Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་གཅིག་་པ།


   
   
   
   
   
   
   
སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུའི་འབྲུ་འགྲེལ་བདུད་རྩིའི་ཐིགས་པ། འགྱུར་མེད་རྡོ་རྗེ།
   
   
   


 
previousསྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུའི་འབྲུ་འགྲེལ་བདུད་རྩིའི་ཐིགས་པ། འགྱུར་མེད་རྡོ་རྗེ།next

སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུའི་འབྲུ་འགྲེལ་བདུད་རྩིའི་ཐིགས་པ། འགྱུར་མེད་རྡོ་རྗེ།

སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུའི་འབྲུ་འགྲེལ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །གདོད་མའི་མགོན་པོ་གསང་བདག་རྡོ་རྗེ་འཛིན། །དབྱེར་མེད་སློབ་དཔོན་སངས་རྒྱས་གསང་བ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཏེ། །སྒྱུ་འཕྲུལ་ལམ་ཆུང་འབྲུ་འགྲེལ་བྲི་བར་བྱ། །དེ་ལ་འདིར་ཏནྟྲ་ཆེན་པོ་བཅོ་བརྒྱད་ཀྱི་གཞིའམ་སྙིང་པོ་དཔལ་སྒྱུ་འཕྲུལ་དྲྭ་བ་སེམས་དང་ཡེ་ཤེས་རང་སྣང་དུ་སངས་རྒྱས་པའི་གསང་བ་ཆེན་པོ་ཆོས་ཀུན་གྱི་སྙིང་པོ་སྐུ་གསུམ་འདུ་འབྲལ་མེད་པའི་དེ་ཁོ་ན་ཉིད་སྐལ་བ་དང་ལྡན་པ་ལ་གཞི་ལམ་འབྲས་བུ་དབྱེར་མེད་དུ་ངེས་པ་ཚེ་འདིར་མངོན་སངས་རྒྱས་པར་འདོད་པ་རྣམས་ཀྱིས་ཡེ་ནས་ཆོས་ཀུན་དག་མཉམ་ཆེན་པོ་མངོན་དུ་བྱ་བ་ལ་ཉམས་སུ་ལེན་བྱ་ལམ་རྣམ་བཀོད་འདིར་འཇུག་པར་བྱའོ། །དེའང་ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བའི་ས་བཅད་གསུམ་ལས། ཐོག་མ་ལ་གསུམ། མཚན་བརྗོད་པ། ཕྱག་འཚལ་བ། དམ་བཅའ་བའོ། །དང་པོ་ནི། དྲང་དོན། རྟོག་ཚོགས། ལྷ་རྟོག །ངེས་དོན་བཞི་ལས། ངེས་དོན་སྒྱུ་འཕྲུལ་དྲ་བའི་གོ་འཕང་མངོན་དུ་བྱ་བ འི་ལམ་རྣམ་པར་ངེས་པའི་བཤད་པ་རྒྱུད་ཀྱི་དགོངས་དོན་ཚིག་ཚོགས་ཉུང་ངུར་བསྡུས་པས་ཆུང་ངུའམ་ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པ་ལ་མན་ངག་ཅེས་གྲགས་པ་ལྟར་མཚན་དུ་བཏགས་པའོ། །གཉིས་པ་ནི། ཞི་བའི་ཕྲིན་ལས་ཀྱིས་ཉོན་ལྔ་ཡེ་ཤེས་ལྔར་ཤར་བས་ཉོན་མོངས་བདུད་བཅོམ། རྒྱས་པའི་ཕྲིན་ལས་ཀྱིས་ཕུང་ལྔ་རིགས་ལྔར་ཤར་བས་ཕུང་པོའི་བདུད་བཅོམ། དབང་གི་ཕྲིན་ལས་ཀྱིས་ཁམས་དང་ཉོན་རླུང་དག་པས་སྐྱེ་འཆི་མེད་པར་འཆི་བདག་གི་བདུད་བཅོམ། དྲག་པོའི་ཕྲིན་ལས་ཀྱིས་སྣང་སྲིད་དག་མཉམ་དུ་ཤར་བས་ལྷ་བུའི་བདུད་