལས། གང་དག་རང་སངས་རྒྱས་ཀྱི་གཟུགས་ཀྱིས་གདུལ་བར་བྱ་བ་དེ་དག་ལ་ནི་རང་སངས་རྒྱས་ཀྱི་གཟུགས་སུ་འདུག་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ཆོས་བརྡས་ཡང་དག་པ་སྟོན་ཏོ། །ཞེས་གསུངས་པས་གསལ་ལོ། །གསུམ་པ་སྐྱེ་ཚུལ་ནི། ཉང་ཊཱིཀ་དང་གླན་ཊཱིཀ་པ་སོགས་རྣམ་གྲངས་བརྒྱད་དུ་བཞེད་དོ། །མོས་པ་ཐ་དད་པ་ལ་ལྟོས་ཏེ་ཐབས་གྲོལ་གཉིས་སུ་དང་། བློ་ཆེ་ཆུང་ལ་ལྟོས་ཏེ་རིམ་ཅིག་ཅར་གཉིས་སུ་དང་། རིམ་པ་འདོར་མི་འདོར་ལ་ལྟོས་ཏེ་ཐོད་རྒལ་དང་མཐར་ཆགས་གཉིས་སུ་དང་། ཞེན་པ་དག་མ་དག་ལ་ལྟོས་ཏེ་ཟག་བཅས་ཟག་མེད་གཉིས་སུ་དང་། མཚན་མ་ཆེ་ཆུང་ལ་ལྟོས་ཏེ་ལྷ་དང་མི་རྟོག་པ་བསྒོམ་པ་གཉིས་སུ་དང་། གདུལ་བྱ་དྲག་གཞན་ལ་ལྟོས་ཏེ་ཞི་བ་དང་ཁྲོ་བོ་གཉིས་སུ་དང་། རང་སྟོབས་དང་གཞན་སྟོབས་ལ་ལྟོས་ཏེ་ཤེས་རབ་དང་གདམས་ངག་གཉིས་སུ་དང་། ཏིང་ངེ་འཛིན་གསལ་མི་གསལ་ལ་ལྟོས་ཏེ་མོས་བསྒོམ་དང་ངེས་རྫོགས་བསྒོམ་པའི་ཚུལ་གཉིས་སུ་སེམས་སྐྱེའོ་ཞེས་བཞེད་ནའང་། འདིར་ནི། ལམ་གྱི་རྩ་བ་ཐབས་གྲོལ་གཉིས་ཏེ། དེ་གཉིས་ཀ་སྐྱེ་ཚུལ་དབང་པོ་ལ་ལྟོས་ཏེ་རིམ་དང་ཅིག་ཅར་དུ་འཇུག་པས་སྐྱེ་བའི་ཕྱིར། རིམ་ཅིག་ཅར་གཉིས་སུ་འཆད་དེ་ཞེས་གསང་བདག་ཆེན་པོ་སྒྲོ་ཕུག་པ་དང་། རྗེ་དྲི་ངས་པ་སོགས་བཞེད་པ་ཉིད་ལེགས་པར་སྣང་བས་དེ་བཞིན་དུ་འཆད་དོ། །དེ་ལ་དབྱེ་བ་དང་སྒྲུབ་བྱེད་གཉིས། དང་པོ་ནི། རང་བཞིན་གྱི་དབང་རྣོན་དང་། སྦྱངས་པའི་དབང་རྣོན་གཉིས་རེ་རེ་ལའང་བློ་ཆེ་ཆུང་གི་སྒོ་ནས་རིམ་འཇུག་དང་ཅིག་ཅར་དུ་འཇུག་པ་གཉིས་རེའི་ཚུལ་གྱིས་འཇུག་སྟེ། ལམ་རིམ་ལས། དེ་ཡང་རང་བཞིན་སྦྱངས་པ་ཡིས། །སྣོད་དུ་གྱུར་པས་ཉེ་རིང་ཕྱིར། །རིམ་དང་ཅིག་ཅར་བཞི་ཆ་ཡིས། །ཕྱེ་བས་རྣལ་འབྱོར་ཆེན་པོར་འཇུག །ཅེས་པ་ལྟར་བཞི་ལས། སྦྱངས་པའི་དབང་རྣོན་རིམ་གྱིས་པ་ནི། ཚེ་སྔ་མ་ཕན་ཆད་ཐུན་མོང་གི་ཐེག་པ་ལ་ཡུན་རིང་སྦྱངས་ཤིང་། འདིའི་ཚེ་སྟོད་ལའང་ལམ་སྟེགས་ཀྱི་ཐེག་པར་སྦྱངས་པ་ཞིག་མ་ཧཱའི་ཐེག་པར་འཇུག་པའོ། །སྦྱངས་རྣོ་ཅིག་ཅར་བ་ནི། སྔ་མ་སྦྱངས་པར་མཐུན་ཞིང་། ཚེ་འདི་ལ་ཐོག་མ་རང་ནས་མ་ཧཱར་འཇུག་པའོ། །རང་བཞིན་གྱི་དབང་རྣོན་རིམ་གྱིས་པ་ནི། ཚེ་སྔ་མ་ཕན་ཆད་མ་སྦྱངས་ཤིང་། འདིའི་ཚེ་སྟོད་ལ་ལམ་སྟེགས་ཙམ་དུ་རེ་ཞིག་འོག་མ་ལ་སྦྱངས་པའི་མཐར་མ་ཧཱར་འཇུག་པའོ། །རང་རྣོ་ཅིག་ཅར་བ་ནི། སྔ་མ་ལའང་མ་སྦྱངས་ཤིང་། ཚེ་འདིའི་ཡང་ཐོག་མ་ནས་མ་ཧཱ་ཉིད་དུ་འཇུག་པའོ། །གཉིས་པ་ལ། སྦྱངས་རྣོ་དང་། རང་རྣོ་སྒྲུབ་པའོ། །དང་པོ་ནི། ལམ་རིམ་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་པའི། །ཤེས་རབ་མི་ལྡན་འདིར་འཇུག་ཕྱིར། །རིང་བའང་རིམ་དང་ཅིར་ཅར་བའོ། །ཞེས་སོགས་མདོ་སྔགས་གཉིས་ཀའི་ཐུན་མོང་གི་ལུང་རིགས་དུ་མས་གྲུབ་པ་ཉིད་དོ། །གཉིས་པ་ལ། རང་རྣོ་མེད་ན་སྐྱོན་དུ་འགྱུར་པས་ཡོད་པར་བསྒྲུབ། དེ་སྒྲུབ་པའི་རིག་པ་དངོས་བཤད་རྒྱུད་འདི་རང་རྣོའི་སྤྱོད་ཡུལ་མིན་པར་འདོད་པ་དགག་པའོ། །དང་པོ་ནི། ཁ་ཅིག་ན་རེ། དབང་རྣོན་ཡིན་ན་སྦྱངས་རྣོ་ཡིན་པས་ཁྱབ་ཀྱི། རང་བཞིན་གྱི་དབང་རྣོན་གཞི་མ་གྲུབ་བོ་ཟེར། དེ་ལྟར་ན། འཇིག་རྟེན་ཕལ་བའི་སེམས་བརྒྱད་ཀྱང་སྐྱེ་མི་རིགས་པར་ཐལ། དབང་རྣོན་ཡིན་ན་སྦྱངས་རྣོ་ཡིན་པས་ཁྱབ་པ་གང་ཞིག །འཇིག་རྟེན་ཕལ་པའི་སེམས་བརྒྱད་ལས་ལྟ་བའི་ལམ་སྡེ་སྣོད་ནས་མ་བཤད་པས། དེའི་སྔོན་ན་སྦྱང་དུ་མེད་པའི་ཕྱིར་ཏེ། ལམ་རིམ་ལས། མུན་པའི་ཤེས་པའི་ས་དེ་ཉིད། །རང་བཞིན་རྒྱུ་ཡིས་བསྙུང་བར་གནས། །ཕལ་པའི་སེམས་བརྒྱད་མཐར་གནས་ཆེ། །ཞེས་དང་། རང་གནས་རྒྱལ་པོའི་འགྲེལ་པར། ཆོས་ཉིད་ཀྱི་རིགས་པས་མུན་པའི་ས་ནས་སེམས་ཕལ་པ་བརྒྱད་སྐྱེ་སྟེ། ཞེས་བྱའི་ཕྱིར་རོ། །གལ་ཏེ། ཕལ་པའི་སེམས་བརྒྱད་མུན་པའི་ས་ནས་སྐྱེ་བར་འདོད་ན། རང་རྣོ་མེད་པར་འདོད་པ་ཉམས་སོ། །གཞན་ཡང་། དབང་རྣོན་ཡིན་ན་སྦྱངས་རྣོ་ཡིན་པས་ཁྱབ་པའི་ཕྱིར། སྦྱངས་པ་མཉམ་པོ་ལ་རྣོ་རྟུལ་མི་རུང་ངོ་། །འདོད་ན་མངོན་སུམ་གྱིས་གསལ། རྣོ་བ་དེ་ཉིད་སྔ་མ་ལ་སྦྱངས་སམ་ཅི་ཆ་ཟེར་ན། མ་སྦྱངས་སམ་ཡང་ཅི་ཆ་སྟེ། ཅི་ཆ་ཡོད་ཀྱིས་རིགས་པ་མི་བཏུབ་བོ་ཞེས་བླ་མ་བདེ་གཤེགས་ཆེན་པོ་གསུང་ངོ་། །ཡང་ཐེག་པ་ཆེ་ཆུང་དུ་སྣང་བའང་མི་རིགས་ཏེ། སྦྱངས་པ་མཉམ་པོ་ལ་བློ་ཆེ་ཆུང་འོང་བ་མི་རིགས་ལ། བློ་ལ་ཆེ་ཆུང་མེད་ན། ཐེག་པ་ཆེ་ཆུང་མི་སྲིད་དེ། ཐེག་པའི་རིམ་པ་ནི་བློ་ཁྱད་ཀྱིས་ཕྱེ་བ་ཡིན་པའི་ཕྱིར། དེ་ལྟར་ཡང་། དགོངས་འདུས་ལས། ཆེ་ཆུང་རིམ་པའི་བློ་ཡོད་ཕྱིར། །ཐེག་པའི་རིམ་པའང་དེ་བཞིན་ཏེ། །ཞེས་སོ། །གཉིས་པ་ལ། ལུང་། མན་ངག །རིགས་པའི་སྒྲུབ་བྱེད་གསུམ་ལས། ལུང་ནི། དགོངས་འདུས་ལས། རྡོ་རྗེ་སེམས་དཔའི་ཞིང་ཁམས་ན་གནས་པའི་སེམས་ཅན་ཆེན་པོ་འདི་དག་ནི། སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར། ཤིན་ཏུ་ཟབ་པ་དང་། མི་ཟབ་པ་དང་། ཡངས་པ་དང་། དོག་པ་དང་། རྣོ་བ་དང་། རྟུལ་བ་དང་། མྱུར་བ་དང་། བུལ་བ་ཤ་སྟག་ལས། གསང་སྔགས་ཀྱི་གཏམ་རིམ་གྱིས་སམ། ཅིག་ཅར་དུ་ཐོས་ནས། ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། ལྷ་མིའི་སེམས་ཅན་དབང་པོ་མི་མཐུན་པས། །ལ་ལ་དབང་པོ་ཡེ་ནས་ཆིག་ཆོད་ཡོད། །ལ་ལ་སྦྱངས་པའི་དབང་པོ་འཕྲོ་ཅན་ཡོད། །ཞེས་སོ། །མན་ངག་ནི། ལམ་རིམ་ལས། མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། །མཐོ་བསྟན་མྱུར་རྣོ་རྒྱ་ཆེ་ཡང་། །ཟབ་མོ་རྒྱུ་ཡི་གང་ཟག་དེ། །ཞེས་དང་། མཛོད་ལས་ཀྱང་། ཁ་ཅིག་ཐོག་མ་ནས་དེ་རིག །ཁ་ཅིག་སྦྱངས་པ་ལས་གྱུར་པའོ། །ཞེས་སོ། །རིགས་པ་ལ། དགག །གཞག །སྤང་གསུམ། དང་པོ་ནི། ལྷ་རྗེ་མདར་ནག་ན་རེ། སེམས་ཅན་གྱི་ཤེས་རྒྱུད་ཆེན་པོ། །ཁྱོད་ལ་དབང་པོ་རྣོན་པོ་གཞི་ལ་གྲུབ་སྟེ། ཀུན་གཞི་ལ་བག་ཆགས་སྣ་ཚོགས་བསགས་པའི་ཕྱིར་གསུང་། དེ་མི་འཐད་དེ། ཀུན་གཞི་ལ་བག་ཆགས་འཇོག་པ་དེ། རྒྱུ་རྐྱེན་ཐོས་བསམ་གྱིས་སྦྱངས་པ་ལ་ལྟོས་དགོས་པའི་ཕྱིར། རང་བཞིན་གྱི་དམ་བཅའ་ཉམས་སོ། །གཉིས་པ་ནི། གསང་བདག་སྒྲོ་ཕུག་པའི་ཞལ་ནས་སེམས་ཅན་གྱི་ཤེས་རྒྱུད་ཆོས་ཅན། ཁྱོད་ལ་དབང་པོ་རྣོ་རྟུལ་གྲུབ་སྟེ། སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར། ལྕགས་ཀྱི་རྣོ་རྟུལ་བཞིན་ནོ། །གསུངས་ཏེ། སྐྱོན་དང་བྲལ་བའི་སྦྱོར་བའོ། །གསུམ་པ་ནི། ཁ་ཅིག་ན་རེ། གཞི་ལ་རྣོ་རྟུལ་གྲུབ་ན། གཞི་བཟང་ངན་ཅན་དུ་ཐལ་བའི་ཕྱིར་མི་འཐད་དོ་ཟེར་ན། ལན་དུ་རྗེ་ཉེ་སྟོན་དང་། ཟུར་འཁོར་ན་རེ། གཞིའི་ངོ་བོ་བཟང་ངན་ཅན་དུ་ཐལ་ལམ། ལྡོག་པ་བཟང་ངན་ཅན་དུ་ཐལ་ཟེར། དང་པོ་ལྟར་ན། རྣོ་རྟུལ་འཇུག་པའི་བློ་ལ་དཔྱད་པ་ཡིན་པའི་ཕྱིར་ཁྱབ་པ་མེད་དོ། །གཉིས་པ་ལྟར་ན། འདོད་པ་ཉིད་དེ། ལྡོག་པ་བཟང་ངན་ལས་འཁོར་འདས་སྣ་ཚོགས་སུ་ཤར་བའི་ཕྱིར་རོ་གསུང་། ལྷ་རྗེ་གནུབས་གཤིན་ན་རེ། གཞི་བཟང་ངན་ཅན་དུ་མི་འགྲོ་སྟེ། དོན་དམ་པར་དབང་པོ་རྣོ་རྟུལ་གང་དུའང་མ་གྲུབ། ཀུན་རྫོབ་ཏུ་རྣོ་རྟུལ་སྣ་ཚོགས་སུ་མ་འགགས། དབྱེར་མེད་ལ་རྣོ་རྟུལ་ཐ་དད་ཀྱི་ཞེན་པ་ལས་གྲོལ་ལོ་གསུང་། ཡང་ཁ་ཅིག །རང་རྣོ་དེ་རྐྱེན་ཐོས་བསམ་ལ་རག་ལུས་སམ་མ་ལུས། དང་པོ་ལྟར་ན་རང་བཞིན་གྱི་དམ་བཅའ་ཉམས་ལ། གཉིས་པ་ལྟར་ན་འབད་མེད་དུ་གྲོལ་བར་ཐལ་ལོ་ཞེ་ན། དེ་ཚོད་དུ་ལྕགས་ཀྱི་རྣོ་རྟུལ་རྒྱུ་ལ་ཡོད་པ་དེ་རྐྱེན་མགར་བ་ལ་རག་ལུས་སམ་མ་ལུས། ལུས་ན་འདིར་ཡང་ཐོས་བསམ་ལ་རག་ལུས་སོ། །འོ་ན་རང་བཞིན་གྱིས་རྣོ་བ་མ་ཡིན་པར་ཐལ། ཐོས་བསམ་ལ་རག་ལུས་པའི་ཕྱིར་ཟེར་ན། ལྕགས་རང་བཞིན་གྱིས་རྣོ་བ་མ་ཡིན་པར་ཐལ། རྐྱེན་མགར་པ་ལ་རག་ལུས་པའི་ཕྱིར་ཞེས་བསྒྲེའོ། །ཡང་ལྕགས་ཀྱི་རང་རྣོ་དེ་རྐྱེན་མགར་བ་ལ་རག་མ་ལུས་སོ་ཞེ་ན། འདིར་ཡང་རྐྱེན་ཐོས་བསམ་ལ་རག་མ་ལུས་སོ་བྱ། མ་སྦྱངས་པའི་རྒྱུད་དག་སྲིད་པའི་ཕྱིར། འབད་མེད་དུ་གྲོལ་བར་ཐལ་ལོ་ཞེ་ན། དེ་ཙམ་དུ་ལྕགས་རྣོས་ཀྱང་མཚོན་གྱི་བྱ་བ་བྱེད་ནུས་པར་ཐལ། ཞེས་མགོ་མཚུངས་སོ། །དེས་ན་རྐྱེན་མགར་བ་དང་འཕྲད་པ་མཉམ་པོ་ལ་ལྕགས་ལ་རྣོ་རྟུལ་འབྱུང་བ་བཞིན་དུ། འདིར་ཡང་རྐྱེན་ཐོས་བསམ་དང་འཕྲད་པ་མཉམ་པོ་ལ་རྣོ་རྟུལ་གྱི་ཁྱད་པར་འབྱུང་བ་ཉིད་མངོན་སུམ་གྱིས་གྲུབ་བོ། །གསུམ་པ་ནི། ཁ་ཅིག་ན་རེ། གསང་བ་སྙིང་པོའི་རྒྱུད་འདི་སྦྱངས་པའི་དབང་རྣོན་གྱི་ཡུལ་ཡིན་གྱི། རང་བཞིན་གྱི་དབང་རྣོན་གྱི་ཡུལ་མ་ཡིན་ནོ་ཟེར་ན། ལན་དུ་སྒྲོལ་གཡུང་རྣམ་གཉིས་ཀྱི་ཊཱི་ཀར། དེ་རིགས་པ་མ་ཡིན་ཏེ། དེ་ཚོད་དུ་ཟག་མེད་ཀྱི་ཆོས་ཉིད་དེ་མཐོང་ལམ་པའི་ཡུལ་ཡིན་གྱི། མཐར་ལམ་པའི་ཡུལ་མ་ཡིན་ནོ་བྱས་པས། །ཁོ་ན་རེ། མཐོང་ལམ་ལས་མཐར་ལམ་བློ་ཆུང་བར་ཐལ་ཟེར་ན། འོ་ན་སྦྱངས་རྣོ་བས་རང་རྣོ་བློ་ཆུང་བར་ཐལ། རྟགས་ཁྱབ་མགོ་མཚུངས། འདོད་ན། འདིར་ཡང་འདོད་དོ། །ལམ་རིམ་ལས། ཐམས་ཅད་མཁྱེན་པའི་སྤྱན་མཆོག་འཆང་། །ཞེས་པས་གསལ་ལོ་ཟེར་ན། དེ་ཉིད་ལས། མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། །ཞེས་པས་གསལ་ཞེས་མགོ་བསྒྲེའོ་གསུང་། བཞི་པ་སྐྱེས་པ་རང་གི་ངོ་བོ་ནི། སེམས་ལྔ་སྐྱེས་པ་སྟེ། ཁོག་གཞུག་ལས། ངོ་བོ་སེམས་ལྔ་སྐྱེས་པ་དང་། །ཞེས་དང་། དཔེ་ཆུང་ལས། འཇིག་ལྡང་ལ་སོགས་བྱང་སེམས་ལྔ། །ངེས་པར་སྐྱེས་པ་ངོ་བོར་འདོད། །ཅེས་སོ། །དེ་ལ་གཉིས་ཏེ། གྲོལ་ལམ་གྱི་དང་། ཐབས་ལམ་གྱི་སེམས་ལྔའོ། །དང་པོ་ལའང་། སྤྱི་ནས་འདིར་སྐྱེ་ཚུལ་བརྩི་བ་དང་། འདི་ཉིད་ཀྱི་ལམ་གོང་འོག་ལ་བརྩི་བ་གཉིས། དང་པོ་ནི། རང་བཞིན་གྱི་མུན་པ་ཅན་སོ་སོ་སྐྱེ་བོ་དང་། ཆེད་དུ་བྱས་པའི་མུན་པ་ཅན་མུ་སྟེགས་པ་སོགས་ཐེག་པ་འོག་མ་རྣམས་ཀྱི་ཞེ་འདོད་ལས་གྲོལ་ནས་མ་ཧཱ་ཡོ་གར་སེམས་གཡོ་བ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས། གཞི་དེས་མ་ཧཱའི་དོན་ཁོང་དུ་ཆུད་པར་སྨོན་པ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས། དེའི་དོན་ལ་འཇུག་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས། ཞུགས་ནས་དབྱེར་མེད་ཀྱི་དོན་ཉམས་སུ་ལེན་པའི་རྩོལ་བ་ལ་གནས་པ་ནི་གནས་པ་བྱང་ཆུབ་ཀྱི་སེམས། གནས་པས་ལམ་ལྔ་མཐར་ཕྱིན་པ་ནི་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སོ། །དེའང་ལམ་རིམ་ལས། དེ་ཇི་བཞིན་དུ་གཉིས་དང་བཞིས། །མཆོག་གི་གཡོ་བའི་སེམས་འབྱུང་འགྱུར། །གཞི་ངེས་ཁོང་དུ་ཆུད་སྨོན་པས། །ལྷག་པའི་གཟུགས་བརྙན་འཇུག་པར་བྱེད། །མཆོག་གི་དམ་ཚིག་དེ་རུ་བྱིན། །རིགས་ངེས་གྱུར་ལ་ཕན་པ་བཅུ། །ནུས་པ་གཉིས་ཀྱིས་བྱིན་རླབས་བཞག །རང་གི་སྤྱན་མཆོག་འབྱེད་ལ་བརྩོན། །རྒྱུ་ཡི་དཀྱིལ་འཁོར་མཐོང་བྱའི་ཕྱིར། །ཐོས་བསམ་དམ་པ་ལེན་པར་བྱེད། །ཅེས་དང་། རང་གནས་ཀྱི་འགྲེལ་པ་ལས། རྒྱུ་རྐྱེན་ཐུན་མོང་མ་ཡིན་པ་དྲུག་གིས་སྔ་མའི་ལོག་པ་གཉིས་ཀྱི་ཤེས་པའི་གཞི་ནས་ཐེག་པ་མཆོག་ལ་འཇུག་པའི་སེམས་ཡར་རྩྭ་མེ་ལྟར་ལྡང་ཞིང་གཡོ་བ་དང་། རྒྱུ་དེས་སྨོན་པ་གསུམ་སྐྱེ་བ་དང་། དེས་སྒྱུ་འཕྲུལ་རི་མོའི་དཀྱིལ་འཁོར་དུ་ཞུགས་ཏེ། དམ་ཚིག་བྱིན་ནས་རིགས་བསྟན་པ་ལ། བདག་དོན་གྱི་ནུས་དབང་གཉིས་ཡན་ཆད་བྱིན་ཏེ། ཤེས་བྱའི་མཚན་ཉིད་འཚོལ་བའི་རྒྱུ་མཉན་བསམ་ལ་གནས་ཏེ། གླེང་གཞི་དང་། གླེང་བསླང་བ་དང་། དགོས་འབྲེལ་དང་། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། གཏད་པའི་དབྱེ་བའི་རྐྱེན་སྡུད་ཅིང་། སྤྱོད་ཡུལ་དུ་བྱེད་པ་ནི་གནས་པ་དང་པོའོ། །དེ་ལ་ཚད་དུ་ཕྱིན་པ་ལ། བཅོ་ལྔའམ་བཅོ་བརྒྱད་བྱིན་ཏེ། བདག་གཞན་གཉིས་ཀའི་དོན་སྤྱོད་པ་ནི། ཤེས་པ་ཚད་དུ་ཕྱིན་པའི་བར་མན་ཆད་དེ། དེ་ཡང་གནས་པའི་སེམས་ལ་གཉིས། མཐོང་བ་ལ་གནས་པ་དང་། འཇུག་པ་ལྔ་ལ་གནས་པའོ། །མཐར་ཕྱིན་པའི་སེམས་ནི། སྐབས་ཀྱི་མཐར་ཕྱིན་པ་དང་། སྤྱིའི་མཐར་ཕྱིན་པའི་ལམ་གསུམ་མོ། །དེ་དག་ནི་རིམ་པའི་དབང་དུ་བརྗོད་དེ། །ཞེས་སོ། །གཉིས་པ་ལ། ལམ་སྤྱིར་བརྩི་བ། ཟག་བཅས་ཁོ་ན་ལ་བརྩི་བ། ལམ་རེ་རེ་ལའང་སེམས་ལྔའི་ལྡན་ཚུལ་བརྩི་བའོ། །དང་པོ་ནི། སྤྱན་འགྲེལ་ལས། དང་པོ་གཡོ་ལྡང་བྱང་ཆུབ་སེམས། །གཉིས་པ་སྨོན་པ་གསུམ་འཇུག་སེམས། །གནས་པ་མཐར་ཕྱིན་བཞི་ལྔ་པ། །ཞེས་པས། ལྟ་བ་རྟོགས་ནས། དེ་ཏིང་ལ་སེམས་གཡོ་ཞིང་ལྡང་། དེ་ནས་སྒྱུ་མ་ལ་སྨོན། དེ་ཕྱག་རྒྱ་གཅིག་པ་ལ་འཇུག །སྤྲོས་བཅས་དང་ཚོགས་སྒྲུབ་ལ་གནས། རིག་འཛིན་བཞི་ལ་མཐར་ཕྱིན་པའོ། །གཉིས་པ་ནི། དེ་ལས། གསུམ་མཐོང་གནས་པ་བཞི་དང་ལྡན། །ལྔ་པ་ལྔ་པ་ཉིད་དུ་སྦྱོར། །ཞེས་པས་ལྟ་བ་ལ་གཡོ་སྨོན་འཇུག་གསུམ་དང་། དེ་ཏིང་ནས་སྤྲོས་པའི་བར་བཞི་ལ་གནས་པ། ཚོགས་སྒྲུབ་ལ་མཐར་ཕྱིན་པའོ། །གསུམ་པ་ནི། དེ་ལས། ཡང་ན་རྣལ་འབྱོར་གཅིག་ལྔར་ལྡན། །ཞེས་པས། ལམ་རེ་རེ་ལ་སེམས་ལྔ་ལྔའི་ལྡན་ཚུལ་བརྩི་སྟེ། གོ་སླའོ། །གཉིས་པ་ཐབས་ལམ་གྱི་སེམས་ལྔ་ནི། ཁམས་ཉེར་གཅིག་པ་ལས། འཇིག་དང་ལྡང་དང་གནས་པ་དང་། །སྨོན་པ་བྱང་ཆུབ་སེམས་ཡིན་ནོ། །གཡོ་དང་བསྐྱོད་དང་ལྡང་དང་གནས། །ཞེས་སོ། །དེ་ཡང་ལམ་པས་ཐབས་ལམ་ཉམས་སུ་ལེན་པའི་དུས་སུ། རྩ་གནས་ནས་ཐིག་ལེ་མགོ་གཡོས་ཙམ་ན་བདེ་བ་མགོ་ལྡང་བའི་ཚུལ་དུ་འདུག་པ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །བདེ་བ་སྔ་མ་འཇིག་ཅིང་ཕྱི་མ་ལ་འཇུག་པ་ནི་འཇིག་འཇུག་བྱང་ཆུབ་ཀྱི་སེམས་སོ། །ལུས་ཀྱི་རྩ་ཐིག་རྣམས་རང་སར་གནས་པས་བདེ་བའང་སྐྱེས་ལ་མ་འགགས་པར་གནས་པ་ནི་གནས་པ་བྱང་ཆུབ་ཀྱི་སེམས་སོ། །སྔ་མའི་བདེ་བ་ལ་དམིགས་ཤིང་ཕྱི་མའི་བདེ་བ་ལ་སྨོན་པ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །ཐིག་ལེ་དབབ་བཟློག་གི་སྦྱོར་བས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨའི་རྩེར་འགྲོ་འོང་དུ་གནས་པ་ནི་འགྲོ་འོང་བྱང་ཆུབ་ཀྱི་སེམས་སོ། །འདིར་ཁ་ཅིག །ལམ་གྱི་ངོ་བོ་སེམས་ལྔ་ཡིན་ན། ལམ་པ་གང་གིས་བྱེད་ཅེས་རྒོལ་ན། ལན་ནི། སེམས་ལྔ་སྐྱེ་བའི་གཞི་མའི་ངོས་ནས་ལམ་པ་ཡིན་ལ། སྐྱེས་པ་རང་གི་ངོས་ནས་ལམ་གྱི་ངོ་བོ་ཡིན་པས་སྐྱོན་མེད་དོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །གསུམ་པ་སྒྲ་དོན་ནི། ངོ་བོ་དང་ལྟོས་པའི་ཐུན་མོང་གི་ལམ་པ་རྣམས་ཀྱིས་སྤྱད་བྱར་མ་གྱུར་པའི་ཕྱིར་ཁྱད་པར་གྱི་ལམ་ཞེས་བྱ་སྟེ། རྒྱུད་ཕྱི་མ་ལས། རྣལ་འབྱོར་སྤྱོད་ཡུལ་སྙིང་པོའི་དོན། །ཉན་ཐོས་རྣམས་ལ་མ་བཤད་ཅིང་། །རབ་ཏུ་མཆོག་གྱུར་དགེ་སློང་ལའང་། །གསང་ལས་ཤིན་ཏུ་གསང་བ་མཆོག །ཅེས་སོ། །བཞི་པ་དབྱེ་བ་ལ། དངོས་དང་། འབྱེད་བྱེད་ཀྱི་ཁྱད་པར་རོ། །དང་པོ་ནི། ཁོག་གཞུང་ལས། ཐུན་མོང་མ་ཡིན་རྣམ་གཉིས་ཏེ། །ཞེས་པས་གཉིས་སུ་དབྱེའོ། །གཉིས་གང་ཞེ་ན། ཤེས་རབ་རྣམ་པར་གྲོལ་བའི་ལམ་དང་། ཐབས་ཀྱིས་ངེས་པའི་ལམ་སྟེ། རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་སོ། །གཉིས་པ་ལ། དགག །གཞག །སྤང་གསུམ། དང་པོ་ནི། ཉང་ཇོ་མདོ་ན་རེ། དབང་དང་བདེ་བ་སྟོན་པ་ཐབས་ལམ། ཤེས་རབ་གསུམ་གྱི་སྒོ་ནས་ཉམས་སུ་ལེན་པ་གྲོལ་ལམ་མོ་གསུང་། བླ་མ་གོང་མ་ཕལ་ཆེར། ཐབས་ཀྱི་མན་ངག་དང་ལྡན་པས་ཉོན་མོངས་པ་ལ་སྤྱད་ཀྱང་མི་འཆིང་ཞིང་གྲོལ་བར་སྟོན་པས་ཐབས་ལམ། ཆོས་ཉིད་ཀྱི་དོན་ལ་ཤེས་རབ་གསུམ་གྱིས་སྦྱོར་བ་ནི་གྲོལ་ལམ་མོ་གསུང་། བཞེད་པ་དེ་གཉིས་ལ་ལེགས་པར་མི་སེམས་ཏེ། དང་པོ་ལྟར་ན། དབང་དང་བདེ་བ་མི་སྟོན་པའི་ཕྱིར། མངོན་དུ་བྱུང་བའི་སྒྲོལ་བ་འདི་ཐབས་ལམ་མ་ཡིན་པར་ཐལ། འདོད་ན། ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཞེས་ཐབས་ལམ་དུ་གསུངས་པ་དང་འགལ་ལོ། །གཉིས་པ་ལྟར་ན། ཉོན་མོངས་པ་མ་སྤངས་པར་གྲོལ་བའི་ཐབས་སུ་སྟོན་པའི་ཕྱིར། གསང་སྔགས་མཐའ་དག་ཐབས་ལམ་དུ་ཐལ། འདོད་ན། གསང་སྔགས་ལ་གྲོལ་ལམ་གཏན་མེད་དུ་ཐལ་ལོ། །འདོད་མི་ནུས་ཏེ། རིམ་གསུམ་ལས། དབུ་མ་རྣམ་པ་གཉིས་ཡིན་ཏེ། །གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་པ་དང་འགལ་བའི་ཕྱིར། གཉིས་པ་ནི། གཙོ་བོར་ཤེས་རབ་གསུམ་གྱི་སྒོ་ནས་ཤེས་འཇུག་གི་འཆིང་བ་ལས་གྲོལ་བས་འབྲས་བུ་གྲུབ་པར་བྱེད་པ་ནི་གྲོལ་ལམ་སྟེ། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་སོ། །གཙོ་བོར་ཐབས་དང་གདམས་ངག་གི་སྒོ་ནས་འཆིང་བ་ལ་བརྟུལ་ཞུགས་ཀྱིས་སྤྱད་པས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་ནི་ཐབས་ལམ་སྟེ། ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་དང་། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །གཞན་ཡང་ལམ་དེ་གཉིས་དཔེས་མཚོན་ནས་བཤད་ན་བདེ་བླག་ཏུ་གོ་བར་འགྱུར་ཏེ། མཀྵི་ཀའི་སྦྱོར་བས་ལྕགས་ཁམས་གསེར་དུ་བསྒྱུར་བ་བཞིན་ཐབས་ལ་མཁས་པའི་མྱུར་ལམ་ཡིན་པས་ཐབས་ལམ་དང་། དེ་ལ་མ་བརྟེན་པར་གསེར་འགྱུར་གྱི་ཐབས་གཞན་མེད་པའང་མ་ཡིན་ཏེ། རིན་པོ་ཆེ་ཀསྟུ་བྷ་དང་ལྷན་ཅིག་ཏུ་བཞག་པའི་རྡོའི་ཁམས་གསེར་དུ་འགྱུར་བ་ཉིད་གྲོལ་ལམ་གྱི་དཔེའོ་ཞེས་བཞེད་དོ། །གསུམ་པ་ནི། དེ་ལྟ་ནའང་གྲོལ་ལམ་ལ་ཐབས་དང་གདམས་ངག་མི་དགོས་ཤིང་། ཐབས་ལམ་ལ་ཤེས་རབ་གསུམ་མི་དགོས་པར་ཐལ་ཞེ་ན། རྣམ་པར་ཕྱེ་སྟེ། གཙོ་བོར་མི་དགོས་པ་འདོད་ལ། ཐམས་ཅད་དུ་མི་དགོས་པས་མ་ཁྱབ་སྟེ། རྗེ་དྲི་ངས་པ་ཉེ་སྟོན་གྱི་གེགས་སེལ་སྒྲོན་མེ་ལས། ལམ་དེ་གཉིས་མགོ་འབྲེལ་ལམ་ལྟག་ཤལ་ན། མགོ་འབྲེལ་ཏེ་གཅིག་གི་ཆ་རྐྱེན་དུ་གཅིག་དགོས་སོ། །འོ་ན་གཉིས་སུ་ཕྱེ་བ་ལ་དགོས་པ་མེད་དོ་ཞེ་ན། དགོས་པ་ཡོད་དེ། གཙོ་བོར་གང་བྱས་ན་འབྲས་བུ་ཐོབ་པའི་སྒོ་ནས་བཞག་གོ། །ཞེས་སོ། །སྔར་གྱི་དཔེའང་དོན་དང་ཤིན་ཏུ་མཚུངས་ཏེ། གང་དག་གྲོལ་ལམ་དུ་ཤེས་རབ་གསུམ་གཙོ་བོར་བསྟེན་ཏེ་མཉམ་པའི་ལྟ་བ་ལས་སུ་རུང་བ་ལས་ཐབས་ལམ་དུ་རྨད་དུ་བྱུང་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་དང་དུ་བླངས་ཏེ་མཉམ་པའི་ལྟ་བ་ལས་སུ་རུང་བ་ཅེས་མྱུར་བར་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་དུ་གསུངས་ལ། རྒྱུ་མཚན་དེས། མཀྵིའི་དཔེ་དང་། ཀསྟུ་བྷའི་དཔེས་བསྟན་པ་གཉིས་འབྲས་བུ་གསེར་དུ་གཅིག་ཀྱང་། མྱུར་བུལ་གྱི་ཁྱད་པར་ཡོད་པ་བཞིན་ནོ། །ལྔ་པ་ལམ་གྱི་ངོ་བོ་ཐབས་གྲོལ་གཉིས་གཏན་ལ་དབབ་པ་ནི། རྒྱུད་ཕྱི་མ་ལས། གང་གིས་བརྗོད་བྱ་འཆད་བྱེད་པ། །དེ་ནི་རྗོད་བྱེད་དུ་བཤད་དོ། །ཞེས་པས། བརྗོད་བྱ་འཆད་བྱེད་རྗོད་བྱེད་ཡིན་པའི་ཕྱིར། འོག་ཏུ་ལམ་རྐྱེན་ཡི་གེའི་རྒྱུད་འཆད་པ་ལས་རྒྱ་ཆེར་ཤེས་པར་འགྱུར་བས་འདིར་མ་སྤྲོས་སོ། །དྲུག་པ་ནི། ཐབས་ལམ་གྱི་སྔོན་དུ་གྲོལ་ལམ་འགྲོ་དགོས་པ་ཡིན་ཏེ། བརྟགས་པ་གཉིས་ཀྱི་གཞི་ནས་མ་ཧཱར་འཇུག་པའི་ཉེར་བསྡོགས་སུ་གཡོ་ལྡང་དང་། སྨོན་སེམས་འགྲོར་ངེས་པས་ཁྱབ་པ་གང་ཞིག །ཐབས་ལམ་གྱི་སེམས་བསྐྱེད་ཐོག་མ་ནས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་ལ་དགོངས་ཏེ་ཐུགས་ཐིག་ལས། ལམ་གྱི་ཤེས་རབ་སྔོན་འགྲོ་བ། །ཐབས་ལ་དེ་ཉིད་རིམ་པར་བསླབ། །ཅེས་པ་ལྟར་འདིར་ཡང་རིམ་པ་དེ་ལྟར་དུ་བཤད་ཅིང་འཆད་དོ། །བླ་མ་གོང་མ་ཕལ་ཆེར། ཐབས་ལམ་སྔོན་ལ་འཆད་པར་མཛད་པ་ནི་བརྗོད་བྱ་ཉུང་བའི་དབང་གིས་འཆད་བདེ་བ་ལ་དགོངས་པ་སྟེ། འགལ་བར་མ་མཐོང་ངོ་། །གཉིས་པ་ལམ་རྐྱེན་ཡི་གེའི་རྒྱུད་ནི། འདི་ལྟར་གང་བརྗོད་པར་བྱ་བ་ཉིད་རྗོད་བྱེད་ཀྱི་ངག་གིས་མ་བརྗོད་ན། བརྗོད་བྱའི་དོན་མཚོན་པར་མི་ནུས་པའི་ཕྱིར། རྒྱུད་དོན་རྟོགས་པར་འདོད་པས་སྒྲ་རྒྱུད་ལ་འཇུག་པར་བྱ་དགོས་པ་ཉིད་དོ། །དེ་ཡང་མཚོན་ཚུལ་གང་ཞེ་ན། འདི་ཉིད་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་གསུངས་པས། དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་ཅན་གྱི་ཡི་གེ་དུ་མ་འདུས་པ་ལས། ཀ་བ་དང་བུམ་པ་ཞེས་སོགས་ཆོས་རྣམས་ཀྱི་ངོ་བོ་ཙམ་བསྟན་པའི་མིང་དང་། མིང་དེ་དག་འདུས་པ་ལས། ཙནྡན་གྱི་ཀ་བ་དང་། གསེར་གྱི་བུམ་པ་ཞེས་སོགས་ཆོས་རྣམས་ཀྱི་དོན་གྱི་ཁྱད་པར་སྟོན་པའི་ཚིག་དང་། དེ་འདུས་པ་ལས། ཚིགས་སུ་བཅད་པ་དང་། ལྷུག་པ་དང་། ལེའུ་དང་། སྐབས་ལ་སོགས་པའི་རིམ་པས་གླེགས་བམ་གྱི་བར་དུ་རྒྱུན་ཆགས་པར་བྱུང་སྟེ་རྗོད་བྱེད་སྒྲའི་རྒྱུད་གྲུབ་ཅིང་། དེས་བརྗོད་བྱའི་དོན་ཇི་ལྟར་མཚོན་ནུས་པ་ནི། ལོ་ཙཱ་བ་ཆེན་པོ་ཐུ་མིས། ཡི་གེའི་ཁོང་ནས་མིང་བྱུང་སྟེ། །མིང་གི་ཁོང་ནས་ཚིག་བྱུང་ལ། །ཚིག་གིས་དོན་རྣམས་སྟོན་བྱེད་པ། །ཞེས་ཚིག་ཚོགས་པ་ལས། དཔེར་ན་ཙནྡན་གྱི་ཀ་བས་བཏེག་པའི་རྟ་བབས་ལ་གསེར་གྱི་བུམ་པ་བཟང་པོ་དག་འགོད་དོ། །ཞེས་བརྗོད་བྱའི་དོན་གང་ཡིན་གསལ་བར་སྟོན་པ་ལྟར། འདིར་ཡང་། མཚོན་བྱ་རང་བཞིན་གྱི་རྒྱུད་ཀྱི་དོན་མཚོན་བྱེད་སྒྲ་རྒྱུད་ཀྱིས་མཚོན་ནུས་པ་སྟེ། ཁོག་གཞུང་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །སྒྲོ་སྐུར་མེད་པར་བསྟན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་དང་། རིམ་གསུམ་ལས། ཚིག་དང་ཡི་གེའི་རྐྱེན་གཉིས་ལས། །བརྟེན་ནས་རྟོགས་པར་བྱེད་པ་ཡིན། །ཞེས་སོ། །ཅིའི་ཕྱིར། གཞན་ལ་རག་མ་ལུས་པར་གཞུང་ཚོགས་ཡི་གེའི་རྒྱུད་ཁོ་ནས་རང་བཞིན་གྱི་རྒྱུད་དོན་ཇི་ལྟ་བ་བཞིན་སྟོན་པར་ནུས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདི་ཉིད་ཀྱི་ལུང་དེའི་འཕྲོས་ལས། ཁོང་ནས་གབ་སྤས་དོན་འབྱིན་པ། །སྟོན་པ་རྡོ་རྗེ་ཐུགས་ལ་གནས། །ཞེས་གསུངས་པའི་ཕྱིར། དེའི་དོན་ཡང་། སློབ་དཔོན་སྒེག་པ་རྡོ་རྗེའི་ཊཱི་ཀར། སྔོན་བྱུང་དང་རྗེས་འཇུག་གི་སྟོན་པ་གཉིས་ཀྱིས་ཇི་ལྟར་འབྱིན་པའི་ཚུལ་གསུངས་ནའང་། འདིར་སྐབས་སུ་བབས་པ་རྗེས་འཇུག་གི་དབང་དུ་བྱས་ཏེ། གོང་དུ་སྨོས་པའི་སྐྱོན་བཞིའི་ནང་ཚན་བདག་རྐྱེན་རྡོ་རྗེ་སློབ་དཔོན་གྱིས། རང་བཞིན་གྱི་རྒྱུད་གདུལ་བྱའི་རྒྱུད་ལ་གབ་པ་དེ་ངོ་སྤྲད་པའི་ཐབས་ཀྱིས་འབྱིན་ཅིང་། ལམ་རྐྱེན་ཡི་གེའི་རྒྱུད་དུ་སྦས་པའི་དོན་རྣམས་འཁྲུགས་སྡེབས་མངོན་དུ་བྱུང་བའི་ཚུལ་གྱིས་འབྱིན་པར་མཛད་པ་སྟེ། བི་མ་ལའི་འགྲེལ་ཆུང་ལས། ཀུན་གྱི་ཁོང་ན་གནས་པའི་དོན་དེ་གསང་བ་འདི་ལས་འབྱིན་མཛད་པའི། །ཐེག་པ་ཀུན་ལ་མཁས་པའི་སྟོན་པའི་ཐུགས་ལ་གནས། །ཞེས་དང་། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ཀྱང་། སློབ་དཔོན་གྱི་ཚིག་གིས་རབ་ཏུ་མཚོན་ཏེ། རྒྱུད་ཀྱི་ཁོང་ནས་ཚིག་དོན་གྱི་གབ་པ་དང་། དོན་ཚིག་ལ་སོགས་པ་སྦས་པའི་དོན་འབྱིན་པར་བྱེད། ཅེས་སོ། །མདོར་ན་འཆད་པ་པོ་རྡོ་རྗེ་སློབ་དཔོན་གྱིས། འཆད་བྱ་སྒྲ་རྒྱུད་ལ་བསྟེན་ཏེ། དེའི་ཁོང་ནས་གནས་པའི་རྒྱུད་དོན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་དགོས་པའི་ཕྱིར། འདི་དག་ནི་རྒྱུད་ལ་འཇུག་པའི་མཐུན་རྐྱེན་གྱི་གཙོ་བོ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མཚོན་བྱེད་ཡི་གེའི་རྒྱུད་ཉིད། བརྒྱུད་པའི་མན་ངག་གི་བཤད་ཐབས་གང་གིས། ཚུལ་ཇི་ལྟར་འཆད་ཅེ་ན། བཤད་ཐབས་ཀྱི་མན་ངག་ནི་སྔར་རྒྱ་ཆེར་བཤད་གྲུབ་ལ། དེས་ཇི་ལྟར་འཆད་པ་ལ། རྒྱུད་ཀྱི་མཚན་བསྟན་པ་དང་། མཚན་དེ་ལྡན་གྱི་རྒྱུད་དོན་ནོ། །དང་པོ་ནི། ཐུགས་ཐིག་ལས། དང་པོར་མཚོན་པ་མཚན་གསུམ་ལྡན། །ཞེས་དང་། ཁོག་གཞུང་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་པ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པས་མཚན་གྱི་རྣམ་གྲངས་གསུམ་སྟེ། རྒྱུད་དང་འཆད་པའི་སྐྱེས་བུའི་མཚན་ཐུན་མོང་དུ་བསྟན་པ་དང་། ཆེ་བ་ལས་བཏགས་པ་དང་། དོན་རང་གི་ངོ་བོ་ལས་བཏགས་པའོ། །དང་པོ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟེ། རྡོ་རྗེ་མེ་ལོང་ལས། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ། །ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་པས། རྡོ་རྗེ་ནི་དབྱེར་མི་ཕྱེད་པའི་རང་བཞིན་ཅན། སེམས་དཔའ་ནི། སཏྭའི་སྒྲ་སྤྱིར་དོན་དྲུག་ལ་འཇུག་ཀྱང་། སྐབས་འདིར་བསྟན་པ་དང་། བསྡུས་པ་དང་། རྟོགས་པ་གསུམ་ལ་འཇུག་ཅེས་རོང་ཟོམ་ཆེན་པོ་གསུངས་པ་ལྟར། རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་དེ་ཉིད། རྡོ་རྗེ་ལྟར་བརྟན་པས་ན། རྡོ་རྗེ་སེམས་དཔའ་དང་། དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་རྡོ་རྗེ་ལྟར་དབྱེར་མེད་པས་བསྡུས་པས་སམ། དབྱེར་མི་ཕྱེད་པའི་དོན་རྟོགས་པས་ཀྱང་རྡོ་རྗེ་སེམས་དཔའ་དང་། གང་རྟོགས་པའི་ཡེ་ཤེས་དེ་ཡང་རྡོ་རྗེ་ལྟར་གཉིས་སུ་མེད་པར་གྱུར་པ་སྟེ། དང་པོ་གཉིས་ཀྱིས་གཞི་འབྲས་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་དང་། ཕྱི་མ་གཉིས་ཀྱིས་འབྲས་བུའི་སྤྱི་དང་བྱེ་བྲག་གི་ཕྱོགས་བཟུང་བའོ། །སྒྱུ་འཕྲུལ་དྲྭ་བ་ནི། སྤྱིར་རྒྱལ་བ་རྣམས་ཀྱིས་འགྲོ་བ་འདུལ་བའི་ཐབས་ཀྱི་རྣམ་འཕྲུལ་སྒྱུ་མ་ལྟར་ཅིར་ཡང་མ་ངེས་པར་སྣང་བའི་སྒོ་ནས་ཐུགས་རྗེའི་དཔྱང་ཐག་གིས་མི་གཏོང་བར་འཛིན་ཅིང་འབྲེལ་བའི་དོན་དམ། ཐབས་ཀྱི་འཕྲུལ་པ་ཇི་སྙེད་པའང་མཚན་མ་མེད་པའི་ཤེས་རབ་ཀྱིས་མ་ཟིན་པ་མེད་པས་ཀྱང་འབྲེལ་བ་སྟེ་སྒྱུ་འཕྲུལ་དྲྭ་བའོ། །ཁྱད་པར་དུ། རྡོ་རྗེ་མེ་ལོང་ལས། ཐབས་དང་ཤེས་རབ་འབྲེལ་བའི་དོན། །སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ། །ཞེས་པས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞིར་བརྒྱུད་པའི་བཀའ་སྲོལ་གྱིས་འཆད་པ་ལས། དང་པོ་ཕྱི་ལྟར་ན། འབྱུང་བ་ལྔ་སྒྱུ་མ་ལྟར་སྣང་ལ་མ་ངེས་པ་དང་། དེའི་རྒྱུས་ཅིར་ཡང་འཕྲུལ་པ་ནི་ཕུང་པོ་ལྔའོ། །དེ་གཉིས་འབྲེལ་པ་ཅན་གྱི་ཕྱིར་དྲྭ་བ་སྟེ། དོན་དེས་སྒྱུ་མ་མཚོན་པ་ལྷ་ཡུམ། འཕྲུལ་པ་མཚོན་པ་ཡབ། དྲྭ་བ་མཚོན་པ་ཟུང་དུ་འབྲེལ་བའམ། ཡང་ན་འདིའི་ལེའུ་བཞི་པར། ཡབ་ལ་སྒྱུ་འཕྲུལ་དང་། ཡུམ་ལ་དྲྭ་བར་བཤད་དེ། དང་པོ་ནི། ཕུང་ལྔ་སྒྱུ་མ་ལྟ་བུ་ལ་རང་རིག་རྟོག་པའི་ཐབས་ཀྱིས་ཡེ་ཤེས་ལྔར་མཚོན་ནས་རིགས་ལྔར་སྣང་བ་ལ་འཕྲུལ་ཞེས་བྱ་སྟེ། ལེ་ལག་ལས། ལྔ་ཕུང་སྒྱུ་མའི་ཡེ་ཤེས་ལ། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །ཞེས་སོ། །གཉིས་པ་ནི། སྒྱུ་མ་རྟོག་ཚོགས་དང་། འཕྲུལ་པ་ལྷ་གཉིས་དབྱེར་མེད་དུ་འབྲེལ་བ་ལའང་བཤད་དུ་རུང་མོད། འདིར་ནི་ཡུམ་གྱི་མཁའ་དང་དྲྭ་བ་ཆོས་མཐུན་པའི་ཕྱིར་ཡུམ་ལ་དྲྭ་བར་བཤད་དེ། རྡོ་རྗེ་གཡུང་དྲུང་འཁྱིལ་བའི་མདོ་ལས། དྲྭ་བ་ཅིར་ཡང་འགྱུར་བ་སྟེ། །མདོ་མདུད་འབྲེལ་ཅིང་ཟང་ཐལ་བ། །གང་ནས་བལྟས་ཀྱང་གསང་བར་སྣང་། །ཅིར་ཡང་སྡུད་ཅིང་ཤོང་བ་བཞིན། །དེ་ནི་ཡུམ་གྱི་མཁའ་དབྱིངས་ཀྱང་། །མདོ་མདུད་འབྲེལ་ཅིང་ཟང་ཐལ་བས། །གང་ནས་ཞུགས་ཀྱང་གསལ་བར་སྣང་། །ཐམས་ཅད་སྡུད་ཅིང་ཤོང་བའི་ཕྱིར། །ཡུམ་ལ་དྲྭ་བ་ཞེས་སུ་བརྗོད། །ཅེས་སོ། །གཉིས་པ་ནང་སྒྱུ་འཕྲུལ་དྲྭ་བ་ནི། སྒྱུ་མ་ནི་རྟེན་འཁོར་ལོ་བཞིའི་རྩ། འཕྲུལ་པ་ནི་བརྟེན་པ་དང་ཐིག་ལེ། དེ་གཉིས་སྒོམ་པའི་ཐབས་ཀྱིས་འབྲེལ་པ་ནི་དྲཱ་བ་སྟེ། རྒྱ་མཚོ་ལས། གནས་བཞི་གར་ཐབས་སྒྱུ་མ་ལས། །ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། །ཅིར་སྣང་བདག་ཉིད་རིག་པར་འབྲེལ། །དྲྭ་བའི་དོན་དུ་ང་ཡིས་བཤད། །ཅེས་སོ། །གསུམ་པ་གསང་བ་སྒྱུ་འཕྲུལ་དྲྭ་བ་ནི། སྒྱུ་མ་ནི་ཡབ་ཀྱི་རྡོ་རྗེ། འཕྲུལ་བ་ནི་ཡུམ་གྱི་མཁའ་པདྨ། དེ་གཉིས་བདེ་བས་འབྲེལ་བ་ནི་དྲྭ་བ་སྟེ། དེ་ལས། ཐབས་དང་ཤེས་རབ་སྒྱུ་མ་ལས། །རང་བཞིན་སྒྱུ་འཕྲུལ་ཆེན་པོར་ཤར། །ཐབས་དང་ཐབས་སུ་འབྲེལ་པ་ཉིད། །ཐམས་ཅད་ཀུན་གྱི་གཞིར་གནས་པའོ། །ཞེས་སོ། །བཞི་པ་དེ་ཁོ་ན་ཉིད་སྒྱུ་འཕྲུལ་དྲྭ་བ་ནི། སྣང་ཡང་མ་གྲུབ་པའི་ཕྱིར་སྒྱུ་མ་ནི་དོན་དམ། དེ་ལས་འཁོར་འདས་སྣ་ཚོགས་སུ་ཤར་བ་ནི་མེད་བཞིན་དུ་སྣང་བའི་ཕྱིར་འཕྲུལ་པ་སྟེ་ཀུན་རྫོབ། དེ་གཉིས་དབྱེར་མེད་པས་ན་དྲྭ་བའམ། ཡང་ན་རང་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པ་བདེན་པ་དབྱེར་མེད་དེས་འཁོར་འདས་ཀུན་ལ་ཁྱབ་ཅིང་འབྲེལ་བས་ན་དྲྭ་བ་སྟེ། བླ་མ་ལས། སྟོང་ཞིང་དབེན་པའི་སེམས་ཉིད་འདིས། །རིགས་དང་ཁ་དོག་དབྱིབས་མེད་དེ། །ཅིར་ཡང་མེད་ལས་ཅིར་ཡང་སྣང་། །མ་སྐྱེས་སྒྱུ་འཕྲུལ་སྣ་ཚོགས་འབྱུང་། །རྒྱལ་བའི་དཀྱིལ་འཁོར་སྣ་ཚོགས་ཀྱང་། །སེམས་ཀྱི་སྒྱུ་འཕྲུལ་ཆེན་པོ་ཡིན། །ཞེས་སོ། །དེ་ལྟར་ན་གཞི་འབྲས་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བར་གྲགས་པ་ལྟར་ན། ཤེས་ཐོབ་ཀྱི་བྱ་བྱེད་དང་འབྲེལ་བའི་ལམ་དང་། དེ་སྟོན་པའི་གཞུང་ཚོགས་ཡི་གེའི་རྒྱུད་ལའང་དེ་སྐད་དུ་བཏགས་ཏེ། རྒྱ་མདུད་འགྲེལ་ལས། སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། །ཞེས་དང་། རྒྱུད་འདི་ཉིད་ཀྱི་མཇུག་ཏུ། འཕགས་པ་རྟོག་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ཞེས་གསུངས་སོ། །འོ་ན་འཕགས་པ་རྟོག་པའ་ིརྒྱལ་པོ་ཞེས་པའི་དོན་གང་ཞེ་ན། དེའང་ཞར་བྱུང་དུ་འཆད་དེ། འཕགས་པ་ཐེག་པ་གཞན་ལས་རྒྱུད་འདི་ཆེ་བ་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་དང་། རྟོག་པ་ནི། ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་རྒྱུད་ཐམས་ཅད་ལ་དེ་སྐད་དུ་གྲགས་ཤིང་། འདི་ནི་དེ་དག་གི་ནང་ནས་ཀྱང་མཆོག་ཏུ་གྱུར་པའི་ཕྱིར་རྒྱལ་པོའོ། །འགྲེལ་པ་སྤར་ཁབ་ལས་ནི། མཚོན་བྱ་ཡང་དག་པའི་དོན་བློ་ལ་ངེས་པར་བྱེད་པའི་ཕྱིར་ཡང་དག་པའི་རྟོག་པ་ལ་བཞེད་དོ། །གཉིས་པ་ཆེ་བ་ལས་བཏགས་པ་ནི་ལུང་གི་སྤྱི་སྟེ། རྡོ་རྗེ་ལས། མ་བརྗོད་གྲགས་པའི་བསྟན་པ་ཉིད། །སྒྲོ་སྐུར་མེད་དང་ཞལ་ནས་གསུངས། །དྲི་མ་མེད་པའི་ལུང་ཉིད་དེ། །ལས་དང་ཡེ་ཤེས་སྤྱི་ཉིད་ཀྱི། །རྫོགས་པས་རྫོགས་ཕྱིར་ལུང་ཉིད་དེ། །བསྟན་པ་སྤྱི་ཡི་བདག་ཉིད་ནི། །ཐམས་ཅད་ཀུན་གྱི་བདག་ཉིད་པས། །གཅིག་དང་དུ་མར་མི་གནས་ཀྱང་། །སོ་སོ་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་པས། རྒྱ་མ་ལས་ཀྱི་ལུང་མཚན་ཉིད་སྡེ་གསུམ། །ཡེ་ཤེས་ལྷའི་ལུང་ཕྱི་རྒྱུད་སྡེ་གསུམ། བྱ་བྲལ་རྫོགས་པའི་ལུང་ནང་རྒྱུད་སྡེ་གསུམ་མོ། །དེ་ལྟར་ཐེག་པ་ཀུན་གྱི་དོན་དང་འབྲས་བུ་ཐམས་ཅད་འདིར་འདུ་ཞིང་། འདི་ལས་འཕྲོས་པའི་ཕྱིར། ལུང་གི་སྤྱི་སྟེ། འདི་ཉིད་ལས། མཚན་ཉིད་དང་། རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། ཞེས་སོ། །གསུམ་པ་དོན་རང་གི་ངོ་བོ་ལས་བཏགས་པ་ནི། གླེགས་བམ་གྱི་ཀླད་དུ་བཀོད་པའི་མཚན་ཏེ། སྔ་འགྱུར་ལས། བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པ་ལས་སྐད་གཉིས་མ་སྨོས་སོ། །ཐར་ལོའི་འགྱུར་དུ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ཞེས་བྱ་བ། ཞེས་བསྒྱུར་ཅིང་སྐད་གཉིས་ཀ་སྨོས་ཏེ། རྒྱ་དཔེར། ཤྲཱི་གུ་ཧྱ་གརྦྷ་ཏ་ཏྭ་བི་ནིཥྩ་ཡ་མ་ཧཱ་ཏནྟྲ་ནཱ་མ། ཞེས་སྣང་བ་ལྟར་བཀོད་དོ། །དེས་ན་འདིར་སྣར་སྟོན་གྱི་བཀའ་ཚོམས་དང་། རྩགས་ཚ་དང་ཉང་གླན་གྱི་ཊཱི་ཀ་སོགས་སུ། དེ་ཁོ་ན་ཉིད་ཀྱིས་ངེས་པ་ཞེས་པའི་སྐད་དོད། ཏ་ཐཱ་ཡ་ཧི་ན། ཞེས་ཀླད་དུ་བཀོད་པ་ནི་རྒྱ་དཔེའི་མཚན་གྱི་སྐད་མ་ཡིན་པས་མ་དག་ལ་ཀློང་ཊཱིཀ་ཏུ། རྒྱ་གར་སྐད་དུ། གུ་ཧྱ་གརྦྷ་ཏ་ཏྭ་བི་ནིཤྩ་ཡ། ཞེས་སྨོས་པ་ཉིད་རྒྱ་དཔེ་དང་མཐུན་པས་དག་པར་མངོན་ནོ། །དེ་ལྟར་མཚན་བསྟན་ནས། དེའི་དོན་འཆད་པ་ལ། ཀླད་དུ་སྨོས་པའི་དགོས་པ་དང་། མཚན་གྱི་བསྡུས་དོན་དང་། ཚིག་གི་དོན་དང་། བརྒལ་ལན་ནོ། །དང་པོ་ནི། བུམ་པ་ཞེས་པའི་མིང་ལས། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པའི་དངོས་པོ་གོ་བ་ལྟར། མཚན་མཐོང་བའམ། ཐོས་པ་ལ་བརྟེན་ཏེ། དབང་པོ་རབ་ཀྱིས་གཞུང་གི་དོན་གོ་བ་དང་། འབྲིང་གིས་དོན་གྱི་རྣམ་གྲངས་ཁོང་དུ་ཆུད་པ་དང་། ཐ་མས་ཀྱང་སྨན་གྱི་ཁ་བྱང་ལྟར་གླེགས་བམ་བཙལ་བདེ་བའི་དགོས་པ་ཡོད་དོ། །གཉིས་པ་ནི། གསང་བ་དང་། སྙིང་པོ་དང་། དེ་ཁོ་ན་ཉིད་དང་། ངེས་པ་བཞིས་རིམ་པ་བཞིན། རྒྱུད་ཀྱི་རང་བཞིན་དང་། ཆེ་བ་དང་། མཚན་ཉིད་དང་། ངེས་པའི་དོན་དུ་སྟོན་པ་སྟེ། འགྲེལ་ཆུང་ལས། འདི་ཡི་རང་བཞིན་ཆེ་བ་དང་། །མཚན་ཉིད་དང་ནི་དོན་བསྟན་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་ལས། །མདོར་བསྡུས་གཏན་ལ་ཕབ་པ་ཡིན། །རང་བཞིན་གསལ་བ་ཞེས་བྱ་སྟེ། །ཆེ་བ་ཞེས་པའི་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དོ། །ངེས་པས་ངེས་དོན་མདོར་བསྟན་པ། །དེ་ལྟར་རྣམ་པ་བཞི་པོ་རུ། །མདོར་བསྡུས་སྤྱི་ཡི་དོན་དུ་བཤད། །ཅེས་སོ། །དེ་ལས་གོ་ཚུལ་ཀྱང་རྟོགས་དཀའ་བ་དང་། བཅུད་འདུས་པ་དང་། མཚན་ཉིད་གཞན་རྣམ་པར་བཅད་པ་དང་། དྲང་དོན་མ་ཡིན་ངེས་དོན་ཐེ་ཚོམ་དང་བྲལ་བར་གོ་ཞིང་། སྟོན་ཚུལ་དང་རྗེས་སུ་མཐུན་པར་རྒྱུད་ཀྱི་རང་བཞིན་དང་ཆེ་བ་སོགས་ཀྱང་རྟོགས་པར་འགྱུར་རོ། །གསུམ་པ་ནི། བླ་མ་བརྒྱུད་པའི་མན་ངག་ལས། ཕྱི་ལྟར་ཤེས་རབ་གྲོལ་ལམ་དང་སྦྱར་ཏེ་བཤད་པ། ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་པ། གསང་བ་ལྟར་འོག་སྒོ་དང་སྦྱར་ཏེ་བཤད་པ་གསུམ་ལས། དང་པོ་ནི། གསང་བ་ཞེས་པའི་དོན། འགྲེལ་ཆུང་ལས། རང་བཞིན་གབ་དང་སྦས་པ་དང་། །བསྟན་མིང་ཞེས་པའི་རང་བཞིན་ནི། །མཉམ་པ་ཉིད་དང་དགོངས་པའི་དོན། །མཛད་སྤྱོད་གསང་བའི་ཐེག་པ་འདི། །རྣམ་བཞི་གསང་བ་ཞེས་བྱའི་མཚན། །ཞེས་བཞིར་བཞེད། དེ་དག་ཀྱང་འདི་ཉིད་ལས། གབ་པའི་གསང་བ་མ་རྟོགས་པས། སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། ཞེས་པས་གབ་སྦས་གཉིས་སུ་འདུས་པར། ལོ་ཙཱ་བ་ཆེན་པོ་རོང་ཟོམ་དང་། ཀུན་མཁྱེན་ཆེན་པོ་བཞེད་ནའང་། འདིར་སློབ་དཔོན་སྒེག་པའི་རྗེས་སུ་འབྲངས་ཏེ་བཤད་ན་གསུམ་སྟེ་རང་བཞིན་གྱི་དང་། གབ་པའི་དང་། སྦས་པའི་གསང་བའོ། །དང་པོ་ནི། སེམས་ཉིད་བདེན་པ་དབྱེར་མེད་ལྷག་པ་ཆོས་ཀྱི་སྐུར་ཡེ་ནས་རང་ཆས་སུ་གནས་ཀྱང་བློའི་སྤྱོད་ཡུལ་དང་བྲལ་བས་མ་རྟོགས་པ་ནི་རང་བཞིན་གྱི་གསང་བ་སྟེ། ནམ་མཁའ་ཉིད་མིག་གིས་མཐོང་བྱར་མ་གྱུར་པ་བཞིན་ནོ། །དེ་ཡང་འདི་ཉིད་ལས། ཨེ་མ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱི་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པས། ལྷན་སྐྱེས་ཀྱི་མ་རིག་པས་དོན་དམ་མ་རྟོགས་པ་ནི་ཡེ་ནས་གསང་བ། དེ་བཞིན་ཀུན་བརྟགས་ཀྱིས་ཀུན་རྫོབ་མ་རྟོགས་པ་ནི་རང་བཞིན་གསང་བ། སྣང་སྟོང་སོ་སོར་བཟུང་བས་དབྱེར་མེད་མ་རྟོགས་པ་ནི་ངོ་བོ་ཉིད་ཀྱིས་གསང་བ། ཡུལ་ཡུལ་ཅན་དུ་བཟུང་བས་སྤྱོད་ཡུལ་དང་བྲལ་བར་མ་རྟོགས་པ་ནི་ཤིན་ཏུ་གསང་བ་སྟེ། གསང་ཚུལ་བཞིས་ཆོད་པའི་ཚུལ་དུ་གསང་ངོ་། །གཉིས་པ་ནི། གདུལ་བྱ་འཁྲུལ་པའི་བློ་ཅན་གྱིས་རྟོགས་དཀའ་བ་དང་། རས་ཆོད་ཅན་གྱིས་རྟོགས་སུ་མི་རུང་བས་གབ་པ་སྟེ། མིག་སེར་ཅན་ལ་དུང་གི་ཁ་དོག་བཞིན་ནོ། །དེ་ཡང་རང་བཞིན་གྱི་རྒྱུད་དུ་གབ་པ་ནི། མཚོན་བྱའི་རྒྱུད་རང་ལ་རང་ཆས་སུ་གནས་ཀྱང་རྟོག་པས་བསྒྲུབས་པའི་ཕྱིར་གབ་སྟེ། དེ་དག་གིས་འབྱིན་ན་ལུང་ཚད་མའི་བདག་པོ་སངས་རྒྱས་ཀྱིས་སོ། །དཀྱུས་ཡི་གེ་ལ་གབ་པ་ནི། རས་ཆོད་ཅན་མགོ་རྨོངས་པར་བྱ་བའི་ཕྱིར། རྒྱུད་དཀྲུགས། ལུང་གཅུས། མན་ངག་གབ་པའི་ཚུལ་དུ་སྟེ། དེ་ནི་མན་ངག་ཚད་མའི་བདག་པོ་རྡོ་རྗེ་སློབ་དཔོན་གྱིས་འབྱིན་པར་མཛད་དེ། དེ་ཉིད་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེ་ཐུགས་ལ་གནས། །ཞེས་སོ། །གསུམ་པ་ནི། སྔགས་ཀྱི་མན་ངག་མེད་པ་དང་། །སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལ་སྦས་ཏེ། དེ་དག་གི་ཡུལ་མ་ཡིན་པའི་ཕྱིར། གཅན་གཟན་ཆེན་པོའི་སྒྱུ་རྩལ་སྤྲེའུས་མི་བཟོད་པའམ། སེང་ཞོ་སྣོད་ངན་དུ་བླུག་པར་བྱ་བ་མ་ཡིན་པ་བཞིན་ནོ། །གང་སྦ་ན། གསང་སྔགས་ཀྱི་མཛད་སྤྱོད་སྦྱོར་སྒྲོལ་ལ་སོགས་པ་ལྟ་སྤྱོད་འབྲེལ་བས་སྤྱད་པར་གསུངས་པ་དེ་དག་བརྡའི་ཚུལ་གྱིས་སྦས་ཏེ། གསལ་བཀྲ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། །ཞེས་སོ། །དེ་ཡང་ལྟ་སྤྱོད་མགོ་མ་འབྲེལ་བ་ནི། རྒྱས་པ་ལས། ཁ་ཅིག་ལྟ་བ་མཉམ་གནས་ཀྱང་། །སྤྱོད་པ་དག་དང་ཡོངས་མི་མཐུན། །ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་། །མཉམ་པའི་དོན་ལ་ཡོངས་མི་གནས། །ཁ་ཅིག་ལྟ་སྤྱོད་གཉིས་ཀ་མེད། །ཅེས་དང་། མ་རྟོགས་པར་ཚིག་ཙམ་ལ་བརྟེན་ནས་སྤྱད་ན་ལྟུང་བ་ཡང་། དེ་ལས། མ་རྟོགས་པ་ཡིས་སྤྱད་གྱུར་ན། །ཡི་དྭགས་སྲིན་པོའི་གནས་སུ་སྐྱེ། །ཞེས་སོ། །སྙིང་པོ་ལའང་། རྒྱུའི་དང་། འབྲས་བུའི་དང་། བཅུད་འདུས་པ་དོན་གྱི་སྙིང་པོའོ། །དང་པོ་ནི། ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞིའམ་འབྱུང་བའི་རྒྱུར་གྱུར་པ་ནི་རྒྱུད་འདི་ཡིན་ཏེ། འདི་ཉིད་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་སོགས་རྐང་པ་ལྔ་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཐེག་པའི་སྒོ་གང་ནས་བསྒྲུབས་ཀྱང་། མཐར་རང་བཞིན་གསང་བའི་སྙིང་པོ་འདིའི་དོན་མངོན་དུ་བྱེད་དགོས་པ་སྟེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །གསུམ་པ་ནི། གཏན་ཚིགས་ཀྱི་སྒོ་གང་ནས་གཏན་ལ་ཕབ་ཀྱང་། མཐར་ཐུག་སངས་རྒྱས་ཀྱི་དགོངས་པའི་དོན་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་པས་འཁོར་བ་མ་གྲུབ་སྟེ། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློས་བསམ་པས་འཁྲུལ་བ་ཡིན། །ཞེས་སོ། །དེ་ཁོ་ན་ཉིད་ལ། མ་བཅོས་པའི། མ་ནོར་བའི། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །དང་པོ་ནི། རྟོག་ཚོགས་ཐམས་ཅད་རང་རིག་ལས་མི་གཞན་པའི་ཕྱིར། སྣང་སྟོང་གཉིས་མེད་རང་བྱུང་གི་ཡེ་ཤེས་ལ། སྒོམ་བྱེད་ཀྱི་བློས་མ་བཅོས་པར་བཞག་པ་སྟེ། རྒྱས་པ་ལས། མ་བཅོས་ལྷུན་མཉམ་ཇི་བཞིན་ངང་བཞག་དང་། །ཞེས་སོ། །དེ་ལས་འབྲས་བུ་འབྱུང་བས་རྒྱུའི་དེ་ཁོ་ན་ཉིད་ཅེས་ཀྱང་བསྙད་དོ། །གཉིས་པ་ནི། དེ་ཉིད་གོམས་པ་ལས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་མང་པོར་རང་སྣང་བ་སྟེ། མ་བཅོས་པར་བཞག་པ་ལས་བྱུང་བའི་ཕྱིར་དེ་ལ་འབྲས་བུའི་དེ་ཁོ་ན་ཉིད་དུའང་ཐ་སྙད་འདོགས་སོ། །དེ་ལྟར་ཡང་། སྔ་མ་ལས། རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་ངང་དུ་གནས། །ཞེས་སོ། །གསུམ་པ་ནི། འབྲས་བུ་དེའང་སྒྲིབ་བྱེད་ཀྱི་ཞེན་པ་དག་པའི་ཚེ་རང་ལ་ཡོད་པའི་དོན་སྣང་བ་ལས་གཞན་ནས་བྱུང་བ་མ་ཡིན་པའི་ཕྱིར། དེ་ལ་རྒྱུ་འབྲས་ཀྱི་དབྱེ་བ་ཙམ་ཡང་མ་གྲུབ་པས་རྒྱུ་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱང་ཟེར་རོ། །དེའང་། འདི་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཞེས་དང་། རྒྱས་པ་ལས། ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་ནི། །གཞན་ནས་བཙལ་ཀྱང་མི་རྙེད་དོ། །རང་རིག་སྒྲིབ་མེད་དག་པ་ཡིན། །ཞེས་སོ། །ངེས་པ་ལ། གཞི་དང་། ལམ་དང་། འབྲས་བུར་ངེས་པའོ། །དང་པོ་ནི། གཞིའི་རྒྱུད་རང་བཞིན་གསང་བའི་སྙིང་པོ་དེ། ཆོས་ཉིད་སྒྲོ་སྐུར་དང་བྲལ་བར་བདེན་པས་ན་ངེས་པ་སྟེ། འདི་ཉིད་ལས། སྒྲོ་དང་སྐུར་པ་བཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་སོ། །གཉིས་པ་ནི། ཐེག་པ་འདིའི་ལུགས་ཀྱིས་ཡེ་ནས་གནས་པའི་འབྲས་བུ་ཉིད། ཤེས་ཐོབ་ཀྱི་བྱེད་པས་འབྲས་བུ་ལམ་དུ་བྱེད་པའི་ཕྱིར་ངེས་པ་སྟེ། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་སོ། །གསུམ་པ་ནི། རྒྱུད་འདི་རང་གི་ངོ་བོས་བརྗོད་བྱ་རྒྱལ་བའི་དགོངས་པ་ངེས་དོན་མངོན་དུ་ཕྱུང་ནས་སྟོན་པའི་ཕྱིར་ངེས་པ་སྟེ། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལས། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་སོ། །གཉིས་པ་མཚན་ནང་ལྟར་བཤད་པ་ལ། སྙིང་གའི་འཁོར་ལོ་དང་སྦྱར་ཏེ་བཤད་པ་དང་། མཚན་བཞི་དང་འཁོར་ལོ་བཞི་སྦྱར་ཏེ་བཤད་པའོ། །དང་པོ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་རྒྱད་ཀྱི་དབུས་ན་དྭངས་མ་ཆེན་པོ་ལྔ་དང་། དེའི་དཀྱིལ་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡེ་ནས་གནས་ཀྱང་རང་གསང་ཐབས་ཀྱིས་ཆོད་ནས་མ་མཐོང་བ་ནི་གསང་བའོ། །ཐིག་ལེ་དེ་ཉིད་ལ་ཤེས་བྱ་དང་བསྒྲུབ་བྱའི་དོན་གྱི་བཅུད་འདུས་པས་ན་སྙིང་པོའོ། །ཐབས་ཀྱི་མན་ངག་དང་ལྡན་པའི་སྒོ་ནས་ཉམས་སུ་བླངས་བས། རང་གི་སེམས་ཉིད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རང་གསལ་བ་ནི་དེ་ཁོ་ན་ཉིད་དོ། །སྙིང་པོའི་ཐིག་ལེ་དེ་གཞི་ལམ་འབྲས་གསུམ་གྱི་དངོས་གཞིར་ངེས་པའི་ཕྱིར་ངེས་པའོ། །གཉིས་པ་ནི། ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཨའི་རྣམ་པར་གནས་པ་ནི་གསང་བ་སྟེ། ཡུམ་གྱི་མཁའ་གསང་གི་སྣ་རྩེའི་ཐིག་ལེ་དང་འབྲེལ་ཏེ་གནས་པའི་ཕྱིར་རོ། །སྙིང་གི་འཁོར་ལོའི་དྭངས་མ་ལྔའི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས་པ་ནི་སྙིང་པོ་སྟེ། ཆོས་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །མགྲིན་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན་མཁའ་འགྲོ་མ་རྔམས་པའི་ཐིག་ལེ་ཨཾ་གི་དབྱིབས་སུ་གནས་པ་ནི་དེ་ཁོ་ན་ཉིད་དེ། ཐིག་ལེ་འོད་དུ་འབར་ཙམ་ན་བདེ་བ་སྐྱེ་བས་དེ་ཁོ་ན་ཉིད་ལས་མི་གཡོ་བའི་ཕྱིར་རོ། །སྤྱི་བོའི་འཁོར་ལོ་རྩ་འདབ་སོ་གཉིས་ཀྱི་དབུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཧཾ་གྱི་རྣམ་པར་གནས་པ་ནི་ངེས་པ་སྟེ། དེ་ལས་སྐྱེས་པའི་བདེ་ཆེན་མི་རྟོག་པའི་ཡེ་ཤེས་དེ་ནི་རྒྱལ་བ་ཀུན་གྱི་དགོངས་པའི་དངོས་གཞིར་ངེས་པའི་ཕྱིར་རོ། །གསུམ་པ་མཚན་གསང་བ་ལྟར་བཤད་པ་ནི་ལུས་ཅན་རྣམས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་ནང་ན་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱི་རོ་དང་བཅས་པ་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་པ་ནི་གསང་བའོ། །ཐིག་ལེ་དེ་ལ་རྒྱུ་འབྲས་ཐམས་ཅད་ཀྱི་བཅུད་འདུས་པའི་ཕྱིར་སྙིང་པོའོ། །བྱེད་པ་སྡོམ་པ་རླུང་དང་བཅས་པའི་ཐབས་ཀྱིས་ཉམས་སུ་བླངས་པས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་རྒྱུད་ལ་སྐྱེས་པ་ནི་དེ་ཁོ་ན་ཉིད་དོ། །ཐིག་ལེ་དེ་ཉིད་གཞི་ལམ་འབྲས་གསུམ་ཀའི་དངོས་གཞིར་ངེས་པའི་ཕྱིར་ངེས་པའོ། །འདིར་ནང་བཤད་དང་། གསང་བཤད་གཉིས་ལའང་། ཕྱི་བཤད་ལྟར་མཚན་གྱི་དོན་བཞི་པོ་རེ་རེར་ཆོས་གསུམ་གསུམ་དུ་ཕྱེ་སྟེ་འཆད་པའི་བཀའ་སྲོལ་ཡོད་ཀྱང་ཡི་གེས་འཇིགས་ཏེ་མ་སྤྲོས་པས་སྤྲོ་ན་ཊཱི་ཀ་ལས་ཤེས་པར་བྱའོ། །དེ་ལྟར་མཚན་གྱི་བཤད་ཚུལ་གསུམ་པོ་དེ་ནི་བླ་མ་བརྒྱུད་པའི་མན་ངག་ཡིན་ལ། རྣམ་པ་གཅིག་ཏུ། རང་གི་ཤེས་རབ་ཀྱི་འཕྲུལ་གྱིས་འདི་ལྟར་ཡང་བཤད་དུ་རུང་སྟེ། ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་བའི་གནས་ལུགས་དེ་བཞིན་ཉིད་ནམ་མཁའི་དབྱིངས་ལྟར་ཁྱབ་ཅིང་རྟོག་པའི་བདག་ཉིད་ཅན་དུ་བཞུགས་པའི་དཔལ་ཀུན་ཏུ་བཟང་པོ་སྟེ། དེ་ཉིད་ཤིན་ཏུ་རྟོགས་དཀའ་བས་ན་གསང་བའོ། །དེ་རྟོགས་པར་བྱེད་པའི་ཐབས་ཀྱི་ལམ་དང་། དེའི་རྗོད་བྱེད་ཟབ་ཅིང་རྒྱ་ཆེ་བ་རྣམས་ནི་བསྟན་པ་ཐམས་ཅད་ཀྱི་འཕྲོ་གཞིའམ་བཅུད་འདུས་པ་དང་དམ་པའི་མཆོག་ཏུ་གྱུར་པའི་ཕྱིར་སྙིང་པོའོ། །གཞི་མི་འགྱུར་བ་དང་ལམ་གྱིས་དེ་རྟོགས་པ་ལ་མི་བསླུ་བས་དོན་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་དེ་ཁོ་ན་ཉིད་དོ། །དེ་ཡང་སྟོན་པས་གདུལ་བྱ་རྣམས་ཁ་དྲང་བའི་ཆེད་དུ་གསུངས་པ་ལྟ་བུ་མ་ཡིན་གྱི། འདིར་རང་གི་དགོངས་པ་མཐར་ཐུག་ཏུ་ངེས་པ་གང་ཡིན་པ་དེ་བསྟན་པའི་ཕྱིར་རྣམ་པར་ངེས་པ་ཞེས་བྱ་སྟེ། འདི་ཉིད་ལས། རྒྱས་པའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་སོ། །ཡང་ན། གསང་བ་ནི་སྙིང་ག་ཆོས་ཀྱི་འཁོར་ལོ་དང་། སྙིང་པོ་ནི་དེའི་དཀྱིལ་གྱི་སྲོག་མི་ཤིགས་པའི་ཐིག་ལེའམ། གཞན་དུ་ན། གསང་བ་ནི་ཡུམ་གྱི་གསང་བའི་པདྨ། སྙིང་པོ་ནི་དེའི་དབུས་ན་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟར་དག་ཅིང་གསལ་བའི་ཚུལ་དུ་གནས་པ་སྟེ། གཉིས་ཀའི་ནང་ཚན་གྱི་ཆོས་གཉིས་པོ་ཕྱིན་ཅི་མ་ལོག་པར་འདིར་ངེས་པར་བསྟན་པའི་ཕྱིར་དེ་ཁོ་ན་ཉིད་ངེས་པའོ། །དེ་དག་ཀྱང་། རྒྱུད་ཕྱི་མ་ལས། གསང་བའི་སྙིང་པོ་ཞེས་གསུངས་གང་། །དེ་ཉིད་རྣམ་ངེས་ཇི་ལྟ་བུ། །ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་དྲིས་པའི་ལན་དུ་བསྟན་པས། གསང་བ་ཆོས་འབྱུང་ལ་བཤད་དེ། །སྙིང་པོའང་དེ་ཡི་ཐབས་ཅན་ནོ། །གཉིས་པོ་ཕྱིན་ཅི་མ་ལོག་ཕྱིར། །དེ་ཉིད་དོ་འདིར་རྣམ་ངེས་སོ། །ཞེས་གསུངས་ཤིང་། གཞན་ཡང་། འཁོར་འདས་དབྱེར་མེད་པ་ནི་གཞི་གསང་བའི་སྙིང་པོ། དེ་འཆིང་གྲོལ་མེད་པར་རྟོགས་པའི་ཐབས་བསྐྱེད་རྫོགས་ཟུང་དུ་འཇུག་པ་ལམ་དེ་ཁོ་ན་ཉིད། དེས་རྟོགས་པ་མཐར་ཐུག་མངོན་དུ་གྱུར་པ་ནི་འབྲས་བུ་འཆིང་གྲོལ་མེད་པར་ངེས་པའོ། །ཞེས་ཀྱང་བཤད་དུ་རུང་སྟེ། རྡོ་རྗེའི་ཚིག་ཡིན་པའི་ཕྱིར་སྤྲོས་པས་ཆོག་གོ། །བཞི་པ་བརྒལ་ལན་ལ། མཚན་རྒྱུད་དོན་ཡིན་མིན་གྱི། མཚན་དུ་རྒྱུད་དོན་འདུས་མ་འདུས་ཀྱི། མན་ངག་ཁོ་ནའི་མཚན་ནས་སྨོས་པའོ། །རྒྱ་སྐད་མི་སྨོས་པར་བོད་སྐད་སྨོས་པའི་བརྒལ་ལན་ནོ། །དང་པོ་ལ་བརྒལ་བ་དང་ལན་གཉིས། དང་པོ་ནི། ཁོ་ན་རེ། མཚན་རྒྱུད་དོན་ཡིད་ནམ་མིན། ཡིན་ན་གླེང་གཞི་གླེང་བསླང་དགོས་མེད་དུ་ཐལ། དམ་བཅའ་དེ་འཐད་པ་གང་ཞིག །གླེང་གཞི་གླེང་བསླང་གི་གོང་དུ་རྒྱུད་དོན་བྱུང་བའི་ཕྱིར། མཚན་རྒྱུད་དོན་མིན་ན། རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་ཡང་རབ་དེས་མཚན་མཐོང་བའམ་ཐོས་པས་རྒྱུད་དོན་མི་རྟོགས་པར་ཐལ། རྟགས་ཁས། ཁྱབ་པ་ཚད་མས་གྲུབ། འདོད་ན། རབ་ལ་མཚན་བསྟན། ཞེས་སོགས་མི་འཐད་པར་འགྱུར་རོ། །ཟེར་ན། གཉིས་པ་ནི། རྗེ་ཉེའུ་སྟོན་གྱིས། སྔོན་བྱུང་འོག་མིན་དུ་གླེང་གཞི་ཚོགས། གླེང་བསླངས་ནས་རྒྱུད་དོན་གསུངས་པས། གླེང་གཞི་གླེང་བསླང་མི་དགོས་པའི་སྐྱོན་མེད་ལ། མི་ཡུལ་དུ་གསང་བདག་གིས་ཚིག་དང་ཡི་གེར་འདོད་པའི་ཚེ། བློ་རབ་འབྲིང་ཐ་གསུམ་ལ་དགོངས་ནས་མཚན་ཀླད་དུ་སྨོས་པས། མཚན་རྒྱུད་དོན་ཡིན་ཡང་། གླེང་གཞི་གླེང་བསླང་དགོས་མེད་དུ་མི་འགྱུར་གསུང་། དེ་ལ་རྗེ་འཁོན་སྟོན་ན་རེ། འོ་ན་སྟོན་པས་འོག་མིན་དུ་རྒྱུད་འདི་རྗོད་བྱེད་ཀྱི་ཚིག་ཏུ་མ་གསུངས་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་ན། འདི་སྐད་བཤད་པའི་དུས་ན། ཞེས་གསུང་བ་མི་འཐད་པར་ཐལ། འདོད་པའི་ཕྱིར་གསུངས་ནའང་། སྐྱོན་དེ་མི་འཇུག་སྟེ། དགོངས་པ་བརྡའི་བཤད་པ་ཉིད་གསང་བདག་གིས་ཚིག་ཏུ་བསྡུད་པའི་ཚེ། རང་ཉིད་སྟོན་པ་དང་དགོངས་པ་མཉམ་པར་ཁས་བླངས་ནས། འདི་སྐད་ཅེས་སོགས་བསྡུས་པར་བཞེད་པའི་ཕྱིར་ཏེ། འགྲེལ་པ་ཉི་སེང་མར། ད་ནི་སྡུད་པ་པོས་བཅོམ་ལྡན་འདས་ཀྱི་ལུང་དང་མཐུན་པ་ལྟར་རྒྱུད་ཀྱི་གླེང་གཞི་མཛད་པ་བླ་མའི་མན་ངག་གི་བཤད་པར་བྱ་སྟེ། འདི་སྐད། ཅེས་སོགས་གསུངས་པའི་ཕྱིར་རོ། །གཉིས་ལའང་བརྒལ་བ་དང་། ལན་གཉིས། དང་པོ་ནི། མཚན་དུ་རྒྱུད་དོན་འདུས་སམ་མ་འདུས། འདུས་ན་མཚན་དང་རྒྱུད་ཀྱི་དངོས་པོ་བཅུ་པོ་བྲང་སྤྲད་ལ་སྦྱོར་རིགས་པར་ཐལ། མ་འདུས་ན། དབང་རབ་ཀྱིས་མཚན་ལ་བརྟེན་ནས་རྒྱུད་དོན་མི་རྟོགས་པར་ཐལ་ལོ། །ཟེར་ན། གཉིས་པ་ནི། རྒྱུད་ཀྱི་དངོས་པོ་བཅུ་དང་མཚན་དོན་སོ་སོར་སྦྱོར་དུ་མེད་ཀྱང་། མཚན་དོན་གཞི་ལམ་འབྲས་གསུམ་དུ་གནས་པས། དེར་རྒྱུད་དོན་མ་འདུས་པའི་སྐྱོན་མེད་དོ་གསུང་། ཡང་། མཚན་མཐོང་བས་རྒྱུད་དབུ་ཞབས་ཀྱི་དོན་རྟོགས་པར་གསུངས་པ་དེ། དོན་མཐོང་བ་ལ་བརྟེན་ནས་མཚན་དུ་བཏགས་པའི་ཕྱིར་སྔོན་བྱུང་གི་འཁོར་གྱི་རྟགས་ཚུལ་ལོ་ཞེས་ཉང་ཊཱིཀ་པ་བཞེད་པ་ཉིད་ལེགས་སམ་སྙམ་སྟེ། དེ་ཡང་གསང་བདག་གིས་རང་གིས་རྒྱུད་དོན་ཐུགས་སུ་ཆུད་ནས་འཁོར་ལ་འཆད་པའི་ཚེ་དོན་ལ་བརྟེན་ནས་མཚན་དུ་བཏགས་པའི་ཕྱིར། དེས་ན་སྔོན་བྱུང་གི་ངོར་མཚན་དུ་ཚིག་དོན་མ་ལུས་པ་འདུས་པ་དང་། སྐད་ཅིག་ཙམ་ལ་རྟོགས་པ་མི་འགལ་ཏེ། རྒྱ་མཚོ་ལས། སྒྲིབ་པ་མཐའ་སྤང་གདུལ་བྱ་ལ། །སྐད་ཅིག་ཙམ་གྱིས་སྣང་བར་མཛད། །ཅེས་སོ། །རྗེས་འཇུག་ཏུ་མཚན་ལ་བརྟེན་ནས་དོན་གོ་བ་ནི། དེར་གཞི་ལམ་འབྲས་གསུམ་གྱི་བརྡ་འཕྲད་པ་ཙམ་དུ་གོ་བ་ཡིན་ཏེ། མིང་གིས་དོན་མཚོན་པར་ནུས་པ་ཙམ་གྱི་མིང་ཡིན་པའི་ཕྱིར་རོ། །དཔེར་ན་བུམ་པ་ཞེས་བརྗོད་པས། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་ནུས་པའི་དངོས་པོ་ཙམ་གོ་ཡང་། གསེར་བུམ་སོགས་ཁྱད་ཆོས་རྣམས་གོ་བས་མ་ཁྱབ་པ་བཞིན་སྙམ་མོ། །གསུམ་པ་ནི། རྒྱུད་འདི་ལ། རྒྱུད་ཀྱི་མཚན་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལུང་གི་མཚན་ལུང་གི་སྤྱི། མན་ངག་གི་མཚན་གསང་བ་སྙིང་པོ་ཞེས་གྲགས་པ་ལས། གླེགས་བམ་གྱི་ཀླད་དུ་མན་ངག་གི་མཚན་ཁོ་ན་སྨོས་པ་ཅིའི་ཕྱིར་ཞེ་ན། ལན་ནི། མ་ཧཱ་ཡོ་ག་ལའང་ནང་གསེས་ཀྱི་རྒྱུད་ལུང་མན་ངག་གསུམ་དུ་ཕྱེ་བ་ལས། འདི་ནི་མ་ཧཱའི་ཨ་ཏི་ཡིན་པའི་ཕྱིར་མན་ངག་གི་མཚན་ནས་སྨོས་སོ། །བཞི་པ་ལའང་། བརྒལ་པ་དང་། ལན་གཉིས། དང་པོ་ནི། རྨོངས་པ་ཁ་ཅིག་ན་རེ། རྒྱུད་འདི་རྒྱ་གར་ནས་བསྒྱུར་བ་མ་ཡིན་ཏེ། ཀླད་དུ་རྒྱ་སྐད་མ་སྨོས་པའི་ཕྱིར། ཟེར། གཉིས་པ་ལ། དགག་གཞག་གཉིས། དང་པོ་ནི། གོང་མ་འགའ་ཞིག །རྒྱ་སྐད་གཏན་མེད་ན་བོད་སྐད་དུ་སྒྱུར་བ་མི་རིགས་པས། བོད་སྐད་དུ་ཞེས་པས་རྒྱ་སྐད་ཡོད་པར་ཤུགས་ཀྱིས་བརྡའ་འཇལ་བར་བྱའོ། །ཞེས་གསུངས་པ་ནི་མ་ཡིན་ཏེ། བོད་ཀྱི་སྐད་ལ་རྒྱ་ནག་ལ་སོགས་པའི་སྐད་ཀྱང་སྦྱར་དུ་རུང་བའི་ཕྱིར་རྒྱ་གར་མར་མི་འགྲུབ་ཅིང་། བོད་དུ་བརྩམས་པའི་བསྟན་བཅོས་རྣམས་ལའང་རྒྱ་སྐད་ཤུགས་ལ་སྦྱར་དུ་རུང་བའི་ཕྱིར་རྒྱ་གར་མར་ཐལ་བར་འགྱུར་རོ། །གཉིས་པ་ནི། འདིར་རྒྱ་སྐད་མེད་པས་བོད་མར་འགྱུར་བའི་ཁྱབ་པ་མེད་དེ། བོད་དུ་བརྩམས་པའི་བསྟན་བཅོས་དུ་མར་ཡང་རྒྱ་སྐད་ཀླད་དུ་བཀོད་པ་ཡོད་མོད། དེས་རྒྱ་གར་མར་མི་འགྱུར་བ་བཞིན་ནོ། །གཞན་ཡང་ཀླད་དུ་རྒྱ་གར་གྱི་སྐད་གཅིག་པོ་མ་སྨོས་པས་བོད་མར་འགྱུར་ཟེར་ན་ནི། རྒྱ་ནག་ནས་བསྒྱུར་བའི་ཆོས་ཀྱང་བོད་མར་ཐལ་ཞིང་། སྐད་གཉིས་མ་སྨོས་པའི་ཕྱིར་ཟེར་ན་རྒྱ་གར་གྱི་དཔེ་རྣམས་ཀྱང་བོད་མར་ཐལ་བར་བཟློག་ཏུ་མེད་དོ། །དེ་ལྟ་ནའང་། ཅིའི་ཕྱིར་བོད་སྐད་ཁོ་ན་ཀླད་དུ་སྨོས་ཤེ་ན། སྔ་འགྱུར་གྱི་རྒྱ་དཔེར་རྒྱ་གར་སྐད་དུ་ཞེས་ཡོད་པར་མངོན་ཏེ། འགྲེལ་པ་ཉི་སེང་མར་བཀྲལ་བའི་ཕྱིར་རོ། །དེ་ལྟར་སྨོས་པ་ལ་དགོས་པ་ཅི་ཡོད་སྙམ་ན། གསང་སྔགས་ཀྱི་རྒྱུད་རྣམས་རྒྱ་གར་གྱི་སྐད་རིགས་བཞི་ཁོ་ནར་མ་ངེས་པ་དུས་འཁོར་འགྲེལ་ཆེན་སོགས་ལས་རྒྱ་ཆེར་བཤད་པ་ལྟར་ཡོད་པས། དེའི་ཕྱིར་འདི་ནི་རྒྱ་གར་གྱི་སྐད་རིགས་བཞི་ལས་སཾསྐྲྀ་ཏའི་སྐད་དུ་བསྟན་ཏོ་ཞེས་ངེས་པར་བཟུང་བ་ནི། འགྲེལ་པ་ཉི་སེང་མ་ལས། རྒྱ་གར་ཞེས་པ་སྣོད་དང་བཅུད་རྣམ་པ་གཉིས་ཏེ། རྡོ་རྗེ་གདན་དྲུང་ལ་སོགས་པའོ། །སྐད་ཅེས་པ་ནི་རིགས་བཞིའི་སྐད་ལ་སོགས་པ་ལས། འདིར་སཾསྐྲྀ་ཏའི་སྐད་ལ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར། ལོ་ཙཱ་བས་ཀྱང་དེ་དང་བསྟུན་ཏེ་བོད་སྐད་དུ་ཞེས་ཀླད་དུ་སྨོས་པར་མངོན་ནོ། །སྔ་རབས་པ་རྣམས། ཚིག་ཉུང་བར་བྱ་བའི་ཕྱིར་རྒྱ་སྐད་མ་སྨོས་ལ། དོན་མྱུར་དུ་ངོས་ཟིན་པར་བྱ་བའི་ཕྱིར་བོད་སྐད་དུ་ཞེས་བོད་སྐད་རྐྱང་པ་སྨོས་སོ་གསུང་བ་ནི་གསུངས་པ་ཙམ་དུ་ཟད་དོ། །མདོར་ན་རྒྱུད་འདི་ནི་ཡོངས་སུ་གྲགས་པའི་རྒྱ་གར་གྱི་པཎ་ཆེན་རྣམས་ཀྱིས་མང་དུ་བཀྲལ་ཞིང་། གསང་འདུས་ཀྱི་འགྲེལ་པ་བི་ཤྭ་མི་ཏྲས་མཛད་པ་ཡང་རྒྱུད་འདིའི་ལུང་མང་དུ་དྲངས་པ་དང་། དུས་ཕྱིས་ཀྱང་རྒྱ་དཔེ་རྙེད་པ་ལས་ཐར་ལོ་དང་འགོས་ལོ་སོགས་ལོ་ཙཱ་བ་ཆེན་པོ་འགས་འགྱུར་མཛད་པའི་ཕྱིར་བོད་མར་འགྱུར་པའི་སྐྱོན་མེད་དོ། །གཉིས་པ་མཚན་དེ་ལྡན་གྱི་རྒྱུད་དོན་ལ། སྟོན་པ་ལ་དབང་མི་ཟ་བའི་ཕྱིར་ཀླད་དོན་ཕྱག་དང་། བཀའི་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་གཞུང་དོན་གཏན་ལ་དབབ་པའོ། །དང་པོ་ལ། ངག་དོན། ཚིག་དོན། རྩོད་པ་སྤང་བའོ། །དང་པོ་ནི། བྱེད་པའི་མུ་བཞི་དང་སྦྱར་ན། ཕྱག་གང་གིས་ན་སྡུད་པ་པོས། གང་ལ་ན་རྒྱུད་ཀྱི་སྟོན་པ་ལ། དུས་གང་གི་ཚེ་ན་སྡུད་པ་པོས་འོག་མིན་དུ་དང་པོར་ཤེས་པའི་རྒྱུད་ལ་བསྡུས་ཏེ། དེ་ནས་མི་ཡུལ་དུ་ཚིག་ཏུ་སྡུད་པའི་ཚེ་ནའོ། །ཚུལ་ཇི་ལྟར་བཙལ་ན། རབ་ལྟ་བ་མཇལ་བ། འབྲིང་བསྒོམ་བ་གོམས་པ། ཐ་མ་མོས་གུས་ཀྱི་ཕྱག་གསུམ་ལས། འདི་ནི་སྡུད་པ་པོའི་ཕྱག་ཡིན་པའི་ཕྱིར་དང་པོའོ། །གཉིས་པ་ནི། འགྲེལ་ཆུང་ལས། མཉམ་ཉིད་དབྱིངས་སུ་བདུད་བཞི་ངང་གིས་བཅོམ། །ཕྱག་རྒྱའི་རང་བཞིན་ཚོགས་གཉིས་རྫོགས་པར་ལྡན། །ཡོད་མེད་མཐའ་འདས་བདག་གཞན་ཡོངས་ཀྱི་དཔལ། །ཐམས་ཅད་རང་བཞིན་རྟོགས་དང་ཐུགས་རྗེ་བཟང་། །ཀུན་བཟང་ལྷ་ཡི་ལྷ་ཁྱོད་དབྱེར་མེད་ལ། །རྟོགས་དང་གུས་པས་རབ་ཏུ་ཕྱག་འཚལ་ལོ། །ཞེས་སོ། །དེ་ཡང་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་བདུད་བཞི་ངང་གིས་དག་པས་བཅོམ་པ་སྟེ། ཇི་ལྟར་བཅོམ་ན། རྒྱུ་ཉོན་མོངས་པས་མཚན་མ་རང་སར་གྲོལ་བས། འབྲས་བུ་ཉེར་ལེན་གྱི་ཕུང་པོ་མི་ལེན་ཞིང་། དེ་མ་བླངས་ན་སྐྱེ་ཤི་དང་། ལྷའི་བུའི་བདུད་ཀྱིས་བར་དུ་གཅོད་པས་མི་ཚུགས་པའི་ཕྱིར་བདུད་བཞི་བཅོམ་པ་སྟེ། རྒྱས་པ་ལས། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། །སྐྱེ་ཤི་མེད་པའི་གཡུང་དྲུང་གནས། །ཞེས་སོ། །ལྡན་པ་ནི། བྷ་ག་བཱན་གྱི་སྒྲ་ལས་བྷ་ག་ནི་བཅོམ་པ་ལ་འཇུག་པར་མ་ཟད། རྣམ་པ་གཅིག་ཏུ་སྐལ་བའམ་ལེགས་པ་རྣམ་པ་དྲུག་ལ་འཇུག་པར་ཡང་རྒྱུད་གཞན་ལས་བཤད་པ་ལ། འདིར་ནི་ཆོས་སྐུའི་ཕྱག་རྒྱ་ཡེ་ཤེས་ཀྱི་ཚོགས་དང་གཟུགས་སྐུའི་ཕྱག་རྒྱ་བསོད་ནམས་ཀྱི་ཚོགས་རྫོགས་པས་སྐུ་ལྔ་ལ་སོགས་པའི་ཡོན་ཏན་རང་རིག་པའི་ཡེ་ཤེས་ལ་རང་བཞིན་གྱིས་ལྡན་པའོ། །འདས་པ་ཡང་། བཀས་བཅད་ལས། འཇིག་རྟེན་པའི་བྷ་ག་བཱན་ལས་ཁྱད་པར་འདས་ཞེས་བླ་ཐབས་སུ་བསྣན་ཏེ། ཞེས་གསུངས་ཤིང་། བྷ་གའི་སྒྲ་སྲིད་པ་དང་འཇིགས་པར་འགྲོ་བ་ལ་འཇུག་པ་སྟེ། དེ་ལས་འདས་པས་ན་བྷ་ག་བཱན་ནོ། །འདིར་ནི་ཆོས་སྐུ་སྐྱེ་བ་མེད་པས་ཡོད་པའི་མཐའ་དང་། གཟུགས་སྐུ་འགག་པ་མེད་པས་མེད་པའི་མཐའ་སྟེ་སྤྲོས་པའི་མཚན་མ་ཀུན་ལས་འདས་པའོ། །དེ་ལྟར་ཡང་ཕལ་པོ་ཆེ་ལས། སྤྲོས་པ་ཀུན་ལས་རབ་འདས་པའི། །བཅོམ་ལྡན་འདས་ནི་མཁའ་རབ་ཞི། །ཞེས་སོ། །དཔལ་ནི། གཞི་ཆོས་དབྱིངས་ཤིན་ཏུ་དྲི་མེད་དེ་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་དང་། དེ་མངོན་དུ་གྱུར་པའི་འབྲས་བུ་ནི། ཆོས་སྐུ་རྟོགས་པ་བདག་གི་དཔལ་དང་། གཟུགས་སྐུ་ཐུགས་རྗེ་གཞན་གྱི་དཔལ་གཉིས་སོ། །དེའང་རྡོ་རྗེ་ལས་རིམ་ལས། རང་བཞིན་མངོན་བྱས་མ་ལུས་རེ་བ་སྐོང་། །ཞེས་སོ། །ཀུན་ཏུ་བཟང་པོ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་འཆིང་གྲོལ་མེད་པའི་རང་བཞིན་མངོན་དུ་རྟོགས་པས་སྤྱོད་ཡུལ་དག་པ་སྟེ། འདི་ཉིད་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་སོ། །སྤྱིར་གནས་ལུགས་ཡེ་སངས་རྒྱས་པ་ནི་རང་བཞིན་ཀུན་ཏུ་བཟང་པོ། དེ་ཉིད་རྟོགས་པའི་ཡོན་ཏན་མངོན་དུ་གྱུར་པ་ནི་རྟོགས་པ་ཀུན་ཏུ་བཟང་པོ། དེ་ལས་གཟུགས་ཀྱི་སྐུ་མངོན་དུ་སྣང་བ་ནི་ཐུགས་རྗེ་ཀུན་ཏུ་བཟང་པོའོ། །དེ་དག་ཀུན་ཀྱང་འགྲོ་བ་ལ་ཕྱོགས་དུས་ཀུན་ཏུ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྟེར་བར་བྱེད་པ་པོ་སྟེ། རྒྱུད་ཕྱི་མ་ལས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ། །མངོན་མཐོ་ངེས་ལེགས་རབ་བསྟན་པ། །ཀུན་ཏུ་བཟང་པོར་བརྗོད་པ་ཡིན། །ཞེས་སོ། །ཡུལ་དེ་ལ་སྡུད་པ་པོ་གསང་བདག་གིས་རང་དང་སྟོན་པའི་ཐུགས་གཉིས་སུ་མེད་པར་རྟོགས་པའི་སྒོ་ནས་ཕྱག་བཙལ་བ་སྟེ། འགྲེལ་པ་མངོན་རྟོགས་ལས། དེ་ཡང་ཐུན་མོང་པ་དག་ལུས་ངག་ཡིད་གསུམ་གྱིས་སོ་སོར་བལྟས་ནས་ཕྱག་འཚལ་བ་ནི་ཤིན་ཏུ་འགལ་ཏེ། ཚི་ཆད་པར་འགྱུར་རོ། །རྨད་དུ་བྱུང་བའི་ཐེག་པ་འདིར་ཀུན་ཏུ་བཟང་པོ་དང་རིག་པ་གཉིས་མེད་དུ་མཇལ་བ་ཕྱག་ཏུ་གསུངས་ཏེ། དཔེ་མར་གྱི་ནང་དུ་མར་བླུགས་པ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། ཁ་ཅིག་ན་རེ། འདི་ལོ་ཙཱ་བའི་འགྱུར་ཕྱག་ཡིན་གྱི་སྡུད་པ་པོའི་ཕྱག་མ་ཡིན་ཏེ། སྡུད་པ་པོའི་ཚིག་ནི་འདི་སྐད་བཤད་པའི་དུས་ན། ཞེས་པ་མན་ཆད་ཡིན་པའི་ཕྱིར་ཟེར། དེ་ལྟར་ན་སྡུད་པ་པོས་བཀའ་བསྡུ་བྱེད་པའི་ཐོག་མར་རང་གི་སྟོན་པ་ལ་བསྟོད་ཕྱག་བྱས་པ་མེད་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། སོ་ཐར་གྱི་མདོའི་བཀའ་བསྡུ་བའི་ཚེ་སྟོན་པ་ལ་བསྟོད་ཕྱག་བྱས་ནས་བཀའ་བསྡུས་པའི་ཕྱིར་ཏེ། དེ་ལས། འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་བཙལ་ནས། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་གསུངས་པའི་ཕྱིར་བྱས་པ་ལ། ཁོ་ན་རེ། འོ་ན་རྒྱུད་འདིའི་ཀླད་དུ་སྨོས་པའི་ཕྱག་འདི་སྡུད་པ་པོའི་ཕྱག་ཡིན་པའི་ཕྱིར། ལོ་ཙཱ་བའི་འགྱུར་ཕྱག་མེད་པར་ཐལ་ལོ་ཟེར་ན། སྐྱོན་མེད་དེ། ལོ་ཙཱ་བས་རྒྱལ་པོའི་བཀས་བཅད་དང་བསྟུན་པའམ་རང་གི་འདོད་ལྷ་ལ་ཕྱག་བྱེད་པ་གང་ལྟར་ནའང་། སྟོན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་བར་རིགས་པར་མཐོང་ནས་འགྱུར་ཕྱག་ཟུར་དུ་མ་བཀོད་པའི་ཕྱིར་ཏེ། དུས་འཁོར་གྱི་རྒྱུད་ཀྱི་ཀླད་དུའང་ཡི་གེ་པའི་ཕྱག་གིས་གོ་བཅད་དེ་འགྱུར་ཕྱག་མ་བཀོད་པ་བཞིན་ནོ། །འདིར་གཡུང་ཊཱིཀ་ཏུ། རྒྱུད་གཞུང་སྤྱིའི་ལུགས་ཀྱི་ཀླད་ཀྱི་བསྟོད་ཕྱག་ཡི་གེ་པའི་ཕྱག་ཏུ་བཞེད་པ་ནི་མ་ཡིན་ཏེ། ཕལ་ཆེར་བར་འགྱུར་ཕྱག་ཏུ་སྣང་བའི་ཕྱིར་དང་། འདིར་ནི། སྤར་ཁབ་ལས། སྡུད་པ་པོས་ཚིག་གཉེར་བ་དེའི་ཚེ་རང་གི་སྟོན་པ་ལ་མཆོད་པར་བརྗོད་པའོ། །ཞེས་སྡུད་པ་པོའི་ཕྱག་ཏུ་བཤད་པའི་ཕྱིར་རོ། །གཉིས་པ་གཞུང་དོན་གཏན་ལ་དབབ་པ་ནི། །འདི་ཉིད་ལས། རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །ཞེས་པས་རྒྱུད་འདི་ཉིད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་ནས་འཆད་ཚུལ་གསུམ་དུ་གསུངས་ཏེ། ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་གསུངས་པའི་ཕྱིར། དེ་ལས། དང་པོ་ནི། སྔར་བཤད་གྲུབ་ལ། གཉིས་པ་དབང་པོ་འབྲིང་ལ་དོན་རྣམ་པར་དབྱེ་བ་དང་། གསུམ་པ་དབང་བརྟུལ་ལ་འབྲུ་རེ་གཉེར་རེའི་སྒོ་ནས་འཆད་པ་གཉིས་ཀྱི། ཕྱི་མ་ནི། མེ་ལོང་བཅུའི་བཤད་ཐབས་དང་སྦྱར་ཏེ་རྒྱུད་ཀྱི་མཚན་དང་ཌཱི་ཀ་སོགས་ལས་ཤེས་པར་བྱ་ཞིང་། འདིར་བར་མའི་དབང་དུ་བྱས་ཏེ་བཤད་ན། སྤྱན་འགྲེལ་ལས། ལུང་གི་སྤྱི་རུ་གྲགས་པ་ཡི། །རྣམ་པར་དབྱེ་བ་ལྔ་རུ་འགྱུར། །ཞེས་སོ། །ལྔ་གང་ཞེ་ན། མངོན་རྟོགས་འགྲེལ་ལས། རྒྱུད་གཞུང་གཞི་བླང་ཡོངས་སུ་ཤེས། །དགོས་འགྲེལ་གཏད་དང་རྫོགས་པའོ། །ཞེས་ལྔར་གསུངས་ནའང་། དགོས་འབྲེལ་སྔར་བཤད་གྲུབ་པའི་ཕྱིར། །འདིར། འགྲེལ་ཆུང་ལས། རྒྱུ་དང་རྐྱེན་དང་གཞུང་ཉིད་དང་། །འགྲོ་བའི་དོན་དུ་སྣང་བའི་ཕྱིར། །གླེང་གཞི་དང་ནི་གླེང་བསླང་སྟེ། །དོན་དང་ཡོངས་སུ་བཟུང་བ་དང་། །རྣམ་པ་བཞིར་ནི་བསྡུས་པ་ཡིན། །ཞེས་པས། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་བ། འབྲས་བུ་ཡོངས་ཤེས་རྒྱུད་དོན། གདམས་ཤིང་བསྟན་པ་གཏད་པའོ། །དང་པོ་ལའང་། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས་བཞི། དང་པོ་ནི། གཉིས་སུ་ངེས་ཏེ། གླེང་གཞི་ཚོགས་པས་རྒྱུད་དོན་འབྱུང་བའི་རྒྱུ་བྱེད་པའི་ཕྱིར་དང་། གླེང་གཞི་ལོ་རྒྱུས་ལ་བརྟེན་ནས་མ་འོངས་པའི་གདུལ་བྱ་རྣམས་ཡིད་ཆེས་ཤིང་འཇུག་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཕུན་སུམ་ཚོགས་པ་ལྔའམ་དྲུག་ལྡན་ཏེ། དོན་བསྡུས་ལས། ངོ་བོ་ཚོགས་པ་དྲུག་ཉིད་དོ། །ཅེས་སོ། །གསུམ་པ་ནི། གང་གླེང་ན་བསྟན་པ་སྟེ། དེའི་རྒྱུའམ་གཞི་ནི་ཕུན་སུམ་ཚོགས་པ་ལྔ་ཡིན་པའི་ཕྱིར་དང་། ཡང་རྣམ་པ་གཅིག་ཏུ་ན། ནཱ་དའི་སྒྲ་ལས་ངེས་པ་སྦྱིན་པ་སྟེ། བཀའ་མ་ཡིན་པར་རྟོག་པའི་ཐེ་ཚོམ་ཅན་གྱི་བློ་ལ་ཡིད་ཆེས་ཀྱི་ངེས་པ་སྦྱིན་པར་བྱེད་པས་ན་གླེང་གཞིའོ། །བཞི་པ་ནི། ཁོག་གཞུང་ལས། ཐུན་མོང་གླེང་གཞི་རྣམ་གཉིས་དང་། །ཐུན་མོང་མིན་པ་རྣམ་པ་གཉིས། །ཞེས་པས། ཐུན་མོང་མ་ཡིན་པའི་དང་། ཐུན་མོང་གི་གླེང་གཞིའོ། །དང་པོ་ལའང་། ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་དང་། གསང་བ་ལྟར་འོག་སྒོ་དང་སྦྱར་ཏེ་བཤད་པ་གཉིས། དང་པོ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ལས། རྩ་བའི་འདབ་མ་བཞི་ཨེ་གྲུ་གསུམ་སོགས་ལས་བཞིའི་དབྱིབས་དང་། ཁ་དོག་འོད་བཞིའི་རྣམ་པར་གནས་པ་ནི། ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས་པའི་གནས་ཡིན་པའི་ཕྱིར། གནས་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །ཞེས་སོ། །དེའི་དབུས་ན། སྲོག་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔ་འདུས་ཀྱི་ངོ་བོ་ཡི་གེ་ཝཾ་གྱི་དབྱིབས་ཅན་ནི། དཔེར་ན་མར་མེ་གསལ་བྱེད་གཞན་ལ་ལྟོས་མི་དགོས་པ་ལྟར་དེ་ཉིད་རང་ལ་བདེ་བ་གསལ་བར་སྟོན་པའི་བདག་ཉིད་ཡིན་པའི་ཕྱིར་སྟོན་པ་ཕུན་སུམ་ཚོགས་པ་སྟེ། མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །ཅེས་སོ། །རྩ་བཞི་ལ། ཀུན་གཞི་དང་། ཡིད་དང་། ཉོན་ཡིད་དང་། སྒོ་ལྔའི་རྣམ་ཤེས་བཞི་གནས་ལ། དེ་དག་གིས་བརྗོད་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་གསལ་བར་ཉམས་སུ་མྱོང་བ་ནི་བཤད་པ་དང་འདྲ་བའི་ཕྱིར་འཁོར་དང་། བྱེ་བྲག་ཚོགས་བདུན་ཀུན་གྱི་རྗེས་སུ་འཇུག་པའི་ཡིད་ཀྱི་རྣམ་ཤེས་ནི་སྡུད་པ་པོར་བཞེད་པས་འཁོར་ཕུན་སུམ་ཚོགས་པ་སྟེ། མ་ནུ་རྣམ་ཤེས་ཡིད་སོགས་བཞི། །ཡེ་ཤེས་མྱོང་བས་སྡུད་པར་བཤད། །ཅེས་སོ། །སྟེང་སྒོ་འཁོར་ལོ་བཞིའི་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་བའི་ཕྱིར་བསྟན་པ་ཕུན་སུམ་ཚོགས་པ་སྟེ། ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །ཞེས་སོ། །དེའི་ཚེ་དུས་སྔ་ཕྱིར་འཛིན་པའི་རྟོག་པ་དང་བྲལ་བ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཡིན་པའི་ཕྱིར་དུས་ཕུན་སུམ་ཚོགས་པ་སྟེ། བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་སོ། །གཉིས་པ་ནི། ཡུམ་གྱི་བྷ་ག་ཕྱི་ཁྱམས་ཨེ་གྲུ་གསུམ་ལ་སོགས་ཏེ་ལས་བཞིའི་དབྱིབས་སུ་གནས་པ་ནི་གསང་བའི་སྐུའི་བཞུགས་གནས་ཀྱི་ཕྱིར་གནས་ཏེ། ཐལ་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །ཞེས་སོ། །ཡབ་ཀྱི་རྡོ་རྗེའི་དབང་བསྐུར་ཐིག་ལེ་ཐབས་ཀྱིས་བཟུང་བའི་ཚེ་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་ཝཾ་གྱི་དབྱིབས་ཅན་ནོ། །ཡབ་ཡུམ་གཉིས་ཀའི་རྒྱུད་ལ་བདེ་བ་གསལ་བར་བྱེད་པའི་བདག་ཉིད་དུ་བཞུགས་པའི་ཕྱིར་སྟོན་པ་སྟེ། སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་དབྱིབས་ཐིགས་ལེར་བཅས་སྟོན་པའོ། །ཞེས་སོ། །བདེ་བ་སྡོམ་པར་བྱེད་པའི་ལས་ཀྱིས་ཡིད་ལ་སོགས་པ་གསལ་བའི་རྣམ་ཤེས་ནི་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བའི་ཕྱིར་འཁོར་ཏེ། མ་ད་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །ཅེས་སོ། །དེའི་ཚེ་བདེ་བ་སྡོམ་པར་བྱེད་པའི་ཡིད་ནི་ཉམས་སུ་མྱོང་བའི་ཆོས་རྣམས་བདེ་བར་བསྡུས་ནས་སྟོན་པའི་ཕྱིར་སྡུད་པ་པོར་ཡང་རུང་ལ། མྱང་བྱ་སེམས་ལྔ་རྫོགས་པའི་དགའ་བ་བཅུ་དྲུག་གི་མཐའི་སྐད་ཅིག་མ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་རང་བཞིན་གསང་བའི་སྙིང་པོའི་དོན་ཡིན་པའི་ཕྱིར་བསྟན་པ་སྟེ། པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་ཆེན་འདི་ཡིན་ནོ། །ཞེས་སོ། །དེའི་ཚེ་སྔ་ཕྱིའི་འཛིན་རྟོག་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དུས་ཏེ། དུས་ནི་བསམ་གྱིས་མི་ཁྱབ་དུས། །ན་མ་དེ་མིང་ཞེས་བྱའོ། །ཞེས་སོ། །དེ་དག་ཀྱང་། སཾསྐྲྀ་ཏའི་སྐད་དུ། ཨེ་ཝཾ་མ་ཡ། ཞེས་པ་ཐུན་མིན་གྱི་གླེང་གཞི་དབང་བཙན་པར་བྱས་ཏེ། འདི་སྐད་བཤད་པའི་དུས་ན་ཞེས་འགྱུར་གྱི་རྒྱུད་གཞུང་ཐམས་ཅད་ཀྱི་ལེགས་པར་སྦྱར་བའི་སྐད་ལ། ཨེ་ཝཾ་མ་ཡ་བྱ་བ་ལས། བཤད་དང་ཐོས་སོགས་རྣམ་དབྱེ་གཞི་མི་མཐུན་པ་མེད་ཅེས། ཉང་ཇོ་མདོ་དང་། རྗེ་གཡུང་སོགས་གསུངས་ནའང་། རིགས་པར་མ་མཐོང་སྟེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་པའི་རྒྱ་དཔེ་རྣམས་སུ། ཨེ་ཝཾ་མ་ཡུ་ཤྲུ་ཏ་མེ་ཀ་སྨན་ས་མ་ཡེ། ཞེས་འབྱུང་བའི་ཕྱིར་རོ། །ཡང་རྗེ་རོང་ཟོམ་གྱི་ཞལ་ནས། རྒྱུད་འདི་ལ་ཡི་གེ་མ་ཡ་གཉིས་མེད་པས། འདི་ཉིད་ནས་ནི་བསྡུས་པའི་གཞི་མེད་དོ་གསུངས་ཀྱང་། མ་ཡའི་ཡི་གེ་གཉིས་ཡོད་པར་དྲངས་མ་ཐག་པའི་བཤད་རྒྱུད་ཀྱི་ལུང་རྣམས་ཀྱིས་སྟོན་ཅིང་། ཐར་ལོའི་འགྱུར་དུའང་། འདི་སྐད་བདག་གིས་བཤད་པའི་དུས་ན་ཞེས་འབྱུང་སྟེ། མ་ཡ་ཉིད་ཨ་སྨད་ལ་ཊཱ་བྱིན་པའི་རྣམ་འགྱུར་དུ་མཛད་དེ་བསྒྱུར་བའི་ཕྱིར་རོ། །དེས་ན་ཐར་ལོས་ནི་སྒྲ་འགྱུར་གཙོ་བོར་མཛད་ལ། སྔོན་གྱི་ལོ་ཆེན་རྣམས་ཀྱིས་བཤད་རྒྱུད་ཀྱི་ཡི་གེ་བསྡུས་བཤད་ལྟར། དོན་འགྱུར་གཙོ་བོར་མཛད་པར་མངོན་ནོ། །འདིར་གང་བཞག་ན། ཐུགས་ཐིག་ལས། ཡི་གེ་བཞི་ཡིས་ཤེས་པར་འགྱུར། །ཞེས་པ་ལྟར་ཨེ་ཝཾ་མ་ཡ་བཞིས་སྟོན་པའི་དབང་དུ་བྱ་སྟེ། དེ་ལ། ཨེ་ཝཾ་ནི། འདི་སྐད་དང་། འདི་ལྟར་དང་། དེ་བཞིན་སོགས་ལ་འཇུག་པ་ལས། འདིར། ཨེ་ནི་ཨི་དཾ་ལ་བདུན་པའི་ཏྲ་སྦྱར་བའི་རྣམ་འགྱུར་དུ་བྱས་ཏེ་འདི་དང་། ཝཾ་ནི་ཝ་ཙའི་བྱིང་དོན་ལས་སྐད། མ་ཡའི་སྒྲ་ནི། ཀུན་མཁྱེན་ཆེན་པོའི་ཊཱི་ཀར། རང་བཞིན་དང་། སྒྱུ་མ་དང་། བདག་དང་། འབྱུང་བ་སོགས་ལ་འཇུག་པ་ལས་འདིར་འབྱུང་བ་གཟུང་སྟེ་བཤད་པའི་དུས་ན་ཞེས་བསྒྱུར་བར་གསུངས་སོ། །དེ་ལྟར་འདི་སོགས་ཀྱིས་མཚོན་པའི་ཨེ་ནི་ཡུམ་ལྔའི་མཁའ་སྟེ་གནས། ཝཾ་ནི་ཝཾ་བཛྲ་ཞེས་རྡོ་རྗེ་ཀུན་ཏུ་བཟང་པོའི་རང་བཞིན་ཏེ་སྟོན་པ། མ་ནི་མ་ད་ན་སྡོམ་པ་དང་། མ་ནུས་སྒྲས་ཡིད་སོགས་རྣམ་ཤེས་ཏེ་འཁོར་དང་སྡུད་པ་པོ། ཡ་ནི་ཡ་ནའི་སྒྲས་ཐེག་པ་སྟེ་བསྟན་པ། དེའང་པ་སྒྲས་པ་ར་མཱརྠ་ཞེས་དོན་དམ་སྟེ། འོད་གསལ་ལམ་ལྷན་སྐྱེས་ཀྱི་ཡེ་ཤེས་ཟབ་མོའི་དོན་ནོ། །ཡ་ནི་རྣམ་པ་གཅིག་ཏུ་ས་མ་ཡའི་མིང་མཐའ་བསྡུས་པ་ལ་བྱས་ཏེ་དུས་ལའང་འཇུག་གོ། །དེ་དག་དང་བསྟུན་ཏེ་སྔོན་གྱི་མཁན་པོ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས། འདི་ཞེས་པ་གནས་སོགས་བོད་སྐད་ལའང་སོ་སོར་སྦྱར་ཏེ་བསྒྱུར་བཤད་ཀྱིས་གཏན་ལ་འབེབས་པར་མཛད་པ་ཡིན་མོད། འོན་ཀྱང་རྒྱ་སྐད་ཇི་ལྟ་བར་བོད་སྐད་ལ་སྦྱར་དུ་མེད་པའི་ཕྱིར། འདིར་སྐད་གཉིས་ཀ་དང་སྦྱར་ནས་བཤད་ན་ལེགས་པ་ཡིན་ནོ། །གཞན་དུ། བཤད་པ། ཞེས་པའི་པ་ཡིག་དང་། པ་སྒྲ་དོན་དམ། ཞེས་པའི་ལུང་གི་ཡི་གེ་གཉིས་སྤྱོད་དགོས་སམ་སྙམ་དུ་རྟོག་པ་ནི་རྒྱ་སྐད་བོད་སྐད་དུ་འཁྲུལ་པའི་བཤད་པར་མངོན་ཏེ་ལེགས་པར་མི་སེམས་སོ། །འདིར་སྐབས་འཕྲོས་ཀྱི་བརྒལ་ལན་ནི། ཁ་ཅིག་ན་རེ། མདོ་རྒྱུད་གཞན་ཐམས་ཅད་དུ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་འབྱུང་བ་ལས། འདིར་དེ་ལྟར་མ་སྨོས་པའི་ཕྱིར་གླེང་གཞི་ལོག་པས་བཀའ་ཡང་དག་པ་མ་ཡིན་ནོ། །ཟེར། དེའི་ལན་དུ། ལྷ་རྗེ་གླན་ཤཱཀ་བཟང་ན་རེ། བཤད་ཐོས་གཉིས་ཚིག་མི་མཐུན་ཀྱང་། སྟོན་པས་འཁོར་ལ་བཤད་པ་དང་འཁོར་གྱིས་སྟོན་པ་ལས་ཐོས་པ་དོན་མཐུན་གསུངས་ནའང་། ཐོས་པ་ལ་བཤད་པས་མ་ཁྱབ་པའི་ཕྱིར་ལེགས་པར་མི་སེམས་སོ། །ལྷ་རྗེ་མདའ་ཏིག་ན་རེ། ཐོས་པ་ལ་མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ་གྱི་སྐྱོན་སྲིད་པ་ལས། འདིར་བཤད་ཅེས་པ་སྟོན་འཁོར་དགོངས་པ་གཉིས་སུ་མེད་པ་ཉིད་ལ་ཉིད་བཤད་པའི་ཕྱིར་སྔར་གྱི་སྐྱོན་གསུམ་རྣམ་པར་བཅད་པའོ་གསུང་ཡང་། མི་འཐད་དེ། བཤད་ཙམ་ལ་སྐྱོན་གསུམ་དང་འབྲལ་བས་མ་མ་ཁྱབ་ཅིང་། དགོངས་པ་གཉིས་སུ་མེད་པ་ཉིད་ལ་ཉིད་ཐོས་པའང་འགལ་བའི་ཕྱིར་རོ། །ཡང་ཁྱེད་བླ་མ་དང་རྗེ་སྒྲོ་ཕུག་པའི་བཞེད་ཀྱི། སྐུ་གཉིས་ཀྱི་བསྟན་པའི་ཁྱད་པར་ཡིན་ཏེ། ལོངས་སྐུ་ཚིག་ཏུ་མི་གསུང་བས་རྣ་བས་ཐོས་སུ་མེད་པའི་ཕྱིར་བཤད་ཅེས་དང་། སྤྲུལ་སྐུ་ཚིག་ཏུ་གསུངས་པའི་ཕྱིར་ཐོས་བྱ་བར་འོང་བ་ཡིན་གསུངས་ནའང་། ལོངས་སྐུས་གསུངས་པའི་རྒྱུད་དུ་བཤད་ཅེས་འོང་བས་ཁྱབ་ན་ལོངས་སྐུས་བསྟན་པའི་རྒྱུད་ཀུན་ཏུ་དེ་ལྟར་འབྱུང་རིགས་པ་ལས་མ་བྱུང་བའི་ཕྱིར་སྙམ་དུ་དོགས་སོ། །རྗེ་དྲི་ངས་པ་ན་རེ། སྟོན་པའི་དགོངས་པ་བརྡའི་བཤད་པ་སྡུད་པ་པོས་མ་ཕྲི་མ་བསྣན་པར་བཤད་པར་བཞེད་པའང་། སྔ་མ་དང་ཞེ་འདོད་གཅིག་མོད། འོན་ཀྱང་འདི་ལ་འགལ་བ་མ་མཐོང་ངོ་། །རང་ལུགས་ནི། གསང་བདག་གིས་བསྡུ་བ་བྱེད་པ་ན་རང་ཉིད་སྟོན་པ་ཉིད་དུ་ཁས་བླངས་ཏེ། སྔར་ངས་འོག་མིན་དུ་བཤད་པ་ཉིད་ཡང་འདིར་བཤད་པར་བྱ་ཞེས་དང་། དུས་ན་ཞེས་པའང་དུས་རེས་འགའ་བ་མ་ཡིན་ཏེ། རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པའི་དོན་གྱིས་རྒྱུད་གཞན་དང་ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་ནས་བསྡུས་པར་མངོན་ཏེ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་བར་བཤད་ཅེས་པས་ནི་འཁོར་དང་སྟོན་པ་གཉིས་སུ་མེད་པར་བསྟན་པ་ཡིན་ལ། ཞེས་སོགས་དང་། སྤར་ཁབ་ལས་ཀྱང་། ཐུན་མོང་མ་ཡིན་པའི་གླེང་གཞི་སྟེ། རྒྱུད་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ཞེས་གསུངས་པའི་ཕྱིར་བྱས་པ་ལ། ཁོ་ན་རེ། འོ་ན་བདེ་འདུས་ཀྱི་ཞི་བ་འདུས་པ་རྩ་བའི་རྒྱུད་ཀྱི་ཀླད་དུའང་། འདི་སྐད་བཤད་པའི་དུས་ན། ཞེས་འབྱུང་རིགས་པར་ཐལ། རྒྱུད་དེར་སྟོན་འཁོར་རྒྱུད་གཅིག་ཏུ་གསུངས་པའི་ཕྱིར་ཏེ། ང་ནི་ཆེ་བའི་རྒྱལ་པོ་སྟེ། འཆད་དང་ཉན་པའང་ང་ཉིད་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། སྟོན་འཁོར་ཁྱད་མེད་པར་མཚུངས་པ་བདེན་ཀྱང་། རྒྱུད་འདི་ནི་ཁྱད་པར་མེད་པར་མཚོན་པའི་ངོས་ནས་སྨོས་ལ། བདེ་འདུས་སོགས་ཐུན་མོང་མ་ཡིན་པའི་རྒྱུད་གཞན་དུ་ཁྱད་པར་ཡོད་པར་མཚོན་པའི་ངོས་ནས་སྨོས་པ་ཙམ་དུ་ཟད་དེ། གདུལ་བྱ་མོས་པ་ཐ་དད་པ་ལ་གྲགས་པའི་ཕྱིར། ཁོ་བོས་ཁྱབས་མཐའ་མ་བཅས་སོ། །གཞན་ཡང་། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་མ་སྨོས་པས་བཀའ་ཡང་དག་པ་མ་ཡིན་པར་འགྱུར་ན། བདེ་མཆོག་རྩ་རྒྱུད་དང་། འཇམ་དཔལ་མཚན་བརྗོད་སོགས་ཀྱང་དེར་ཐལ། དེ་ལྟར་མ་སྨོས་པའི་ཕྱིར་ཏེ། དེ་ནས་གསང་བ་བཤད་པར་བྱ། །ཞེས་དང་། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པའི་ཕྱིར། དེས་ན། མངོན་རྟོགས་རྒྱན་གྱི་འགྲེལ་པ་ལས། འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་ཡིན་པས། ཐེག་པ་གཞན་གྱི་ལུགས་ལ་བརྟེན་ནས་ནམ་དུའང་སུན་འབྱིན་བརྗོད་པར་མི་བྱའོ། །ཞེས་པ་ལྟར་ཤེས་པར་བྱས་ཏེ་བག་ཡོད་པར་སྤྱོད་ཅིག །གཉིས་པ་ཐུན་མོང་གི་གླེང་གཞི་ལ། རྒྱུད་ཁྱད་པར་གྱི་གླེང་གཞི་དང་། བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་གཉིས། དང་པོ་ལའང་། གླེང་གཞི་དངོས་དང་། ཞར་བྱུང་གདུལ་བྱ་དགོས་ཆེད་ཀྱི་གླེང་གཞིའོ། །དང་པོ་ནི་རྒྱུད་འདིའི་ལེའུ་དང་པོས་སྟོན་ཏེ། དེ་འཆད་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ་ནི། འདི་སྐད་བཤད་པའི་སོགས་ལ་ཕུན་སུམ་ཚོགས་པ་དྲུག་སྔར་ལྟར་ངོས་བཟུང་ནས་རྒྱས་བཤད་དང་སྦྱར་རོ། །འདིར་ཐུན་མོང་གི་གླེང་གཞིར་བརྗོད་པ་ནི་སྔ་མ་ཐུན་མིན་པ་ལྟོས་ནས་ཏེ། གཞན་དུ་ན་འདི་ཡང་ཐུན་མིན་ཉིད་དོ། །གལ་ཏེ་ཐུན་མོང་ཡིན་ན། གནས་གང་དུ། སྟོན་པ་གང་ཞིག །འཁོར་གང་དང་ལྷན་ཅིག་ཏུ་བཞུགས་པའི་དུས་དེའི་ཚེ་ཆོས་འདི་ལྟ་བུ་ཞིག་ཐོས་ཤེས། སྟོན་འཁོར་ཐ་དད་པ་དང་། ཆོས་ཐེག་པ་སྣ་ཚོགས་པ་དང་། དུས་རེས་འགའ་བ་ཞིག་སྟོན་དགོས་པ་ལས་འདིར་དེ་ལྟར་མི་སྟོན་ཏེ། འདི་སྐད་བཤད་པའི་དུས་ན། ཞེས་དང་། དེའི་དོན་རྒྱས་བཤད་ལས་ཤེས་པར་འགྱུར་བའི་ཕྱིར། དེ་བས་ན་ཐུན་མོང་ཁྱད་པར་གྱི་གླེང་གཞིར་བསྙད་དོ་ཞེས་བླ་མ་རྣམས་གསུངས་སོ། །ཅིའི་ཕྱིར། ཐུན་ཁྱད་འགལ་བར་མི་འགྱུར་རམ་སྙམ་ན། མི་འགལ་ཏེ། དེའི་མིང་དོན་ནི། གླན་ཊཱིཀ་པ་སོགས་སྔ་རབས་བ་དག །གནས་འོག་མིན་ཙམ་དུ་མིང་ཐུན་མོང་དུ་གྱུར་ཀྱང་། འདིར་དབང་ཕྱུག་ཆེན་པོའི་འོག་མིན་གྱིས་ཁྱད་པར་དུ་སྤགས། སྟོན་པ་ལོངས་སྐུ་ཙམ་དུ་མཐུན་ཀྱང་རྒྱལ་བ་དྲུག་པས་སྤགས། འཁོར་བྱང་སེམས་ཙམ་དུ་མཐུན་ཀྱང་འབྲས་བུའི་སེམས་དཔས་སྤགས། བསྟན་པ་གྲོལ་ལམ་ཙམ་དུ་མཐུན་ཀྱང་གྲོལ་ལམ་ཁྱད་པར་ཅན་ལམ་གསང་བའི་སྙིང་པོས་སྤགས། དེས་ན་ཐུན་མོང་ཁྱད་པར་གྱི་གླེང་གཞིའོ་གསུང་། གཉིས་པ་རྒྱས་བཤད་ནི། རྒྱུད་ཕྱི་མ་ལས། སྟོན་པ་ལ་སོགས་པར་དབྱེ་བས། །ཕུན་སུམ་ཚོགས་པ་ལྔར་བརྗོད་དོ། །ཞེས་དང་། ཁོག་གཞུང་ལས། སྟོན་གནས་འཁོར་དང་སྡུད་པ་དང་། །བསྟན་པ་དུས་ཀྱིས་ཤེས་པར་བྱ། །ཞེས་པས་ཕུན་སུམ་ཚོགས་པ་ལྔའམ་དྲུག་ལས། དང་པོ་སྟོན་པ་ལའང་། སྟོན་པའི་བདག་ཉིད་དང་། འཆད་པའི་སྐྱེས་བུ་གཉིས། དང་པོ་ནི། བཅོམ་ལྡན་འདས་དྲུག་པ་སྤྱིའི་གཟུགས་ཅན་ཀུན་ཏུ་བཟང་པོ་སྟེ། ཁོག་གཞུང་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། །བདག་ཉིད་བྱེད་པ་ཀུན་ཏུ་བཟང་། །ཞེས་སོ། །དེ་ལའང་། སྟོན་པའི་རང་བཞིན་དང་། ངོ་བོ་གཉིས། དང་པོ་ལ། གོ་དོན་དང་། གཏན་ལ་དབབ་པའོ། །དང་པོ་ནི། སྟོན་པའི་དགོངས་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་ཅན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང་ཆོས་ཉིད་ཐ་མི་དད་པར་གནས་པ་ནི་རང་བཞིན་ནོ། །གཉིས་པ་ནི། བི་མ་ལས་རང་བཞིན་བཞིར་བཤད་དེ། འགྲེལ་ཆུང་ལས། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་སོ། །སྤར་ཁབ་ལས། རྒྱལ་བ་དྲུག་པའི་ཡོན་ཏན་མཐའ་ཡས་པའང་མདོར་བདུན་དུ་འདུ་སྟེ། ཞེས་པ་རང་བཞིན་བདུན་དང་། ཁོག་གཞུང་ལས། ཡང་དག་པ་དང་། རྫོགས་པ་སོ་སོར་ཕྱེ་བས་བརྒྱད་དུ་བཤད་ཀྱང་། མདོར་བསྡུ་ན་གཉིས་ལས། དང་པོ་འདས་པའི་ཆོས་དང་དབྱེར་མི་ཕྱེད་པར་བསྟན་པ་ལ། མཚན་གྱི་རྣམ་གྲངས་ལྔ་སོ་སོར་བསྟན་པ་དང་། སྤྱིར་བསྡུས་ཏེ་མི་ཕྱེད་པར་བསྟན་པའོ། །དང་པོ་ནི། སྟོན་པའི་ཆེ་བའི་ཡོན་ཏན་གྱི་ལྡོག་ཆ་ནས་སྨོས་ན་མཚན་ལྔ་སྟེ། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན་ནི་དེ་བཞིན་གཤེགས་པ། ཞེས་གསུངས་ཏེ། སྤྱིར་ཏ་ཐཱ་ག་ཏའི་སྒྲ་ལས་ཏ་ཐཱ་ནི་དེ་བཞིན། ག་ཏ་ནི་གཤེགས་པའམ། བྱོན་པའམ། མཁྱེན་པའམ། གསུངས་པ་ལ་བྱ་སྟེ། སྔོན་གྱི་རྒྱལ་བ་རྣམས་ཇི་ལྟར་བྱང་ཆུབ་ཀྱི་སྤྱོད་པའི་སྒོ་ནས་གཤེགས་པ་དེ་ལྟར་ལམ་མཐུན་པས་གཤེགས་ཤིང་བྱོན་པ་དང་། དེ་བཞིན་ཉིད་ཇི་ལྟ་བར་མཁྱེན་ཅིང་གསུང་བ་དང་། འདོད་ཡོན་གྱི་སྣང་བ་ཇི་ལྟར་སྣང་བ་དེ་ནི་ཐབས་ཀྱིས་སྤྱད་པས་གཤེགས་པ་དང་། སེམས་ཅན་རྣམས་སྐྱེ་བ་རྣམ་པ་བཞིའི་ཚུལ་གྱིས་སྐྱེ་བ་ལས་དེ་དག་གི་བསམ་པ་དང་མཐུན་པར་མངལ་ནས་སྐྱེ་བ་དེ་བཞིན་དུ་གཤེགས་པ་སོགས་བཤད་ཀྱང་། འདིར་ནི། རྒྱུད་ཕྱི་མ་ལས། གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །ཅེས་པ། ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་སྒྲིབ་བྱེད་ཀྱི་ཞེན་པ་དང་བྲལ་བས་ནར་སོན་ཞིང་། དེའི་ངོ་བོ་མངོན་དུ་གྱུར་པའི་གཤེགས་པ་སྟེ། རྡོ་རྗེ་ལས། དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་བཤད། །ཅེས་སོ། །ཡང་དག་པར་རྫོགས་པ། ཞེས་པ་ནི་ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རང་བཞིན་ཏེ། རང་བྱུང་གི་ཡེ་ཤེས་ལ་སྤང་བྱ་མ་གྲུབ་པས་མ་ནོར་མི་འགྱུར་མི་བསླུ་བའི་ཕྱིར་ཡང་དག་པ་དང་། དེས་ན་ཐམས་ཅད་འབྲས་བུ་སྐུ་དང་ཡེ་ཤེས་སུ་རང་སྣང་བས་སྤང་ཐོབ་ལྷག་མ་མ་ལུས་པའི་ཕྱིར་རྫོགས་པ་སྟེ། འདིས་ལྷུན་གྱིས་གྲུབ་པའི་རིག་འཛིན་ལས་ཁྱད་པར་དུ་བྱས་པའོ། །སངས་རྒྱས་ཞེས་པ་ནི་སྒྲིབ་བྲལ་གྱི་ཡེ་ཤེས་མཐའ་དབུས་མེད་པར་བརྡལ་བའི་རང་བཞིན་ཏེ། བུདྡྷའི་སྒྲས། གཉིད་སད་པ་ལྟར་སངས་པ་དང་། པདྨ་ཁ་བྱེ་བ་ལྟར་རྒྱས་པའི་དོན་གཉིས་ལ་འཇུག་པར། གཞུང་གཞན་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །ཞེས་སོ། །འདིར་ནི་མི་མཐུན་པ་དང་གཉེན་པོ་དབྱེར་མེད་ཀྱང་། དོན་ཇི་བཞིན་པ་མངོན་དུ་བྱས་པའི་སྟོབས་ཀྱིས་སྤང་ཐོབ་མེད་པའི་ཡོན་ཏན་མཐར་ཐུག་པ་སྟེ། ལེ་ལག་ལས། མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་སོ། །བཅོམ་ལྡན་འདས་ཞེས་པ་ནི་སྒྲིབ་པའི་ཆ་ཤས་ཕྲ་མོ་ཙམ་ཡང་མི་གནས་པས་བདུད་བཞི་བཅོམ་ཞིང་ཆེ་བའི་ཡོན་ཏན་གྱི་འབྲས་བུ་ལ་མངའ་མཛད་ཀྱང་རང་གི་ངོ་བོ་བསྟན་དུ་མེད་པའི་རང་བཞིན་ཏེ། རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེང་གིས་བཅོམ། །སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་སོ། །ལོངས་སྤྱོད་ཆེན་པོ་ཞེས་པ་ནི་མཉམ་པ་ཉིད་ཀྱི་དོན་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྤྱད་བྱ་སྤྱོད་བྱེད་དུ་འཛིན་པའི་ཞེན་པ་དང་བྲལ་བའི་སྒོ་ནས་ལོངས་སྤྱོད་པར་གཞན་ལས་ཆེས་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེ་ལྟར་ཡང་འཆི་མེད་མཛོད་ལས། ཆེན་པོ་མཆོག་དང་ཚད་མེད་དང་། །མཁས་མཚོན་སྤྲོས་པའི་ལས་འདི་ཉིད། །ཤིན་ཏུ་རྨད་བྱུང་བྱེད་པ་ནི། །ཆེན་པོ་ཞེས་ནི་བཤད་པ་ཡིན། །ཞེས་སོ། །གཉིས་པ་ནི། ཕྱོགས་བཅུ་ནས། རྡོ་རྗེའི་བདག་ཉིད་ཅེས་པའི་བར་གྱིས་དེ་བཞིན་གཤེགས་པ་ཀུན་གྱི་བདག་གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན་ཏེ། སྔར་སྨོས་པའི་མཚན་ལྔ་དང་ལྡན་པའི་ཕྱོགས་དུས་བདེ་གཤེགས་ཀུན་གྱི་ཡོན་ཏན་ཐམས་ཅད་བསྡུ་ན། སྐུ་གསུང་ཐུགས་གསུམ་དང་། དེའི་ཟླས་དྲངས་པའི་ཡོན་ཏན་ཕྲིན་ལས་གཉིས་ཏེ་ལྔའོ། །དེའང་རྟེན་བྱེད་པའི་ངོས་ནས་སྐུ་ལྔ། བརྡའ་སྤྲོད་པའི་གསུང་ལྔ། མི་གཡོ་བའི་ཐུགས་ལྔ། དགོས་འདོད་འབྱུང་བའི་ཡོན་ཏན་ལྔ། གཞན་དོན་མཛད་པའི་ཕྲིན་ལས་ལྔ་སྟེ། དེ་དག་གཅིག་དང་དུ་མ་དང་བྲལ་ཞིང་། རང་བཞིན་དབྱེར་མི་ཕྱེད་པ། མཚན་ཉིད་སྐྱེ་འཇིག་དང་བྲལ་བ། ངོ་བོ་འདུས་མ་བྱས་པའི་ཕྱིར་རྡོ་རྗེའི་བདག་ཉིད་དེ། འགྲེལ་པ་མུན་སེལ་ལས། འབྲས་བུ་ལྔ་ནི་རིགས་ལྔ་སྟེ། །ཞེས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་ནི་རིགས་ལྔར་བཞེད་ལ། དེའི་ཕྱིར་སྔར་གྱི་འབྲས་བུ་ཉེར་ལྔ་པོའང་ཀུན་ཏུ་བཟང་པོའི་དགོངས་པ་རང་བྱུང་གི་ཡེ་ཤེས་སུ་འདུས་ཤིང་། རིགས་ལྔ་ཡང་དྲུག་པར་འདུས་པས་ན་དུ་མ་དང་བྲལ་བའི་ཕྱིར། ཀུན་བཟང་ལ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཅན་ཞེས་བྱའོ། །དྲུག་པའི་ཡོན་ཏན་གྱི་ཁྱད་པར་ལས་འབྲས་བུ་ཉེར་ལྔ་དང་རིགས་ལྔར་མ་འགགས་པར་སྣང་བས་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རིགས་ཐམས་ཅད་ཀྱི་བདག་པོ་ཞེས་བཏགས་སོ། །གཉིས་པ་འཁོར་བའི་ཆོས་དང་དབྱེར་མི་ཕྱེད་པའི་རང་བཞིན་ནི། མ་ལུས་ནས་རང་བཞིན་ཏེ་ཞེས་པའི་བར་ཏེ། ཁམས་གསུམ་དང་དུས་གསུམ་གྱིས་བསྡུས་པའི་འཁོར་བའི་ཆོས་དང་རྒྱལ་བ་དྲུག་པ་གཉིས་ཀའང་། ཀུན་རྫོབ་ཏུ་རིག་པ་སྒྱུ་མ་ཡིན་པའི་ཕྱིར་སོ་སོ་མ་ཡིན། དོན་དམ་པར་སེམས་ཉིད་དུ་མ་སྐྱེས་པའི་ཕྱིར་ཐ་མི་དད། བདེན་པ་གཉིས་ཀྱི་ཐ་སྙད་ལས་འདས་པའི་ཕྱིར་དབྱེར་མེད་པའི་རང་བཞིན་ཏེ། གལ་ཏེ་ཀུན་རྫོབ་ཏུ་སོ་སོ་དང་། དོན་དམ་དུ་ཐ་དད་ན། སྐྱོན་རིམ་བཞིན། རྒྱས་པ་ལས། སོ་སོ་རང་བཞིན་ངེས་ཤེས་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཅེས་དང་། ཡེ་ནས་ངོ་བོ་ཡོད་མིན་ན། །ཉོན་མོངས་སྤངས་ཤིང་བྱང་བསྒྲུབ་མེད། །ཅེས་པས་གནོད་པའི་ཕྱིར་རོ། །དེ་ལྟར་རང་བཞིན་བདུན་པོ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པ་ལྟར་རིགས་ལྔའི་རང་བཞིན་ཡང་དེ་བདུན་དང་ལྡན་པའི་ཕྱིར། རིགས་ལྔ་ལ་རང་བཞིན་གཉིས་སུ་མེད་པའི་འཁོར་ཞེས་གྲགས་སོ། །གཉིས་པ་ངོ་བོ་ལའང་། གོ་དོན་དང་། གཏན་ལ་དབབ་པའོ། །དང་པོ་ནི། རང་བཞིན་དེ་ཉིད་གདུལ་བྱ་ལ་སྐུ་གསུང་ཐུགས་ཀྱི་མཚན་མ་སྣ་ཚོགས་པར་སྣང་བའོ། །གཉིས་པ་ནི། སྟོན་པའི་ངོ་བོ་ཡང་ཡིན་ལ་འཆད་པའི་སྐྱེས་བུའི་མཚན་ཉིད་ཀྱང་ཡིན་པས་ཐུན་མོང་དུ་སྟོན་ཞེས་སྤར་ཁབ་མཁན་པོ་གསུངས་སོ། །དེའང་ཚོམས་བསྡུས་ན་བཞི་སྟེ། སྐུ་གསུམ་གྱི་བདག་ཉིད་ཡིན་པའི་དང་། ཐབས་ཤེས་གཉིས་སུ་མེད་པའི་དང་། ཡེ་ཤེས་དྲུག་དང་ལྡན་པའི་དང་། རྣམ་ཐར་གསུམ་ཆུབ་པའི་དོན་རྟགས་སོ། །དང་པོ་ལ་གསུམ་ལས། ཆོས་སྐུའི་ནི། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་། ཞེས་པས། སྟོན་པ་དང་རིགས་ལྔ་ནི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར། བདེ་གཤེགས་རང་སྣང་ལ་སྐུ་མདུན་དང་རྒྱབ་མ་གྲུབ་ཅིང་། གདུལ་བྱའི་སྣང་བ་ལ་རིས་མེད་པར་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བར་གཟུགས་སྐུའི་ཡོན་ཏན་མི་འགག་པ་སྟེ། སེང་གེ་རྩལ་རྫོགས་ལས། ཀུན་ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གསལ། །ཀུན་གཟིགས་ཀུན་བཟང་སྐུ་ལ་མདུན་རྒྱབ་མེད། །ཕྱོགས་བཅུ་གང་བར་སྤྱན་གྱིས་རྣམ་པར་གཟིགས། །ཞེས་སོ། །དེའི་ཕྱིར་ལོངས་སྐུའི་ནི། མཚན་དང་དཔེ་བྱད་དང་ལྡན་པ། ཞེས་པས། མཚན་དཔེ་ལ་གཉིས་ལས། ཐུན་མོང་གི་མཚན་ནི། གལ་པོ་ལས། མཚན་མཆོག་སུམ་ཅུ་རྩ་གཉིས་ནི། །ཕྱག་ཞབས་འཁོར་ལོའི་མཚན་དང་ལྡན། །ཞེས་སོགས་དང་། དཔེ་བྱད་ཀྱང་། དེ་ལས། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། །སེན་མོ་ཟངས་ཀྱི་མདོག་ལྟར་འདུག །ཅེས་སོགས་སོ། །ཁྱད་པར་གྱི་མཚན་དཔེ་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ནི། མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞི་པོ་རེ་རེ་ལའང་བཞི་བཞིར་ཕྱེ་བའི་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག་དང་། དེའི་ཡུལ་ཆོས་ཀྱི་དབྱིངས་བཅུ་དྲུག་གི་རྩལ་སེམས་མ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོའོ། །སེམས་དཔའ་བཅུ་དྲུག་པོར་ཡེ་ཤེས་ལྔའི་རྟགས་རིགས་ལྔས་དབུ་བརྒྱན་པའི་ལྷ་བརྒྱད་ཅུ་ནི་དཔེ་བྱད་དེ། སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་ཕྱིར། སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ཞེས་སོ། །འདིར་ཡུམ་བཅུ་དྲུག་ལ་དབུ་རྒྱན་མ་བཤད་དེ། ཆོས་ཀྱི་དབྱིངས་མཚོན་པའི་ཕྱིར། དེ་དག་ཀྱང་རྒྱན་དུ་ཅིས་འགྱུར་ཞེ་ན། འཁོར་དང་འཁོར་གྱི་རྒྱན་ཕུན་སུམ་ཚོགས་པས་གཙོ་བོའི་རང་བཞིན་ཡང་བཀོད་པས་མཛེས་ཤིང་ཕུན་སུམ་ཚོགས་པ་བཞིན་ནོ་གསུང་། གཉིས་པ་ནི། འཁོར་ལོ་བཞིའི་རྩ་སྟེ། སྤྱི་བོའི་སོ་གཉིས་ཀྱིས་མཚན་བཟང་པོ་དང་མགྲིན་པའི་བཅུ་དྲུག །སྙིང་གའི་རྩ་ཆེན་བཞི། ལྟེ་བའི་དྲུག་ཅུ་རྩ་བཞི་ལས་སྟོང་པའི་རྩ་བཞི་ཕྲི་བས་དྲུག་ཅུ་སྟེ། དེ་ལྟར་བརྒྱད་ཅུ་ནི་དཔེ་བྱད་དོ། །དེའང་ཐལ་རྒྱུད་ལས། སྒྲ་དབྱངས་གསུང་གི་གནས་བཞི་ཡི། །དབྱེ་བས་གསུམ་གསུམ་ངོས་གཉིས་དང་། །བཞི་བཅུ་གཉིས་སུ་གྱུར་པ་ཡིན། །ཞེས་སོ། །གསུམ་པ་ནི། སྟོན་པ་ཡབ་ཡུམ་གཉིས་རོལ་པའི་དུས་ཀྱི་དགའ་བ་ལ་བརྩི་སྟེ། ཡབ་ཀྱི་དགའ་བ་བཅུ་དྲུག་དང་ཡུམ་གྱི་དགའ་བ་བཅུ་དྲུག་སྟེ་སོ་གཉིས་ནི་མཚན་བཟང་པོའོ། །ཡབ་ཀྱི་དགའ་བ་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པའི་ཕྱིར་བརྒྱད་ཅུ་ནི་དཔེ་བྱད་དེ། རྒྱ་མཚོ་ལས། ཨཱ་ལི་ཀཱ་ལིའི་བདེ་བ་ཉིད། །ཕན་ཚུན་མ་འདྲེས་གཅིག་པར་ཤེས། །བཅུ་དྲུག་རོས་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱད་ཅུའོ་བཟོད་སོགས་རྒྱུ་ལས་འཕགས། །ཞེས་སོ། །ཅིའི་ཕྱིར་ནང་དང་གསང་བའི་མཚན་དཔེ་རྩ་ཁམས་ཀྱི་རང་བཞིན་དུ་འདུག་པས་རྒྱན་དུ་ཇི་ལྟར་འགྱུར་སྙམ་ན། ལོངས་སྤྱོད་རྫོགས་པའི་སྐུ་ལ་རྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པ་ནི་རྒྱན་གྱི་ནང་ནས་མཆོག་གོ་ཅེས་གཡུང་ཊཱིཀ་བ་གསུང་ངོ་། །དེ་ལྟར་ན་ཕྱག་ཞབས་འཁོར་ལོ་ལ་སོགས་པ་ནི་སྤྲུལ་སྐུ་སོགས་ལའང་ཡོད་པའི་ཕྱིར་ཐུན་མོང་དང་། ཕྱི་ནང་གསང་བ་གསུམ་གྱི་མཚན་དཔེ་ནི་སྟོན་པ་དང་འཆད་པའི་སྐྱེས་བུ་ཁོ་ནའི་འཕགས་ཆོས་ཡིན་པའི་ཕྱིར་ཁྱད་པར་རོ། །སྤྲུལ་སྐུའི་ནི། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་པ་སྤྲུལ་པ་ཐམས་ཅད་ཀྱི་འབྱུང་གནས་ཏེ། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པ་ནི་མཛད་པའི་སྣང་ཚུལ་ལོ། །དེ་ལྟར་ཡང་སྡོང་པོ་བཀོད་པ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས། ནམ་མཁས་ཇི་ཙམ་ཁྱབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་བོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་ནི། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་སོགས་ཏེ། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བརྡར་ཞབས་གཉིས་ཡབ་ཡུམ་གཉིས་ཀ་སྐྱིལ་ཀྲུང་དུ་མཚུངས་པར་བཞུགས་ནས་འཁྲུལ་བ་སྟེ། ཐར་ལོ་འགྱུར་དུ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཚུངས་པར་སྐྱིལ་ཀྲུང་དུ་བཅིངས་ནས་སྙོམས་པར་འཇུག་ཅིང་བཞུགས་པ། ཞེས་པས་བཞེངས་པ་ལྟ་བུ་མ་ཡིན་གྱི་གཉིས་ཀ་སྐྱིལ་ཀྲུང་དུ་བསྟན་ནོ། །སྐྱིལ་ཀྲུང་ལ་བླ་མ་རྣམས་རིགས་དྲུག་པ་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་པདྨའི་སྐྱིལ་ཀྲུང་། འཆད་པའི་སྐྱེས་བུའི་རིགས་ལྔ་ཡབ་རྣམས་མཉམ་པའམ་རྫོགས་པའི་སྐྱིལ་ཀྲུང་དང་། ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་ཀྲུང་གིས་གཡོན་ཕྱོགས་ནས་འཁྱུད་པའོ་གསུངས། གསུམ་པ་ནི། ཡེ་ཤེས་དྲུག་གི་སོགས་ཏེ། ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་ལྡན་པའི་རྟགས་སུ་ཕྱག་དྲུག་དང་། དེས་འགྲོ་དོན་མཛད་པའི་རྟགས་སུ་ཕྱག་མཚན་དྲུག་འཛིན་པ་ནི། རིགས་ལྔ་ཡེ་ཤེས་ལྔའི་མཚན་མར་གྱུར་པའི་རྡོ་རྗེ་སོགས་ལྔ་དང་། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དྲིལ་བུ་སྟེ། སྒྱུ་འཕྲུལ་རོལ་པ་ཆེན་པོའི་རྒྱུད་ལས། ཡེ་ཤེས་དྲུག་གི་བདག་ཉིད་ཀྱི། །ཕྱག་རྒྱ་རིན་ཆེན་འབར་བའི་མཚན། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་པདྨ་རལ་གྲི་འབར། །ཞེས་སོ། །བཞི་པ་ནི། སྐུ་གསུང་ཐུགས་ཞེས་སོགས་ཏེ་སྐུ་སྟོང་པ་ཉིད་དང་། གསུང་མཚན་མ་མེད་པ་དང་། ཐུགས་སྨོན་པ་མེད་པ་གསུམ་ནི་བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་སྟེ། དེ་གསུམ་གྱི་མཚན་མའང་རིམ་བཞིན་དབུ་དཀར་དམར་མཐིང་གསུམ་གྱི་ཁ་དོག་ཏུ་བསྟན་ནོ། །དེ་དག་གིས་སྟོན་པ་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པ་ཡིན་ཏེ། ཐལ་རྒྱུད་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་པས། རྒྱུད་ཀྱི་སྟོན་པ་རིགས་དྲུག་པ་ཀུན་བཟང་དང་། འཆད་པའི་སྐྱེས་བུ་ནི། སྤྱིར་ཁོག་གཞུང་ལས། འཆད་པའི་སྐྱེས་བུ་རིགས་ལྔ་སྟེ། །ཞེས་པས་རིགས་ལྔ་ཆར་ཡིན་ཀྱང་། །ཐུགས་ཀྱི་སྒྱུ་འཕྲུལ་གྱི་སྐབས་འདིར་མི་བསྐྱོད་པ་མདུན་ན་བཞུགས་སོ། །གཉིས་པ་འཆད་པའི་སྐྱེས་བུ་ནི། རིགས་ལྔ་ཡབ་ཡུམ་སྟེ། དེ་ལས། མཚུངས་པ་བཞི་དང་ལྡན་པའི་ཕྱིར། །ལྔས་ཀྱང་བསྟན་པ་གསུང་མི་འགལ། །ཞེས་གསུངས་པའི་ཕྱིར། དང་པོ་རིགས་ལྔ་ཡབ་ལྔ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་སོགས་སོ། །དེ་ལ་གསུམ་སྟེ། རྟོག་པ་བཤད་པ། དེ་ལྷར་དག་ཚུལ། དེའི་རིགས་ཀྱི་དབྱེ་བའོ། །དང་པོ་ནི། རྒྱུད་ཕྱི་མ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ཕུང་པོ་ལྔ་ཞེས་རབ་ཏུ་བརྗོད། །ཞེས་སོ། །དེ་ལ་རྣམ་ཤེས་ནི། ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་ཚོགས་བརྒྱད་དེ། ཀུན་གཞི། ཉོན་ཡིད། ཡིད། སྒོ་ལྔའི་རྣམ་ཤེས་སོ། །གཟུགས་ནི། གཟུགས་སུ་རུང་བའི་མཚན་ཉིད་ཅན་གྱི་ཆོས་བཅོ་ལྔ་སྟེ། རྒྱུའི་གཟུགས་འབྱུང་བ་བཞི་དང་། འབྲས་གཟུགས་ནི། མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་པས་བཅུ་གཅིག་གོ། །ཚོར་བ་ནིི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི། བདེ། སྡུག །བར་མ། གསུམ་མོ། །འདུ་ཤེས་ནི། ཡུལ་ལ་མཚན་མར་འཛིན་པའི་མཚན་ཉིད་ཅན་གྱི། རྒྱ་ཆེ། ཆུང་། ཚད་མེད་པ་སྟེ་གསུམ་མོ། །འདུ་བྱེད་ནི། མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་གྱི་སེམས་པའོ། །དེའང་སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག །རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི། ཚོར་འདུ་སེམས་རེག་ཡིད་བྱེད་དེ། །ཀུན་ཏུ་འགྲོ་བ་རྣམ་པ་ལྔ། །གཉིས་པ་ནི། འདུན་མོས་དྲན་ཏིང་ཤེས་རབ་སྟེ། །ཡུལ་ངེས་སྐྱེ་བ་རྣམ་པ་ལྔ། །གསུམ་པ་ནི། དད་དང་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་ཞེ་སྡང་གཏི་མུག་མེད། །བརྩོན་འགྲུས་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་རྣམ་པར་མི་འཚེ་བ། །བཅུ་གཅིག་པོ་ནི་དགེ་བ་ཡིན། །བཞི་པ་ནི། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །རྩ་བའི་ཉོན་མོངས་རྣམ་པ་དྲུག །ལྔ་པ་ནི། ཁྲོ་འཁོན་འཆབ་འཚིག་ཕྲག་སེར་སྒྱུ། །གཡོ་རྒྱགས་མེད་ངོ་ཚ་ཁྲེལ་གཉིས་རྣམ་པར་འཚེ། །དམུ་རྒོད་མ་དད་ལེ་ལོ་དང་། །བག་མེད་བརྗེད་ངས་ཤེས་བཞིན་མིན། །རྣམ་གཡེང་ཉི་ཤུ་ཉེ་ཉོན་མོངས། །དྲུག་པ་ནི། གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །ཞེས་སོ། །དེ་ལྟར་སེམས་བྱུང་ལྔ་བཅུ་རྩ་གཅིག་ལས། ཚོར་བ་དང་། འདུ་ཤེས་གཉིས་ཕྲི་བའི་ལྷག་མ་བཞི་བཅུ་རྩ་དགུ་ནི་འདུ་བྱེད་དོ། །ཅིའི་ཕྱིར། ཀུན་འགྲོ་ལྔ་ལས་ཚོར་འདུ་གཉིས་ཕུང་པོར་ལོགས་སུ་བཞག་ཅེ་ན། མཛོད་ལས། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམ་ལས་ཚོར་བ་དང་། །འདུ་བྱེད་ལོགས་ཤིག་ཕུང་པོར་བཞག །ཅེས་སོ། །དེས་ན་ཕུང་པོ་ལྔ་ལ་ཡན་ལག་བརྒྱད་ཅུ་སྟེ། སྤར་ཁབ་ལས། དེ་དག་རང་གི་ཡན་ལག་བརྒྱད་ཅུ་དང་བཅས་པ་ཉིད། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་སོ། །འདིར་ཁ་ཅིག་ན་རེ། གཞུང་གཞན་རྣམས་སུ། ཕུང་པོའི་གོ་རིམ་དང་པོར་གཟུགས་ཕུང་སྨོས་ན། འདིར་རྣམ་ཤེས་དང་པོར་སྨོས་པ་གང་ཞེ་ན། ལན་ནི། འདི་ལས་ཕྱི་རོལ་དུ་གྱུར་པའི་ཐུན་མོང་གི་ཐེག་པ་ལས་ཁྱད་པར་དུ་འཕགས་པར་སྟོན་པ་སྟེ། འགྲེལ་པ་ཉི་སེང་མར། ཕྱི་རོལ་བ་དག་གཟུང་བའི་དོན་རགས་པ་དག་ལ་གཙོ་བོར་འདོད་པ་ཡིན་ལ། འདིར་ནི་འཛིན་པའི་གཞི་རྩ་བའི་རྣམ་པ་ཤེས་པ་གཙོ་བོར་འདོད་པ་ཡིན་པས། འགལ་བ་མ་ཡིན་པ་དང་། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་བཞེད་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ལྷ་དང་སྦྱོར་ཚུལ་ལ། དགག་བཞག་གཉིས། དང་པོ་ནི། རྗེ་འཁོན་སྟོན་ན་རེ། འདིའི་སྐབས་ཀྱི་རྣམ་ཤེས་ནི་ཚོགས་བརྒྱད་མ་ཡིན་ཏེ། སྒོ་ལྔའི་རྣམ་ཤེས་སོ། །གལ་ཏེ་ཚོགས་བརྒྱད་དུ་འདོད་ན། མི་བསྐྱོད་པའི་རྒྱུད་ལ་ཀུན་གཞི་ཡོད་པའི་ཕྱིར། དགྲ་བཅོམ་པ་མ་ཡིན་པར་ཐལ་བ་དང་། ཉོན་ཡིད་ཡོད་པའི་ཕྱིར། སྒྲིབ་གཉིས་སྤངས་པའི་གང་ཟག་མ་ཡིན་པར་ཐལ་བའི་སྐྱོན་ཡོད་དོ་གསུངས་ནའང་། ཐུན་མོང་གི་གཞུང་དང་བསྟུན་པར་ཟད་ཀྱི། འདིར་ནི་ཤིན་ཏུ་མི་རིགས་ཏེ། དམྱལ་བའི་ཐུབ་པ་ཆོས་ཅན་ཁྱོད་ཀྱི་རྒྱུད་ལ་ཞེ་སྡང་མེད་པར་ཐལ། ཁྱོད་ཞེ་སྡང་བཟོད་པར་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཁྱོད་སངས་རྒྱས་འཕགས་པ་ཡིན་པའི་ཕྱིར། ཞེས་རྟོག་པ་ཐམས་ཅད་ལ་མགོ་མཚུངས་པའི་ཕྱིར་མི་འཐད་དོ། །ལུང་དང་ཡང་འགལ་ཏེ། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་དང་། རྒྱ་ཆེར་འགྲེལ་ལས། རྣམ་པར་ཤེས་པའི་རྒྱལ་པོ་ནི། དཔལ་རྡོ་རྗེ་སེམས་དཔའ་ཀུན་གཞི་རྣམ་པར་དག་པའོ། །དེ་ཡང་ཡོངས་སུ་མ་དག་པའི་དུས་ན་ནི། འཁོར་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ལ། ཡོངས་སུ་དག་པའི་དུས་ན་ནི། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཞེས་སོ། །དེའི་ཕྱིར་ཐེག་པ་འདིའི་ལུགས་ཀྱི་ཀུན་གཞི་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཡེ་ནས་དག་པས་སྤང་གཉེན་དུ་མི་འདོད་དེ། འཆིང་གྲོལ་ལས་འདས་པའི་ཕྱིར་དང་། རང་གི་ཊཱི་ཀར་ཡང་། རྡོ་རྗེ་ཕུང་པོ་ཡན་ལག་ནི། ཞེས་པའི་ཡན་ལག་འདྲེན་པའི་ཚེ་བརྒྱད་ཅུར་བགྲངས་པ་དང་ཡང་ནང་འགལ་ཏེ། ཀུན་གཞི་དང་ཉོན་ཡིད་ཕྲི་བས། རྟོག་པ་དོན་བརྒྱད་ལས་མ་བྱུང་བའི་ཕྱིར་རོ། །གཉིས་པ་ནི། རྟོག་ཚོགས་ཕུང་པོ་ལྔའི་རང་བཞིན་ཡེ་ཇི་བཞིན་པའི་རིགས་ལྔ་ཡིན་པས། ཁྱད་པར་དུ་རྒྱུད་དག་པའི་སངས་རྒྱས་ལྔའི་འབྲས་བུ་མངོན་དུ་བྱས་ཏེ་མཐར་ཕྱིན་པར་གྱུར་པའམ། དེ་ལྟ་བུའི་རྟོག་པ་ཐུགས་རང་རིག་པའི་ཡེ་ཤེས་ཀྱིས་རང་དབང་བསྒྱུར་ཞིང་ཟག་མེད་ཀྱི་ཆོས་ལ་མངའ་བརྙེས་པས་བདེ་བ་ཆེན་པོར་ལོངས་སྤྱོད་པས་ན་རྒྱལ་པོ་ཞེས་བྱའོ། །གལ་ཏེ། གཞུང་འདིར་ལྷའི་མཚན་ནས་མི་སྨོས་པར་རྟོག་པའི་མཚན་ནས་སྨོས་པའི་རྒྱུ་མཚན་ཅི་ཞེ་ན། རྒྱལ་པོ་དང་འོག་ཏུ་ཆེན་པོ་ཞེས་སོགས་ཀྱིས་རྟོག་པའི་མཚན་ནས་སྨོས་པ་མ་གྲུབ་སྟེ། མྱ་ངན་ལས་འདས་པ་ཞེས་པས་སངས་རྒྱས་ལ་མྱ་ངན་གྱི་མིང་གིས་བརྗོད་པ་མ་ཡིན་པ་བཞིན་ནོ་གསུངས། དོན་དུ་འདི་ཡིན་ཏེ། མ་དག་པ་འཁོར་བའི་གནས་སྐབས་སུའང་། རྟོག་པ་རྣམས་རང་བཞིན་གྱིས་དག་པས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པར་གསང་སྔགས་ཀྱི་རྒྱུད་རྣམས་སུ་གསུངས་པར་མ་ཟད། ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ལས་ཀྱང་འབྱུང་སྟེ། འདི་ལྟར། སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་དཔའ་ནི། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་དང་། བྱམས་པ་སེང་གེའི་སྒྲའི་མདོ་ལས་ཀྱང་། གལ་ཏེ་དེ་བཞིན་གཤེགས་པ་མཆོད་པར་འདོད་པ་དེས་བདག་ཉིད་མཆོད་པར་བྱའོ། །ཞེས་དང་། དྲི་མ་མེད་པར་བསྟན་པའི་མདོ་ལས། འཇིག་ཚོགས་ལ་བལྟ་བ་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེས་ན་འདིར་རྟོག་པའི་མཚན་ནས་སྨོས་པའི་དགོས་པ་ནི། སྤར་ཁབ་ལས། ཀུན་གཞི་ལ་སོགས་པའི་རྟོག་པ་ལྔ་སྨོས་པ་ནི། རང་བཞིན་དང་ཐུན་མོང་མ་ཡིན་པའི་ཕྱིར་སྨོས་པ་སྟེ། དེ་དག་ཀར་དག་པར་ཐུགས་སུ་ཆུད་པ་ལ་རྡོ་རྗེ་འཛིན་པ་ལ་སོགས་པར་རང་སྣང་བའི་ཕྱིར་རོ། །ཞེས་པས་རང་བཞིན་ཤེས་བྱའི་གཤིས་ལ། རྟོག་པ་དང་ལྷ་གཉིས་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ། བཟང་ངན་མེད་པར་མཉམ་པའི་ཕྱིར་དང་། ཐུན་མིན་གྱི་ཐེག་པ་འདིར་ལམ་པས་ལྷ་རྟོག་དབྱེར་མེད་དུ་ངོས་ཟིན་པར་བྱ་བའི་ཕྱིར་དང་། འབྲས་བུ་མཐར་ཕྱིན་པའི་དུས་ན་རྟོག་པ་ཉིད་མ་སྤངས་མ་བསྒྱུར་བར་ལྷའི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་སྨོས་པའོ། །རྟོག་ཚོགས་ལྷར་སྣང་བའི་འཐད་པ་གང་ཞེ་ན། གཉིས་ཏེ། ཕྱི་རོལ་གྱི་དོན་ཡོད་པའི་དབང་དུ་བྱས་པ་དང་། ཤེས་བྱ་ནང་གི་དབང་དུ་བྱས་པའོ། །དང་པོ་ནི། རྟོག་པའི་རང་བཞིན་ལྷར་སྣང་བ་ཡིན་ཏེ། ཡེ་ནས་ཡིན་པ་ཉིད་ལམ་རྐྱེན་དང་འཕྲད་ན་ལྷར་སྣང་རུང་མ་འགགས་པའི་ཕྱིར། དཔེར་ན་དངུལ་ཆུས་བསྡུས་པའི་གསེར་ཕྱེ་ཉིད་དངུལ་གྱི་གོང་བུ་ལྟ་བུར་སྣང་ཡང་མེའི་རྐྱེན་དང་འཕྲད་ན་གསེར་དུ་འགྱུར་ཞིང་། མ་འཕྲད་ན་མི་འགྱུར་བ་བཞིན་ནོ། །དེ་སྐད་དུའང་། སྒྱུ་འཕྲུལ་རྟོག་པའི་དྲྭ་བ་རྣམ་པར་བསལ་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། གསོལ་བ། བཅོམ་ལྡན་འདས་རྣལ་འབྱོར་པ་འདི་དག་རྒྱུ་ཅི་ལྟ་བུ་ཞིག་ལས་བསྒྲུབ་པར་བགྱི་བ་ལགས། བཀའ་སྩལ་པ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འབྱུང་བ་ལ་སོགས་པའོ། །གསོལ་བ། འོ་ན་རྒྱུ་ལས་ཀྱང་འབྲས་བུ་སྣང་བ་བསྐྱེད་པར་འགྱུར་པ་ལགས། ཅི་སྐད་གསུང་། བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་ཏེ། རྒྱུ་ལས་འབྲས་བུའི་ཤེས་རབ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་ལྔ་ལ་སོགས་པ་གང་དག་པ་སྒྱུ་མར་ཕྱག་རྒྱ་བཞི་བཅུར་སྣང་བ་དང་། དོན་དམ་པར་ན་དོན་དམ་རྩེ་གཅིག་པར་སྣང་བའི་ཕྱིར་ཏེ། ང་དེ་སྐད་ཅེས་སྨྲའོ། །གསོལ་བ། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། དེ་ཉིད་ནི་དེ་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བ་དང་ཡང་འགལ་བའི་ཕྱིར་རོ། །བཀའ་སྩལ་པ། ཇི་སྙམ་དུ་སེམས། དཔེར་ན་རྐྱེན་གྱི་འབྲེལ་བ་དང་མ་འཕྲད་པའི་འབྲས་བུ་སྐྱེ་བའི་རྒྱུ་ཡོད་ཀྱང་། མངོན་དུ་འབྱིན་པའི་ནུས་པ་མེད་བཞིན་དུ། བྱང་ཆུབ་ཀྱི་རྒྱུ་ཡོད་ཀྱང་། རྐྱེན་ཏིང་ངེ་འཛིན་ལ་མ་འབྲེལ་བའི་ཕྱིར། འབྲས་བུ་འབྱིན་པའི་ནུས་པ་མེད་པས་ན། དེ་ལྟར་ཤེས་པར་བྱའོ། །ཞེས་སོ། །གཉིས་པ་ནི། སྣང་ལ་མ་ངེས་པའི་ཕྱིར་རྟོག་པའི་རང་བཞིན་ལྷ་ཡིན་ཏེ། ཆུའི་དངོས་པོ་གཅིག་གམ། མ་དག་པ་དང་། དག་པའི་ཞིང་གི་འགྲོ་བ་དང་། གྲུབ་པའི་གང་ཟག་རྣམས་ཀྱིས་མཐོང་ཚུལ་ཐ་དད་པ་བཞིན་ནོ། །དེའང་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དང་ནི་རི་མོ་བཟང་ལྟར་སྣང་། །ཞེས་སོ། །ལྷ་དང་རྟོག་པའི་ཆོས་མཐུན་ནི། རྣམ་ཤེས་ཐུགས་ཀྱི་བདག་ཉིད་ཡིན་པ་དང་། གཟུགས་དང་སྐུ་མཐུན་པ་གཉིས་ནི་དངོས་སུ་མཐུན་པར་ཟད་དོ། །ཚོར་བ་ནི་ཡུལ་ལ་ལོངས་སྤྱོད་དུ་བལྟ་བའི་གཞི་ཡིན་པའི་ཕྱིར་ཡོན་ཏན་དང་། འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཕྱི་ནང་གི་ཆོས་རྣམས་ལ་ཐ་སྙད་དུ་འདོགས་པའི་ལས་ཀྱིས་བརྡའ་སྤྲོད་པའི་ཕྱིར་གསུང་དང་། འདུ་བྱེད་ནི་བྱ་བ་བྱེད་པས་ལས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་ཡེ་ཤེས་གྲུབ་པའི་རྒྱུད་ལས། གཟུགས་ནི་རྣམ་པར་སྣང་མཛད་ཉིད། །ཚོར་བ་རིན་ཆེན་འབྱུང་ལྡན་ལ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པ་ཉིད། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་པ་ལྟར་སྦྱར་རོ། །ཡང་རྒྱུད་ཕྱི་མ་ལས། ཚུལ་ཁྲིམས་ལ་སོགས་ཕུང་པོ་ལྔ། །ཟག་མེད་རྣམས་ནི་གཞན་ཡིན་ནོ། །ཞེས་ཉེར་ལེན་གྱི་ཕུང་པོ་ལྔ་གནས་གྱུར་པའི་ཟག་མེད་ཀྱི་ཕུང་པོ་ལྔ་དང་ཆོས་མཐུན་བརྩི་བ་ནི། རྣམ་ཤེས་གནས་གྱུར་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ནི་ཐུགས་ཀྱི་བདག་ཉིད་ཡིན་པ་དང་། དེ་བཞིན་དུ་གཟུགས་གནས་གྱུར་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་དྲི་མ་མེད་པའི་སྐུ་དང་། ཚོར་བ་གནས་གྱུར་ཏིང་ངེ་འཛིན་ཡོན་ཏན་གྱི་གཞིར་གྱུར་པའི་ཕྱིར་ཡོན་ཏན་དང་། འདུ་ཤེས་གནས་གྱུར་ཤེས་རབ་ནི་ལུང་རྟོགས་ཀྱི་ཆོས་ཀྱི་གཞིའི་ཕྱིར་གསུང་དང་། འདུ་བྱེད་གནས་གྱུར་རྣམ་པར་གྲོལ་བའི་ཕུང་པོ་ནི་མཛད་པ་ལ་ཡོངས་སུ་རྫོགས་པའི་བདག་ཉིད་དང་གཞིར་གྱུར་པའི་ཕྱིར་ཕྲིན་ལས་ཏེ། རིགས་ལྔ་དང་སྦྱར་རོ། །སྒྲོལ་ཊཱིཀ་ཏུ་འདི་དང་གོ་རིམ་མི་གཅིག་པར་སྦྱར་ནའང་། འདི་ནི། གཟུགས་ཀྱི་ཕུང་པོ་གནས་གྱུར་ཚུལ་ཁྲིམས་སྐུ། །ཚོར་བ་གནས་གྱུར་ཏིང་འཛིན་འབུམ་ཕྲག་བརྙེས། །འདུ་ཤེས་གནས་གྱུར་ཤེས་རབ་ཕུང་པོ་སྟེ། །འདུ་བྱེད་གནས་གྱུར་རྣམ་པར་གྲོལ་བའོ། །སེམས་གྱུར་ཡེ་ཤེས་དེ་ནི་རྣམ་གྲོལ་མཐོང་། །ཞེས་དཀོན་མཆོག་འགྲེལ་དུ་གསུངས་པ་ལྟར་རོ། །ཡང་ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔ་ཆོས་མཐུན་བརྩིས་ཏེ་རིགས་ལྔ་དང་སྦྱར་བ་ནི། གསང་འདུས་ལས། གཟུགས་ནི་གཏི་མུག་ཏུ་བསྟན་པ། །བླུན་པས་བཅིངས་པའི་ངོ་བོའོ། །ཚོར་བ་འདོད་པས་མྱོས་བསྟན་པ། །ང་རྒྱལ་གྱི་ནི་ངོ་བོའོ། །འདུ་ཤེས་འདོད་ཆགས་བདག་ཉིད་དོ། །དངོས་པོ་ལ་ནི་ཆགས་པའི་མཚན། །འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རྩེ་གཅིག་བདག་ཉིད་གཏོད་པའོ། །རྣམ་ཤེས་ཞེ་སྡང་ཞེས་བསྟན་ཏེ། །རྒྱུད་དང་འབྲས་བུར་རབ་ཏུ་གྲགས། །ཞེས་པ་སྔར་བཞིན་རིགས་ལྔ་དང་སྦྱར་རོ། །ཞར་བྱུང་རྩོད་སྤོང་ནི། གལ་ཏེ་རྣམ་ཤེས་ལྷར་དག་པའི་ཚེ་མིག་གི་རྣམ་ཤེས་ཀྱང་མི་བསྐྱོད་པར་དག་གམ་མ་དག་གཉིས་པ་ལྟར་ན། དག་མ་དག་འགལ་བའི་ཆོས་ཅན་ཡིན་པའི་ཕྱིར་སྤྱི་བྱེ་བྲག་བདག་མི་གཅིག་པར་འགྱུར་ལ། དང་པོ་ལྟར་ན། དག་པ་གཞན་དུ་བརྗོད་དུ་མེད་པར་འགྱུར་ཞིང་། འདོད་ན། འོག་ཏུ་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། ཞེས་པས་གསལ་ལོ་ཞེ་ན། སྐྱོན་མེད་དེ། ལྟོས་ས་ཐ་དད་ལ་ལྟོས་ནས། རྣམ་ཤེས་ཀྱི་ཕུང་པོ་སྤྱི་བྱེ་བྲག་གཉིས་གཙོ་འཁོར་དུ་དག་པ་སྟེ། ཐ་མལ་གྱི་རྣམ་ཤེས་རིལ་པོ་གཅིག་ཏུ་ཞེན་པའི་གཉེན་པོར་བྱེ་བྲག་ས་སྙིང་སོགས་སུ་དག་ཚུལ་དང་། སླར་ཐ་དད་དུ་ཞེན་པའི་གཉེན་པོར་སྤྱིར་མི་བསྐྱོད་པར་དག་ཚུལ་སྨོས་པ་སྟེ། འདི་ཉིད་ལས། ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་ལོ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་སོ། །དེ་བཞིན་དུ་གཟུགས་ཕུང་སྤྱི་རྣམ་སྣང་དུ་དག་པའི་ཚེ་རྒྱུའི་གཟུགས་བཞི་ཡུམ་དུ་དག་གམ་མ་དག་གི་རྩོད་སྤོང་སོགས་རིགས་འགྲེ་སྦྱར་རོ། །གསུམ་པ་རིགས་ཀྱི་དབྱེ་བ་ལ། དགག །གཞག་གཉིས། དང་པོ་ནི། གང་དག །རྣམ་པར་ཤེས་པའི་རྒྱལ་པོ་ཞེས་པ་ནི་ལྷའི་དུས་ན་མི་བསྐྱོད་པ་མ་ཡིན་ཏེ། རྣམ་ཤེས་དག་པ་ཐུགས་ཀྱི་བདག་ཉིད་རྣམ་སྣང་ཡིན་པའི་ཕྱིར་ཏེ། དབུས་སུ་རིགས་བདག་མཚོན་བྱེད་ཀྱི་གདན་འཁོར་ལོ་དང་སེང་གེ། ཡུམ་དབྱིངས་ཕྱུག་མ། ཆོས་དབྱིངས་ཡེ་ཤེས་རྣམས་བྱུང་བའི་ཕྱིར་དང་། ཁྲོ་བོའི་སྐབས་སུའང་བུདྡྷ་ཧེ་རུ་ཀའི་སྐུ་མདོག་དང་སྔགས་ཐོག་མར་སྨོས་པའི་ཕྱིར་རོ་ཞེ་ན། དེ་ནི་རྒྱུད་གཞུང་སོ་སོའི་དགོངས་པ་ཐ་དད་པ་མང་དུ་སྣང་བ་ལྟར་གདུལ་བྱ་ལ་ཤེས་རབ་ཀྱི་བློ་ནོར་སྟེར་བའི་སྐྱེས་བུ་སྣང་བའི་ཕྱིར་གཅེས་སྤྲས་སུ་བྱ་བ་ཙམ་ཡིན་གྱི། སྐབས་འདིར་བླང་བར་བྱ་བ་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་ལུང་རིགས་མན་ངག་གསུམ་དང་འགལ་བའི་ཕྱིར། དེ་ཡང་ལུང་དང་གལ་ཏེ། སྒྱུ་འཕྲུལ་བླ་མ་ལས། གཟུགས་ལ་རྣམ་པར་སྣང་མཛད་དེ། །ཞེས་པ་ནས། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཞེས་པའི་བར་དང་། ཡང་དེ་ལས། འཁོར་ལོ་འབར་བའི་ལྟེ་བ་ལ། །སྟོན་པ་རྡོ་རྗེ་སེམས་དཔའ་དག །ཅེས་དང་། ཤར་གྱི་འཁོར་ལོའི་རྩིབས་སྟེང་ན། །བདེ་གཤེགས་རྣམ་པར་སྣང་མཛད་དག །ཅེས་སོ། །མན་ངག་དང་ཡང་འགལ་ཏེ། རྡོ་རྗེ་ལས་རིམ་ལས། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཞེས་དང་། ཉི་འོད་སེང་གེས། ཀུན་གཞི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མི་བསྐྱོད་པ་ལ་ནི་རྣམ་པར་ཤེས་པའི་རྒྱལ་པོ་ཞེས་གནས་སྐབས་འདིར་བྱའོ། །ཞེས་སོ། །རིགས་པ་ནི། རྣམ་པར་ཤེས་པའི་རྒྱལ་པོ་ཆོས་ཅན། རྣམ་སྣང་མ་ཡིན་ཏེ། ཁྱོད་མི་བསྐྱོད་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། རྣམ་ཤེས་དག་པ་ཐུགས་ཡིན་ལ། དེ་རྡོ་རྗེའི་རིགས་མི་བསྐྱོད་པར་ངེས་པའི་ཕྱིར་ཏེ། གླང་པོ་ཆེ་རབ་འབོག་གི་རྒྱུད་ལས། དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པ་གནས་སུ་དག་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་བདག་ཉིད། ཅེས་པ་ནས། བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ། ཞེས་གསུངས་པའི་ཕྱིར། དེ་ལྟར་རྣམ་ཤེས་དག་པ་མི་བསྐྱོད་པར་གྲུབ་མོད། འོན་ཀྱང་སྔར་གྱི་སྐྱོན་རྣམས་ཀྱིས་གནོད་པར་མི་འགྱུར་རམ་སྙམ་ན། མི་གནོད་དེ། གདན་གྱི་འཁོར་ལོ་ནི་རིགས་བདག་མཚོན་བྱེད་ཀྱི་མཚན་མ་མ་ཡིན་གྱི། རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱ་སྟེ། འགྲེལ་ཆུང་ལས། གཞི་ཡང་ཚད་མེད་འཁོར་ལོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་ཡིན། །ཞེས་སོ། །སེང་ཁྲི་ཡང་ཐུགས་གཙོ་བོར་སྟོན་པའི་ཕྱིར་རྡོ་རྗེའི་རིགས་དང་སྦྱར་བ་ཙམ་དུ་ཟད་དེ། སློབ་དཔོན་པདྨས་མཛད་པའི་ཡང་དག་གི་ལས་རིམ་ཤེལ་ཕྲེང་ལས། སེང་གེ་གླང་རྟ་རྨ་བྱ་ཁྱུང་། །ཉི་ཟླ་པདྨ་རིན་པོ་ཆེ། །གཙོ་དང་འཁོར་དུ་རིམ་པར་བསམ། །ཞེས་གཙོ་བོ་རྡོ་རྗེའི་རིགས་མི་བསྐྱོད་པའི་གདན་དུ་སེང་གེ་བྱུང་བའི་ཕྱིར་དང་། ཡུམ་དབྱིངས་ཕྱུག་མ་ནི་རྣམ་ཤེས་ཀྱི་ཡུལ་ནམ་མཁའི་ཁམས་དང་སྦྱོར་བ་སྟེ། དེ་ལས། མི་བསྐྱོད་མཐིང་ག་དཀར་དམར་ཞལ། །རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །དབྱིངས་ཕྱུག་གཡས་བརྟེན་གཡོན་དྲིལ་སོགས། །ཞེས་དང་། རྡོ་རྗེེ་ལས་རིམ་ལས། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །ཅེས་པས་ཀྱང་བསྟན་པའི་ཕྱིར། ཡེ་ཤེས་ནི། རྒྱ་ཆེར་འགྲེལ་ལས། ཞེ་སྡང་རྣམ་པར་དག་པའི་རང་བཞིན་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་དག་པ་ཐུགས་རྡོ་རྗེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའི་དཀྱིལ་འཁོར། ཞེས་པས་འདིར་ཞེ་སྡང་དག་པ་ཆོས་དབྱིངས་ཡེ་ཤེས་སུ་བཞེད་པའི་ལུགས་ཡིན་པའི་ཕྱིར་སྐྱོན་མེད་དེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། གཏི་མུག་མེ་ལོང་ཡེ་ཤེས་བལྟ། །ང་རྒྱལ་མཉམ་པ་ཉིད་དུ་དྲན། །སོ་སོར་རྟོག་པ་འདོད་ཆགས་ཡིན། །བྱ་བ་གྲུབ་པ་ཕྲག་དོག་ཆེ། །ཞེ་སྡང་ཆོས་དབྱིངས་རྣམ་པར་དག །ཅེས་པ་ལྟར་རོ། །ཁྲོ་བོའི་སྐབས་སུའང་། བུདྡྷ་ཧེ་རུ་ཀ་གཙོ་བོར་མ་གྲུབ་སྟེ། པཎ་གྲུབ་ཀྱི་མན་ངག་རྣམས་སུ་རྒྱུད་འཁྲུགས་པ་བསྡེབས་ནས་གཙོ་བོར་བཛྲ་ཧེ་རུ་ཀར་བཞེད་པའི་ཕྱིར། དེ་ལྟར་ཡང་རྒྱ་ཆེར་འགྲེལ་ལས། ཞི་བའི་དུས་སུ་མི་བསྐྱོད་པ་དང་པོར་སྨོས་ཤིང་གཙོར་བྱས་ལ། ཁྲོ་བོའི་དུས་སུ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་བུདྡྷ་ཧེ་རུ་ཀ་དང་པོར་བྱུང་ཞིང་གཙོ་བོར་སྨོས་པ་ཅིའི་ཕྱིར་ཞེ་ན། དེ་ནི་རྒྱུད་དཀྲུགས་པ་ཡིན་ཏེ། དབྱིངས་ཕྱུག་མ་གཙོ་བོ་ལ་འཁྲིལ་བའི་གནས་སྐབས་ན་དེ་ཉིད་མངོན་པར་འགྱུར་ཏེ། འདི་ནི་རྡོ་རྗེ་ཁྲག་འཐུང་ཉིད་ལ་ཅི་ནས་ཀྱང་དོན་གྱིས་ཤེས་པར་བྱའོ། །ཞེས་དང་། འདིར་ཡང་རྣམ་པར་ཤེས་པའི་རང་བཞིན་ཞེ་སྡང་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་རྡོ་རྗེ་ཁྲག་འཐུང་དུ་མངོན་པར་འདུ་མཛད་པ་དེ་ལ་ཤེས་པར་བྱའོ། །ཞེས་གསུངས་ཤིང་། དེར་མ་ཟད། འབར་བ་ཆེན་པོའི་ཁྲག་འཐུང་སྐུ་སྨུག་ནག །ཅེས་པའི་རྒྱ་དཔེར། མ་ཧཱ་ཛྭ་ལནྟཾ་རུ་དྷི་ར་པཱ་ནཱ་མ་ནཱི་ལ་ཀྲྀཥྞཱ་ཀཱ་ཡཾ། ཞེས་མཐིང་ནག་གི་སྐད་དོད་ཡོད་པའི་ཕྱིར་དང་། དེར་རྡོ་རྗེ་ཁྲག་འཐུང་གི་སྔགས་ཀྱང་ཐོག་མར་བྱུང་བའི་ཕྱིར་རོ། །གཉིས་པ་ནི། རྡོ་རྗེ་བཀོད་པ་ལས། སྐུ་ནི་མ་བཅོ ས་དེ་བཞིན་ཉིད། །ཐུགས་ནི་མི་འགྱུར་རྡོ་རྗེའི་རིགས། །ཡོན་ཏན་ཀུན་འབྱུང་རིན་ཆེན་རིགས། །གསུང་ནི་ཆགས་མེད་པདྨའི་རིགས། །དོན་གྲུབ་སྤྱོད་པ་ལས་ཀྱི་རིགས། །ཞེས་པ་ལྟར་སྦྱར་རོ། །དེ་ལ་སྐབས་འདིར། དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་ཐུགས་རྡོ་རྗེ་རིགས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེ་བཞིན་དུ་རྣམ་སྣང་སྐུ་དེ་བཞིན་གཤེགས་པའི་རིགས་མེ་ལོང་ལྟ་བུ། རིན་འབྱུང་ཡོན་ཏན་རིན་པོ་ཆེའི་རིགས་མཉམ་ཉིད། སྣང་མཐའ་གསུང་པདྨའི་རིགས་སོར་རྟོག །དོན་གྲུབ་ཕྲིན་ལས་ལས་ཀྱི་རིགས་བྱ་གྲུབ་ཡེ་ཤེས་སོ། །དེ་དག་ཀུན་ཀྱང་ཞེས་སོགས་ཀྱིས་རིགས་ཀྱི་མཚན་མར་གྱུར་པའི་ཁ་དོག་རྣམས་བསྟན་ཏེ། ཆོས་ཉིད་འགྱུར་བ་མེད་པ་དང་༡། ཉེས་སྐྱོན་གྱིས་མ་གོས་པ་དང་༢། ཆེ་བའི་ཡོན་ཏན་རྒྱས་པ་དང་༣། གདུལ་བྱའི་དོན་ལ་ཆགས་པ་དང་༤། ལས་སྣ་ཚོགས་ལྷུན་གྱིས་༥གྲུབ་པའི་རྟགས་སུ། རིམ་པ་ལྟར། ཆོས་དབྱིངས་ཡེ་ཤེས་དང་རྡོ་རྗེའི་རིགས་མཐིང་ག༡ །མེ་ལོང་ལྟ་བུ་དང་བདེ་གཤེགས་རིགས་དཀར་པོ༢། མཉམ་ཉིད་དང་རིན་ཆེན་རིགས་སེར་པོ༣། སོར་རྟོག་དང་པད་རིགས་དམར་པོ་༤། བྱ་གྲུབ་དང་ལས་རིགས་ལྗང་གུ་སྟེ༥། རྒྱས་པ་ལས། མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །ཞེས་སོགས་རྒྱས་པར་གསུངས་སོ། །གཉིས་པ་རིགས་ཀྱི་ཡུམ་ལྔའི་མཚན་ལ། སྤྱི་བྱེ་བྲག་གཉིས་ལས། སྤྱི་ནི། བཙུན་མོ་དམ་པ་དང་། དབྱིངས་སོ། །དེ་ལ་བཙུན་མོའི་སྒྲ་ནི། སྐྱེད་པར་བྱེད་པའི་རྒྱུ་དང་། སྤྱད་བྱའི་ཡུལ་དུ་གྱུར་པ་གཉིས་ལ་འཇུག་སྟེ། རྟོག་པའི་དུས་སུ་འབྱུང་བ་ལྔས་ཕུང་པོ་ལྔ་བསྐྱེད་ཅིང་། ལྷའི་སྐབས་སུ་རིགས་ཀྱི་ཡབ་ལྔས་སྤྱད་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་རམ། ཡང་ན། ཡུམ་གྱི་ངོ་བོ་དབྱིངས་དང་། ཡབ་ཀྱི་ངོ་བོ་ཡེ་ཤེས་ཏེ། དབྱིངས་ཀྱིས་ཡེ་ཤེས་བསྐྱེད་པ་དང་། དབྱིངས་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་རོ། །དམ་པའི་སྒྲ་ནི་རང་བཞིན་རྟོག་པ་ལས་ཁྱད་པར་དུ་བྱས་པའི་འཕགས་ཆོས་སོ། །དབྱིངས་ཞེས་པ་ནི། ཉི་འོད་སེང་གེས། དབྱིངས་ཀྱི་སྒྲ་ནི་མི་ཟད་པ་ལ་བྱའོ། །ཞེས་གསུངས་ཤིང་། དོན་ལ་སྲས་ཀྱི་འབྱུང་ཁུངས་དང་བདེ་བའི་ཡེ་ཤེས་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་རམ། ཡུམ་རྣམས་དབྱིངས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར་ཡང་དེ་སྐད་དུ་གྲགས་སོ། །བྱེ་བྲག་ནི་རྟོག་པའི་མཚན་ཏེ། དེ་ལ་སྣང་བ་ཞེས་པ་ནི་ནམ་མཁས་གོ་མ་ཕྱེ་ན་དངོས་པོ་ཐམས་ཅད་སྣང་མི་ནུས་པའི་ཕྱིར་ནམ་མཁའ་སྟེ། ཆོས་ཀྱི་ཁམས་རྣམ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་ཐུགས་རྡོ་རྗེའི་རིགས་ཀྱི་ཡུམ་དབྱིངས་ཕྱུག་མའོ། །སྲ་བ་ནི་སྲ་བརྟན་མཁྲང་བའི་མཚན་ཉིད་ཅན་གྱི་སའི་ཁམས་ཏེ། བརྟན་ཞིང་རྟེན་དུ་གྱུར་པའི་ཕྱིར་སྐུའི་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མའོ། །མཉེན་པ་ནི་གཤེར་སྡུད་བརླན་པའི་མཚན་ཉིད་ཅན་གྱི་ཆུའི་ཁམས་ཏེ། རྒྱུད་བརླན་ཅིང་ཡོན་ཏན་སྡུད་པ་རིན་པོ་ཆེ་རིགས་ཀྱི་ཡུམ་མཱ་མ་ཀཱིའོ། །དྲོ་བ་ནི་ཚ་ཞིང་སྲེག་པའི་མཚན་ཉིད་ཅན་གྱི་མེའི་ཁམས་ཏེ། མཚན་འཛིན་གྱི་སྤུ་རིས་གསལ་བ་དང་ཤེས་རབ་ཀྱི་མེས་དག་པར་བྱེད་པའི་བདག་ཉིད་པདྨ་རིགས་ཀྱི་ཡུམ་གོས་དཀར་མོའོ། །བསྐྱོད་པ་ནི་ཡང་ཞིང་གཡོ་བའི་མཚན་ཉིད་ཅན་གྱི་རླུང་གི་ཁམས་ཏེ། བསྐྱོད་འདེགས་ཀྱི་བྱ་བ་བྱེད་པ་ལྟར་ཐོགས་པ་མེད་པའི་ལས་ཅན་ལས་རིགས་ཀྱི་ཡུམ་སྒྲོལ་མའོ། །དེ་ཡང་། འདི་ཉིད་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོན་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་དེ་ལྟ་བུའི་བཙུན་མོའི་ཚོགས་དང་ཐབས་ཤེས་གཉིས་སུ་མེད་པའི་ཚུལ་གྱིས་ཀུན་ཏུ་ཁྱབ་པར་བཞུགས་པ་སྟེ། འགྲེལ་ཆུང་ལས། ནམ་མཁའི་དབྱིངས་ནི་མཐའ་ཀླས་པར། །སྟོན་པའི་མཛད་སྤྱོད་རོལ་མོ་ཡིས། །ཏིལ་གྱི་གང་བུ་བཞིན་དུ་ཁྱབ། །སྟོན་པའི་ཁྱད་པར་ཡིན་པར་གྲགས། །ཞེས་སོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། ཁོག་གཞུང་ལས། གནས་ཀྱི་རང་བཞིན་དེ་བཞིན་ཉིད། །ངོ་བོ་འོག་མིན་གཞལ་ཡས་ཁང་། །ཞེས་སོ། །སྤྱིར་འོག་མིན་ལ། དོན་གྱི། རིག་པའི། གསང་བའི། འཇིག་རྟེན་གནས་ཀྱི། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔ། དང་པོ་ནི། ཆོས་ཀྱི་དབྱིངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་དང་། རྣམ་རྟོག་དང་མཚན་མ་གང་གིའང་འོག་ཏུ་མ་གྱུར་པའི་ཕྱིར་ཏེ། རྒྱས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །གཉིས་པ་ནི། དེ་རྟོགས་པ་རང་རིག་པའི་ཡེ་ཤེས་ནི་གཉིས་འཛིན་གྱི་འོག་ཏུ་མ་གྱུར་པའི་ཕྱིར་དང་། ཡང་ན་ལོངས་སྐུའི་ཞིང་དང་ཆ་མཐུན་པར་ལྷག་པའི་ཏིང་ངེ་འཛིན་བསྒོམ་པ་སྟེ། དེ་ལས། རང་བཞིན་དཀྱིལ་འཁོར་ཇི་ལྟ་བར། །ཏིང་འཛིན་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་སོ། །དེ་ལ་བཏགས་པའི་འོག་མིན་ཞེས་ཀྱང་ཟེར་རོ། །གསུམ་པ་ནི། ཡུམ་གྱི་མཁའ་སྟེ། སྟོན་པ་གསང་བའི་སྐུའི་གནས་དང་མཚན་མའི་རྟོག་པ་རང་རྒྱུད་པའི་འོག་ཏུ་མ་གྱུར་པའི་ཕྱིར། དེ་ལྟར་ཡང་རྒྱས་པ་ལས། ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། །མ་ཆགས་པདྨའི་གདན་བཏིང་ནས། །དུས་གསུམ་རྒྱལ་བ་བཞུགས་པའི་གནས། །ཞེས་དང་། རྒྱུད་གཞན་ལས་ཀྱང་། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་འབྱུང་སྟེ། སྨོས་ཀྱི་དབྱིངས་རྣམ་པར་དག་པ་ཡུམ་ལྔའི་མཁའ་ཀློང་གི་རང་བཞིན་ཡིན་པའི་ཕྱིར། འདིར་གཞལ་ཡས་སྤྱིའི་ཁྱད་པར་སོགས་ཀྱང་བཤད་དུ་རུང་ཞིང་། བཅོམ་ལྡན་འདས་ཞེས་པའི་མཚན་ལས་ཀྱང་གྲུབ་སྟེ། བྷ་ག་ཝཱན་གྱི་སྒྲ་ལས། བྷ་ག་ནི་ཡུམ་གྱི་མཁའ་དབྱིངས། །ལྡན་པ་ནི་དེ་དང་གཉིས་སུ་མེད་པར་བཞུགས་པའི་དོན་ནོ། །བཞི་པ་ནི། གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ཡ་ཐ་གཙང་རིགས་ཀྱི་ལྷའི་གནས་དང་པོ་དེའོ། །དེ་ལ་དེར་གྲགས་པས་ན་གྲགས་པའི་འོག་མིན་ཞེས་བྱ་སྟེ། གཟུགས་ཅན་གྱི་གནས་གཞན་གྱི་འོག་ཏུ་མ་གྱུར་པའི་ཕྱིར། འདིར་ཁ་ཅིག་ལས། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ལ་གྲངས་པའི་འོག་མིན་ཞེས་བཏགས་ཏེ། སྲིད་པའི་རྩེ་མོར་གྱུར་པའི་ཕྱིར་རོ། །ལྔ་པ་ནི། འདིར་འཆད་པའི་གནས་ལོངས་སྐུའི་བཞུགས་གནས་འོག་མིན་ཆེན་པོ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་བའི་རིགས་དང་རབ་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམས་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །འདོད་ནས་ཐེག་ཆེན་མཛོད་ཉིད་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་སོ། །དེ་ལའང་། གནས་ཀྱི་ངོ་བོ། སྒྲ་དོན། གཏན་ལ་དབབ་པ་གསུམ། དང་པོ་ནི། དོན་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་རྟགས་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་རང་སྣང་བ་སྟེ་འཆད་པ་འགྱུར་རོ། །གཉིས་པ་ནི། ཨ་ཀ་ནིཥྛའི་སྒྲ་ལས་འོག་མ་མ་ཡིན་པ་སྟེ། དོན་གདུལ་བྱའི་བློ་ལས་འདས་ཤིང་། རྟགས་དེ་འཇིག་རྟེན་གནས་ཀྱི་འོག་མིན་ལས་ཉིས་འགྱུར་གྱིས་སྤགས་པའི་ཕྱིར། དེའང་རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་སྤགས་པ་ཡི། །ཞེས་སོ། །འདིར་འཕྲོས་དོན་ཉིས་འགྱུར་འཕགས་ཚུལ་གྱི་དོགས་པ་བཅད་པ་ནི། ཁ་ཅིག །འདི་ནས་འཇིག་རྟེན་གནས་ཀྱི་འོག་མིན་ལ་བར་ཐག་ཇི་ཙམ་ཡོད་པའི་ཉིས་འགྱུར། དེ་ནས་འོག་མིན་ཆེན་པོའི་བར་དུ་ཡོད་ཟེར་བ་སོགས་ཕ་རོལ་དུ་འཕགས་པར་འདོད་པ་ནི་མི་རིགས་ཏེ། མ་དག་པའི་འཇིག་རྟེན་སྤངས་པའི་ཕ་རོལ་ན་དག་པའི་ཞིང་བསྒྲུབ་ཏུ་མེད་པའི་ཕྱིར་དེས་ན་དམུས་ལོང་གིས་མ་མཐོང་བས་ཉི་ཟླའི་དཀྱིལ་འཁོར་མེད་པར་མི་འགྱུར་བ་ལྟར། མ་དག་པའི་འགྲོ་བ་ལ་མ་དག་པའི་ཞིང་དུ་སྣང་བ་ཙམ་གྱིས། དེ་ཉིད་དག་པའི་ཞིང་མ་ཡིན་པར་བསྒྲུབ་ཏུ་མེད་དེ། རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་སོ། །དོན་ལ་སེམས་ཅན་གྱིས་གར་ཁྱབ་ཏུ་རྒྱལ་བའི་སྐུ་དང་ཕྲིན་ལས་ཀྱིས་ཁྱབ་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ལ་ཕྱོགས་དང་རིས་སུ་ཆད་པ་མེད་དོ། །དེའི་ཕྱིར་དག་མ་དག་གི་སྣང་བས་ཕྱེ་བ་ཉིད་དུ་ཤེས་པར་བྱ་སྟེ། དྲི་མ་མེད་པར་གྲགས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ། ཁྱེད་རྣམས་ཀྱིས་མི་མཐོང་ངོ་། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་སྤགས་ལུགས་ལ་ཉིས་འགྱུར་ཞེས་བརྗོད་པའང་། གཙང་མའི་འོག་མིན་ནི་རྒྱུའི་བྱང་སེམས་དང་པོའི་བདེན་པ་མཐོང་བའི་གནས་ཡིན་ལ། འོག་མིན་ཆེན་པོ་ནི་ངེས་དོན་དུ་འཚང་རྒྱ་བའི་གནས་ཡིན་པས། སློབ་ལམ་དང་པོ་ནས་བདེན་པ་མཐོང་བ་ལ་ཡུན་ཇི་ཙམ་ཐོགས་པའི་ཉིས་འགྱུར་མི་སློབ་པའི་སའི་བར་དུ་དགོས་པས་ན་དེ་སྐད་ཅེས་བྱའོ་ཞེས་གསུངས་པ་ཉིད་ལེགས་པར་མངོན་ནོ། །གསུམ་པ་ནི། གནས་དེའི་རང་བཞིན་གང་ཞེ་ན། དེའི་རང་བཞིན་ནི་ཆོས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་མཐའ་དབུས་ལ་སོགས་པའི་སྤྲོས་པ་ཐམས་ཅད་ལས་འདས་པ་སྟེ། འགྲེལ་ཆུང་ལས། མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་སོ། །དེ་ཉིད་ཀྱི་ངང་ལས་ཡོན་ཏན་གྱི་ཁྱད་པར་རང་སྣང་བའི་ཕྱིར། གནས་ཀྱི་ངོ་བོའི་ཆོས་རྣམས་དབྱེ་བར་བྱ་སྟེ། དེའི་སྔ་མ་ལས། གཞལ་ཡས་༡གཞི་དང་༢རྒྱུ་དང་རྒྱ༣། །དབྱིབས་༤དང་གློ་འབུར་༥རྩེ་མོ་༦དང་། །རྒྱན་༧དང་སྒོ་ཁྱུད་༨རྟ་བབས་༩དང་། །མཚན་ཉིད་༡༠གདན་༡༡གྱི་རྣམ་པ་སྟེ། །བཅུ་གཅིག་དག་གིས་དབྱེ་བར་བྱ། །ཞེས་པ་ལྟར་ལས། དང་པོ་ལ་སྤྱིའི་འོག་གཞི་ནི། ཡེ་ཤེས་ལྔ་མཚོན་པའི་ཕྱིར་རྒྱ་ཁྱོན་ཚད་མེད་པའི་འཁོར་ལོ་སྟེ། བཤད་རྒྱུད་རོལ་པ་ཆེན་པོ་ལས། འཁོར་ལོ་ཆེན་པོའི་ས་གཞི་ལ། །ཁང་པ་གྲུ་བཞི་རྣམ་པར་བརྗིད། །ཅེས་སོ། །ནང་གི་འོག་གཞི་ནི་སྒོ་དང་ཁྱམས་སོགས་ནས་ལྟེ་བའི་བར་རྡོ་རྗེ་འགྲེང་བུ་རེས་སྤགས་པ་སྟེ། ཐེག་པ་འོག་མ་ནས་འདིར་འཕགས་པའི་ཕྱིར། གཉིས་པ་རྒྱུ་ནི། རིན་པོ་ཆེ་སྟེ། ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་རེ་བ་སྐོང་བའི་ཕྱིར། གསུམ་པ་རྒྱ་ནི། ཕྱོགས་ཀུན་ཏུ་ཡོངས་སུ་མ་ཆད་པ་སྟེ། ཆོས་དབྱིངས་མཐའ་ཀླས་པར་ཁྱབ་པར་རང་སྣང་བའི་ཕྱིར། བཞི་པ་དབྱིབས་ནི། གྲུ་བཞི་པ་སྟེ། དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་འདིར་ཁྱབ་པ་དང་མཉམ་པ་དང་རྒྱས་པའི་ཕྱིར། དེ་ཡང་རྒྱ་ཆེར་འགྲེལ་ལས། མཉམ་པའི་ཕྱིར་དང་ཁྱབ་པའི་ཕྱིར། །རྒྱས་པའི་ཕྱིར་ནི་གྲུ་བཞིར་གྱུར། །ཞེས་སོ། །ལྔ་པ་གློ་འབུར་ནི། གྲུ་ཆད་ལས་ཕྱིར་འཕྱར་བའི་དབྱིབས་མཁར་གྱི་འབུར་ཐབས་ལྟ་བུ་དང་། ཁ་དོག་རིགས་བཞིའི་མདོག་ཅན་གྱི་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ་སྟེ། ཡེ་ཤེས་རེ་རེའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་ཕྱིར། དྲུག་པ་བརྩེ་མོ་ནི། ཚད་དཔག་ཏུ་མེད་པ་དང་། དབྱིབས་བུམ་པ་ཟླུམ་པོའི་རྣམ་པ་འཁྱིལ་བ་སྟེ། རིམ་པ་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་མཐར་ཐུག་པ་མེད་ཅིང་སྤྲོས་པ་དང་བྲལ་བའི་ཕྱིར། བདུན་པ་རྒྱན་ལ་བདུན་ལས། འོག་གཞིའི་རྒྱན་ནི། གཞལ་ཡས་ཁང་གི་ལྟེ་བར་ཡེ་ཤེས་ལྔ་མཚོན་པའི་འཁོར་ལོ་རྩིབས་བཞི་པའི་མཐའ་ཆོས་ཉིད་མཚོན་པའི་རྡོ་རྗེའི་ར་བ་བཟླུམ་པོས་བསྐོར་བའོ། །ལོགས་རྒྱན་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩལ་སྣང་མ་འགགས་པའི་ཕྱིར། པཉྩ་རེ་ཁའི་རྩིག་པའི་སྟེང་དུ། རིན་པོ་ཆེའི་ཕ་གུ་དང་། ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུ་དང་། མདའ་ཡབ་ལ་སོགས་པའི་རྒྱན་དང་། འདོད་པའི་ཡོན་ཏན་ལྔ་མ་སྤངས་རྣམ་དག་རྒྱན་དུ་རྫོགས་པའི་ཕྱིར། འདོད་ཡོན་གྱི་ལྷ་མོས་ཕྱོགས་ཀུན་ཏུ་འཁྲིགས་པའོ། །དེ་ལྟར་ཡང་འོད་རིམ་ལས། ཡེ་ཤེས་རྩིག་སྟེང་སེང་མགོས་གཏམས། །མི་འཇིགས་ཁ་ནས་མུ་ཏིག་ཧར། །ཕ་གུ་མཛེས་པའི་བད་དང་ལྡན། །དྲྭ་བ་དྲྭ་ཕྱེད་མགུལ་འཁོར་ལྡན། །གཟུགས་སོགས་ལྷ་མོ་འཁྲིགས་པ་སྟེ། །སྣ་ཚོགས་མཆོད་བྱེད་རོལ་མོ་ཡིས། །བར་སྣང་ཁམས་ཀུན་སྤྲིན་ཕུང་བཞིན། །ཞེས་སོ། །སྟེང་རྒྱན་ནི། བུམ་པ་ཟླུམ་པོའི་སྟེང་དུ་བྲེ་མཚོན་པའི་ཕྱུར་བུའི་རྩེར། པདྨ་ལ་གནས་པའི་འཁོར་ལོ་རིམ་པ་བཅུ་གསུམ་གྱི་སྟེང་ན་རཏྣའི་གདུགས་ཀྱིས་མཛེས་ཤིང་ཏོག་དང་ལྡན་པ་སྟེ། རྡོ་རྗེ་མེ་ལོང་ལས། ཆོས་ཀྱི་འཁོར་ལོ་བསྐོར་བྱས་ཤིང་། །ཉོན་མོངས་ཚད་པའི་གདུང་བ་སེལ། །ཐུགས་རྗེ་གདུགས་ཀྱི་འཁོར་ལོ་བསྟན། །མ་ལུས་གཅིག་ཏུ་འདུས་པ་ནི། །ཏོག་སྟོང་འོད་ཟེར་འབར་བ་སྟེ། །ཞེས་དང་། རྟ་བབས་ཀྱི་རྩེར་ཡང་གདུགས་ཀྱི་རྩ་བར་འཁོར་ལོ་དྭགས་ཀྱིས་བསྐྱོད་པ་དང་། གཞན་ཡང་ཕྱོགས་ཀུན་ཏུ་རྔ་ཡབ་དང་བ་དན་ལ་སོགས་པས་མཛེས་པར་སྤྲས་པའོ། །སྒོ་དང་རྟ་བབས་ཀྱི་རྒྱན་ནི། རྔམ་གློག་ལས། གཞལ་ཡས་དེ་ཡི་སྒོ་བཞི་ན། །གླང་སེང་གཉིས་ཀྱིས་མཛེས་པར་བརྒྱན། །རྟ་བབས་རྣམས་ཀྱི་འཁོར་ལོ་ལ། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་གྱི་སྒྲ་ཡང་སྒྲོགས། །ཞེས་སོ། །ཕྱིའི་རྒྱན་ནི། འོད་རིམ་ལས། སྒོ་བཞི་གཡས་གཡོན་ལྗོན་ཤིང་དང་། །དཔག་བསམ་ཤིང་ཟུང་ཙོང་ཙོང་སྦྲེལ། །དྲིལ་བུ་གཡེར་ཁ་ཐེག་ཆེན་སྒྲོག །བཀྲ་ཤིས་བྱ་སྙན་སྒྲ་སྒྲོགས་ལྡན། །ཡིད་བཞིན་རིན་ཆེན་བརྒྱད་བསྐོར་བ། །རིན་ཆེན་ཕུང་པོ་བཞི་གཉིས་ལྡན། །ཞེས་སོ། །ངོ་བོ་ཉིད་ཀྱི་རྒྱན་ནི། བདེན་བཞི་མཚོན་པའི་གྲུ་ཆད་དང་། བདེན་པ་དབྱེར་མེད་མཚོན་པའི་བར་ཁྱམས་ལ་སོགས་པ་སྟེ། གྲུ་ཆད་བཞིས་བརྒྱན་སོགས་གསུངས་པ་ལྟར་རོ། །བདག་པོའི་རྒྱན་ནི། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཞེས་པའི་དོན་ཏེ། འདི་ལ་བདག་པོ་ཉིད་རྒྱན་དུ་བཞག་པ་དང་། དེའི་སྤྲུལ་པའི་འཕྲོ་འདུ་ལ་རྒྱན་དུ་བཤད་པ་དང་། བདག་པོ་ལ་ཡོད་པའི་ཡོ་བྱད་རྒྱན་དུ་བཤད་པ་གསུམ་ལས། རོག་ཊཱིཀ་པ་དང་པོ་འཐད་གསུངས། མང་མཁར་བ་ཕྱི་མ་ལྟར་བཞེད་དེ། ཁྱིམ་བདག་གི་ལོངས་སྤྱོད་ཀྱིས་ཁང་པ་མཛེས་པ་བཞིན་ནོ་གསུངས། གོང་མ་ཕལ་ཆེར་སྤར་ཁབ་ཀྱི་རྗེས་སུ་འབྲངས་ཏེ་བར་མ་ལྟར་བཞེད་དོ། །བརྒྱད་པ་སྒོ་ནི། རྣམ་ཐར་བཞིའི་ཏིང་ངེ་འཛིན་གྱི་སྒོ་ནས་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་པའི་ཕྱིར་སྒོ་བཞི་སྟེ། ལེ་ལག་ལས། སྟོང་སྨོན་མཚད་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །ཞེས་སོ། །དེའང་ཐང་སྒོ་ལྟ་བུ་མ་ཡིན་ཏེ། སྒོ་ཁྱུད་ཀྱི་ཟླས་དྲངས་པའི་འགྲམ་ལོགས་དང་། ཡ་ཕུབས་རྡོ་རྗེའི་དྲྭ་མིག་ཅན་ནོ། །དགུ་པ་རྟ་བབས་ནི། རྡོ་རྗེ་མེ་ལོང་ལས། ལམ་བརྒྱད་རིམ་པར་བགྲོད་པ་ཡིས། །འབྲས་བུའི་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཞེས་པ་ལས། རྒྱུའི་རྟ་བབས་ནི། མཚོན་སྒོ་རྣམ་ཐར་བཞིའི་སྒོ་ནས་མཚོན་བྱ་མི་གནས་པའི་ཡེ་ཤེས་ལ་འཇུག་པ་དེ་ཡང་། ཐུན་མོང་རྣམ་ཐར་གྱི་ཐེག་པ་བརྒྱད་ལ་སྦྱངས་པར་རྟོགས་པའི་རྟགས་སུ། སྒོ་ཕུབས་ཀྱི་ཕྱི་ནང་གཉིས་སུ་ཐེམ་སྐས་བཞི་བཞི་སྟེ་བརྒྱད་ནི་བབས་ཞོན་གྱི་རྟ་བབས་ཏེ། ལེ་ལག་ལས། དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་གྱུར་པ་ཡིན། །ཞེས་དང་། འགྲེལ་ཆུང་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བའི་རྒྱུད་དང་གཉིས་ཀའི་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པ་ཡི། །རྣམ་ཐར་བརྒྱད་ཕྱིར་རྟ་བབས་བརྒྱད། །ཅེས་སོ། །འབྲས་བུའི་རྟ་བབས་ནི། ཐེག་པ་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་རྫོགས་པའི་རྟགས་སུ། སྒོ་ལོགས་ཀྱི་ཕྱི་ཟུར་བཞི་ནས་ཀ་བས་བཏེགས་པའི་སྒོ་ཁང་གི་སྟེང་དུ་རྒྱན་གྱི་རྟ་བབས་བརྒྱད་དེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། དེ་ཡི་གྲུབ་པའི་མཐའ་རྫོགས་པའི། །ཡོན་ཏན་བརྒྱད་ཕྱིར་རྟ་རྐང་དང་། །ཆུ་སྐྱེས་སྒྲོ་མདང་ཟ་ར་ཚགས། །སྣ་འཕྱང་ཆུན་འཕྱང་ཤར་བུ་དང་། །ཁྱུང་མགོ་མཛེས་པས་རིམ་པར་འཁྲིགས། །ཞེས་སོ། །དེ་ལ་སྒོ་ཁང་དང་སྒོའི་བསིལ་ཁང་གི་མུན་པ་སེལ་བྱེད་གླང་རྒྱབ་ལོགས་པས་སྤྲས་པའོ། །བཅུ་པ་མཚན་ཉིད་ནི། རང་བྱུང་ཡེ་ཤེས་ལ་ཕྱི་གཟུངས་བའི་ཡུལ་དང་། ནང་འཛིན་བའི་སེམས་གཉིས་སུ་མེད་པས་ཤེས་བྱའི་དཀྱིལ་འཁོར་དུ་ཀུན་ཀྱང་རང་བྱུང་ཡེ་ཤེས་སུ་གསལ་བ་ལས་གཞན་མ་དམིགས་པའི་ཕྱིར། ཆོས་ཀྱི་དབྱིངས་རྡོ་རྗེ་ཀུན་ཏུ་བཟང་མོའི་བྷ་ག་ཉིད་དུ་འདུས་པས་ན་ནང་ཞེས་བྱ་སྟེ། འགྲེལ་ཆུང་ལས། གནས་མཆོག་མཚན་ཉིད་བརྗོད་པ་ནི། །གཞལ་ཡས་ཕྱི་ནང་ཆོས་དབྱིངས་ནང་། །བྷ་ག་ཉིད་དུ་བསྡུས་པས་ན། །ཀུན་ཏུ་ནང་ཞེས་བརྗོད་པ་ཡིན། །ཞེས་སོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་དེའི་ངང་ལས། ཡེ་ཤེས་ཀྱི་འཕྲུལ་བར་རང་སྣང་བའི་གཞལ་ཡས་ཁང་རྒྱན་དང་བཅས་པ་ཐམས་ཅད་ཀྱང་། ཤེལ་གྱི་སྦུ་གུར་རིན་པོ་ཆེ་སྣ་ཚོགས་བཅུག་པ་ལྟར་མི་བསྒྲིབ་པར་གསལ་བའི་རང་བཞིན་ཅན་ནོ། །བཅུ་གཅིག་པ་གདན་ལ། ཆོས་ཀྱི་འཁོར་ལོ་བསྐོར་བའི། སའི་ཁྱད་པར་བགྲོད་པའི་ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་ནོ། །དང་པོ་ནི། སྔར་གྱི་འོག་གཞིའི་རྒྱན་དེ་ཉིད་དོ། །གཉིས་པ་ནི། རང་བྱུང་གི་ཡེ་ཤེས་རྟོགས་པའི་རིག་པ་ལ་འབྲས་བུའི་ཆོས་མི་འཇིགས་པ་བཞི་སོགས་ལྷུན་གྱིས་གྲུབ་པས། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བསྟན་ཅིང་ངེས་པར་བྱས་པའི་རྟགས་སུ་སེང་གེ་ལ་སོགས་པ་སེམས་ཅན་ལྔའི་གདན་བྱུང་བ་ནི་ཡོན་ཏན་རྟགས་ཀྱི་གདན་ཁྲི་སྟེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟག་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་གི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་སོ། །དེ་ལ་མི་འཇིགས་པ་བཞི་ནི། འགྲེལ་ཆུང་ལས། མངོན་སངས་རྒྱས་དང་ཟག་པ་ཟད། །བར་མི་ཆོད་དང་ངེས་པར་འབྱུང་། །ཞེས་སོ། །སྟོབས་བཅུ་ནི། གནས་དང་གནས་མིན་ཡང་དག་མཁྱེན། །དུས་གསུམ་ལས་འབྲས་རྣམ་སྨིན་མཁྱེན། །ཁམས་རྣམས་སྣ་ཚོགས་མཁྱེན་པ་དང་། །ཕ་རོལ་མོས་པ་མཁྱེན་པའི་སྟོབས། །དབང་པོ་མཆོག་དང་མཆོག་མིན་མཁྱེན། །ཀུན་ཏུ་འགྲོ་ལམ་མཁྱེན་པའི་སྟོབས། །བསམ་གཏན་ཐར་དང་ཉོན་མོངས་མཁྱེན། །སྔོན་གྱི་གནས་མཁྱེན་སྟོབས་དང་ནི། །སྐྱེ་དང་འཆི་འཕོ་མཁྱེན་པ་དང་། །ཟག་པ་ཟད་མེད་སེམས་གྲོལ་མཁྱེན། །དེ་བཅུ་སྟོབས་སུ་གྱུར་པས་ན། །འབྲས་བུ་མངོན་ཤེས་དྲུག་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་བ་བཞིའང་། འདུན་དང་བརྩོན་འགྲུས་སེམས་དང་ནི། །དཔྱོད་པའི་ཏིང་འཛིན་སྤོང་བ་ཡི། །འདུ་ཤེས་རྣམས་ཏེ་རྐང་པ་བཞིས། །ཡེ་ཤེས་བཞི་གྲུབ་འབྲས་བུ་སྟེ། །ཆོས་དབྱིངས་ཡེ་ཤེས་ཀུན་ལ་ཁྱབ། །དབང་བཅུའང་། ཡོ་བྱད་སྐྱེ་བ་ཚེ་ལ་དབང་། །ཡེ་ཤེས་ཆོས་དང་སེམས་དང་ལས། །རྫུ་འཕྲུལ་སྨོན་ལམ་ཆོས་རྣམས་ཀྱིས། །ཁམས་གསུམ་ཀུན་གྱི་དབང་ཕྱུག་རྒྱལ། །ཕྲིན་ལས་བཞི་ཡང་། ཞི་རྒྱས་དབང་དྲག་ལས་རྣམས་ཀྱིས། །ཐོགས་མེད་ལས་རྣམས་ལྷུན་གྱིས་གྲུབ། །ཅི་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་སོ། །འོ་ན་སེམས་ཅན་གྱི་གདན་དེ་དག་ཐུགས་རིག་པ་རང་སྣང་དུ་འདོད་པ་ལྟར་ན། རྒྱ་མཚོ་ལས། བྱང་ཆུབ་སེམས་དཔའ་སྨོན་ལམ་དབང་། །ཐོས་པའི་རྒྱ་མཚོ་བསག་པའི་ཕྱིར། །ལུས་ནི་སེང་གེའི་གདན་དུ་ཕུལ། །ཞེས་དང་། སྤར་ཁབ་ལས། སེང་གེ་ལ་སོགས་པ་སྨོན་ལམ་གྱི་དབང་གིས་བྱང་ཆུབ་སེམས་་དཔའ་གཅིག་ཀྱང་བརྒྱད་བརྒྱད་དོ། །ཞེས་སྨོན་ལམ་གུས་པའི་གདན་དུ་གསུངས་པ་དང་འགལ་ལོ་ཞེ་ན། རྒྱུད་ཐ་དད་པ་ལ་ལྟོས་ནས་འགལ་ཡང་། འདིར་ཡེ་ཤེས་རང་སྣང་དང་སྨོན་ལམ་གུས་པ་གཉིས་རྒྱུད་ཐ་དད་དུ་མ་གྲུབ་པས་མི་འགལ་ཏེ། དཔེར་ན་དགེ་བཤེས་ཀྱི་ཆིབས་དེ་རང་གི་བསོད་ནམས་ཀྱིས་གྲུབ་པ་དང་། གཞན་གྱིས་དད་པས་ཕུལ་བ་གཉིས་རྟ་གཅིག་གི་སྟེང་དུ་མཚུངས་པ་བཞིན། རྒྱལ་བ་ལ་མི་འཇིགས་པ་བཞི་སོགས་ལྷུན་གྱིས་གྲུབ་པའི་རྟགས་སུ་སྣང་བ་དང་། བྱང་སེམས་སྨོན་ལམ་གྱི་དབང་གིས་རང་དབང་ཅན་དུ་སེང་གེ་ལ་སོགས་པར་སྤྲུལ་ཏེ་གུས་པས་ལུས་གདན་དུ་ཕུལ་ནས་རྣ་བས་ཆོས་ཉན་པའི་ཕྱིར་མི་འགལ་ལོ་གསུངས་སོ། །གཞན་ཡང་གསང་བའི་ཐེག་པ་འདི་ནི། འོག་མ་ལ་ཉམ་མི་ང་ཞིང་མི་འཇིགས་པ་དང་། འོག་མར་མི་ཚུད་པའི་དོན་འདིར་ཤོང་ཞིང་ཆུད་པའི་སྟོབས་དང་། གདུལ་བྱ་རྣམས་སྨིན་གྲོལ་གྱི་སར་མྱུར་དུ་བཀྲི་བའི་རྫུ་འཁྲུལ་དང་། ལས་ཉོན་མ་སྤངས་པར་དབང་དུ་བྱེད་པ་དང་། ཆགས་ཐོགས་མེད་པའི་ཕྲིན་ལས་ཀྱིས་གདུལ་བྱ་འདུལ་བའི་ཕྱིར་ཏེ། རིམ་བཞིན་སེང་གེ་ལ་སོགས་པ་དང་སྦྱར་རོ། །དེའང་ཐེག་པ་བརྒྱད་ལ་བགྲོད་ནས་འབྲས་བུའི་ཡོན་ཏན་ཐུགས་སུ་ཆུད་པའི་རྟགས་སུ་སེང་གེ་ལ་སོགས་པ་རེ་རེའང་བརྒྱད་བརྒྱད་མཇུག་མ་ནང་དུ་བསྣོལ་ནས་རིན་པོ་ཆེའི་ཁྲི་རྐང་འདེགས་པའི་ཕྱིར། སའི་ཁྱད་པར་བགྲོད་པའི་གདན་ཞེས་གྲགས་སོ། །གསུམ་པ་ནི། རྒྱལ་བའི་ཐུགས་རང་བཞིན་གྱིས་འོད་གསལ་ཞིང་ཐབས་ཤེས་དབྱེར་མེད་པའི་བརྡར་ཉི་ཟླའི་གདན་དང་། པདྨ་ནི་འདམ་ལས་སྐྱེས་ཀྱང་ཉེས་སྐྱོན་གྱིས་མ་གོས་པ་ལྟར་མཐའི་སྐྱོན་གྱིས་གོས་པ་མེད་པ་པདྨའི་གདན་དང་། ཡིད་བཞིན་གྱི་རེ་བ་སྐོང་བའི་རྟགས་སུ་རིན་པོ་ཆེའི་གདན་དང་། དེ་ཀ་བས་བཏེག་པའི་མཛོད་མིག་བདུན་ལྡན་ནི་དཀོར་བདུན་ལྷུན་གྱིས་གྲུབ་པའི་བརྡའོ། །འདིར་གདན་གྱི་བརྩེགས་ལུགས་ནི། སྐྱེས་བུ་ལྔ་ལ་ལྔ་བརྩེག་སྟེ། །སེམས་དཔའ་ལ་ནི་སུམ་བརྩེག་གོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཀུན་བཟང་ཡབ་ཡུམ་བཞི་བརྩེག་གོ། །ཞེས་བླ་མ་གོང་མ་རྣམས་གསུངས་ཏེ་འོད་རིམ་དང་འགྲེལ་བ་མུན་སེལ་གྱི་བཞེད་པར་མངོན་ནོ། །སྤྱན་འགྲེལ་དུ། ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་ལ་འགོད་པའི་ཚེ་སུམ་བརྩེག་དང་ཆོས་འཆད་པའི་ཚེ་ལྔ་བརྩེག །སྒོ་བ་ལ་པད་ཉི་བརྩེག་མ་སྟེ་གཞན་འདྲའོ། །གདན་བརྩེགས་ཀྱི་ཟླ་བ་སྟེང་དུ་འོང་བ་གང་ཞེ་ན། སྤྱན་འགྲེལ་ལས། གཙོ་བོ་ནི་ཤེས་རབ་ལ་སྤྱོད་པའི་ཕྱིར་དང་ནང་གི་ཆུ་སྐྱེས་ཀྱི་ལྟེ་བའི་ཉི་མ་ལ་ཟླ་བ་བརྟེན་པའི་ཕྱིར་རི་བོང་སྟེང་ན་གནས་སོ། །ཞེས་པ་ནི་གསང་བ་ལྟར་བཤད་པའོ། །གཞན་དུ་གྲོལ་ལམ་ལྟར་ན་གཙོ་བོར་ཐབས་སྣང་བ་འགགས་པ་མེད་པ་མཚོན་པའི་ཕྱིར་ཟླ་བ་སྟེང་དང་། ནང་ལྟར་ན་ལྟེ་བའི་ཨ་ཐུང་གི་སྟེང་དུ་སྤྱི་བོའི་ཧཾ་ཡིག་གམ། སྙིང་གའི་སྲོག་མི་ཤིགས་པའི་ཐིག་ལེ་གནས་པའི་ཕྱིར་རོ། །དེ་དག་གིས་གནས་རྒྱས་པར་བསྟན་ཏེ། རྒྱ་མཚོ་ལས། དགའ་བདེ་ཡང་དག་རྫོགས་པའི་གནས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །མ་ལུས་འདུས་པའི་གཞལ་ཡས་ཁང་། །བདག་པོ་རྒྱན་དང་བཅས་པ་ཉིད། །འཇིག་རྟེན་གནས་ཀྱི་འོག་མིན་པས། །ཉིས་འགྱུར་ཤིན་ཏུ་སྤགས་པ་ན། །ངོ་བོ་མཐའ་གསུམ་ལས་འདས་པ། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །ཡོན་ཏན་ལྔ་ཡི་བདག་པོ་སྟེ། །གྲུ་བཞི་སྤྱི་བོ་འཁྱིལ་སྣང་བའོ། །ཞེས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ལ། རྣམ་གྲངས་དངོས་དང་། ཞར་ལ་དེ་དག་གི་ཚད་བཤད་པའོ། །དང་པོ་ལའང་ལྷན་ཅིག་པ་དང་། གོ་ཕྱེ་བའི་འཁོར་གཉིས་ཏེ། ཁོག་གཞུང་ལས། ལྷན་ཅིག་འཁོར་དང་གོ་ཕྱེ་བ། །ཞེས་སོ། །དང་པོ་ལ། རང་བཞིན་གཉིས་སུ་མེད་པའི། །རིག་པ་ཁྱད་པར་ཅན་གྱི། དད་པས་གཏམ་ཉན་པའི་འཁོར་རོ། །དང་པོ་ནི། དེ་ཉིད་ལས། ཉིད་ལས་མི་གཞན་རིགས་ལྔ་དང་། །ཞེས་པས་འཆད་པའི་སྐྱེས་བུ་ལྔ་སྟེ་བཤད་གྲུབ་བོ། །གཉིས་པ་ནི། སྟོན་པའི་ཐུགས་རང་རིག་པའི་ཡེ་ཤེས་ཀྱི་ཁྱད་པར་ལས་རང་སྣང་བའི་ཕྱིར་རིག་པ་ཁྱད་པར་ཅན་གྱི་འཁོར་ཞེས་བྱ་སྟེ། རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །ཞེས་སོ། །དེ་ལའང་། གཉིས་ཏེ། རྒྱལ་སྲས་སེམས་དཔའི་འཁོར་དང་། འཇོམས་བྱེད་ཁྲོ་བོའི་འཁོར་རོ། །དང་པོ་ལ་སྤྱི་དང་། བྱེ་བྲག་གི་མཚན་གཉིས་ལས། དང་པོ་ནི། མིག་ཤེས་ལ་སོགས་པའི་རྟོག་ཚོགས་རྣམས་ཡེ་ནས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པ་ལས། ཡིན་པ་ལྟར་མངོན་དུ་གྱུར་པའི་འབྲས་བུ་ནི་བྱང་ཆུབ་ཆེན་པོའོ། །དེ་ལྟར་རྒྱུ་འབྲས་ལྟར་སྣང་ཡང་དོན་དམ་པར་ལྷ་རྟོག་དབྱེར་མི་ཕྱེད་པས་ན་རྡོ་རྗེ་སྟེ། འགྲེལ་ཆུང་ལས། འཁོར་གྱི་བཀོད་པ་ཇི་སྙེད་པ། །ཁམས་དང་སྐྱེ་མཆེད་ཡིན་པར་གྲགས། །རྣམ་ཤེས་ཡུལ་དང་དབང་པོ་དང་། །དུས་དང་ཕྱིན་ཅི་མ་ལོག་རྣམས། །བྱང་ཆུབ་ཆེན་པོའི་རང་བཞིན་དུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན། །ཞེས་སོ། །ཡུམ་གྱི་མཚན་བཙུན་མོ་ནི་སྔར་ལྟར་ལས། ཁྱད་པར་ཡུལ་བཞིས་རྣམ་ཤེས་བཞི་བསྐྱེད་པ་དང་། དུས་བཞིས་གོ་ཕྱེ་ནས་དབང་པོ་བཞི་བསྐྱེད་པའི་ཕྱིར་རོ། །གཉིས་པ་ནི། ནང་སེམས་ཡབ་ཡུམ་ལ། མཐོང་བ་ལ་སོགས་པར་སྨོས་པ་ནི། མིག་རྣ་བ་སྣ་ལྕེའི་རྣམ་ཤེས་བཞི་སྟེ། མིག་དབང་ལ་བརྟེན་ནས་མིག་ཤེས་ཀྱིས་ཡུལ་གཟུགས་མཐོང་བ་ལ་སོགས་པ་ཡིན་པའི་ཕྱིར། དེ་དག་རིམ་པ་བཞིན། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དབང་ཕྱུག་རྣམས་སོ། །དེ་རྣམས་ལ་ཐུགས་ཀྱི་སེམས་དཔར་གྲགས་ཏེ། འདི་ཉིད་ལས། ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཅེས་སོགས་དང་། སྤར་ཁབ་ལས། རྣམ་ཤེས་བཞི་པོ་ནི་རིག་པ་ཁོ་ནའི་ཕྱིར་ཐུགས་ཏེ། །ཞེས་སོ། །མཐོང་བར་བྱ་བ་སོགས་ནི། ཡུལ་གཟུགས་སྒྲ་དྲི་རོ་བཞི་སྟེ། མིག་ཤེས་སོགས་ཀྱིས་མཐོང་བྱ་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར། །དེ་དག་ཀྱང་། ལཱ་སྱ་མ་དང་། གཱིརྟི་མ་དང་། མཱ་ལེ་མ་དང་། ནཱིརྟི་མ་རྣམས་དང་རིམ་པར་སྦྱར་རོ། །དེ་རྣམས་ལ་སྐུའི་སེམས་མར་གྲགས་ཏེ། ཡུལ་བཞིས་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར། དེའང་། ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཅེས་སོགས་དང་། རྡོ་རྗེ་ལས། རྣམ་ཤེས་བཞི་ཡིས་དམིགས་པའི་ཡུལ། །མཐོང་བར་བྱ་བ་ལ་སོགས་པ། །དམིགས་པར་བྱ་ཕྱིར་སྐུ་ཡི་མཆོག །ཅེས་སོ། །འདིར་ཁ་ཅིག་ན་རེ། རྟོག་པའི་གོ་རིམ་ཁོ་ན་ལྟར་སྦྱར་ན་ཡུལ་ཡུལ་ཅན་མ་འཁྲུལ་ནའང་། ལྷ་ཡབ་ཡུམ་སྦྱོར་བའི་རྣ་བའི་ཡུལ་རོ་དང་། ལྕེའི་ཡུལ་སྒྲར་བྱུང་བས་སྦྱར་ཚུལ་ནོར་ཏེ། ཅིའི་ཕྱིར་ན། སྤྱན་རས་གཟིགས་ཀྱི་ཡུམ་གཱིརྟི་མ་དང་། ཕྱག་རྡོར་གྱི་ཡུམ་ནཱིརྟི་མར་བྱུང་བས་སོ། །ཟེར་ན། ཡུལ་ཡུལ་ཅན་གྱི་དབང་དུ་བྱས་ན། དེ་ལྟར་བདེན་མོད་ཀྱང་། འདིར་རིགས་ཀྱི་དབང་དུ་བྱས་པའི་ཕྱིར། འགལ་བ་མེད་དོ། །ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས། རྒྱུད་འདིར་ནི་རིགས་ཁོ་ན་གཙོ་བོར་བྱས་ཏེ། མཉམ་པར་བྱ་བ་སྒྲའི་ལྷ་མོ་རྣ་བའི་ཡུལ་ཡིན་ཀྱང་། རིགས་ཀྱི་དུས་སུ་གསུང་གི་རིགས་ཡིན་པས། འཇིག་རྟེན་དབང་ཕྱུག་གི་ཡུམ་དུ་ཤེས་པར་བྱའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །ཕྱི་སེམས་ཡབ་ཡུམ་ནི། རྣམ་ཤེས་བཞིས་ཡུལ་བཞི་མཐོང་བའི་བདག་རྐྱེན་དབང་པོ་བཞིས་བྱེད་པའི་ཕྱིར། མཐོང་བྱེད་ལ་སོགས་པར་སྨོས་སོ་དེའང་། མིག་རྣ་བ་སྣ་ལྕེའི་དབང་པོ་བཞི་ནི། རིམ་པ་ཇི་ལྟ་བར། བྱམས་པ་དང་། སྒྲིབ་པ་རྣམ་སེལ་དང་། ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དབྱངས་སོ། །དེ་དག་ལ་གསུང་གི་སེམས་དཔའ་ཞེས་ཀྱང་གྲགས་ཏེ། དབང་པོས་ཡུལ་དང་ཤེས་པ་གཉིས་ཕྱི་ནང་གི་བརྡའ་སྦྱོར་བྱེད་པའི་ཕྱིར། བ་ནི་སྤྱན་གྱི་གསུང་གི་མཆོག །ཅེས་གསུངས་སོ། །ཡུམ་ནི་དུས་བཞིའི་ལྷ་མོ་སྟེ། འདས་པ་དང་། ད་ལྟར་དང་། འབྱུང་བ་སྟེ་མ་འོངས་པ་དང་། །མ་བྱོན་པ་སྟེ་འབྱུང་བར་མ་ངེས་པའི་དུས་རྣམས་རིམ་པ་བཞིན། བདུག་སྤོས་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། དྲི་ཆབ་མ་རྣམས་ཏེ། རྔམ་གློག་ལས། འདས་པ་དང་ནི་དཔྱིད་ཀྱི་དུས་ཏེ་དྷཱུ་པེ་མ། ད་ལྟར་བ་ནི་དབྱར་གྱི་དུས་ཏེ་པུཥྤེ་མ། །མ་འོངས་པ་ནི་སྟོན་གྱི་དུས་ཏེ་ཨཱ་ལོ་ཀེ། །མ་ངེས་པ་ནི་དགུན་གྱི་དུས་ཏེ་གནྡྷེའོ། །ཞེས་སོ། །འདིའི་སྐབས་སུ་ཁ་ཅིག་ན་རེ། འདིར་དུས་བཞི་སྨོས་པས་དུས་ལོག་སྟེ། སྡེ་སྣོད་གཞན་དུ་དུས་གསུམ་མ་བཤད་པའི་ཕྱིར་ཟེར་བ་ནི། རང་གི་རང་བཞིན་གསལ་བར་སྒྲོག་པའི་སྨྲེ་སྔགས་ཏེ། མཛོད་ལས། ཆགས་གནས་འཇིག་སྟོངས་བཞི་དང་ལྡན་ལ་སོགས་པའི་དུས་བཞི་བཤད་པ་དང་། དཀོན་མཆོག་བརྩེགས་པ་ལས་ཀྱང་། འོད་སྲུངས། སེམས་དང་ཆོས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་མ་འོངས། གང་དུའང་མ་སོང་། གར་ཡང་མི་གནས་པས་ན་མ་ངེས་པ་སྟེ་བསམ་གྱིས་མི་ཁྱབ་པའི་དུས་སོ། །ཞེས་དུས་གསུམ་དང་བསམ་གྱིས་མི་ཁྱབ་པའི་དུས་ཏེ་བཞིར་གསུངས་པ་སོགས་ཀྱང་། དུས་ལོག་པར་ཐལ་བ་བཟློག་ཏུ་མེད་དོ། །རིགས་པས་ཀྱང་གནོད་དེ། ཁྱེད་ཅག་དུས་གསུམ་ཁོ་ནར་འདོད་པ་དེ་ཚོད་དུ། ཁོ་བོ་ཅག་གིས། དུས་གསུམ་དུ་ངེས་པར་འདོད་པའང་མི་རིགས་པར་ཐལ། དུས་ཉིད་ན་གཉིས་ཁོ་ནར་ངེས་པའི་ཕྱིར་ཏེ། ད་ལྟར་དང་། ད་ལྟར་མ་ཡིན་པ་གཉིས་སུ་ངེས་པའི་ཕྱིར་བྱས་ན་ཅིས་འགོག །ཁོ་ན་རེ། ད་ལྟར་མ་ཡིན་པ་ལས་འདས་པ་དང་མ་འོངས་པ་གཉིས་སུ་ཕྱེ་བས་གསུམ་མོ་ཞེ་ན། དེ་འདྲ་དུས་བཞི་ལའང་མཚུངས་ཏེ། ད་ལྟར་མ་ཡིན་པ་ལས། འདས་མ་འོངས་མ་ངེས་པ་གསུམ་དུ་ཕྱེ་བའི་ཕྱིར་རོ། །དེས་ན་ལྷ་རྟོག་སྦྱར་བའི་དབང་དུ་འདིར་དུས་བཞིར་གྲངས་དང་གོ་རིམ་ངེས་པ་སྟེ། ཇི་ལྟར་ན། དུས་རིང་བ་དཔེར་བྱས་ན། བསྐལ་པ་གཅིག་ལ་ཆགས་གནས་འཇིག་སྟོངས་བཞིར་གྲངས་ངེས། དུས་ཐུང་བ་དཔེར་བྱས་ན། ལོ་གཅིག་ལ་དབྱར་དགུན་སྟོན་དཔྱིད་བཞི་དང་། ཉིན་ཞག་རེ་ལ་ཐུན་ཆེན་བཞི་ལ་སོགས་པར་གྲངས་ངེས་པའི་ཕྱིར། གོ་རིམ་ངེས་པ་ནི། ད་ལྟ་བསྐལ་པ་གནས་པའི་དུས་ལ་དཔེར་མཚོན་ན། གནས་པའི་དུས་འདི་ནི་རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པའི་ཕྱིར་ད་ལྟར་བ་དང་། ཆགས་པ་ནི་རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པའི་ཕྱིར་འདས་པ་དང་། འཇིག་པ་ནི་རྒྱུ་འབྲས་ཚོགས་ལ་མ་སྡུད་པའི་ཕྱིར་མ་འོངས་པ་དང་། སྟོངས་པ་ནི་རྒྱུ་འབྲས་ཡོད་ལ་མ་ཚོགས་པའི་ཕྱིར་འདས་མ་འོངས་གང་དུའང་མ་ངེས་པའི་དུས་སོ། །དེ་ལྟར་ཡང་རྔམ་གློག་ལས། རྒྱུ་འབྲས་ངེས་པ་མ་ཚོགས་པ། །འབྱུང་བར་མ་ངེས་དུས་ཞེས་གྲགས། །ཞེས་སོ། །དེ་ལ་ཁོ་ན་རེ། བསྐལ་པ་སྔར་སྟོངས་པ་ནི་འདས་པ་དང་། ཕྱིས་སྟོངས་པར་འགྱུར་བ་ནི་མ་འོངས་པའི་ཕྱིར་དུས་གསུམ་དུ་ངེས་སོ་ཞེ་ན། སྟོངས་པའི་དུས་དེ་ཉིད་གཞིར་བྱས་པ་ལ་འདས་མ་འོངས་གང་རུང་གཅིག་ཏུ་ཁ་ཚོན་མ་ཆོད་པས་མ་ངེས་པའི་དུས་སུ་ཅིའི་ཕྱིར་མི་འགྱུར། རྒྱུ་མཚན་དེའི་ཕྱིར་དུས་བཞིར་གྲངས་དང་གོ་རིམ་ངེས་པ་ཡིན་ནོ། །འདིར་ཁ་ཅིག་ན་རེ། མ་ངེས་པའི་དུས་ནི་མཉམ་པ་ཉིད་ཀྱི་དུས་ཏེ། སྤར་ཁབ་ལས། ལ་ནི་སྟོང་པ་བདག་པའོ། །ཞེས་པའི་འགྲེལ་པར། ངོ་བོ་ཉིད་འདི་འདྲ་བསྟན་དུ་མེད་པ། ཞེས་གསུངས་པའི་ཕྱིར་ཟེར་མི་རིགས་ཏེ། འགྲེལ་པའི་དགོངས་པ་ནི་དུས་གསུམ་གང་རུང་གི་ངོ་བོ་འདི་འདྲར་བསྟན་པར་བྱས་མེད་པའི་དོན་ཏེ། གཞན་དུ་ན་མཉམ་པ་ཉིད་རྟོག་པ་མ་ཡིན་པའི་ཕྱིར་རྟོག་ཚོགས་མ་ཚང་བའི་སྐྱོན་གནས་སོ། །དེ་ལྟ་ནའང་བསམ་གྱིས་མི་ཁྱབ་པའི་དུས་མ་འདུས་སོ་ཞེ་ན། སྐྱོན་མེད་དེ། དེ་ནི་དོན་དམ་འདུས་མ་བྱས་ཀྱི་དུས་ཡིན་པའི་ཕྱིར་རྟོག་པ་བཤད་པའི་སྐབས་འདིར་མ་སྨོས་ཏེ། རྟོག་པ་ནི་ཀུན་རྫོབ་འདུས་བྱས་ཀྱི་དུས་བཞིར་དམིགས་པའི་ཕྱིར་རོ། །གཉིས་པ་ལའང་སྤྱི་བྱེ་བྲག་གཉིས་ཀྱི། སྤྱི་ནི། འཇོམས་པ་ཆེན་པོ་རྡོ་རྗེ། ཞེས་པ་ལ་ཕྱི་ནང་གཉིས་ལས། ཕྱི་ལུས་ཀྱི་ཆོས་བཞི་དང་སྦྱར་ན། རྟོག་པའི་རང་བཞིན་མངོན་དུ་གྱུར་པའི་ཁྲོ་བོ་བཞིའི་སྐུ་གསུང་ཐུགས་ཀྱི་མཛད་པས་བདུད་དང་ལོག་པར་འདྲེན་པ་རྣམས་འཇོམས་པ་དང་། ནང་གསང་བའི་ཁམས་བཞི་དང་སྦྱར་ན། འོག་སྒོ་གསང་བའི་ཁམས་གསུམ་འདུས་པའི་བདེ་བའི་རྟོག་པ་ལྷའམ་བདེ་བར་འཛིན་པའི་ཞེན་པ་གཉིས་ཀ་འཇོམས་པ་སྟེ། འདི་ཉིད་ལས། ང་ནི་ཐུགས་ཀྱང་འཇིག་པར་བྱེད། །ཅེས་སོགས་འཇིག་པ་བཞི་དང་། ཨ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་སོ། །དེའི་ཕྱིར་འཇོམས་པ་ལ་ཐོགས་པ་མེད་པས་ན་རྡོ་རྗེ་དང་། དེས་འཇོམས་པའི་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ཆེན་པོའོ། །དེ་ལྟ་བུ་འཇོམས་བྱེད་ཀྱི་གཉེན་པོ་དེའང་། དཔེར་ན་དཀར་པོ་འཇོམས་པ་དེ་དཀར་པོ་མིན་པ་གཅིག་གིས་བསྐྱེད་པ་ལྟར། རྟག་ཆད་བདག་མཚན་བཞི་མ་ཡིན་པའི་ཆོས་ཉིད་ཡུམ་གྱི་ངོ་བོ་དེས་བསྐྱེད་པའི་ཕྱིར་བཙུན་མོ་སྟེ་ཡབ་ཡུམ་དུ་འགྱུར་རོ། །ཡང་། ཕྱིན་ཅི་ལོག་གི་རྟོག་པ་བཞི་ལྟར་ན། དེས་ལུས་ཀྱི་རྟོག་པ་བཞི་དངོས་སུ་མི་བསྐྱེད་ཀྱང་བརྒྱུད་ནས་བསྐྱེད་ཅེས་གསུང་ངོ་། །བྱེ་བྲག་ནི། ཕྱི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་ཚོར་བ་བསྐྱེད་པ་ལ། རེག་བྱེད་ལུས་དབང་། རེག་བྱ་ཡུལ། དེ་གཉིས་འཕྲད་པའི་རིག་ཤེས་སམ། ནང་ལྟར་ན། གསང་བའི་ཡུལ་དབང་རྣམ་ཤེས་གསུམ་འདུས་ཀྱི་རེག་པ་བསྐྱེད་པ་ལ། རེག་བྱེད་གསང་དབང་ཐབས་ཀྱི་རྡོ་རྗེ། རེག་བྱ་གསང་ཡུམ་ཤེས་རབ་ཀྱི་པདྨ། གསང་བའི་རེག་ཤེས་དགའ་བ་ཉམས་སུ་མྱོང་བ་སྟེ། ཕྱི་ནང་གི་རྟོག་པ་གཉིས་ཀ་རིམ་པ་བཞིན། ཁྲོ་བོ་བདུད་རྩི་འཁྱིལ་བ་དང་། རྟ་མགྲིན་དང་། སྟོབས་པོ་ཆེ་དང་། གཤིན་རྗེ་གཤེད་རྣམས་དང་སྦྱར་རོ། །རྟག་པར་མ་ཡིན་པ་སོགས་ཡུམ་བཞིའི་རྟོག་པ་ནི། ཕུང་པོ་མི་རྟག་པར་འཛིན་པ་དང་། སྡུག་བསྔལ་གྱི་རང་བཞིན་ངར་འཛིན་པ་དང་། བདག་མེད་དུ་འཛིན་པ་དང་། སྟོང་པར་འཛིན་པ་བཞི་གོ་རིམ་ཇི་ལྟ་བར་ཁྲོ་མོ་ལྕགས་ཀྱུ་ལ་སོགས་དང་སྦྱར་རོ། །ཡང་ན། རྟག་པར་འཛིན་པའི་རྟོག་པ་ཉིད་རང་ག་མར་སྣང་བ་ལྟར་མ་ཡིན་ཏེ། དེ་མ་སྤངས་པར་ཁྲོ་མོ་ལྕགས་ཀྱུ་མའི་རང་བཞིན་དུ་དག་པའི་ཕྱིར། ཞེས་པ་ལྟར་འབྲུ་གཉེར་ཏེ། རྟག་ཆད་བདག་མཚན་དུ་འཛིན་པའི་ཕྱིན་ཅི་ལོག་གི་རྟོག་པ་བཞིར་སློབ་དཔོན་ཁ་ཅིག་བཞེད་པའང་མི་འཐད་པ་མ་ཡིན་ཏེ། ཐལ་རྒྱུད་ལས། རྟག་སོགས་མཚན་མ་ལས་བསྐྱེད་ཕྱིར། །བཙུན་མོ་ཞེས་སུ་བསྟན་པ་སྟེ། །ཞེས་དང་། གླང་པོ་ཆེ་རབ་འབོག་ལས་ཀྱང་། །དོན་དམ་པར་སེམས་ཅན་རྟག་པར་བལྟ་བ་གནས་སུ་དག་པ་བཛྲ་ཨངྐུ་ཤ་སྟེ། ཞེས་སོགས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཁོག་གཞུང་ལས། དད་པས་ཉན་པའི་ལྷ་ཆེན་རྣམས། །ཞེས་པས་ཕྱིའི་ཁོར་ཡུག་ལ་བཞུགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཏེ། རྒྱུད་ལས། ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཞེས་པའི་སྤྱན་འགྲེལ་ལས། འཁོར་བའི་ཆོས་རྣམས་ཀྱང་བདག་ཉིད་དུ་རང་སྣང་བའི་ཕྱིར། ཕྱི་རོལ་དུ་མ་ཧཱ་དེ་བ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་བསྐོར་བ་སྟེ། རང་རང་གི་མཆོད་ཡོན་དང་རྒྱན་དང་ལྡན་པར་འཁོད་པའོ། །ཞེས་སོ། །གཉིས་པ་གོ་ཕྱེ་བའི་འཁོར་ནི། ཐུན་མོང་འགྲོ་བ་འདུལ་བའི་སྤྲུལ་སྐུ་ཐུབ་པ་དྲུག་དང་། རྗེས་འཇུག་ཆོས་ཀྱི་མིག་དང་ལྡན་པའི་གང་ཟག་སྐལ་པ་ཅན་རྣམས་ཏེ། ཁོག་གཞུང་ལས། འགྲོ་བ་འདུལ་བར་སྤྲུལ་སོགས་པའོ། །ཞེས་དང་། འདི་ཉིད་ལས། སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་དང་། རྡོ་རྗེ་ལས་ཀྱང་། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པས། །རིག་འཛིན་མཆོག་དེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱངས་སེམས་དཔས་བསྐྱེད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུར་ལུང་ཐོབ་པའོ། །ཞེས་སོ། །གཉིས་པ་ཚད་ནི། ཁོག་གཞུང་ལས། འཁོར་གྱི་ཚད་ནི་ཁྱབ་དང་མང་། །བརྗོད་འདས་ནམ་མཁའི་མཐའ་ཀླས་གང་། །ཞེས་པས་ཁྱབ་པ་དང་། མང་བ་གཉིས། དང་པོ་ནི། ཀུན་ཏུ་ཁྱབ་ཅིང་མཐའ་ཀླས་པར་ཁྱབ་པ་སྟེ། ཆོས་ཀྱི་དབྱིངས་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །ཞེས་སོ། །གཉིས་པ་ནི། གྲངས་བརྗོད་ཀྱིས་མི་ལང་བའི་ཕྱིར་མང་བ་སྟེ། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་སོ། །དེའང་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ཐམས་ཅད་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དུ་འདུས་ཤིང་། འགྲོ་བའི་ཕུང་ཁམས་སྐྱེ་མཆེད་ཇི་སྙེད་པ་ཐམས་ཅད་ཀྱང་ལྷའི་རང་བཞིན་དུ་གནས་པའི་ཕྱིར། རང་བཞིན་གཉིས་སུ་མེད་པར་བཞུགས་ཏེ། འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་སྙེད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །ཞེས་སོ། །སློབ་དཔོན་སྒེག་པ་ནི། མཚུངས་པ་བཞིའི་སྒོ་ནས་གཉིས་སུ་མེད་པར་བཞུགས་པར་བཞེད་དེ། སྤར་ཁབ་ལས། རང་བཞིན་དང་། ཐུན་མོང་མ་ཡིན་པ་དང་། བདག་ཉིད་ཆེན་པོ་དང་། གནས་ཀྱི་ཕྱིར་བཞག་པའོ། །ཞེས་སོ། །འདིར་སྐབས་འཕྲོས་ཀྱི་རྩོད་སྤོང་ནི། ཁ་ཅིག་ན་རེ། ལེའུ་དང་པོའི་འཁོར་འདི་རྣམས། རྒྱུད་མས་སྦྱངས་རང་རྒྱུད་པ་ཡིན་ནམ། ཐུགས་རང་སྣང་སྤྲུལ་པ་བ་ཡིན། དང་པོ་ལྟར་ན། གང་ཟག་གཅིག་གིས་སྦྱངས་སམ་ཐ་དད་པས་སྦྱངས། གཅིག་གིས་སྦྱངས་ན། གང་ཟག་གཅིག་གི་རྟོག་པ་ལ་ལྷ་གཙོ་འཁོར་བཟང་ངན་དུ་འོང་བ་མི་རིགས་ལ། ཐ་དད་པས་སྦྱངས་ན། འདིར་གང་ཟག་གཅིག་གི་རྟོག་ཚོགས་ལས་མ་སྨོས་པའི་ཕྱིར་མི་འཐད་དོ། །གཉིས་པ་ལྟར་ནའང་། གདུལ་བྱ་རང་རྒྱུད་པ་མེད་པའི་ཕྱིར། འདུལ་བྱེད་སྤྲུལ་པ་ཚོགས་པ་དོན་མེད་དུ་འགྱུར་རོ་ཞེ་ན། ལན་དུ་བླ་མ་རྒྱ་གབ་གོང་པ་སོགས་སྔ་རབས་པ་ཁ་ཅིག་ན་རེ། རིགས་ལྔ་ཡན་ཆད་སྤྲུལ་པ་དང་། སེམས་དཔའ་མན་ཆད་རང་རྒྱུད་པར་འཐད་དེ། རིགས་ལྔའི་སྐབས་སུ་སྤར་ཁབ་ལས། མཚན་ཐུན་མོང་པ་གཉིས་ནི་སྔར་ཐལ་ཏེ། ཞེས་དང་། སེམས་དཔའ་སེམས་མའི་སྐབས་སུ། ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་ལས་ཀྱི་རྡོ་རྗེའོ། །ཞེས་བག་ལ་ཉལ་ཕྲ་བའི་སྒྲིབ་པ་ཡོད་པར་བཤད་པའི་ཕྱིར་གསུངས་ནའང་། རིགས་པར་མ་མཐོང་སྟེ། རྒྱུད་འདིའི་མཐར་ཐུག་གི་འབྲས་བུ་སངས་རྒྱས་བཞི་བཅུ་རྩ་གཉིས་ཡིན་ནམ་མིན། གཉིས་པ་ལྟར་ན། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་བས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློ་བསམ་པ་འཁྲུལ་པ་ཡིན། །ཞེས་པ་དང་འགལ་ལ། དང་པོ་ལྟར་ན། སེམས་དཔའ་མན་ཆད་རང་རྒྱུད་བར་འདོད་པའི་དམ་བཅའ་ཉམས་སོ། །རང་ལུགས། ལེའུ་དང་པོར་དངོས་སུ་སྨོས་པའི་འཁོར་འདི་རྣམས་ཐུགས་རང་སྣང་སྤྲུལ་པ་ཡིན་ཏེ། སྤར་ཁབ་ལས། སྟོན་པ་དང་། གནས་དང་། འཁོར་ཁྱད་པར་དུ་གྱུར་པ་ལ་ངམ་པ་སྟེ། རང་རིག་པ་ཉིད་གསུམ་གྱི་ཁྱད་པར་དུ་སྣང་བ་ལ་ངམ་པ་གསུམ་མོ། །ཞེས་དང་། སྐབས་དོན་སྔར་དྲངས་པའི་གཉིས་སུ་མེད་པར་བཞུགས་སོ། །ཞེས་པའི་འགྲེལ་པའི་ལུང་གིས་གསལ་བའི་ཕྱིར་རོ། །དེ་ལྟ་ནའང་འདུལ་བྱེད་ཚོགས་པ་དོན་མེད་དུ་མི་འགྱུར་ཏེ། གོ་ཕྱེ་བའི་འཁོར་གྱིས་གསང་སྔགས་ཀྱི་ངེས་པ་རྙེད་པར་བྱ་བའི་ཕྱིར་སྟོན་འཁོར་དུ་བསྟན་ནས་རྒྱུད་གསུང་བའང་མི་འགལ་བའི་ཕྱིར་དང་། དེར་མ་ཟད། རྗེ་སྒྲོ་ཕུག་པ་ཁུ་དབོན་དང་ཉ་རི་དྲི་ངས་པའི་ཞལ་ནས། དཀྱུས་གཅིག་ལ་འཁོར་ཆ་གཉིས་བཟུང་བ་མི་འཐད་ཀྱང་། སྤྱིར་ཆ་གཉིས་ཡོད་པར་ངེས་པས། འདིར་རྟོག་ཚོགས་སྦྱར་བའི་འཁོར་འདི་རྣམས་ཐུགས་རང་སྣང་སྤྲུལ་པ་ཡིན་ཏེ། རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །ཞེས་གསུངས་པའི་ཕྱིར། དེ་དང་ཆ་འདྲ་བའི་རྒྱུད་མས་སྦྱངས་ཀྱི་མཐར་ལམ་པ་དང་། ཐེག་པ་འོག་མའི་རྒྱལ་བ་བརྗོད་ཀྱིས་མི་ལང་བ་ཡོད་ཏེ། སྔ་མའི་འཕྲོས་ལས། དང་པོའི་སངས་རྒྱས་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལང་ཚད་མེད་དང་། །རྣམ་གཉིས་ཚུལ་དུ་བཞུགས་པའོ། །ཞེས་པས་མངོན་ནོ་གསུང་། རྒྱལ་བ་གཡུང་ནི། ཐུན་མོང་མ་ཡིན་པའི་གླེང་གཞིའི་སྐབས་འདིར་བྱུང་བའི་འཁོར་ཐམས་ཅད་ཡིན་ཚུལ་ནས་ཐུགས་རང་སྣང་སྤྲུལ་པ་བ་ཡིན་ཀྱང་། སྣང་ཚུལ་གྱི་དབང་དུ་ས་མཐའི་བྱང་ཆུབ་སེམས་དཔའི་ཚུལ་དུ་སྣང་བ་མི་འགལ་ཏེ། སྤར་ཁབ་ལས། གདུལ་བྱ་ལས་མཐར་ཐུག་པ་ནི་དྲུག་པའི་སངས་རྒྱས་ཀྱི་ཞིང་དུ་འགྱུར་ཏེ། དེ་དག་ས་གཞན་ལས་ཁྱད་པར་དུ་གྱུར་པས་ཆེན་པོ་སྟེ། ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་ལས་ཀྱི་རྡོ་རྗེའོ། །ཞེས་སོགས་གསུངས་པའི་ཕྱིར་རོ་གསུངས། གང་ལྟར་ཡང་། དངོས་སུ་སྨོས་པ་དང་ཆ་འདྲའི་མས་སྦྱངས་ཀྱི་འཁོར་ཡོད་པར་གཉིས་ཀ་བཞེད་པའི་ཕྱིར་གདུལ་བྱ་མེད་པའི་སྐྱོན་འཇུག་པའི་གནས་མེད་དོ། །ཡང་ཁ་ཅིག་ན་རེ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ལྷ་བཞི་བཅུ་རྩ་གཉིས་བཞུགས་སམ་མི་བཞུགས། གལ་ཏེ་མི་བཞུགས་ན་རྗེས་འཇུག་ལམ་པས་བསྒོམ་པ་བློས་བརྟགས་སུ་འགྱུར་ལ། བཞུགས་ན་ཀུན་ཏུ་བཟང་མོ་དང་ཐུབ་དྲུག་མི་འདུག་པས་གསལ་ལོ་ཞེ་ན། བཞུགས་ཏེ། རྩ་རྒྱུད་འདིར། ཐབས་དང་ཤེས་རབ་ཞེས་པའི་སྐབས་སུ་ཀུན་ཏུ་བཟང་མོ་དང་། སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ཞེས་པའི་སྐབས་སུ་ཐུབ་དྲུག་ཡོད་པར་ཤུགས་ཀྱིས་བསྟན་ཅིང་། བཤད་རྒྱུད་སྙིང་པོ་བཀོད་པའི་གླེང་གཞིར། དཔལ་ཀུན་ཏུ་བཟང་པོ་རང་སྣང་བའི་སྐུ་དཀར་དམར་མཐིང་གའི་ཞལ་གསུམ་དུ་སྣང་བ་རྡོ་རྗེ་དང་། འཁོར་ལོ་དང་རིན་པོ་ཆེ་གཡས་ན་འཛིན་པ། པདྨ་དང་དྲིལ་བུ་དང་རལ་གྲི་གཡོན་ན་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ཀུན་ཏུ་བཟང་མོ་དང་འདུ་འབྲལ་མེད་པ། ཞེས་དང་། གཞན་ཡང་ཐུབ་པ་ཆེན་པོ་གསེར་ཐུབ་འཛིན་དང་། ཞེས་སོགས་གཉིས་ཀ་དངོས་སུ་སྨོས་པའི་ཕྱིར་རོ། །འོ་ན་ཐུབ་དྲུག་འོག་མིན་དུ་བཞུགས་པ་ལྟར་ན། གདུལ་བྱ་དང་འདུལ་བྱེད་གནས་ཐ་དད་པར་འགྱུར་ཏེ། ཐུབ་དྲུག་གི་གདུལ་བྱ་རིགས་དྲུག་གི་སེམས་ཅན་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རིགས་དྲུག་གི་གནས་དང་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། དག་མ་དག་གི་སྣང་བས་ཕྱེ་བ་ཙམ་དུ་ཟད་པའི་ཕྱིར་རོ། །གཞན་ཡང་། བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ཡུལ་ཉེར་བཞི་ན་བཞུགས་པར་རྩ་རྒྱུད་དུ་གསུང་མོད། དེས་ན་འོག་མིན་གྱི་གནས་སུ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་མ་ཚང་ངམ་སྙམ་དུ་རྟོག་པ་དང་འདྲ་སྟེ་བཞད་གད་ཀྱི་གནས་སོ། །བཞི་པ་བསྟན་པ་ཕུན་སུམ་ཚོགས་པ་ནི། ལམ་གསང་བའི་སྙིང་པོ་སྟེ། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །ཅེས་སོགས་གསུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ། མདོར་བསྟན་གྱི་རྗེས་སུ་རྒྱས་བཤད་འཇུག་གམ་མི་འཇུག །གཉིས་པ་ལྟར་ན་མདོར་བསྟན་དོན་མེད་དུ་ཐལ་ཞིང་། དང་པོ་ལྟར་ན། བསྟན་བཤད་ཀྱི་དོན་གཉིས་ནང་འགལ་ཏེ། རྒྱུད་འདིར་མདོར་བསྟན་ལ་ལྔ་བྱུང་ལ། རྒྱས་བཤད་ལ་སྟོན་འཁོར་གནས་གསུམ་ལས་མ་བྱུང་བའི་ཕྱིར་ཟེར་ན། ལན་དུ། བླ་མ་གོང་མ་རྣམས། དོགས་པ་དེའི་སྐྱོན་མེད་དེ། བསྟན་པ་ནི་སྟོན་པའི་ཐུགས་ལ་རྫོགས་ཤིང་། དུས་ནི་སྟོན་འཁོར་གནས་གསུམ་ནམ་འཛོམ་པའི་དུས་ཏེ། ཡེ་ཤེས་རྫོགས་པའི་རྒྱུད་ལས། གནས་དང་སྟོན་པ་འཁོར་ཚོགས་ན། །དུས་དང་བསྟན་པ་ཤུགས་ལས་འབྱུང་། །ཞེས་གསུངས་པའི་ཕྱིར་གསུངས། ལྷ་རྗེ་ཟུར་ཆུང་བའི་ཞལ་ནས། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་སོགས་ཀྱིས་བསྟན་པ་བསྟན་ཏེ། གླེང་བསླང་གི་གང་དུ་བྱུང་བ་ནི་རྒྱུད་འཁྲུགས་པའོ་གསུངས། རྗེ་སྒྲོ་ཕུག་པ་ཁུ་དབོན་སོགས་ཕལ་ཆེར། སྤར་ཁབ་ཀྱི་རྗེས་སུ་འབྲངས་ཏེ་གཙོ་བོར་གླེང་གཞི་བསྡུས་པའི་དོན་དུ་བཞེད་དོ། །དེ་ལྟར་ནའང་། བསྟན་པར་འདོད་པའི་ཕྱོགས་ལ་གླེང་མ་བསླང་བར་བྱུང་བའི་སྐྱོན་དང་གླེང་གཞིར་འདོད་པའི་ཕྱོགས་ལ་རྡོ་རྗེ་ལ་ཕྱུང་ངོ་ཞེས་པས་གནོད་དོ་ཞེ་ན། ཁོ་བོ་ནི་གཉིས་ཀ་ལྟར་བཤད་ཀྱང་མི་འགལ་བར་སེམས་ཏེ། དང་པོ་ལྟར་། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་སྤྱི་གཟུགས་རིགས་ལྔ་དབྱེར་མི་ཕྱེད་པའི་སྟོན་པ་ཉིད་ཀྱི་ཐུགས་ལ་རྒྱུད་དོན་ཇི་ལྟར་ཤར་བའི་དོན་གསང་བདག་གིས་བསྡུ་བ་བྱེད་པའི་ཚེ་བསྡུས་པས་གླེང་མ་བསླང་བར་བྱུང་བའི་སྐྱོན་མེད་ཅིང་། དེ་ཉིད་གདུལ་བྱ་དབང་རབ་ལ་ལྟོས་ནས་རྒྱུད་དོན་མདོར་བསྟན་དུ་བཤད་པ་ཡིན་པས་བསྟན་པ་ཉིད་དུ་འགྱུར་ཏེ། རྒྱ་མདུད་འགྲེལ་ལས། ད་ནི་ཆོས་ཕུན་སུམ་ཚོགས་པ་བསྟན་པ་བྱ་སྟེ། དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། ཞེས་སོགས་དང་། འགྲེལ་ཆུང་ལས། རྒྱུད་འདི་ཉིད་ཀྱི་མདོ་དོན་དུ། །དཀྱིལ་འཁོར་ཀུན་གྱི་གསང་བ་འདི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །རྡོ་རྗེ་ལས་ནི་ངེས་པར་ཕྱུང་། །ཞེས་རྒྱུད་དོན་མདོར་བསྟན་དུ་བཞེད་པའི་ཕྱིར། གཉིས་པ་ལྟར་ན། གདུལ་བྱ་དབང་འབྲིང་མན་ཆད་ལ་རྒྱུད་དོན་འོག་ཏུ་སྟོན་པའི་ཕྱིར་འདི་ཉིད་གླེང་གཞི་བསྡུས་པ་སྟེ། སྤར་ཁབ་ལས། འདི་ནས་མར་གླེང་གཞི་བསྡུས་པ་སྟོན་ཏེ། །ཞེས་སོ། །དེ་ལྟ་ནའང་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་པས་གནོད་དམ་སྙམ་ན། མི་གནོད་དེ། དེ་ལས། དབང་རྫོགས་པ་རིགས་དྲུག་པ་ཉིད་དུ་གྱུར་པའི་ཕྱིར། ཞེས་དབང་རྫོགས་ནས་སྟོན་སྡུད་ཁྱད་པར་མེད་ཅིང་། དགོངས་པའི་རྒྱུད་གཅིག་དང་ཐ་དད་ལས་གྲོལ་བའི་ཕྱིར་སྡུད་པ་པོས་བཤད་པ་ལ་རྡོ་རྗེ་ལས་ཕྱུང་གོ་ཞེས་སྟོན་པ་དང་སྐྱེས་བུའི་ཐུགས་ལས་ཕྱུང་བར་བསྟན་པ་མི་འགལ་ལོ། །འོ་ན། འདིས་དབང་རབ་ལ་རྒྱུད་དོན་མདོར་བསྟན་དུ་ཇི་ལྟར་འགྲོ་ཞེ་ན། འགྲེལ་ཆུང་ལས་དཀྱིལ་འཁོར་བཅུ་གཉིས་དང་། བླ་མ་རྣམས་དཀྱིལ་འཁོར་བདུན་དང་ཐེག་པ་རིམ་དགུར་བསྡུ་བར་མཛད་པས་ཀྱང་རྒྱུད་དོན་དུ་འགྱུར་ཏེ། དཀྱིལ་འཁོར་བཅུ་གཉིས་སམ་བདུན་ནི་རྒྱུད་དོན་དངོས་དང་། ཐེག་པའང་རྒྱུད་དོན་དང་ངོ་བོ་གཅིག་པའི་ཕྱིར་རོ། །འདིར་ནི། རྒྱུད་ཀྱི་བརྗོད་བྱ་ཐམས་ཅད་རྒྱུད་གསུམ་དུ་འདུ་བ་ལས། དེ་འདིར་བསྡུས་པས་ན་བསྟན་པར་འགྱུར་ཏེ། དེ་བཞིན་ཉིད་ཀྱི་ཅེས་པས་གཞི་རྒྱུད་དང་། དབང་བསྒྱུར་ཞེས་དང་། རྐང་པ་གཉིས་པས་ལམ་རྒྱུད་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ཐུགས་རྗེའི་ངང་། །ཞེས་དང་། རྐང་པ་གསུམ་པ་མན་ཆད་ཀྱིས་འབྲས་རྒྱུད་དེ། རྒྱུད་གསུམ་མདོར་བསྟན་པའི་ཕྱིར། རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་གཞི་ལམ་འབྲས་གསུམ་དང་། དེ་སྟོན་པ་ཐམས་ཅད་འདི་ལས་འཕྲོས་པས་ཤེས་པར་བྱའོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། ཁོག་གཞུང་ལས། དུས་ཀྱི་ངོ་བོ་མཉམ་གནས་ཀྱང་། །སྐལ་པ་ཅན་ལ་དཀོན་པའི་དུས། །ཞེས་པས། ངོ་བོའི་དུས་དང་། གདུལ་བྱ་ལ་སྣང་བའི་དུས་གཉིས། དང་པོ་ནི། དུས་བཞི་མཉམ་པ་ཉིད་ཀྱི་དུས་ཏེ། ཀུན་རྫོབ་བདེན་ངོར་དུས་སྔ་ཕྱི་ཐ་དད་པ་ལྟར་སྣང་ཡང་། དོན་དམ་བདེན་པའི་ཆ་ནས་དེར་མ་དམིགས་ལ། དབྱེར་མེད་ཀྱི་ངོས་ནས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་ན་མཉམ་པ་ཉིད་ཀྱི་དུས་ཞེས་བྱ་སྟེ། རྒྱས་པ་ལས། འདས་དང་མ་འོངས་ཐམས་ཅད་ཀུན། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །དུས་བཞི་སྔ་ཕྱི་མེད་པ་ཡི། །མཉམ་པ་ཉིད་དུ་ལྷན་ནེར་སྦྱོར། །ཞེས་དང་། འགྲེལ་ཆུང་ལས། དུས་བཞི་མཉམ་པ་ཆོས་ཀྱི་དབྱིངས་ཉིད་དུ། །སྟུག་པོ་བཀོད་པའི་རྒྱན་ལ་ཐིམ་པར་བཞུགས། །ཞེས་སོ། །གཉིས་པ་ནི། རྒྱུད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ལྔ་ཚང་བས་གདུལ་བྱའི་ངོ་ལ་རྒྱུད་དོན་བྱུང་བ་དེ་ཡིན་ཏེ། སྐལ་བ་ཅན་ལ་དཀོན་པའི་དུས། །ཞེས་པས་མངོན་ནོ། །དྲུག་པ་སྡུད་པ་པོ་ནི། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་འཛིན་པའི་རྒྱལ་སྲས་ལག་ན་རྡོ་རྗེ་སྟེ། རྒྱ་མཚོ་ལས། འཁོར་གྱི་ནང་ནས་སྐལ་མཆོག་ལྡན། །འདུལ་བའི་དུས་བབས་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །ཅེས་དང་། ཁོག་གཞུང་ལས། གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཐུན་མོང་མ་ཡིན་ངེས་པའི་རྒྱུད། །དྲིས་ལན་མི་མངོན་དོན་གྱིས་བསྡུས། །བྱིན་རླབས་མི་ཡུལ་གྲགས་པ་ཡིན། །ཞེས་སོ། །དེའང་འདི་ཉིད་ལས། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པས་བསྟན་ཏེ། སློབ་དཔོན་ཉི་འོད་སེང་གེས། རྡོ་རྗེ་གསང་བ་ཞེས་པ་ནི་དབང་བསྐུར་བའི་མཚན་ཡིན་ཏེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་གྲགས་པའོ། །ཞེས་སོ། །དེ་ལྟར་སྡུད་པ་པོ་སྨོས་པའི་དགོས་པ་ནི། སྡུད་པ་པོ་མེད་ན་གཏམ་ལྐུགས་པ་ལྟར་ཕྱིས་མི་འབྱུང་བའི་སྐྱོན་དང་། གཞན་དུ་རྒྱུད་འདི། གནས་གང་དུ། སྟོན་པ་གང་གིས་བསྟན་ཅིང་། གང་ལ་གཏད། དེ་ནས་སུ་ཞིག་གིས་སྤེལ་ཞེས་པའི་སྒྲོ་སྐུར་སྤང་བའི་ཕྱིར། ཀླད་དུ་བཤད་དང་། འདིར་ཚིག་ཏུའོ། །ཞེས་སྨོས་པར་ཟད་དོ། །གཉིས་པ་གདུལ་བྱ་དགོས་ཆེད་ཀྱི་གླེང་གཞི་ནི། རྒྱུད་འདིའི་ལེའུ་བཅོ་ལྔ་པ་ཁྲོ་བོ་སྔོན་བྱུང་གི་ལེའུས་སྟོན་ཏེ། དེ་ལ་སྤྱིར་ཁྲོ་བོ་ལ། ཤེས་རབ་ཆེན་པོའི། ཡེ་ཤེས་ཆེན་པོའི། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་དང་གསུམ། དང་པོ་ནི། བདག་མེད་རྟོགས་པའི་ཤེས་རབ་སྟེ། དེས་དངོས་པོ་དང་མཚན་འཛིན་གྱི་རྣམ་རྟོག་འཇོམས་པ འི་ཕྱིར་ངང་གིས་ཁྲོ་བ་སྟེ། རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། མཚན་མ་འཇོམས་ཕྱིར་ཁྲོ་བོ་མཆོག །ཅེས་སོ། །གཉིས་པ་ནི། རང་རིག་རྟོགས་པའི་ཡེ་ཤེས་ཏེ། དེས་ཆོས་ཐམས་ཅད་ལ་དབང་བསྒྱུར་ཞིང་འཁོར་བའི་ས་བོན་དྲུངས་ནས་འཇོམས་པའི་ཕྱིར། ངང་གིས་ཁྲོ་བ་སྟེ། རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུར་ཁམས་རྣམས་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་གྱུར། །ཞེས་སོ། །གསུམ་པ་ནི། གདུལ་བྱ་ནམ་ཡང་མི་འདོར་བའི་ཕྱིར། འདུལ་བའི་དུས་ལས་མི་འདའ་བ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལའང་འགྲོ་བ་སྐྱོབ་པ་ན་འབད་རྩོལ་མེད་པའི་ཐུགས་རྗེས་མི་མཐུན་ཕྱོགས་འཇོམས་པའི་ཕྱིར་ངང་ངམ་ཤུགས་ཀྱིས་ཁྲོ་བ་ནི་ཐུགས་རྗེ་སྟེ། ལྷ་རྒྱུད་ལས། འཛིན་པ་མི་རྟོག་ཐུགས་རྗེ་ཞེན་ཆགས་ཁྲོ། །ཞེས་སོ། །རྒྱུ་དེས་གདུལ་བྱ་གདུག་པ་ཅན་འདུལ་བའི་ཕྱིར། འཇིགས་བྱེད་ཆེན་པོའི་སྐུ་དང་ཆ་ལུགས་སུ་སྣང་བའི་ཁྲོ་བོར་བཅོས་པ་སྟེ། ཇི་ལྟར་འཚམས་པར་སྟོན་པའི་མཛད་པའོ། །དེ་སྐད་དུའང་། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །དེ་ལྟར་གསུམ་ལས། འདིར་ནི་ཕྱག་རྒྱ་ཆེན་པོའི་ཁྲོ་བོའོ། །དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་མངག་གཞུག་གི་ཕོ་ཉར་ཁྲོས་པ་ལྟ་བུ་ཞིག་སྟོན་པ་ནི་མ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཁྲོ་བའི་དཀྱིལ་འཁོར་མངོན་པར་འདུ་མཛད་དེ། ཞེས་གསུངས་པའི་ཕྱིར། ཅི་ལྟར་བསྟན་ན། སྔར་ལྟར་ཕུན་སུམ་ཚོགས་པ་དྲུག་ལས། དང་པོ་སྟོན་པ་ནི། རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱིའི་གཟུགས་ཅན་དྲུག་པ་ཀུན་ཏུ་བཟང་པོ་ཉིད་ལས་མ་གཡོས་པར། རུ་དྲའི་ངོ་ན་དཔལ་ཆེན་པོ་ཆེ་མཆོག་བཛྲ་ཧེ་རུ་ཀར་སྣང་བ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཞེས་སོ། །གཉིས་པ་གནས་ནི། བཟོད་པར་དཀའ་བའི་དུར་ཁྲོད་ཆེན་པོ་སྟེ། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན། ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་། འབར་བ་ཆེན་པོའི་ཀློང་གི་འཁོར་ལོའི་དཀྱིལ་ན། ཞེས་སོ། །གསུམ་པ་འཁོར་ལ། གདུལ་བར་བྱ་བ་གདུག་པ་ཅན་གྱི་འཁོར་དང་། འདུལ་བྱེད་གཉེན་པོའི་འཁོར་གཉིས། དང་པོ་ནི། རུ་དྲ་འཁོར་དང་བཅས་པ་སྟེ། དེར་གོལ་བའི་རྒྱུ་ཅི་སྙམ་ན། སྤྱིར་མ་རིག་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་སྲིད་པར་འཁྱམས་ལ། བྱེ་བྲག་ཏུ་རུ་དྲ་ནི། སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་ཐར་པ་ནག་པོར་སྐྱེས་པའི་ཚེ། ཐུབ་དཀའ་གཞོན་ནུས། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་གསུངས་པ་སྒྲ་ཇི་བཞིན་པར་སྤྱད་པས་གོལ་བའི་རྣམ་སྨིན་གྱིས་དམྱལ་བ་ཚ་གྲང་གི་གནས་སུ་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་དང་། དེ་ནས་བསྐལ་ཆེན་དྲུག་ཏུ་ཡི་དྭགས་སུ་སྐྱེ་བ་བརྒྱུད་དེ་རྣམ་སྨིན་གྱི་འབྲས་བུ་མྱོང་སྟོབས་ཀྱིས་ཟད་པའི་མཐར། སྔོན་གྱི་རྒྱུ་མཐུན་པའི་འབྲས་བུས་མཚམས་སྦྱར་ནས། ཡུལ་ལངྐ་བུ་རིར་ཡི་དྭགས་ཀྱིས་འགྲོ་བས་བསྡུས་པའི་སྲིན་པོ་བྱའི་གཤོག་པ་ཅན་དུ་སྐྱེས་ཏེ། གཟུགས་ཁམས་ཀྱི་འཕགས་པའི་གནས་ལྔ་མ་གཏོགས་པ་འདོད་གཟུགས་ཀྱི་ཁམས་ཐམས་ཅད་དབང་དུ་བསྡུས་ཏེ། འགྲོ་བའི་ཚོགས་ལ་གནོད་པར་བྱེད་པའི་ལས་ཀྱི་རུ་དྲར་གྱུར་པ་དེ་ཉིད། ཐུབ་དཀའ་རྡོ་རྗེ་སྙིང་པོར་གྱུར་པ་དང་སྔོན་དཔོན་སློབ་ཏུ་འབྲེལ་བའི་སྟོབས་ཀྱིས་གདུལ་བྱར་གྱུར་པའོ། །དེ་དག་ཀྱང་། བདག་ཏུ་རྨོངས་པའི་རྟོག་པ་དང་། ཞེས་པ་ནས། ཐུགས་རྗེས་འདུལ་བར་གྱུར་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ། ཞེས་སོགས་ཀྱིས་རིགས་བཞིའི་འཁོར་དང་། དཀར་མོའི་ཚོགས་དང་། ཞེས་སོགས་ཀྱིས་གསང་བའི་བུ་མོ་བརྒྱད་དང་། སེང་གདོང་ཆེན་མོའི་ཚོགས་དང་། ཞེས་སོགས་ཀྱིས་གུས་པའི་བུ་མོ་བརྒྱད་དང་། རྡོ་རྗེ་སྲིང་འགྲོ་མའི་ཚོགས་དང་སོགས་ཀྱིས་དུར་ཁྲོད་པའི་སྒོ་སྲུང་བཞི་དང་། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཞེས་སོགས་ཀྱིས་དབང་མོ་ཉེར་བརྒྱད་རྣམས་སོ། །བཞི་པ་བསྟན་པ་ནི། གདུལ་དཀའ་དྲག་པོའི་གདུལ་བྱ་ཉིད་ཕྲིན་ལས་དྲག་ཤུལ་གྱི་སྒོ་ནས་འདུལ་བའི་དོན་མཛད་པའོ། །དེ་ཡང་ཇི་ལྟར་བཏུལ་བ་ནི། འགྲེལ་ཆུང་ལས། ཇི་ལྟར་འདུལ་བའི་དབང་ནི་དྲུག་འགྱུར་ཏེ། །ཆེ་མཆོག་ཉིད་དང་ཁྲོ་བོ་འཆོལ་བ་དང་། །རྡོ་རྗེ་ཞེ་སྡང་རྡོ་རྗེ་སྲིན་པོ་དང་། །རྡོ་རྗེ་ཁྲོ་བོ་འཇིགས་བྱེད་ཁྲོ་བོའོ། །ཞེས་དྲུག་ཏུ་གསུངས་ནའང་། འདིར་སློབ་དཔོན་སྒེག་པའི་བཞེད་པ་ལྟར་དོན་བཅུ་བཞིས་འཆད་དོ། །དེའང་། ཞི་བ་རིགས་དྲུག་པ་ཉིད་ཁྲོ་བོ་ཆེ་མཆོག་ཏུ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་༡ལོ། །དེ་ནས་དེ་བཞིན་ཉིད་ཀྱི་དབྱིངས་ནས་གསང་བའི་ཡུམ་སྤྲུལ་ཏེ་སྦྱོར་བ་མཛད་པས་དཀྱིལ་འཁོར་ཐམས་ཅད་བསྐྱེེད་པའི་རྒྱུ་བྱང་ཆུབ་ཀྱི་སེམས་སྤྲོ་བ་ནི་ཆེ་མཆོག་ལོངས་སྤྱོད་ཆེན་པོའི་དཀྱིལ་འཁོར་༢རོ། །དེའི་ཚེ་ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཞེས་སོགས་བརྗོད་པ་ནི་གཉེན་པོའི་ཁྲོ་ཚོགས་ཀུན་སྣང་བའི་རྐྱེན་དེ་ཀུན་བརྗོད་པའི་ཆོ་འཕྲུལ་༣ལོ། །རྒྱུ་སེམས་སྤྲིན་དང་རྐྱེན་སྔགས་ལས་ཁྲོ་བོ་འཆོལ་པ་གྲངས་མེད་པར་འཐོན་པ་ནི་སྤྲུལ་པ་རྫུ་འཕྲུལ་ཀྱི་ཆོ་འཕྲུལ་༤ལོ། །དེའི་མཐུ་བྱིན་གྱིས། ཕྱིར་འཇིག་རྟེན་གྱི་ཁམས་གཡོས་པ་སོགས་ལྟས་ཆེན་པོ་བཅོ་ལྔ་དང་། ནང་དུ་ལམ་པའི་སེམས་ལ་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་ལྔར་གཡོ་ཐོབ་གོམས་པའི་ཉམས་གསུམ་བོགས་འཐོན་པ་ནི་བྱིན་རླབས་ཀྱི་ཆོ་འཕྲུལ་༥ལོ། །ཕྱི་སྣོད་གཡོ་བ་སོགས་དང་ནང་ཁྲོ་བོའི་སྤྲིན་ཚོགས་མི་བཟད་པའི་ཆོས་ཀུན་ཏུ་སྣང་བས། དེའི་ཚེ་གདུག་པ་ཅན་ཐམས་ཅད་བརྒྱལ་བར་བྱས་པ་ནི་ཆོས་སྣང་བའི་ཆོ་འཕྲུལ་༦ལོ། །དེ་ནས་སྤྲུལ་པའི་ཁྲོ་ཚོགས་དེ་དག་རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་དང་བཅས་པས་བསྡུས་ནས་རང་རང་གི་རིགས་དང་མཐུན་པའི་ཕྱོགས་སུ་དྲེགས་པ་ཅན་དེ་རྣམས་གདན་དུ་བྱས་ཏེ་བཞུགས་པ་ནི་གོང་གི་སྤྲུལ་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་༧རོ། །དེ་ནས་དྲེགས་པ་དེ་རྣམས་ཁྲོས་ཏེ་གཏུམ་ཚིག་ཏུ་སྨྲ་བ་ན། དེའི་གཉེན་པོར་རྡོ་རྗེ་སྲིན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་སྣང་བར་མཛད་ནས་དེ་དག་གི་ཕུང་པོ་བསྒྲལ་ཏེ་ཞལ་དུ་གསོལ་བ་ནི་ཕྲིན་ལས་རྨད་དུ་༨བྱུང་བའི་ངོ་བོའོ། །དེ་ལྟར་ཕོ་རྣམས་བསྒྲལ་ནས་དེ་དག་གི་ཆུང་མ་དབང་ཕྱུག་མ་བྲན་གཡོག་གི་ཚོགས་དང་བཅས་པ་དབང་དུ་བསྡུས་པ་ནི་འཁོར་སྡུད་པའི་ཆོ་འཕྲུལ་༩ལོ། །ཆེ་མཆོག་ཉིད་དབང་མོའི་ངོ་ལ་རིགས་ལྔའི་འཇིགས་བྱེད་ཆེན་པོ་ལྔ་ག་ཡོངས་སུ་རྫོགས་པར་སྣང་བ་ནི་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་༡༠རོ། །རིགས་ལྔའི་གཙོ་བོ་ལ་མ་མོ་བརྒྱད་དང་། རིགས་བཞི་ལ་ལྔ་ལྔ་འཁྲིལ་ཏེ་རོལ་པ་ནི་འཁོར་བསྡུས་པའི་ཆོ་འཕྲུལ་གྱི་༡༡བྱ་བའོ། །གཉིས་སུ་མེད་བར་རོལ་པའི་སེམས་སྤྲིན་ལས་འཁོར་གྱི་དཀྱིལ་འཁོར་ཁྲོ་མོ་ཉི་ཤུ་ངོ་མཚར་དང་བཅས་པས་རེ་རེ་ཡང་ཉེར་བརྒྱད་དུ་འཐོན་ཅིང་། སོ་སོ་ཡང་རང་རང་གི་རིགས་གཅིག་ཏུ་བསྡུས་ཏེ་དཀྱིལ་འཁོར་ལ་འགོད་པའི་མཛད་པ་རྫོགས་ནས་དབང་མོ་རྣམས་རང་གནས་སུ་བཀྱེ་བ་ནི་ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་༡༢རོ། །དེ་ནས་དྲེགས་པ་ཅན་རྣམས་འོག་སྒོ་ནས་བཏོན་ཏེ་མི་གཙང་བའི་འདམ་དུ་ཆུད་པ་ན། སླར་ཡང་སྣམས་ནས་ཁྲོ་བོ་རྨེ་བརྩེགས་སམ་དམ་རྫས་བདུད་རྩི་རློན་སྦྱོར་ཕྱུང་ནས་འདམ་ཀུན་འཐུངས་ཏེ་དབང་བསྐུར་བས་བསམ་ཡས་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ཐོབ་ཅིང་། སྐུ་འབར་བ་ཆེན་པོ་མི་བཟད་པར་མཐོང་ངོ་། །དེའི་ཚེ་འདུལ་ཐབས་བསམ་ཡས་ཐ་དད་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དུས་གཅིག་ཏུ་བཏུལ་ཏེ། དེ་དག་ཤིན་ཏུ་འདར་ཞིང་བྲེད་པས་མནའ་བོར་ནས་ལུས་གདན་དུ་ཕུལ་ཞིང་། མགྲིན་གཅིག་ཏུ་འཁོར་ཕུལ་བ་རྣམས་ནི་ཕྲིན་ལས་ཀྱི་འབྲས་བུ་དྲེགས་པ་ཅན་གནས་སུ་༡༣བསྟབ་པའོ། །དེ་ནས་མ་མོ་རྣམས་སླར་འཁོར་དུ་འདུས་ཏེ་དངོས་གྲུབ་ནོས་པ་ན་ལག་ཏུ་རྡོ་རྗེ་བྱིན་ནས་མིང་བཏགས་ཏེ། དཀྱིལ་འཁོར་གྱི་ཕྱི་ཁྱམས་སུ་བཀོད་པ་ནི་ཕྲིན་ལས་ཀྱི་འབྲས་བུ་འཁོར་དམ་ལ་༡༤བཏགས་པའོ། །དེ་དག་ནི་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པ། ཞེས་པ་མན་ཆད་ཀྱིས་སྟོན་ནོ། །འདིར་སྐབས་འཕྲོས་ཀྱི་བརྒལ་ལན་ནི། ཁ་ཅིག་ན་རེ། འདིར་བསྟན་གྱི་རུ་དྲ་དེ་ཐ་མལ་པའམ་སྤྲུལ་པ་ཡིན། དང་པོ་ལྟར་ཡི་དྭགས་སྲིན་པོ་ཆེན་པོ་ཟེར་བས་འདོད་ཁམས་པ་ཡིན་པའི་ཕྱིར། དེ་གཟུགས་ཁམས་དབང་དུ་བསྡུད་པ་མི་འཐད་དེ། དེར་བགྲོད་པ་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་ཕྱིར་དང་། དཔལ་ཆེན་པོ་དང་སྤྱོད་ཡུལ་གཅིག་ཏུ་མ་སྤྱད་པའི་ཕྱིར་ཞལ་མཐོང་བའི་དངོས་ཀྱི་གདུལ་བྱར་གྱུར་པའང་མི་འཐད་དོ། །གཉིས་པ་ལྟར་ན། ངན་སོང་གི་སྡུག་བསྔལ་མྱོང་བར་བཤད་པ་སོགས་རིགས་པ་མ་ཡིན་ནོ་ཟེར་ན། ལན་ནི། འདོད་པའི་རྟེན་ལ་འཕགས་ས་ཐོབ་པ་དང་། སྔོན་གྱི་ལས་རྨད་དུ་བྱུང་བའི་མཐུ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར། འདོད་པ་ཡིན་ཡང་གཟུགས་དབང་དུ་སྡུད་པ་མི་འགལ་ཞིང་། དཔའ་བོས། སྐྱེ་བོ་མ་རིག་གིས་ལྡོངས་པས། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །ཞེས་འདོད་པའི་སོ་སྐྱེས་བསམ་གཏན་གྱི་ཏིང་འཛིན་ཐོབ་པར་གསུངས་པའི་ཕྱིར། དེ་མ་ཐོབ་པར་ཡང་མ་ངེས་པའི་ཕྱིར་དང་། དཔལ་ཆེན་པོ་མཐོང་བ་ལ་སྤྱོད་ཡུལ་གཅིག་ཏུ་སྤྱོད་དགོས་ན། ཤཱཀ་ཐུབ་མཐོང་བའི་སེམས་ཅན་ཐམས་ཅད་ཀྱི་ཐུབ་པ་དང་སྤྱོད་ཡུལ་གཅིག་ཏུ་སྤྱོད་དགོས་པ་སོགས་ཧ་ཅང་ཐལ་ལོ། །ཕྱོགས་གཉིས་པའི་ལན་ནི། ཐ་མལ་བའི་གཟུགས་དང་སྡུག་བསྔལ་མྱོང་བ་ལྟར་བསྟན་པས་སྡུག་བསྔལ་རང་མཚན་པ་མྱོང་བ་དང་ཐ་མལ་པ་ཡིན་པར་མ་ངེས་ཏེ། སེམས་ཅན་གྱི་དོན་དུ་དེ་བཞིན་གཤེགས་པའི་སྤྲུལ་པ་ཐ་མལ་པའི་གཟུགས་སུ་སྣང་བ་རྣམས་དང་། སེམས་ཅན་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་དམྱལ་བའི་འཇིག་རྟེན་སྤྲུལ་ནས་བསྟན་པ་སོགས་ཀྱང་དེར་མ་ངེས་པ་བཞིན་ནོ། །འོ་ན་འདིར་གང་བཞག་སྙམ་ན། ཁོ་བོ་ནི་གསང་བདག་ཆེན་པོ་སྒྲོ་ཕུག་པའི་རྗེས་སུ་འབྲངས་ནས་སྤྲུལ་པ་བར་ཁས་བླངས་ཏེ། འགྲེལ་པ་ལུང་བསྟན་ལས། དེ་བཞིན་གཤེགས་པ་ཉིད་ཀྱིས་ཚུལ་དུ་བསྟན་པར་རིག་པར་བྱ་སྟེ། དེ་ལ་དགོས་པ་དང་དགོངས་པ་ཅི་ཡོད་ཅེ་ན། རང་རྒྱུད་པའི་གོལ་ས་དགག་པ་དང་། ཆེ་བའི་མཐུའི་ཚད་བསྟན་པའི་དགོས་པ་དང་། ནང་དུ་བདུད་བཞི་བཏུལ་བའི་རྟགས་ཕྱི་རོལ་དུ་བསྟན་པར་འགྲེལ་ཏོ། །ཞེས་དང་། ཇི་སྐད་བཤད་པའི་མཐུ་འདི་དག་རང་རྒྱུད་ལ་ཡོད་པ་མ་ཡིན་ཏེ། སྤྲུལ་པ་ཡིན་པར་སོམ་ཉི་མི་བྱའོ། །ཞེས་སོ། །དེ་ལྟར་ནའང་བདག་ཏུ་རྨོངས་པའི་ཞེས་སོགས་ཀྱིས་གནོད་དོ་ཞེ་ན་མི་གནོད་དེ། ཕྱིས་འཇིག་རྟེན་དུ་ཆ་ལུགས་དང་མཐུ་ཆ་འདྲ་བའི་རུ་དྲ་རང་མཚན་པ་འབྱུང་བ་རྣམས་རྒྱུ་དེ་ལྟ་བུས་བསྐྱེད་པར་བསྟན་ཏེ། ཆེ་མཆོག་འདུས་པའི་རྒྱུད་ལས། འདས་པའི་དུས་ན་སྔོན་བྱུང་ལྟར། །མ་འོངས་དུས་ན་འབྱུང་བ་ཡང་། །ཞེས་སོ། །དེའི་ཕྱིར་གཉེན་པོ་མཆོག་རྣམས་ལ་ཉེས་པས་མི་གོས་པར་བསྟན་པའི་ཆེད་དུ་རྒྱལ་བའི་སོར་ཕྲེང་ཅན་དུ་སྤྲུལ་ནས་བཏུལ་བཞིན་ཐབས་ཀྱི་ཆེ་བ་དབྱུང་བ་དང་། སྔགས་ལམ་པའི་གོལ་ས་དགག་པའི་ཕྱིར་ཐབས་ལ་མཁས་པ་ཆོ་འཕྲུལ་དུ་གདོན་མི་ཟའོ། །ཡང་། ཧེ་རུ་ཀ་རྣམས་དབང་མོ་དང་རོལ་པ་ལས་སྲས་སྤྲུལ་པའི་སྐབས་འདིར། ཁ་ཅིག་ན་རེ། ཧེ་རུ་ཀ་རེ་རེ་ལ་དབང་མོ་བརྒྱད་དང་ལྔ་ལྔས་འཁྲིལ་བའི་ཚེ། རེ་མོས་སུ་འཁྲིལ་ལམ། ཡང་ན་ཞི་བའི་ལྷག་ཆོག་ཏུ། མདུན་རྒྱབ་ཟུར་གཉིས་དབུ་གསུམ་པོ། །བདུན་ལ་གཙོ་མོ་བདུན་གྱིས་འཁྲིལ། །ཞེས་པ་ལྟར་དུས་གཅིག་ཏུ་རོལ་གྲང་ཞེ་ན། འཁྲིལ་ཚུལ་གཉིས་ཀ་ལྟར་མ་ཡིན་ཏེ། འགྲེལ་པ་མངོན་རྟོགས་ལས། མ་མོ་རེ་རེ་ཡང་དེ་བཞིན་གཤེགས་པ་རེ་རེ་དང་སྦྱོར་བར་མ་མོ་རྣམས་ཀྱིས་མཐོང་བ་ནི། ཞེས་མ་མོའི་སྣང་བ་ལ་དེ་བཞིན་གཤེགས་པ་རེ་རེ་ཡང་བརྒྱད་དང་ལྔར་སྣང་ནས་སྦྱོར་བར་གསུངས་པའི་ཕྱིར་རོ། །ཡང་འདིར་དབང་མོ་དང་རོལ་པ་ལས་སྲས་ཉི་ཤུ་བསྐྱེད་པ་དང་། སྒྲུབ་ཐབས་ལས་རིགས་ཀྱི་ཡུམ་ལྔ་དང་རོལ་པ་ལས་བསྐྱེད་པ་ནང་འགལ་ལོ་ཞེ་ན། འདིར་ནི་གཞན་གྱི་ཆེ་བ་དབྱུང་བའི་ཕྱིར། ཕོ་རྣམས་བསྒྲལ། མོ་རྣམས་སྦྱོར་ནས་འདུལ་བའི་ཆེད་དུ་བསྟན་པར་ཟད་ཀྱི། ཉམས་ལེན་གྱི་དུས་སུ་ལས་ཀྱི་སྲིན་མོ་ལ་མོས་པ་མི་སྐྱེ་བས་རིགས་ཀྱི་ཡུམ་ལྔ་དང་རོལ་པ་ལས་བསྐྱེད་པའི་ཕྱིར་སྐྱོན་མེད་དོ། །ལྔ་པ་དུས་ནི། མ་རུང་བའི་གདུལ་བྱ་ལ་དྲག་པོའི་ཕྲིན་ལས་སུ་སྣང་བའི་དུས་ཏེ། འདུལ་བའི་ཐབས་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། །ཞེས་སོ། །དྲུག་པ་སྡུད་པ་པོ་ནི། གོང་མ་ལྟར་གསང་བདག་ཉིད་དོ། །གཉིས་པ་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་ནི། རྒྱུད་འདིའི་ལེའུ་གསུམ་པའི་སྟོད་ཀྱིས་སྟོན་ཏེ། དེ་ལ་ཡང་། གླེང་གཞིའི་རྒྱུད་དང་། རང་གི་ངོ་བོ་དང་། ཞར་བྱུང་རྩོད་པ་སྤང་བ་དང་གསུམ། དང་པོ་ནི། འདིའི་དོན་མ་རྟོགས་པ་རྣམས་ལམ་སྟེགས་ཀྱི་ཐེག་པ་ལ་བཀྲི་བའི་ཆེད་དུ་སྟོན་པའི་ཐུགས་རིག་པ་ཡེ་ཤེས་ཀྱི་བྱིན་རླབས་ལས་ཐུབ་པ་དྲུག་འཕྲོས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོའི་བྱིན་གྱིས་རླབས་ཞེས་བྱ་བའི་རིག་པ་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཞེས་སོ། །འདིར་རིག་པའི་སྐྱེས་བུའི་དོན་ནི། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། རང་གི་ལུས་ངག་ཡིད་རྡོ་རྗེ། །མི་ཕྱེད་པ་ཡི་ངོ་བོ་སྟེ། །རིག་དང་བཅས་པར་ལྡན་པས་ན། །རིག་པའི་སྐྱེས་བུ་ཞེས་སུ་བཤད། །ཅེས་སྤར་ཁབ་ཏུ་དྲངས་པ་ལྟར་རོ། །གཉིས་པ་ནི། འཐོན་ནས་ཀྱང་ཅིར་འགྱུར་ཞེ་ན། ཁོག་གཞུང་ལས། གྲགས་པའི་ཐུན་མོང་ངོ་བོ་ནི། །ཐུབ་དྲུག་སྟོན་པ་སྟོང་གསུམ་གནས། །ཁྱད་པར་ཤཱཀྱ་ཐུབ་པ་ཉིད། །རྒྱལ་སྲིད་བཙུན་མོའི་འཁོར་སྤངས་ནས། །རབ་ཏུ་བྱུང་རྫོགས་མཛད་པ་ཡིས། །རྒྱུ་ཡི་འཁོར་ལོ་བསྟན་པར་སྒྲོགས། །འགྲོ་དྲུག་འཁོར་དང་རྣམ་བཞི་སོགས། །ཤིན་ཏུ་དཀོན་པའི་དུས་སུའོ། །ཞེས་ཕུན་སུམ་ཚོགས་པ་ལྔ་ལས། དང་པོ་གནས་ནི། སྤྱིར་ཕལ་ཆེན་ལས། ཕྱོགས་རྣམས་ཀུན་ན་ཞིང་རྣམས་རྒྱ་མཚོ་སྣང་། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ན་གྲུ་བཞིར་གནས། །ནོར་བུར་པདྨ་འཁོར་ལོ་ཡན་ལག་བརྒྱད། །ཀུན་ཀྱང་ལས་རྣམས་རྒྱ་མཚོས་རྣམ་པར་བྲིས། །ཞེས་འགྲོ་བའི་ལས་དབང་གིས་ཞིང་ཁམས་ཀྱི་བཀོད་པ་མཐའ་ཡས་ཀྱང་། འདིར་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་ནི་སྤྲུལ་སྐུ་ཐུབ་པ་གཅིག་གི་ཞིང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོ་རེར། ཞེས་སོ། །འོ་ན། སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི། ཞེས་པ་དོན་མེད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་ནི་ཆོས་སྐུ་དང་ལོངས་སྐུའི་ཞིང་ཡིན་ལ། དེ་སྤྲུལ་སྐུའི་ཞིང་གི་གཞིར་མཚོན་པའི་ཕྱིར། ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །སྐུ་གསུམ་གྱི་ཞིང་ཁམས་ཀྱི་ཁྱད་པར་དེ་གང་ཞེ་ན། དོན་ལ་སྐུ་གསུམ་དབྱེར་མེད་ཡིན་པའི་ཕྱིར། སྤྱིའི་དབང་དུ་ཞིང་ཁམས་ལ་ཆེ་ཆུང་མེད་ནའང་། བྱེ་བྲག་གི་དབང་དུ་བྱས་ན། ཆོས་སྐུའི་ཞིང་ཁམས་ནི། ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ཞིང་ཡིན་པའི་ཕྱིར། དངོས་པོའི་ཆོས་ཀྱིས་ཚད་གཟུང་དུ་མེད་དོ། །མཐའ་ཡས་མུ་མེད། ཅེས་སོ། །ལོངས་སྐུའི་ཞིང་ཁམས་ནི། སྟོང་གསུམ་གྱི་འཇིག་རྟེན་སྟོང་ལ་སྟོང་རྒྱུ་བཀོད་དང་པོ། དེ་སྟོང་ལ་སྟོང་རྒྱུ་བཀོད་བར་མ། དེ་སྟོང་ལ་སྟོང་མཚམས་སྦྱོར་ཡོངས་སུ་འདས་པ་ཞེས་བྱ་བ་ལོངས་སྐུའི་ཞིང་གི་ཚད་དོ། །སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ། ཞེས་པས་བསྟན་པར་བཞེད་དོ། །ཁོ་བོ་ནི། དེ་ཡང་མི་སྤོང་མོད་ཀྱི་འོན་ཀྱང་ཕལ་ཆེན་ལས། ལས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དམྱལ་བའི་འཇིག་རྟེན་མཐུར་འཕྱང་ཞིང་། །གཤིན་རྗེའི་འཇིག་རྟེན་སྣྲེལ་གཞི་སྟེ། །བྱོལ་སོང་ལྷ་མི་གྱེན་དུ་འགྲོ། །ཞེས་པ་ལྟར་རམ། ཡང་ན་མགོ་གྱེན་བསྟན་དུ་འགྲོ་བ་མཐོ་རིས། སྣྲེལ་གཞི་སྟེ་འཕྲེད་བསྟན་གྱིས་འགྲོ་བ་དུད་འགྲོ། མཐུར་བསྟན་གྱིས་འགྲོ་བ་དམྱལ་བ་དང་ཡི་དྭགས་ཏེ། དེ་ལྟར་སྟོང་གསུམ་གྱི་འཇིག་རྟེན་གཅིག་ལའང་། སྣྲེལ་གཞི་དང་ཡན་མན་གསུམ་དུ་སྦྱར་ཏེ་འགྲོ་རིས་ལྔས་བསྡུས་པའི་སྣོད་བཅུད་དམ། རྣམ་པ་གཞན་དུ་ན། འགྲེལ་ཆུང་ལས། སྟོང་གསུམ་གཅིག་ལའང་ཆགས་ཚུལ་དྲུག །སྤྲུལ་སྐུ་གཅིག་གི་ཞིང་དུ་གྲགས། །ཞེས་པས། ལས་མི་མཐུན་པའི་དབང་གིས་སྣྲེལ་གཞིའི་འཇིག་རྟེན་ལྗིད་འབེབས་ལུགས་བཞི་དང་། ཡན་མན་སྟེ་སྣྲེལ་མ་དང་སྤྱིའུ་ཚུགས་ཀྱི་འཇིག་རྟེན་གྱི་ཁམས་འཆགས་ཚུལ་མི་འདྲ་བ་དྲུག་གིས་བསྡུས་པའི་འཇིག་རྟེན་རེ་རེ་ལའང་ཕྱོགས་མཚམས་སྟེང་འོག་གི་དབྱེ་བས་ཕྱོགས་བཅུར་རྒྱ་དང་གྲངས་ལས་འདས་པས་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོར་སྤྲུལ་སྐུ་རེ་རེས་འདུལ་བའི་ཕྱིར། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད། ཅེས་པ་ཉིད་སྤྲུལ་སྐུའི་ཞིང་དུ་བཤད་ན་བདེའམ་སྙམ་སྟེ། ཕལ་ཆེན་གྱི་ལེའུ་བཅུ་བཞི་པར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་གྲགས་ནས་འཛམ་གླིང་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །ཞེས་པ་ནས། དེ་ལྟར་ཕྱོགས་བཅུ་ཤིན་ཏུ་རྒྱས་པར་བྱས་ནས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེ་ཡང་འཛམ་གླིང་བྱེ་བ་ཕྲག་བརྒྱ་བསྟན་ནས། ཞེས་དང་། ཇི་ལྟར་བཅོམ་ལྡནའདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་ཏུ་སྣང་བ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་བ་བྱེ་བ་ཕྲག་བརྒྱ་ཀུན་ནའང་། དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པ་སྣང་ངོ་། །ཞེས་གསུངས་པ་ལྟར་དང་། འགྲེལ་ཆུང་ལས་ཀྱང་། དཔེར་ན་བར་སྣང་ཟླ་བ་གཅིག་ཤར་བ། །འཛམ་གླིང་ཆུ་རྣམས་ཀུན་ཏུ་ཆུ་ཟླ་སྣང་། །ཆུ་གཅིག་ནང་གི་ནམ་མཁའི་ཟླ་བ་ཡང་། །འགྲོ་བ་སོ་སོ་རང་གི་མདུན་དུ་སྣང་། །དེ་ནི་སྤྲུལ་སྐུ་གཅིག་ལ་གླིང་རྣམས་སྣང་། །གླིང་རྣམས་གཅིག་ལ་འགྲོ་བ་དྲུག་ཏུ་སྣང་། །ཐ་དད་དེ་ཀུན་སྤྲུལ་སྐུ་གཅིག་ཏུ་གྲགས། །དེ་འདྲའི་སྟོང་གསུམ་མཐའ་ཡས་མུ་མེད་ན། །དེ་འདྲའི་སྤྲུལ་སྐུ་རེ་རེས་འགྲོ་དོན་མཛད། །ཅེས་སོ། །གཉིས་པ་སྟོན་པ་ནི། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས། ཞེས་པས། སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུབ་པ་རེ་རེས་དོན་མཛད་པ་སྟེ། ཤེར་ཕྱིན་གྱི་ལྗགས་ཀྱི་དབང་པོ་བཀྲམ་པའི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་ལྗགས་ཀྱི་དབང་པོས་ཁེབས་པར་མཛད་པས། དེ་ན་གནས་པའི་སེམས་ཅན་འདུལ་བའི་སྣོད་དུ་གྱུར་པ་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ནི་འོད་ཀྱིས་ཁྱབ་པ་མཛད་དོ། །ཞེས་སོ། །དེ་འདྲའི་ཐུབ་པ་རེ་རེའང་གདུལ་བྱའི་རིགས་དྲུག་གི་དབང་གིས་དྲུག་ཏུ་སྣང་བར་འགྱུར་ཏེ། སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐགས་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱ་མགོན། །ཡི་དྭགས་གནས་ན་ཁ་འབར་ཏེ། །བྱོལ་སོལ་སེང་གེ་ཉིད་དུ་སྨྲ། །དམྱལ་བ་ལ་ནི་གཤིན་རྗེའི་མགོན། །ཞེས་སོ། །དེ་དག་སོ་སོས་ཀྱང་འགྲོ་བའི་ངོར་གང་འདུལ་གྱི་བཀོད་པ་ཚད་མེད་པ་སྟོན་བར་མཛད་ཀྱང་། རིགས་བསྡུས་ན། གང་འདུལ་བའི་ཚེ་སྐུའི་བཀོད་པ་བསྒྱུར་བ་བཟོའི་སྤྲུལ་པ་དང་། གང་འདུལ་གྱི་གཟུགས་སུ་སྐྱེ་བ་ཞེས་པའི་ཚུལ་སྟོན་པ་སྐྱེ་བ་སྤྲུལ་སྐུ་དང་། བྱང་ཆུབ་ཆེན་པོ་མཆོག་གི་སྤྲུལ་སྐུ་དང་གསུམ་མོ། །ཕྱི་མའི་གཟུགས་བརྙན་ནི། འགྲོ་བ་ལས་དག་པའི་སེམས་སྣང་ལ་སྣང་བ་ནི། དཔེར་ན་བཻ་ཌཱུརའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་སྣང་བ་བཞིན་ནོ། །དེ་ཡང་རྒྱུད་བླ་མ་ལས། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོ། །གསུམ་པ་འཁོར་ནི། འགྲོ་བ་ལྔའི་དོན་མཛད་དེ། ཞེས་པས་ལྷ་མིན་སྟོད་རིས་ལྷ་དང་སྨད་རིས་དུད་འགྲོར་བསྡུས་པའི་ཕྱིར། དོན་ལ་འགྲོ་བ་རིགས་དྲུག་དང་། བྱེ་བྲག་འཁོར་རྣམ་པ་བཞི་ལ་སོགས་པའོ། །བཞི་པ་བསྟན་པ་ནི། འདུལ་བ་རྣམ་པ་བཞིས་གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་སྟོན་པའོ། །དེ་ལ་འདུལ་བ་བཞི་ནི། སྐུ་གཞན་ལས་འཕགས་པས་བསྟན་པའི་ཕྱིར་བསོད་ནམས་ཆེན་པོས་འདུལ་བ་དང་། གསུང་རིག་པ་དང་ལྡན་པའི་ཐེག་པ་སྣ་ཚོགས་ཀྱི་ཆོས་སྟོན་པའི་ཕྱིར་རིག་པས་འདུལ་བ་དང་། ཐུགས་མངོན་ཤེས་ཆེན་པོ་ནི་དོན་ཐམས་ཅད་མངོན་སུམ་དུ་གྱུར་པས་འདུལ་བའི་ཕྱིར་མངོན་སུམ་པས་འདུལ་བ་དང་། ཕྲིན་ལས་བསམ་གྱིས་མི་ཁྱབ་པ་འདུལ་བ་ནི་རྫུ་འཕྲུལ་སྣ་ཚོགས་སྟོན་པའི་ཕྱིར་རྫུ་འཕྲུལ་གྱིས་འདུལ་བའོ། །དང་པོ་ནི། བལྟམས་པ་དང་། ཞེས་སོགས་མཛད་པ་བརྒྱད་དངོས་སུ་གསུངས་ཤིང་། བླ་མ་གོང་མ་རྣམས་མདོ་སྡེ་དང་མཐུན་པར་ཁ་བསྐང་སྟེ་མཛད་པ་བཅུ་གཉིས་སུ་བཞེད། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ནི། དེར་མ་ངེས་ཏེ། འདིར་ཆོ་འཕྲུལ་བསྟན་པར་གསུངས་པའི་ཕྱིར་གསུངས། དེ་ལ་མཛད་པ་བཅུ་གཉིས་ཀྱི་དབང་དུ་བྱས་ན། རྒྱུད་བླ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོགས་སྐུའི་ཆོ་འཕྲུལ་ཆེན་པོས་འགྲོ་བ་འདུལ་བའི་མཛད་པ་ཐམས་ཅད་དེ། མྱ་ངན་ལས་འདས་པ་ལ་སོགས་པར་སྟོན་པའི་ཐུབ་པས། ཞེས་པའི་སོགས་ཁོངས་ཀྱི་བསྡུས་སོ། །གཉིས་པ་ནི། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཞེས་སོགས་ཀྱིས་ཐེག་པའི་རྐང་གྲངས་དང་། མ་རིག་པའི་ཞེས་སོགས་ཀྱིས་གང་གི་གཉེན་པོར་དགོངས་ཏེ་གསུང་ཚུལ་དང་། དེ་དག་ཐམས་ཅད་ཀྱང་། ཞེས་སོགས་ཀྱིས། གཉེན་པོ་དེ་དག་ཀྱང་དབང་པོའི་བྱེ་བྲག་གིས་ལྔར་བསྡུས་ཏེ་བསྟན་པའོ། །གསུམ་པ་ནི། དུས་བཞི་ཀུན་ཏུ། ཞེས་པ་ནས། མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཞེས་པའི་བར་རོ། །དེ་ཡང་དུས་བཞི་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་ཀྱིས་མཉམ་པ་ཉིད་དུ་རང་གསལ་འཛིན་པ་མེད་པར་མཁྱེན་པ་སྟེ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་ཉིད་ཀྱིས། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་པར། །ཞེས་པ་ལྟར་གནས་ལུགས་དུས་ལས་འདས་ཀྱང་། དེ་ལྟར་མ་རྟོགས་པའི་བློ་དུས་ལྟར་འཁྲུལ་པ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་ས་ལེར་གཟིགས་པ་ནི། སྔོན་དང་ཕྱི་མཐའ་མཁྱེན་པའི་མངོན་ཤེས་སོ། །དེ་བཞིན་དུ་ཉིད་ལས་མི་གཞན་པའམ་ཡུལ་མེད་རང་གསལ་གྱི་ཚུལ་གྱིས་གཞན་སེམས་མཁྱེན་པའི་མངོན་ཤེས་དང་། གཟིགས་པ་ལྷའི་མིག་གི་མངོན་ཤེས་དང་། གསན་པ་ལྷའི་རྣ་བའི་མངོན་ཤེས་དང་། གང་གིས་འདུལ་བ་དེ་ལ་དེར་སྟོན་པའི་རྫུ་འཕྲུལ་གྱི་མངོན་ཤེས་དང་། དེ་ལྟ་བུའི་ཚུལ་ཇི་ལྟར་སྤྱོད་ཀྱང་གཟུང་འཛིན་མི་མངའ་བས་ཟག་མེད་ཀྱི་མངོན་ཤེས་དང་དྲུག་གི་རིམ་པ་ཐམས་ཅད་ཐུགས་ཀྱི་རྗེས་སུ་འགྲོ་ཞིང་མཁྱེན་ནས་དོན་མཛད་པའི་ཕྱིར་མངོན་ཤེས་སོ། །བཞི་པ་ནི། ཀུན་ཏུ་སྐུ། ཞེས་སོགས་ཏེ། སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར། རིས་དྲུག་གིས་བསྡུས་པའི་འགྲོ་བ་གང་དང་གང་གིས་འདུལ་བ་དེ་དང་མཐུན་པར། ཞི་ཁྲོ་ལ་སོགས་པའི་སྐུ་དང་། དེ་ལས་བྱུང་བའི་གསུང་དང་། དེ་དག་སློང་བ་པོའི་ཐུགས་བསམ་གྱིས་མི་ཁྱབ་པ་དང་། སྐུ་གཅིག་ལའང་ཞལ་མང་པོ་དང་ཕྲ་མེན་ལ་སོགས་པའི་ཞལ་གཟུགས་མི་མཐུན་པའང་སྣ་ཚོགས་སྟོན་པར་མཛད་པ་སྟེ། སངས་རྒྱས་མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་གེགས་མཛད་དེ། །དེ་ལ་སོགས་པ་མཐའ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་སོ། །མདོར་ན་སྐུ་སོགས་མང་པོར་སྟོན་པས་གྲངས་བསམ་གྱིས་མི་ཁྱབ་པར་མ་ཟད། ནམ་མཁས་ཇི་ཙམ་ཁྱབ་པ་དེ་སྲིད་དུ་སྐུས་ཁྱབ་པ་སོགས་ཚད་བསམ་གྱིས་མི་ཁྱབ་པའང་སྦྱར་དུ་རུང་ངོ་། །ལྔ་པ་དུས་ནི། སྒྲོན་མ་བཀོད་པའི་དུས་ཏེ། ཤིན་ཏུ་དཀོན་པའི་དུས་ནའོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ལ། རྩོད་པ་དགོད་པ་དང་། དེ་སྤང་བའོ། །དང་པོ་ནི། ཤ་ཟ་དགེ་སྦྱོང་གི་ཚུལ་འཛིན་པ་དཔལ་འཛིན་ན་རེ། ཁྱོད་ཀྱི་ཐུབ་པའི་དབྱེ་བ་ལ། །འགྲོ་དྲུག་ཐུབ་པ་དྲུག་ཡིན་ལོ། །འོ་ན་ཐུབ་པ་གཞན་ལྔ་ཡིས། །མཛད་པ་བཅུ་གཉིས་གང་དུ་བསྟན། །ཆོས་ཀྱི་འཁོར་ལོ་གང་དུ་བསྐོར། །བསྟན་པ་གང་ཡིན་དེ་འཛིན་སུ། །གལ་ཏེ་དེ་དག་མེད་ན་ནི། །ཐུབ་པ་ཡིན་པའི་སྒྲུབ་བྱེད་གང་། །ཞེས་ཟེར། གཉིས་པ་ནི། དེ་སྐད་དུ་སྨྲ་བ་དག་ཤིན་ཏུ་རིགས་པ་མ་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར། འབྱོན་འགྱུར་གྱི་རྒྱལ་བ་བྱམས་པ་མགོན་པོ་ཆོས་ཅན། ཁྱོད་ཐུབ་པ་མ་ཡིན་པར་ཐལ། ཐུབ་པ་ཡིན་ན་ད་ལྟར་གྱི་སྟོན་པ་འདི་ཁོ་ན་ལྟར་མཛད་པ་བཅུ་གཉིས་སྟོན་དགོས་པ་གང་ཞིག །ཁྱོད་ཀྱིས་དཀའ་བ་སྤྱོད་པའི་མཛད་པ་མི་སྟོན་པའི་ཕྱིར། རྟགས་དང་པོ་ཁས། གཉིས་པ་མདོའི་ལུང་གིས་གྲུབ། གཞན་ཡང་། དག་པའི་ཞིང་ན་ངེས་འབྱུང་དང་རོལ་རྩེད་མི་སྟོན་པའི་རྒྱལ་བ་མཐའ་ཡས་པ་དང་། ཞིང་ཁམས་ལ་ལར་བདུད་ཀྱང་མེད་པས། དེ་འདུལ་མི་དགོས་པའི་ཕྱིར། དེ་དག་ཀྱང་ཐུབ་པ་མ་ཡིན་པར་ཐལ་ལོ། །དེའི་ཕྱིར་འགྲོ་འདུལ་སྤྲུལ་སྐུ་གྲངས་མེད་ནའང་། རིགས་བསྡུས་ན་དྲུག་ཏུ་བཞག་པ་ནི་འཐད་པ་དང་བཅས་པ་སྟེ། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། འཇམ་དཔལ། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་མཐོང་བས་འདུལ་བར་བྱ་བ་ཡིན་ན། དེ་བཞིན་གཤེགས་པའི་སྐུ་ཡང་གསེར་གྱི་ཁ་དོག་ཏུ་སྣང་ངོ་། །དེ་བཞིན་དུ། བཻཌཱུར་དང་། ཨནྡྷ་རྙིལ་དང་། སྤུག་དང་། མུ་ཏིག་དམར་པོའི་ཁ་དོག་གིས་འདུལ་བར་བྱ་བ་ཡིན་ན། དེ་དག་གི་ཁ་དོག་ཏུ་བཞུགས་སོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་དང་། ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། དམྱལ་བ་དང་། གཤིན་རྗེའི་འཇིག་རྟེན་པས་འདུལ་བར་བྱ་བ་ཡིན་ན། དེ་དག་གི་གཟུགས་སུ་བཞུགས་ནས་ཆོས་སྟོན་ཏོ། །ཞེས་དང་། ཕལ་ཆེན་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །འདི་ལྟ་སྟེ། དབང་བསྒྱུར་གྱི་གནས་སུ་ལྷའི་བདག་པོ་དབང་བསྒྱུར་དུ་སྤྲུལ་ནས་དགེ་བཅུའི་ལས་ཀྱི་ལམ་ཡང་དག་པར་ལེན་དུ་འཇུག་གོ། །ཞེས་པ་ནས་ཡི་དྭགས་དང་དམྱལ་བའི་གཟུགས་ཀྱིས་འདུལ་བ་རྣམས་ལའང་དེའི་གཟུགས་སུ་སྤྲུལ་ཞིང་དོན་མཛད་དོ། །ཞེས་གསུངས་པའི་ཕྱིར། རྒྱལ་བ་ཐུབ་པ་ཉིད་དམྱལ་བའི་འགྲོ་བ་པས་དགེ་སྡིག་ལུང་སྟོན་གྱི་ཆོས་རྒྱལ་གཤིན་རྗེར་མཐོང་བ་སོགས་འགྲོ་བའི་ལས་མཐུན་དུ་བསྟན་པར་ཟད་དེ། བླ་མ་ལས། ལ་ལ་ལྷུམས་ཞུགས་ལ་ལ་བལྟམས། །ལ་ལ་ཚུལ་བསྲུང་རབ་ཏུ་བྱུང་། །ལ་ལ་བསྙེན་རྫོགས་དཀའ་ཐུབ་བྱེད། །ལ་ལ་དམ་ནོད་འགྲོ་བ་སྒྲོལ། །ལ་ལ་བཅུ་དྲུག་ཆོས་ལ་འཛུད། །ལ་ལ་མེ་འབར་ཆུ་ཡང་བྲུབ། །ཞེས་སོགས་གསུངས་པའི་ཕྱིར། དེ་ལྟ་ནའང་ཐུབ་པ་དྲུག་ཀ་རབ་བྱུང་སྤྲུལ་སྐུར་བྱེད་པར་སྣང་བའི་ཕྱིར་ལས་མཐུན་དུ་བསྟན་པར་མི་རིགས་སོ་ཞེ་ན། དེའང་སྐྱོན་མེད་དེ། མངོན་རྟོགས་ལས། དག་པ་རྣམས་ལ་མཚན་དཔེ་དོད་པའི་སྐུ། །མ་ལུས་འདུལ་ཕྱིར་སྟོན་པའི་ཐུབ་པ་དྲུག །ཅེས་པ་ལྟར་འགྲོ་བ་གཞན་ལྔ་ཡང་མིའི་གདུལ་བྱ་ལྟར་ཤཱཀྱ་ཐུབ་པའི་སྐུས་འདུལ་བ་ཡོད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོས་དམྱལ་བའི་མེ་ཞི་བར་བྱས་ནས་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་རབ་ཏུ་འཛུད་པ་དང་། ཡི་དྭགས་ལ་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་བཟའ་བའི་དབང་ཐོབ་པར་བྱས་ནས་སྦྱིན་པ་རྣམ་བཞིས་འདུལ་བ་སོགས་བཤད་པའི་ཕྱིར། དེ་ལྟར་སྤྲུལ་པ་མཆོག་གིས་འདུལ་བའི་ངོས་ནས་རང་བྱུང་སྤྲུལ་སྐུར་བྱས་ཀྱི། དེ་དག་གིས་མི་ཐུལ་བ་ལ་སོ་སོའི་ལས་མཐུན་དུ་སྟོན་པའི་ཕྱིར་འགལ་བ་མེད་དོ། །གཞན་ཡང་། ལྷའི་ཐུབ་པ་སོགས་ལ་བསྟན་པ་དང་། དེ་འཛིན་གྱི་གང་ཟག་མེད་པར་ཡང་བསྒྲུབ་མི་ནུས་ཏེ། མ་མཐོང་བའི་ཕྱིར་མེད་པས་མ་ཁྱབ་ཅིང་། དེར་མ་ཟད་ལྷའི་བདག་པོ་དབང་བསྒྱུར་དུ་སྤྲུལ་ནས་དགེ་བཅུའི་ལས་ལམ་ལེན་དུ་འཇུག་པར་སྔར་གྱི་ལུང་གིས་གྲུབ་པའི་ཕྱིར། དེ་འཛིན་པའི་ལྷ་ཡོད་པར་ངེས་ཏེ། དཔེར་ན་བརྒྱ་བྱིན་གྱིས་བསྟན་པའི་སྒྲ་མདོ་འཛིན་པའི་ལྷ་ཡོད་པ་བཞིན་དང་། དེ་དག་གི་གཟུགས་སུ་བཞུགས་ནས་ཆོས་སྟོན་ཏོ། །ཞེས་པའི་ལུང་གིས་ཀྱང་གསལ་བའི་ཕྱིར་རོ། །གཞན་དུ་ཐུབ་པ་ཡིན་ན། དེས་བསྟན་པའི་ཆོས་དང་དེ་འཛིན་གྱི་གང་ཟག་ཡོད་དགོས་པར་འདོད་པའང་བློ་གྲོས་ཤིན་ཏུ་རྩིང་བ་སྟེ། རང་རྒྱལ་ལའང་ཐུབ་པའི་སྒྲས་བཤད་པའི་ཕྱིར། དེས་བསྟན་པའི་ཆོས་དང་། དེ་འཛིན་གྱི་སློབ་མ་ཡོད་དགོས་ན་ཧ་ཅང་ཐལ་ལོ། །དེས་ན་བདག་ཅག་གི་ལུགས་འདི་ལ་འགྲོ་འདུལ་གྱི་སྤྲུལ་སྐུ་དྲུག་ལ་ཐུབ་པའི་སྒྲར་བཤད་པ་ནི་ཤིན་ཏུ་འཐད་པ་དང་བཅས་ནས་སྨྲ་སྟེ། དགོངས་འདུས་ལས། རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འཁོར་བའི་དཔུང་གཏན་བཅོམ་པའི་ཕྱིར་ཐུབ་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རྐྱེན་གླེང་བསླང་བ་ནི། ལེའུ་གཉིས་པས་སྟོན་ཏེ། དེ་ལའང་། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས་བཞི། དང་པོ་ནི། རྒྱུད་དོན་གདུལ་བྱའི་བློ་དང་འཚམས་བར་མྱུར་དུ་འབྱུང་བའི་དགོས་པ་ཡོད་དེ། ཐུགས་ཐིག་ལས། བརྗོད་བྱ་རང་བཞིན་གསང་བའི་རྒྱུད། །དེ་ཇི་བཞིན་དུ་རྗོད་བྱེད་དག །སྟོན་པས་རྒྱུད་དོན་ལམ་དང་ཚིག །འབྲེལ་པ་རིམ་དང་འཆོལ་འཁྲུགས་པ། །གླེང་གཞིའི་རྗེས་སུ་ངེས་པར་འགྲོ། །ཞེས་སོ། །གཉིས་པ་ནི། སྟོན་འཁོར་གྱི་དྲི་ལན་གཅིག་གི་རྐྱེན་དུ་གཅིག་གྱུར་པས་བསྟན་པ་འབྱུང་མ་རག་པ་སྟེ། དེ་ཉིད་ལས། སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་བསླང་དོན་དང་འཁོར། །གནང་དྲིའི་རྐྱེན་དུ་གང་གྱུར་པ། །དེ་དེས་གསུང་ལ་མ་རག་པ། །ཞེས་སོ། །གསུམ་པ་ནི། གླེང་བར་བྱ་བ་བསྟན་པ་སྟེ། དེ་གླེང་བར་བསྐུལ་བ་ནི། བསྟན་པ་འབྱུང་བའི་རྐྱེན་དུ་གྱུར་བའི་ཕྱིར་བསླང་ཞེས་བྱའོ། །བཞི་པ་ནི། ཁོག་གཞུང་ལས། དེ་བཞིན་གླེང་བསླང་རྣམ་པ་གཉིས། །ཞེས་པས། ཐུན་མོང་ལྷན་ཅིག་པའི་ཆེད་དུ་སྟོན་པས་མདུན་བསུས་ཏེ་གླེང་བསླང་བ་དང་། ཐུན་མོང་གི་ཕྱེ་བའི་ཆེད་དུ་འཁོར་གྱིས་གུས་པས་དྲིས་ཏེ་གླེང་བསླང་བ་གཉིས། དེའང་ཐུགས་ཐིག་ལས། འཁོར་དང་གཞན་གྱི་དོན་ཕྱིར་དུ། །རྒྱུ་ཚོགས་ཐུགས་རྗེས་སྣང་བར་འགྱུར། །ཞེས་སོ། །དང་པོ་ལའང་། གོ་དོན་དང་། གཏན་ལ་དབབ་པའོ། །དང་པོ་ནི། སྟོན་པ་ཡབ་ཡུམ་གྱིས་ལྷན་ཅིག་པའི་འཁོར་བ་ཟབ་དབང་གསུམ་བསྐུར་བས་ཞེས་པ་དག་ནས་རང་བཞིན་གསང་བའི་སྙིང་པོའི་དོན་རྟོགས་ཏེ་རང་དོན་དུ་སངས་རྒྱས་པ་ནི་ཐུན་མིན་གྱི་གླེང་བསླང་ཡིན་ཏེ། དོན་དམ་ངེས་པའི་ཚིག་གིས་རང་བཞིན་གསང་བའི་སྙིང་པོའི་དོན་དངོས་སུ་སྟོན་པའི་ཕྱིར། དེ་སྐད་དུའང་ཁོག་གཞུང་ལས། ཐུན་མོང་མ་ཡིན་སྟོན་པ་ཉིད། །ཡབ་ཡུམ་ཆགས་བསྐུལ་རོལ་པ་དང་། །དགྱེས་བསྟར་འཁོར་ལ་དབང་བསྐུར་བས། །རྒྱུད་དོན་འབྱུང་ཕྱིར་བསླང་ཞེས་བྱ། །ཞེས་སོ། །གཉིས་པ་ལ། གསང་དབང་བསྐུལ་བ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་ནི། མ་རྟོགས་པའི་དུས་ན་ཡིད་ཀྱི་རྟོག་པ་ནི་འཁོར་བའི་བྱེད་པ་པོ་དང་། རྟོགས་པའི་དུས་ན་འདས་པའི་བྱེད་པ་པོ་རང་རིག་པའི་ཡེ་ཤེས་གཉིས་རང་བཞིན་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཡིད་དེ་ཀུན་ཏུ་བཟང་པོའོ། །བྱ་བ་མོ་ནི། དབང་པོ་ལྔའི་ཡུལ་དུ་མ་གྱུར་པའི་ཡུལ་འདུས་བྱས་དང་འདུས་མ་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་ཁམས་ཡིན་ལ། དེས་ཡིད་སྐྱེད་པར་བྱེད་ཅིང་། ཡིད་ཀྱི་ཡུལ་དུ་གྱུར་པའི་ཕྱིར་བཙུན་མོ་སྟེ་ཀུན་ཏུ་བཟང་མོའོ། །དེའི་ཕྱིར། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད། ཅེས་སོགས་དང་། དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས། ཞེས་སོགས་ཏེ། དེ་ལྟར་སྟོན་པ་ཡབ་ཡུམ་གཉིས་སྙོམས་པར་ཞུགས་པ་ལས་བྱུང་བའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་བྱས་ཤིང་། ཡབ་ཡུམ་གྱིས་ཉམས་སུ་བསྟར་བའི་དོན་ཆེད་དུ་བརྗོད་པ་གཉིས་ཀྱིས་རྐྱེན་བྱས་ཏེ། དེའི་འབྲས་བུ་རྟོགས་པ་བརྗོད་པ་ནི། ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས། འཁོར་འདས་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་གཅིག་གི་རང་བཞིན་དུ་སངས་རྒྱས་པ་ལ་ངམ་པའི་ཚུལ་གྱིས། ཨེ་མའོ། །རྡོ་རྗེ་ཕུང་པོ་ཡན་ལག་ནི། །ཞེས་སོགས་གླེང་བར་མཛད་པས། འཁོར་རྣམས་ཀྱིས་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་མཐོང་སྟེ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་རྟོགས་ཤིང་། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་སྟེ། ཀྱེ་མའོ། །ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་སོགས་དབྱིངས་ཀྱི་དོན་གླེང་བར་མཛད་པས། འཁོར་རྣམས་ཀྱིས་ལྷག་པ་དོན་དམ་གྱི་བདེན་པ་མཐོང་སྟེ། འདི་ལྟར་ཕྱོགས་བཅུ་སྟོང་ཁམས་དང་། སྲིད་པ་གསུམ་དང་། སྙིགས་མ་ལྔ་དང་། ཕུང་པོ་ལྔ་སྟེ། ཐ་སྙད་བཞིས་བསྡུས་པ་ཐམས་ཅད་ཡེ་ནས་ཆོས་ཀྱི་སྐུར་མངོན་སངས་རྒྱས་པའི་ཕྱིར། འབྲས་བུ་གཞན་ནས་བཙལ་དུ་མེད་པར་རྟོགས་པའོ། །དེའི་ཚེ་སྔོན་བྱུང་ལྷན་ཅིག་པའི་འཁོར་ལ། གླེང་བསླང་། དབང་བསྐུར། རྒྱུད་བཤད་པ་གསུམ་ཀ་ཆིག་རྫོགས་ཡིན་ལ། རྗེས་འཇུག་གོ་ཕྱེ་བའི་འཁོར་ལ། སྔ་ཕྱི་རིམ་པ་ཇི་ལྟ་བར་སྒྲིབ་པ་རགས་འབྲིང་དག་ཅིང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བཤད་དུ་རུང་བའི་སྣོད་ལྡན་དུ་བྱས་པའོ། །གལ་ཏེ་གཞུང་གི་ཚིག་འབྲེལ་ལྟར། ཡབ་ཡུམ་གཉིས་སྙོམས་པར་ཞུགས་པ་དང་། དབང་བསྐུར་བ་དང་། འཁོར་གྱིས་བདེན་པ་མཐོང་བ་རྣམས་དུས་སྔ་ཕྱི་ཡིན་ནམ་སྙམ་ན། མ་ཡིན་ཏེ། སྤར་ཁབ་ལས་ཐིག་ལེ་གཉིས་སུ་མེད་པ་སྟེ་དགོངས་པའང་བསྡུའོ། །ཡབ་ཡུམ་གཉིས་ཀྱི་ལས་དང་། མྱོང་བ་དང་། ཚིག་འདི་དག་ཡི་གེ་སྔ་ཕྱིར་ཡོད་ཀྱང་། དུས་མཉམ་པ་གསུངས་སོ། །ཞེས་པས་ཚིག་ལ་སྔ་ཕྱི་བྱུང་ཀྱང་དུས་སྔ་ཕྱི་མེད་དོ། །དེའི་ཕྱིར་སྔོན་དུ་ཞུགས་པ་གཉིས་བཤད་ནས། ཉམས་སུ་བསྟར་བ་གཉིས་ཕྱི་ལ་བཤད་པ་ཡིན་ནོ། །ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ་ཞེས་པ་ནི། གསང་དབང་གི་ངེས་ཚིག་སྟེ། ཉི་ཟླ་གཉིས་བསྲེས་ཀྱི་ཐིག་ལེས་འཁོར་ལ་གསང་དབང་བསྐུར་བས་དོན་དམ་པའི་བདེན་པ་རྟོག་མེད་ཀྱི་ཡེ་ཤེས་སྐྱེས་ཀྱང་། སྟོན་པའི་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་དུང་མ་མྱོང་བའི་ཕྱིར་གསང་དབང་ཞེས་བྱའོ། །འདིར་ཁ་ཅིག་ན་རེ། སྟོན་པ་ཡབ་ཡུམ་གྱིས་གསང་དབང་བསྐུར་པ་མི་འཐད་དེ། ཁྱད་པར་གྱི་བྱེད་ཆོས་དབང་རྫས་མེད་པའི་ཕྱིར་ཏེ། སྟོན་པ་ཡབ་ཡུམ་རྡོས་བཅས་ཤ་ཁྲག་གི་ལུས་སུ་མེད་པའི་ཕྱིར། དེ་ལ་བརྟེན་པའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་མེད་དེ། གྱང་མེད་ན་དེ་ལ་བརྟེན་པའི་རི་མོ་མེད་པ་བཞིན་ནོ་ཞེ་ན། རྡོས་པའི་དེ་དང་དེ་མེད་པ་བདེན་ཀྱང་། གདུལ་བྱའི་སྣང་བ་ལ་ཉི་ཟླ་གཉིས་འདྲེས་ཀྱི་བྱང་སེམས་འོང་བ་མི་འགལ་ཏེ། དཔེ་ཆུང་ལས། གནས་རྟེན་རྩ་དང་ཐིག་ལེ་ལས། །རང་རིག་ཡེ་ཤེས་གཟུགས་སུ་འཆགས། །ཞེས་པས། རྒྱལ་བའི་ཐུགས་རང་རིག་པ་ཉིད་གདུལ་བྱའི་ངོ་ལ་ཡེ་ཤེས་སྒྱུ་མའི་རང་བཞིན་གྱི་གནས་པ་རྩ་དང་བརྟེན་པ་ཐིག་ལེར་སྣང་ནས་དོན་མཛད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་གསང་དབང་བསྐུར་ནས། ཤེས་རབ་ཡེ་ཤེས་དང་། དབྱེར་མེད་བདེ་ཆེན་གྱི་དབང་གཉིས་ཀྱི་ལས་ཐུན་མོང་དུ་སྟོན་པར་བཞེད་པས། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས། ཞེས་སོགས་ཏེ། དོན་དགོངས་པ་དང་། རྟགས་ཡབ་ཡུམ་གྱི་ཉི་ཟླ་གཉིས་སུ་མེད་པའི་ངང་ནས། བདག་རྨད་བྱུང་རྒྱལ་པོ་ལས། དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་ལྟར་འཁོར་གྱི་སེམས་ལྔ་བསྐྱེད་པའི་ཕྱིར་འདི་གསུངས་སོ། །དེའང་སེམས་བསྐྱེད་པའམ་དབང་བསྐུར་བ་དངོས་ལ་བླ་མ་རྣམས་ཀྱི་དགོངས་པ་ཐ་དད་པ་རྣམས་བསྡུ་ན་གསུམ་དུ་འདུ་སྟེ། གཞི་རང་བཞིན་གྱི། བགྲོད་པ་ལམ་གྱི། མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་དོ། །དང་པོ་ནི། ཨེ་ངོ་རྨད་གསུམ་རིམ་པར་གཞི་རྣམ་ཤེས་ཡེ་ནས་ཡེ་ཤེས་ཡིན་པ་དང་། དེ་ཉམས་སུ་ལེན་པའི་ཐབས་དང་། དེས་མཐར་ཕྱིན་པའི་འབྲས་བུལ་ངམ་པའོ། །དེ་དག་ནི་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་སྟེ། ཐུགས་ཀྱི་བརྣག་བྱ་གཞི་འཆིང་གྲོལ་མེད་པར་ཡོན་ཏན་ལྷུན་གྱིས་གྲུབ་པ་འདི་ཕལ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཡང་དོན་དམ་པར་སྐྱེ་འགག་གནས་དམིགས་འགྲོ་འོང་མེད་པ་ལས། ཀུན་རྫོབ་ཏུ་སྐྱེ་སོགས་ལྔར་སྣང་ཞིང་། སྐྱེས་པར་སྣང་ཙམ་ཉིད་ནས་སྐྱེ་བ་ལ་སོགས་པ་མེད་པའི་ཕྱིར། བདེན་པ་དབྱེར་མེད་དེ། རིམ་པ་བཞིན། གཞི་དོན་གྱི་ཀུན་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་དང་། སྦྱོར་བ་དོན་གྱི་ཀུན་གཞི་མེ་ལོང་ལྟ་བུ་དང་། ཉོན་ཡིད་མཉམ་ཉིད། ཡིད་སོ་སོར་རྟོག་པ། སྒོ་ལྔ་བྱ་གྲུབ་ཡེ་ཤེས་སུ་སེམས་བསྐྱེད་པར་སྦྱར་རོ། །གཉིས་པ་ལ། གྲོལ་ལམ་དང་། ཐབས་ལམ་གཉིས། དང་པོ་ནི། ཨེ་མ་སོགས་བདེན་པ་གསུམ་ལ་རིམ་པར་ངམ་པ་དང་། སངས་རྒྱས་ཀུན་གྱི་དགོངས་པ་དེ་རྟོགས་དཀའ་བའི་ཕྱིར་གསུང་བའོ། །དེའང་སེམས་ལྔ་དང་སྦྱར་བ་དང་། ཡེ་ཤེས་ལྔ་དང་སྦྱར་བ་གཉིས། དང་པོ་ནི། སྐྱེ་བ་མེད་སོགས་བདེན་པ་དབྱེར་མེད་དུ་ལ་བཟླ་བ་ལྔ་པོ་གཡོ། འཇུག །གནས། སྨོན། མཐར་ཕྱིན་པ་སྟེ། གྲོལ་ལམ་གྱི་སེམས་ལྔ་རིམ་ཅིག་ཆར་དུ་སྐྱེ་བ་གཉིས་ལ་སྦྱར་རོ། །འདིར་གནས་པའི་རྗེས་སུ་སྨོན་པ་ནི་དཀྱུས་ཀྱི་གོ་རིམ་སྟེ། སྐྱེ་རིམ་གྱི་དབང་དུ་གཡོ་བའི་རྗེས་སུ་སྨོན་པ་འབྱུང་ངོ་། །གཉིས་པ་ནི། སྐྱེ་མེད་དོན་དམ། ཐམས་ཅད་སྐྱེས་པ་ཀུན་རྫོབ། སྐྱེས་མ་སྐྱེས་གཉིས་སུ་མེད་པར་རྟོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྐྱེད་པ་སོགས་གོ་རིམ་སྔར་ལྟར་སྦྱོར་ཏེ། རྔམ་གློག་གི་ལེའུ་བཞི་པར་གསུངས་སོ། །གཉིས་པ་ཐབས་ལམ་འོག་སྒོ་ལྟར་བཤད་པ་ནི། ཨེ་མའོ་སོགས་ཏེ། འདོད་ཆགས་ཆེན་པོའི་སྤྱོད་པས་མི་འཆིང་བ་དང་། དེས་མྱུར་དུ་འབྲས་བུ་ལ་སྦྱོར་བ་དང་། ཐབས་དེ་གཞན་ལས་འཕགས་པ་བཀའ་རྨད་དུ་བྱུང་བ་འདིའི་ཁྱད་ཆོས་ཡིན་པ་ལ་ངམ་པ་དང་། རྒྱལ་བའི་དགོངས་པ་ཐབས་ཀྱི་ལམ་འདི་ཁེ་ཉེན་དང་བཅས་པའི་ཕྱིར་གསང་བའོ། །དེ་ཡང་། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་ཆུབ་ཀྱི་སེམས་སྐྱེ་འགག་གནས་དམིགས་འགྲོ་འོང་མེད་པ་ལས། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་བླང་བའི་དུས་སུ་ཐམས་ཅད་སྐྱེ་འགག་གནས་དམིགས་ལྟར་སྣང་བ་བཞི་རིམ་པ་ལྟར། གཡོ་ལྡང་དང་། འཇིག་འཇུག་དང་། གནས་པ་དང་། སྨོན་པ་བྱང་སེམས་ཏེ། དབང་གཉིས་ཀྱི་སྔོན་འགྲོ་ཐུན་མོང་བ་སེམས་བཞི་དང་། འགྲོ་དང་འོང་ཞེས་པས་དངོས་གཞི་ཐུན་མོང་བ་སྟེ། ཉི་ཟླ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨའི་རྩེར་དགའ་བཞི་ལུགས་འབྱུང་དུ་འགྲོ་བའི་དུས་དེར། ཐིག་ལེ་གཉིས་འཕྲད་ནས་ཐབས་ཀྱིས་བཟུང་སྟེ་མ་ཤོར་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཅིང་། དོན་དམ་འོད་གསལ་གྱི་ཡེ་ཤེས་སྐྱེས་པའོ། །སླར་ཐབས་ཀྱིས་ལྡོག་སྟེ་ཡར་གྱེན་དུ་འོང་བས་མ ས་བརྟན་གྱི་དགའ་བཞི་རྫོགས་ནས་ཐིག་ལེ་རང་གནས་སུ་སླེབ་ཙམ་ན་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པ་ནི་བདེ་བ་ཆེན་པོའི་དབང་ཐོབ་པའོ། །དེའི་ཚེ་ཀུན་རྫོབ་དང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེས་པ་ནི་མཐར་ཕྱིན་པའམ་འགྲོ་འོང་བྱང་ཆུབ་ཀྱི་སེམས་ཏེ། དབང་ཕྱི་མ་གཉིས་སྐབས་འདི་ཉིད་དུ་བསྐུར་བར་ཤེས་པར་བྱའོ། །དེ་ལྟར་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སྐྱེ་འགག་གནས་དམིགས་འགྲོ་འོང་དུ་སྣང་བ་བདོ་བའི་དུས་ཉིད་ན་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་པ་ལ་སོགས་པ་ལྔ་དབྱེར་མེད་དུ་ལ་བཟླའོ། །འདིར་ཁ་ཅིག་ན་རེ། ཟབ་མོའི་དབང་གསུམ་པོ་འདི་གླེང་བསླང་ཡིན་ནམ་རྒྱུད་དོན་ཡིན། དང་པོ་ལྟར་ན། ལྷན་ཅིག་པས་དབང་ཐོབ་པའི་ཚེ་རྒྱུད་གོ་བ་མི་འགྱུར་ཏེ། རྒྱུད་དོན་མཐར་ཕྱིན་པའི་ཕྱིར་རོ། །གཉིས་པ་ལྟར་ན། སྤར་ཁབ་ལས། སེམས་ལྔས་གླིང་བསླང་བའི་ལས་ཀྱི། ཞེས་པ་དང་འགལ་ལོ་ཞེ་ན། ལྟོས་ས་གཉིས་ལ་ལྟོས་ནས་རྐྱེན་དང་བསྟན་པ་གཉིས་ཀ་ཡིན་པ་མི་འགལ་ཏེ། དེའི་རྒྱུ་མཚན་ཡང་། ལྷན་ཅིག་ལ་ལྟོས་ཏེ། དབང་བསྐུར་བའི་སྒོ་ནས་བརྗོད་བྱ་དོན་གྱི་རྒྱུད་འཁོར་ལ་སྣང་བར་མཛད་པའི་ཕྱིར། རྒྱུད་དོན་རྟོགས་པའི་ལྡོག་ཆ་ནས་བསྟན་པ་དང་། གསང་དབང་བསྐུར་བས་སྣོད་རུང་དུ་བྱས་ནས། དབང་ཕྱི་མ་གཉིས་ཀྱིས་སྨིན་པ་གྲོལ་བའི་སྐལ་པ་ཅན་དུ་བྱས་ཏེ། རང་བཞིན་གསང་བའི་སྙིང་པོའི་དོན་རྟོགས་པའི་རྐྱེན་དུ་གྱུར་པའི་ཕྱིར་གླེང་བསླང་དུའང་འགྱུར་ལ། ཡང་ན་གསང་དབང་རྐྱེན་དང་། དབང་ཕྱི་མ་གཉིས་རྒྱུད་དོན་དུ་འགྱུར་བའི་ཕྱིར་ཉེས་པ་དང་པོ་མེད་དོ། །དེའང་སྤར་ཁབ་ལས། རྒྱུད་ཀྱི་རྐྱེན་གཉིས་ལས་ཐུན་མོང་མ་ཡིན་པའི་གླེང་བསླང་བ་གསང་བའི་དབང་སྟོན་པའི་ཕྱིར་རོ། །ཞེས་དང་། པ་ར་མཱརྠ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ། སེམས་ལྔའི་ཐ་མ་སྐད་ཅིག་མ་བཅུ་དྲུག་པའི་བྱང་ཆུབ་སེམས་མཐས་མ་རེག་པ་ནི་མ་ཧཱ་ཡཱ་ན་ནི་ཐེག་པ་ཆེན་པོ་སྟེ་རྒྱུད་འདིའོ། །ཞེས་དང་། མངོན་རྟོགས་ལས་ཀྱང་། སྟོན་པ་ཡབ་ཡུམ་གྱིས་གླེང་བསླང་བ་ནི་དབང་བསྐུར་ཞིང་རྒྱུད་བཤད་པའི་ཕྱིར། ཞེས་སོ། །གོ་ཕྱེ་བ་ལ་ལྟོས་ཏེ། དབང་བསྐུར་བས་སྟོན་འཁོར་ཁྱད་མེད་དུ་གྱུར་ནས། གཞན་དོན་དུ་རྒྱུད་ཞུ་བའི་སྤོབས་པ་སྐྱེས་ཏེ་བསྟན་པ་འབྱུང་བའི་རྐྱེན་དུ་གྱུར་པས་ན་དབང་གསུམ་ཀ་གླེང་བསླང་དུ་འགྱུར་བའི་ཕྱིར་ཉེས་པ་གཉིས་པ་མེད་དོ། །དེའང་སྔ་མ་ལས། འཁོར་གྱིས་རྟོགས་ནས་གླེང་བསླང་བ་ནི་གོ་ཕྱེ་བ་རྣམས་ཀྱི་ཆེད་དོ། །ཞེས་སོ། །དེས་ན་གླེང་བསླང་བ། དབང་ཐོབ་པ། རྒྱུད་གོ་བ་གསུམ་ངོ་བོ་གཅིག་པའི་ཕྱིར། སྔོན་བྱུང་ལྷན་ཅིག་པ་ལ་རྒྱུད་ཚར་གཅིག་རྫོགས་པ་ཡིན་ནོ། །དེ་ལྟར་ལྷན་ཅིག་པ་ལ་དབང་བསྐུར་བས་ཤེས་བྱའི་སྒྲིབ་པ་ཆ་ཕྲ་མོ་དག །རང་བཞིན་གསང་བའི་སྙིང་པོའི་དོན་ཁོང་དུ་ཆུད་དེ་གཉིས་མེད་ཀྱི་ཡེ་ཤེས་ཤར་ནས་རང་དོན་དུ་སྐུ་ལྔའི་བདག་ཉིད་དུ་སངས་རྒྱས་པ་ནི། གསུམ་པ་མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་དོ། །གང་ཞེ་ན། ཨེ་མའོ་སོགས་ཏེ། སྐུ་ལྔ་ལ་སྙོམས་པར་ཞུགས་ཤིང་གླེང་བསླང་བ་དང་། དབང་བསྐུར་ཞིང་རྒྱུད་བཤད་པ་དང་། སྒྲིབ་པ་དག་ནས་སངས་རྒྱས་པ་ལ་དམ་པ་སྟེ། ལྷན་ཅིག་པ་རྣམས་སྐུ་ལྔའི་ངོ་བོར་སངས་རྒྱས་པས་སྟོན་འཁོར་དགོངས་པ་གཅིག་ཏུ་གྱུར་པ་དེ་གོ་ཕྱེ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་གསང་བའོ། །དེའང་། སྐྱེས་མ་སྐྱེས་དབྱེར་མེད་ཆོས་ཀྱི་སྐུ་དང་། །འགག་མི་འགག་གཉིས་མེད་མངོན་བྱང་གི་སྐུ་དང་། གནས་མི་གནས་གཉིས་མེད་ལོངས་སྐུ་དང་། དམིགས་མི་དམིགས་གཉིས་མེད་རྡོ་རྗེའི་སྐུ་དང་། འགྲོ་འོང་མེད་པ་ལས་དེར་སྣང་བ་གཉིས་མེད་སྤྲུལ་སྐུར་སེམས་བསྐྱེད་པ་དང་ལྔའོ། །ཞེས་བརྗོད་པས་དབང་ཐོབ་པའི་ཡོན་ཏན་སྟོན་འཁོར་དགོངས་པ་ཐ་མི་དད་དུ་གྱུར་པ་ལ་མཉེས་པའོ། །དེ་དག་ཀྱང་ཁོག་གཞུང་ལས། འགྲོ་བ་ཆགས་ཅན་སྤང་མེད་ལ། །ལོངས་སྤྱོད་རྫོགས་སྐུ་བཙུན་མོ་དང་། །གཉིས་མེད་རོལ་སོགས་བསྟན་པ་སྟེ། །མཐུན་པས་མཐུན་པ་སྒྲོལ་ཕྱིར་རོ། །ཞེས་སོ། །གཉིས་པ་ལའང་། གོ་དོན་དང་། གཏན་ལ་དབབ་པ་གཉིས། དང་པོ་ནི། ལྷན་ཅིག་པ་རྣམས་རང་དོན་དུ་སངས་རྒྱས་པའི་ཕྱིར་རྒྱུད་ཞུ་མི་དགོས་ཀྱང་། གཞན་དོན་གོ་ཕྱེ་བའི་འཁོར་གསང་བ་བཞིས་ཆོད་པ་རྣམས་ཀྱི་ཆེད་དུ་རྒྱུད་བཤད་པར་ཞུས་པས། སྟོན་པའི་ཐུགས་རྗེ་སྐྱེས་ཏེ་དགྱེས་པའི་ཚུལ་དྲུག་གི་སྒོ་ནས་རྒྱུད་བཤད་ཅིང་། འདི་ཉིད་རྟོགས་པའི་སྐལ་པ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་གཞན་སྟོན་པའི་ཕྱིར་ཐུབ་པ་དྲུག་སྤྲུལ་ཏེ་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་སྤྲོ་བར་ཞལ་གྱིས་བཞེས་པ་ནི་ཐུན་མོང་གི་གླེང་བསླང་སྟེ། དེ་ཉིད་ལས། ཐུན་མོང་གླེང་བསླང་སྟོན་དང་འཁོར། །ཐ་དད་སྣང་ནས་དབང་ཐོབ་སྟེ། །ཉིད་ཀྱིས་རྟོགས་ནས་འགྲོ་དོན་དུ། །བཀའ་སྩལ་དོན་གྱིས་ཞུས་དང་ལན། །གནང་བར་དོན་གྱིས་ཚིག་ཏུ་ཕྱུང་། །སྐུ་གསུང་ཐུགས་ཀྱི་སྤྲོ་བ་མཛད། །ཅེས་སོ། །གཉིས་པ་ལ། འཁོར་གྱི་ཞུས་པ་དང་། སྟོན་པས་གནང་བ་གཉིས། དང་པོ་ནི། གསང་བ་བཞིས་ཆོད་པའི་གདུལ་བྱའི་ཆེད་དུ་རྒྱུད་བཤད་པར་ཞུས་པ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་ཡེ་ནས་གསང་བའི་ཆོས། །སོགས་ཀྱི་ཕྱིར་ཐུགས་རྗེས་བཟུང་བར་རིགས་སོ་ཞེས་བརྗོད་པས་སོ། །གཉིས་པ་ནི། དེ་བས་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཕྱིར་དབྱེར་མེད་ནའང་། དེ་མ་རྟོགས་པ་ལ་ཐུགས་རྗེ་སྐྱེས་ཏེ། ལྷུན་གྱིས་གྲུབ་པའི་ཆོས་བསྟན་པར་དགྱེས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་སྦྱར་རོ། །གང་ཞེ་ན། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །ཞེས་སོགས་ཏེ། སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པ་ལས། མ་རྟོགས་པའི་དབང་གིས་བཅིངས་གྲོལ་ལྟར་སྣང་ཡང་། གཤིས་ལ་བཅིངས་གྲོལ་གཉིས་ཀ་མ་གྲུབ་སྟེ། སངས་རྒྱས་མཉམ་སྦྱོར་ལས། བཅིང་བྱ་འཆིང་བྱེད་བཅིངས་པ་པོ། །བདག་འཛིན་སེམས་ཅན་སྡུག་བསྔལ་དངོས། །ཐམས་ཅད་སེམས་ཀྱི་ངོ་བོའི་ཕྱིར། །བདག་འཛིན་ཞེས་བྱའི་མིང་ཡང་མེད། །དེས་ན་གཉིས་པོའང་མེད་པ་ལ། །འགྲོ་བ་པོ་ཡང་ཡོད་མ་ཡིན། །ཞེས་སོ། །དེའི་དོན་བསྟན་པའི་ཕྱིར། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པས་ཞལ་འཛུམ་པ་དང་། སྨིན་མ་གཡོ་བ་དང་། སྤྱན་འགྱུར་བ་དང་། སྐུ་གཟེངས་བསྟོད་པ་དང་། ཕྱག་རྐྱོང་བ་དང་། འོད་དང་སྤྲུལ་པ་འགྱེད་པ་སྟེ་དགྱེས་ཚུལ་དྲུག་གི་སྒོ་ནས་གདུལ་བྱ་ཁྱད་པར་ཅན་གྱི་ཆེད་དུ་རྒྱུད་བཤད་པ་ནི་ལེའུ་གསུམ་པའི་སྨད་མན་ཆད་དང་། གདུལ་བྱ་ཐུན་མོང་པའི་ཆེད་དུ་ཇི་ལྟར་སྤྲོ་བ་ནི་ལེའུ་གསུམ་པའི་སྟོད་དང་འབྲེལ་ལོ།། །།


previousདཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་།no next