བཅོམ་པས་ན་བཅོམ་སྟེ། རྡོ་རྗེ་ལས་རིམ་ལས། འདུད་བཞི་མ་སྤངས་རིག་པའི་གདེང་གིས་བཅོམ། ཞེས་སོ། །འབྲས་ཆོས་ཉེར་ལྔ་དང་ལྡན་པས་ན་ལྡན་ཅེས་ཏེ། ལས་རིམ་ལས། སྐུ་ལྔ་ལ་སོགས་ཆེ་ཡོན་ཀུན་དང་ལྡན། །ཅེས་སོ། །ཡོད་མེད་སྣང་སྟོང་སོགས་ཀྱི་ཕྱོགས་རེའི་མཐའ་དང་བྲལ་བས་འདས་ཞེས། དེ་ཉིད་ལས། རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། ཅེས་སོ། །ངོ་བོ་འདུས་མ་བྱས་པ། རང་བཞིན་དབྱེར་མི་ཕྱེད་པ། མཚན་ཉིད་སྐྱེ་འཇིག་འཕོ་འགྱུར་བྲལ་བ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་ན་རྡོ་རྗེ། ཞེས་ཏེ། ཐུགས་ཐིགས་ལས། དེ་ཉིད་གཉིས་མེད་འཇིག་བྲལ་བས། །ཞེས་སོ། །དེ་ཡང་བསམ་བརྗོད་དང་བྲལ་བའི་ཐུགས་ཀྱི་རིགས་མཆོག་དཔལ་རྡོ་རྗེ་སེམས་དཔའ་ལ་བདག་དང་དབྱེར་མེད་པས་ཕྱག་འཚལ་ལོ། །གསུམ་པ་ནི། ངེས་དོན་དབྱིངས་ཡེ་གཉིས་མེད། ཤེས་རབ་ཀྱི་ལྷ་ཡུམ་སྒྱུ་མ་དང་། ཐབས་ཀྱི་ལྷ་ཡབ་འཕྲུལ་བ། དེ་གཉིས་དབྱེར་མེད་པའི་དྲ་བ་དེའི་དོན་ཇི་བཞིན་སྟོན་པའི་རྒྱུད་མཆོག་སྙིང་པོ་ལས་བཤད་པ་ལྟར་ཟབ་མོའི་ཆོས་འདི་ཉིད། གང་ལ་བཤད་ན་འདིར་ལས་སྨོན་བཟང་པོའི་སྐལ་བ་མཆོག་དང་ལྡན་པའི་དབང་པོ་རྣོ་ཞིང་ཐེག་མཆོག་འདིར་འཇུག་པ་ལ་སྒོ་ལྔ་སྐྱོན་དང་བྲལ་བ་སྣོད་དང་ལྡན་པའི་སློབ་བུ་ལ། གང་གིས་བཤད་ན། དམ་པའི་མགོན་བླ་མས། ཇི་ལྟར་བཤད་ན། གཟུང་བ་དང་འཛིན་པས་བསྡུས་པའི་སྣོད་བཅུད་ཀྱི་ཡུལ་ལྔ་སོགས་ཡེ་ནས་ལྷ་ཡི་རང་བཞིན་ཡིན་ཚུལ་བསྟན་ཏེ་དེའི་དོན་མཐོང་གོམས་མཐར་ཕྱིན་པར་བྱེད་ན་ཚེ་འདིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་རྒྱུ་ཤེས་པ་རྐྱེན་འཇུག་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་གསུམ་སངས་རྒྱས་གསང་བ་ངས་བརྗོད་པར་བྱའོ། །ཞེས་སོ། །བར་དུ་དགེ་བ་ལ་གཉིས། དང་པོ་གཞི་ལམ་འབྲས་གསུམ་གྱི་མདོར་བསྟན་ནི། ཆོས་ཐམས་ཅད་རྟོགས་པ་བཞིའི་ཚུལ་གྱིས་ཡེ་ནས་སངས་རྒྱས་པར་ཤེས་ནས་སྒྲུབ་པ་ལ་འཇུག་པའི་མཚན་ཉིད་བསྐྱེད་རྫོགས་ཟུང་འབྲེལ་དུ་འབྱོར་བའི་གཟུངས་ནི། འབྲས་བུ་རིག་འཛིན་བཞི་སྨིན་བྱེད་ཀྱི་རྒྱུ་དང་རྐྱེན་ལ་གོམས་པས། ནུས་མཐུ་ཁྱད་པར་ཅན་དུ་གང་གྱུར་པ་དེ་ནི། འབྲས་བུ་བདེ་བར་གཤེགས་པ་རྣམས་ཀྱི་རིགས་མངོན་དུ་བྱ་བའི་ཆེད། གཞུང་དོན་གྱི་ཡན་ལག་རྒྱས་བཤད་འབྱུང་བའི་གཞི་རུ་དགོད་དེ། གཉིས་པ་རྒྱས་བར་བཤད་པ་ལའང་གསུམ་སྟེ། དང་པོ་གཞིའི་མདོར་བསྟན་ནི། མཆོག་གི་དངོས་གྲུབ་ཀྱི་འབྲས་བུ་སྒྲུབ་པའི་རྣལ་འབྱོར་ལ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་བཤད་པའོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་གཞལ་བྱ་འཁོར་བའི་ཆོས་བསྟན་པ་ནི། དེ་ལ་སོ་སོའི་སྐྱེ་བོའི་དབང་པོ་ལྔ་དང་ཡུལ་གཟུགས་སྒྲ་དྲི་རོ་རེག་སོགས་ཡུལ་དུ་སྣང་བ་ཀུན་སེམས་ཀྱི་བག་ཆགས་ལས་ཡུལ་དང་དབང་པོ་རྣམས་སྣང་བ་སེམས་ཉིད་ལས་ལོགས་ན་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གྲོལ་འཁྲུལ་གྱི་གཞི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད། ཕྱི་ནང་གི་ཡུལ་ཤེས་ཀྱི་དངོས་པོ་འཁོར་འདས་སྣ་ཚོགས་སུ་མ་འགགས་པར་སྣང་བ་ཡི་ཕྱིར། ཞེན་སྣང་འདི་གཏན་ཚིགས་ཀྱིས་གཏན་ལ་ཕབ་པའི་གཞི་རུ་རུང་ངོ་། །ལམ་རྣམ་བཤད་ལས། ངེས་པར་བཞག་པའི་གཞལ་བྱ་ནི། །འཁོར་དང་མྱ་ངན་འདས་པ་ཡི། །རང་གི་མཚན་ཉིད་མི་འདོད་དོ། །དེ་ལྟར་ནང་ནས་ཞེན་པ་ཡིས། །ཕྱིར་རོལ་མེད་ལ་ཡོད་ལྟར་སྣང་། །ཞེན་དང་ལྟ་བ་གཉིས་ལ་བརྟེན། །ཞེས་སོ། །གཉིས་པ་གཞལ་བྱ་རང་གི་ངོ་བོ་ལ་གཉིས་ཏེ། དང་པོ་མདོར་བསྟན་ནི། ལས་དང་པོ་པ་ཡི་བརྟག་གཞིར་དེ་ལ་ལྟ་བ་འཚོལ་བའི་ཐབས་སུ་རུང་བ་དང་། དེ་ནས་གཟོད་འཚོལ་བའི་ཚེ་དང་ལྟ་བ་དེ་ལ་འཕེལ་རིམ་ཡོད་པར་བསྟན་པ་དང་། མཐར་ཕྱིན་ནས་ངེས་པར་བྱ་བ་ལྟ་བ་རང་གི་ངོ་བོ་དང་གསུམ་སྟེ་ཐོག་མའི་ལྟ་བ་འཚོལ་བའི་ཚེ། གཉིས་པ་རྒྱས་བཤད་ལ་གསུམ། ལྟ་བ་འཚོལ་བའི་ཐབས། འཕེལ་རིམ། མཐར་ཕྱིན་གསུམ་ལས། དང་པོ་ལ་གཉིས། ཐོས་པ་དང་བསམ་བྱུང་གིས་ལྟ་བ་རྟོགས་པའི་ཐབས་བསྟན་པ་དང་། གཏན་ཚིགས་ཀྱིས་གཏན་ལ་ཕབ་པའོ། །དང་པོ་ལ་གཉིས་ཏེ། དང་པོ་སྤྱིར་བསྟན་པ་ནི། རང་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱི་རྒྱུ་དང་ལྡན་པས་རྒྱུད་གཞུང་ཟབ་མོས་ཐོས་པའི་ཤེས་རབ་ཀྱི་དབང་པོ་མཆོག་དང་ལྡན་པས་ཚིག་ཡུལ་དུ་བྱས་པ་ལ་བརྟེན་ནས། སྐྱོན་ཡོན་ཕྱེད་པས་དོན་གྱི་རྒྱུ་ཤེས་པར་བྱས་ནས་བསྒོམ་པའམ། བསམ་བྱུང་གི་ཤེས་རབ་ཀྱིས་ལྟ་བ་རྟོགས་པའི་ཚེ་ནའང་གསང་བ་སྙིང་པོ་དང་ལམ་རིམ་སོགས་གཞུང་ལས་གྲགས་པའི་གཏན་ཚིགས་ལྔ། སྔོན་བྱུང་དངོས་ལྔ། རྗེས་འཇུག་ཚུལ་ཚིག་སོགས་རྒྱུད་ལས་བྱུང་བ་ཉིད་དང་། ཚིག་ལའང་མི་མཐུན་པ་དང་མཐུན་པའི་གཏན་ཚིགས་ཀྱིས་གཏན་ལ་དབབ་པ་གཅེས་སོ། །གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་ལ་ལྔ་སྟེ། དང་པོ། གང་གི་སྒོ་ནས་འཚོལ་བའི་རྒྱུ་རྐྱེན་ངོས་བཟུང་བ་ནི། གཏན་ཚིགས་ཀྱིས་འཚོལ་ཚེ་རྒྱུ་རྐྱེན་དང་ལྡན་དགོས་ཏེ། དེས་ན་ཆོས་རང་དང་སྤྱིའི་མཚན་ཉིད་ཡུལ་དུ་བྱས་པ་ལ་དམིགས་པའི་རྐྱེན། བླ་མ་བཤེས་གཉེན་གྱིས་དངོས་ལྔ་སོགས་ཀྱི་ངོ་སྤྲོད་པ་ནི་བདག་པོ་ཡི་རྐྱེན། ལྟ་བའི་རིམ་པ་ངོ་སྤྲད་པ་ལ་དེ་མ་ཐག་པའི་རྐྱེན། བློ་རིག་དང་བས་གསང་སྔགས་ལ་འཇུག་འདོད་དད་པ་དང་དགའ་སྤྲོ་དང་ལྡན་པ་རང་བཞིན་གྱི་དབང་རྣོན་དང་། ཐེག་པ་འོག་མ་ལ་སྦྱངས་པའི་བག་ཆགས་བཟང་པོའི་རྒྱུད་དང་ལྡན་པའི་སྦྱངས་པའི་དབང་རྣོན་ནི་རྒྱུའི་རྐྱེན་ནོ། །ཤེས་རབ་ཟབ་མོས་ཆོས་རྣམས་རང་བཞིན་མེད་པའི་ངང་ནས་སྒྲིབ་བྲལ་དུ་གཟིགས་པའི་སྤྱན་མཆོག་རང་རིག་པ་དེ་ཉིད། ཡེ་གདོད་མ་ནས་དབྱིངས་ཡེ་གཉིས་སུ་མེད་པར་རྟོགས་པའི་ཤེས་རབ་ཀྱི། དབང་པོ་ལྔ། ཡུལ་ལྔ། ཤེས་པ་ལྔ་སྟེ་ཡུལ་དབང་ཡིད་བྱེད་སོགས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དབྱེར་མེད་ཡིན་པ་དེ་མཚུངས་ལྡན་གྱི་རྒྱུའོ། །གཅེས་གལ་ཆེ་བར་གོང་དུ་སྨོས་པའི་ཐོབ་བསམ་ལ་སོགས་གཏན་ཚིགས་རྣམས་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །རྒྱུ་གཉིས་རྐྱེན་བཞི་དེ་དག་གི་སྒོ་ནས་ལྟ་བ་འཚོལ་བར་བྱེད་པ་ལ། ཚོང་པ་རྣམས་ཀུན་ཏུ་རྒྱུ་ཞིང་རང་གི་འདོད་དོན་འགྲུབ་པར་སྨོན་པར་བྱེད་པ་བཞིན། ཟབ་མོའི་གནད་དང་མཐར་ཐུག་འབྲས་བུ་སྨོན་ཅིང་དོན་དུ་གཉེར་བར་བྱའོ། །གཉིས་པ་གང་ལ་འཚོལ་བའི་ཡུལ་བསྟན་པ། རྒྱུ་རྐྱེན་དེ་ཡིས་གཞལ་བྱ་གཟུང་བའི་ཡུལ་དང་འཛིན་པའི་ཤེས་པའི་སྤྱོད་ཡུལ་གྱི་མཐའ་དེར། ཡོད་པ་དང་མེད་པ་དང་ཡོད་མེད་ཀྱི་ལུང་དུ་མ་བསྟན་པ་ལས་འཚོལ་ན་སྒྲོ་སྐུར་ལུང་མ་བསྟན་གྱི་སྐྱོན་གསུམ་དུ་འདུ་བས། ལྟ་བ་མཉམ་པ་ཉིད་མི་རྙེད་དོ། །ཀུན་བརྟགས་ཀྱིས་བསླད་པའི་ཡོད་མེད་ལུང་མ་བསྟན་དེ་དག་གང་ཡང་མི་འདོད་པས་དེ་དང་ཕྲལ་ལ། དག་མཉམ་ཆེན་པོའི་ལྟ་བ་འཚོལ་བའོ། །གསུམ་པ་གང་འཚོལ་བའི་ངོ་བོ། འོན་ཏང་འཁོར་འདས་གཉིས་མཉམ་རྫོགས་པ་གཉིས་མེད་ཀྱི་དོན་རྟོགས་པ་ན་ཐམས་ཅད་རིག་པའི་ཆོ་འཕྲུལ་ཙམ་དུ་ཆོས་ཀུན་ཡིན་ལ་རང་བཞིན་བདེན་གྲུབ་མེད་པས་གང་དུ་ཡང་མིན་པའི་ཕྱིར་རོ། །མཐའ་ཕྱོགས་རེ་དང་བྲལ་བ་ཕྱོགས་མེད་བདག་ཉིད་ཆེན་པོ་ཡིད་ཀྱི་བསམ་པ་དང་ངག་གི་བརྗོད་པ་ལས་འདས་ཤིང་། ཤེས་བྱ་ཐམས་ཅད་མཁྱེན་པའི་དོན་གྱི་བཅུད་དབང་པོ་ལྔ་ཡིས་ཡུལ་ལྔ་གཅོད་པའི་དུས་སུ་དབང་ཤེས་སེམས་དང་ཡུལ་ཆོས་ཡེ་གདོད་མ་ནས་འཁོར་འདས་དག་མཉམ་ཆེན་པོར་དབྱེར་མེད་ཡིན་པའི་ཕྱིར། ཚོགས་བརྒྱད་དམ་ཚོགས་དྲུག་གི་ཤེས་པ་ཡུལ་དང་བཅས་པ་ཡེ་ཤེས་ལྔར་ཤར་བ་ནི་ཤེས་རབ་ཀྱི་མཆོག་མ་ཧཱའི་ལྟ་བ་ངེས་པ་ཉིད་དུ་རྒྱལ་བས་གསུངས་སོ། །ལྟ་བའི་ངོ་བོ་ནི་རྒྱས་པར་འོག་ནས་འཆད་དོ། །བཞི་པ་སྣོད་བསྟན་པ་ལ་གཉིས། དང་པོ་རང་བཞིན་དབང་རྣོན་ཅིག་ཆར་འཇུག་པ་ནི། དེ་ལྟར་ལྟ་བ་འཚོལ་བའི་ཚེ་མ་ཧཱའི་ཐེག་པ་ལ་སེམས་གཡོ་བ་དང་། སྨོན་པ། འཇུག་པའི་ངང་ཚུལ་ཅན་དེ་རང་བཞིན་དབང་རྣོན་དང་མ་ཧཱའི་དགོངས་དོན་གཉིས་ངོ་བོས་བདག་ཉིད་གཅིག་པའི་འབྲེལ་པ་ཡོད་པའི་ཕྱིར་ཐེག་པ་གཞན་མ་སྦྱངས་པར་གཞི་སེམས་ཅན་དེ་ཉིད་ཀྱི་ཐོག་ནས་འདིར་མ་ཧཱ་ཡོ་གའི་ཐེག་པར་འཇུག་ངེས་པའི་ལྟ་བའི་དོན་ཁོང་དུ་ཆུད་བས་འཇུག་ཏུ་རུང་བའོ། །གཉིས་པ་སྦྱངས་པའི་དབང་རྣོན་རིམ་གྱིས་འཇུག་པ་ལ་གསུམ། དང་པོ་རིམ་གྱིས་པའི་ཅིག་ཅར་བ་རྒྱུའི་ཐེག་པ་ལ་སྦྱངས་ནས་མ་ཧཱ་ལ་འཇུག་ཚུལ་ནི། ལ་ལ་སྟེ་སྦྱངས་པའི་ཅིག་ཆར་བ་ཐུན་མོང་མཚན་ཉིད་ཐེག་ཆེན་ཀྱི་ལམ་རྣམས་ལ་གནས་ནས་རྐྱེན་བཞི་དང་རྒྱུས་ཞེས་རྒྱུ་གཉིས་འཚོགས་པས་མ་ཧཱ་འདིར་ཞུགས་ཤིང་སློབ་པར་ངེས་པའོ། །རྒྱུ་རྐྱེན་དྲུག་ནི། ལམ་རིམ་ལས། སྙིང་པོར་རང་བཞིན་མཚུངས་པ་དང་། །བཤེས་གཉེན་མགོན་ལ་ལུང་གཉིས་ཐོབ། །ཡོན་ཏན་མཐོང་དང་སྐྱོན་མཐོང་དང་། །དེས་སྐྱོ་རྨོངས་བྲེད་དང་བཅས་པ། །གཉིས་པ་རྒྱུ་རུ་གསུངས་པ་ཡིན། །དེ་བདག་གསང་སོགས་དམིགས་པ་སྟེ། །སྐད་ཅིག་འཕེལ་བ་དེ་མ་ཐག །ཅེས་སོ། །གཉིས་པ་རིམ་གྱིས་པའི་རིམ་གྱི་པ་ཕལ་བའི་སེམས་བརྒྱད་ནས་བཟུང་ཡོ་ག་མན་ཆད་སྦྱངས་ནས་འདིར་མ་ཧཱ་ལ་འདུག་ཚུལ་ནི། སྦྱངས་པའི་གང་ཟག་ཁ་ཅིག་འཇིག་རྟེན་ཕལ་པའི་སེམས་བརྒྱད་ནས་བརྒྱུད་ཅིང་སྦྱང་བར་བཤད་དེ། བརྒྱད་གང་ཞེ་ན། རྣམ་སྣང་མངོན་བྱང་སོགས་ལས་གསུངས་པ་ལྟར། སོ་སྐྱེའི་རྒྱུད་ལ་ཆོས་ཀྱི་འདུ་ཤེས་ཙམ་སྐྱེ་བ་ནི་ས་བོན་ལྟ་བུ་དང་པོ། ཕ་མ་སོགས་ལ་སྦྱིན་པ་བྱས་པ་མྱུ་གུ་ལྟ་བུ་སྟེ་གཉིས་པ། གཞན་ལ་སྦྱིན་པ་སྡོང་པོ་ལྟ་བུ་སྟེ་གསུམ་པ། སྤྱིན་པ་དེས་སྣོད་དུ་རུང་བ་འཚོལ་ཞིང་སྦྱིན་པ་ལོ་མ་ལྟ་བུ་སྟེ་བཞི་པ། བླ་མ་སོགས་ལ་ཕུལ་བ་མེ་ཏོག་ལྟ་བུ་སྟེ་ལྔ་པ། གཞན་དགའ་མགུ་ལྡན་པར་སྦྱིན་པ་འབྲས་བུ་ལྟ་བུ་སྟེ་དྲུག་པ། མཐོ་རིས་སུ་སྐྱེ་བའི་ཕྱིར་ཚུལ་ཁྲིམས་བསྲུང་བ་འདི་གསོས་སུ་གྱུར་པ་ལྟ་བུ་བདུན་པ། འཇིག་རྟེན་པའི་ལྷ་དབང་ཕྱུག་དང་ཚངས་པ་སོགས་མཆོད་སྦྱིན་བྱས་པ་འདི་ནི་སྟོབས་སུ་གྱུར་པ་སྟེ་སེམས་བརྒྱད་ཡིན་པར་རྒྱལ་བ་རྣམས་ཀྱིས་བཤད་དོ། །དེ་ལ་དང་པོ་གཅིག་དད་པའི་སེམས། བར་གྱི་ལྔ་སྦྱིན་པའི་སེམས། ཐ་མ་གཉིས་ཚུལ་ཁྲིམས་ཀྱིས་རྟེན་ཡིན་པར་གསུངས། དེ་ནས་བརྒྱུད་དེ་བསྐལ་བ་སྤྲུལ་སྐུའི་ཞིང་ཁམས་གཅིག་གི་རྡུལ་སྙེད་དུ་བགྲང་བའི་གྲངས་དང་མཉམ་པར་སྦྱངས་ནས། ཐུན་མོང་རྒྱུའི་ཐེག་པ་དང་། མཆོག་གི་ཐེག་པ་ཡོ་ག་མན་ཆད་ཀྱི་ལམ་ལ་སྦྱངས་པས་དེའི་སྟོབས་ཀྱིས་མ་ཧཱའི་ཐེག་པ་འདིར་འཕྲད་ནས་འདུག་པའོ། །གསུམ་པ་ཐུན་མོང་ཐེག་པའི་ས་མཐར་ཕྱིན་པའི་འབྲས་བུ་ཀུན་ཏུ་འོད་ཀྱི་ས་ནས་མ་ཧཱའི་འབྲས་བུ་ལ་འཇུག་ཚུལ་ནི། སྦྱངས་པ་ཁ་ཅིག་ཐུན་མོང་རྒྱུའི་ཐེག་པའི་ལམ་ལྔ་ས་བཅུ་མཐར་ཕྱིན་པར་བྱས་ནས་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པའི་ཚེ་མ་ཧཱ་ལ་འཇུག་པ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པའི་སྐུ་ལྔ་གསུང་མ་ལྔ་ཐུགས་ལྔ་སྟེ་བཅོ་ལྔས་ལྷུན་གྲུབ་ཀྱི་འཁོར་ལ་བྱིན་བརླབས་དབང་བསྐུར་བ་དང་། འཁོར་བཅུ་གཉིས་པ་པདྨ་ཅན་གྱི་ས་ལ་འགོད་པར་འདོད་པ་རྣམས་དང་འཚམས་པར་མོས་པའི་སྣང་བ་ལ་དགོངས་པས། ཡབ་ཀྱི་དགའ་བ་བཅུ་དྲུག་ཡུམ་གྱི་བཅུ་དྲུག་དང་། ཡབ་ཀྱི་དགའ་བ་བཅུ་དྲུག་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རྩལ་དང་ལྡན་པས་སྣང་བ་བརྡའ་སྤྲོད་པ་མཐར་ཕྱིན་ནས། བཅུ་གསུམ་པ་ཡི་གེ་འཁོར་ལོའི་ས་མཆོག་ཐོབ་པ་ལ་འགྱུར་བར་ངེས་པའོ། །ལྔ་པ་གང་གིས་འཚོལ་བར་བྱེད་པའི་ཐབས་གཏན་ཚིགས་ཀྱིས་རྒྱས་པར་བཤད་པ་ལ་གཉིས། དང་པོ་ཀུན་ཏུ་འོད་ཀྱི་ས་ནས་མ་ཧཱའི་འབྲས་བུ་ལ་འཇུག་པའི་ཚེ་སྔོན་བྱུང་དངོས་ལྔའི་གཏན་ཚིགས་ནི། འཇུག་ཚུལ་བཞི་ཡོད་པའི་ཚིག་གི་མཐའ་མའི་འབྲས་བུ་ཀུན་འོད་ནས། བཅུ་གཉིས་པདྨ་ཅན་གྱི་ས་ལ་འཇུག་པའི་ཚེ་ན་སྟོན་པ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གིས་འཁོར་ཐེག་འོག་རྒྱལ་བ་རྒྱ་མཚོ་ལ། བསྟན་པ་གསུང་ལྔ་ལྷུན་གྱིས་གྲུབ་པ་ཡིས་དོན་དངོས་སུ་སྟོན་པ་ནི། སྔོན་བྱུང་དངོས་ལྔའི་ལམ་ཞེས་བྱ། གཉིས་པ་རྗེས་འཇུག་གཏན་ཚིགས་ལ་གཉིས། བསྐལ་པ་གྲངས་མེད་གསུམ་དུ་སྦྱངས་པའི་ལས་ཅན་སྔོན་བྱུང་དངོས་དང་ཚུལ་མཐུན་གཏན་ཚིགས་དང་། ཚིག་གི་ཚུལ་དུ་གཏན་ཚིགས་སོ། །དང་པོ་ལ་གསུམ། དང་པོ་ལྟ་བ་འཚོལ་བའི་མོས་པ་ཐ་དད་ཀྱི་དབང་གིས་ཚུལ་མཐུན་དུ་རྟོགས་ལུགས་མི་འདྲ་བར་བསྟན་པ་ནི། དངོས་ལྔ་དེའི་རྗེས་སུ་འཇུག་པ་ད་ལྟའི་གང་ཟག་གིས་རྒྱུ་ཤེས་པའི་ལྟ་བ་འཚོལ་བའི་ཚེ། ཚུལ་བདུན་གྱིས་བློའི་མོས་པ་ཐ་དད་ཀྱི་དབང་གིས་ཕྱེ་བས་ན། བདེ་བར་གཤེགས་པ་སྐུ་ལྔའི་གསུང་ལྔ་ཡིས་འཁོར་ལྔ་ལ་བརྡ་སྤྲོད་པ་དེ་ཉིད་ཀྱི་ཕྱོགས་རེའི་ཚུལ་མཐུན་གྱིས་སོ་སོས་རང་རང་གི་བློ་དང་འཚམས་པར་གཏན་ལ་དབབ་པའོ། །གཉིས་པ་འཇུག་པའི་རྟེན་གྱི་གང་ཟག་ངོས་བཟུང་བ་ནི། གཏན་ལ་དབབ་པའི་གང་ཟག་དངོས་ནི་བསྐལ་པ་ཆེན་པོ་གསུམ་ནའམ་གྲངས་མེད་གསུམ་ནས་ཐེག་པ་འོག་མ་ལ་སྦྱངས་པ་དེ་ཡིས། མཐར་ཟབ་མོ་གསང་སྔགས་ཀྱི་ཚིག་ཐོས་པ་ལ་མི་སྐྲག །མི་བསྔང་བར་དོན་གོ་ནས་བཟོད་པ་ཐོབ་པ་དེས་རྟོགས་སོ། །གསུམ་པ་ཚུལ་གྱི་གཏན་ཚིགས་དངོས་དེ་ལ་བདུན་ཏེ། ཆོས་སྐུའི་གསུང་དང་ཚུལ་མཐུན་པ་བརྗོད་མེད་ཚུལ་གྱིས་གཏན་ལ་དབབ་པ་ནི། ཆོས་སྐུ་དངོས་ཀྱི་འཁོར་དངོས་ལ་དེའི་གསུང་གི་སྒོ་ནས་བརྡའ་སྤྲད་པའི་ཚུལ་བཞིན་དུ་འདིར་ཡང་ཆོས་རྣམས་རང་བཞིན་བརྗོད་པ་མེད་པའི་ཚུལ་གྱིས་དོན་གྱི་གནས་ལུགས་དེས་གཏན་ལ་དབབ་ནས་རྟོགས་སོ། །ལོངས་སྐུའི་གསུང་ཚུལ་མཐོང་ཐོས་བརྡའ་ཡི་སྒོ་ནས་གཏན་ལ་དབབ་པ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་གསུང་གིས་འཁོར་ལ་བརྡའ་སྤྲད་པ་ལྟ་བུར། བླ་མ་དགོངས་པ་མཉམ་པར་བཞག་པ་དང་ཕྱག་གི་བརྡའ་ཡི་དང་དབྱིབས་ཁ་དོག་སོགས་ཀྱི་སྒོ་ནས་གཏན་ལ་དབབ་པའོ། །སྤྲུལ་སྐུའི་གསུང་ཚུལ་ཚིག་གི་སྒོ་ནས་གཏན་ལ་དབབ་པ་ནི། སྤྲུལ་པ་སྐུའི་བརྗོད་པ་ཚིག་གིས་འཁོར་ལ་བརྡའ་སྤྲོད་པའི་གསུང་ལྟ་བུར་ནི། བླ་མས་བརྗོད་པའི་ཚིག་གི་སྒོ་ནས་རྨལ་བར་བྱ་བས་རྟོགས་པའོ། །མངོན་བྱང་གསུང་ཚུལ་རིག་པའི་བྱིན་རླབས་ཀྱིས་གཏན་ལ་དབབ་པ་ནི། མངོན་པར་བྱང་ཆུབ་པའི་སྐུས་འཁོར་ལ་རིག་པ་བྱིན་རླབས་ཀྱི་གསུང་གིས་དེ་བཞིན་བརྡའ་སྤྲད་པ་ལྟ་བུ། འདིར་རང་རིག་པའི་བྱིན་རླབས་ཀྱིས་ཡེ་ཤེས་ལྔར་ཤར་ནས་གཏན་ལ་དབབ་པའོ། །རྡོ་རྗེའི་སྐུའི་གསུང་ཚུལ་གྱིས་གྲགས་སྟོང་དབྱེར་མེད་ཀྱིས་གཏན་ལ་དབབ་པ་ནི། རྡོ་རྗེའི་སྐུ་ཡི་འཁོར་ལ་དབྱེར་མེད་ཀྱི་གསུང་གིས་བརྡ་སྤྲོད་པ་ལྟ་བུར། སྒྲ་གྲག་སྟོང་གཉིས་སུ་མེད་པ་མཐའ་དང་བྲལ་བའི་དོན་གྱི་རང་བཞིན་དབྱེར་མེད་ཀྱིས་གཏན་ལ་དབབ་ཅིང་རྟོགས་པའོ། །ངོ་བོ་ཉིད་ཀྱི་གསུང་དང་ཚུལ་མཐུན་པར་སྣང་སྲིད་མཐོང་ཐོས་མཉམ་པ་ཉིད་དུ་གཏན་ལ་དབབ་པ་ནི། གང་ཟག་ལ་ལ་འགའ་ཞིག་གིས་ངོ་བོ་ཉིད་སྐུས་འཁོར་ལ་མཉམ་པ་ཉིད་ཀྱི་གསུང་གིས་བརྡའ་སྤྲད་པ་ལྟར། འདི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་མཐོང་བ་དང་། ཐོས་པ་ཉིད་ཀྱིས་མ་བརྟགས་པར་སྣང་སྟོང་མཉམ་པ་ཉིད་དུ་གཏན་ལ་འབེབས་ཤིང་རྟོགས་སོ། །གསང་བ་སྐུའི་གསུང་དང་ཚུལ་མཐུན་པར་ཐབས་ལམ་གྱི་སྤྱོད་པས་གཏན་ལ་དབབ་པ་ནི། སྟོན་པ་གསང་བ་སྐུ་ཡི་འཁོར་མཐར་ལམ་པ་ལ། བསྟན་པར་དཀའ་བ་ཡེ་ཤེས་ལྔ་ལྔའི་རྩལ་དང་ལྡན་པས་བརྡའ་སྤྲད་པའི་གསུང་ལྟ་བུར། འདིར་ཕྱག་རྒྱ་ཡུམ་ལ་སྤྱོད་པ་ཡི་ཐབས་ཀྱིས་བདེ་སྟོང་གཉིས་མེད་གཏན་ལ་ཕེབ་ཅིང་རྟོགས་པར་འགྱུར་རོ། །གཉིས་པ་ཚིག་གི་གཏན་ཚིགས་ལ་གཉིས། ཚིག་གིས་གཏན་ལ་དབབ་པར་བྱ་བ་དང་འབེབས་པར་བྱེད་པ་དང་། གོ་བར་བྱེད་པའི་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་ཚིག་རང་ངོས་བཟུང་བ་ན། གོང་བསྟན་ཚུལ་མཐུན་གྱི་རྟོགས་མ་ནུས་པ་གང་ཟག་ལ་ལ་ཁ་ཅིག་ལ་སྔོན་བྱུང་སྐུ་བཞིས་གསུང་བཞིས་བསྟན་པ་འཁོར་བཞི་ལ་བརྡའ་སྤྲད་པ་བཞིན་དུ་འདིར་ཚིག་གིས་གཏན་ལ་ཕབ་དགོས་ཏེ། ཆོས་སྐུའི་འཁོར་བློ་གྲོས་ཅན་ལ་ཆོས་ཉིད་ཇི་བཞིན་པ་དོན་དམ་ངེས་པའི་གཏན་ཚིགས་སུ་ངོ་སྤྲོད་པ་དང་། སྟོན་པ་གསང་བའི་སྐུས་འཁོར་ཆགས་ཞེན་ཅན་གྱི་གདུལ་བྱ་ལ་འདོད་པ་རང་རྐྱེན་གྱི་བློ་དང་འཚམས་པའི་གཏན་ཚིགས་ཀྱིས་ངོ་སྤྲོད་པ་དང་། སྟོན་པ་ལོངས་སྐུས་འཁོར་དབང་རྣོན་ལ། ལྡེམ་པོར་དགོངས་པས་སྦྱོར་བའི་གཏན་ཚིགས་ཀྱི་སྒོ་ནས་ངོ་སྤྲོད་པ་དང་། སྟོན་པ་སྤྲུལ་སྐུས་འཁོར་ལོག་སྲེད་ཅན་གྱི་གདུལ་བྱ་ལ། ཐེག་པ་འོག་མ་ལ་བཀྲི་ཞིང་གོང་མ་ལ་དྲང་ཞིང་བརྒྱུད་པའི་གཏན་ཚིགས་ཀྱིས་ངོ་སྤྲོད་པ་བཞི་པོ་རྣམས། དེ་གཏན་ཚིགས་སུ་འགྱུར་ཚུལ་ཚིག་གི་སྒོ་ནས་གདུལ་བྱ་སོ་སོའི་བློ་ལ་ངེས་པར་གཏན་ལ་ཕབ་པར་བྱེད་ཅིང་གཏན་ཚིགས་ཀྱིས་བརྟག་པའི་ཡུལ་གཞལ་བྱ་ཡོངས་སུ་གཞིག་ཅིང་གཏན་ལ་དབབ་པར་བྱེད་པའི་ཕྱིར། དངོས་ལྔའི་དགོངས་དོན་ཚིག་ཏུ་སྤྲད་པ་དེ་དག་གྲུབ་མཐའ་འགྲུབ་པར་བྱེད་པའི་བྱེད་ལས་ཀྱིས་གཏན་ཚིགས་སུ་འགྱུར་རོ། །གཉིས་པ་གཏན་ཚིགས་སུ་མ་གྱུར་པའི་ཆོས་གཞན་མེད་པར་བསྟན་པ་ནི། གོང་དུ་བཤད་པ་དེ་བས་ན་ཐམས་ཅད་གཏན་ཚིགས་སུ་བསྒྲུབ་པའི་དབང་བཙན་པར་བྱས་ན་གཏན་ཚིགས་སུ་མ་གྱུར་པའི་ཆོས་གང་ཡང་མེད་དོ། །གཉིས་པ་གོ་བར་བྱེད་པའི་ཚུལ་ལ་གཉིས། དང་པོ་མདོར་བསྟན་པ་ནི། དེ་ལས་རེ་ཞིག་ཚིག་གི་གཏན་ཚིགས་ཀྱི་དབང་དུ་བྱས་ན། དངོས་ལྔ་པོ་ཡི་དགོངས་དོན་ཚིག་ཏུ་ངོ་སྤྲད་ནས་གཏན་ལ་ཕེབས་པ་དཔྱད་དུ་མེད་པའི་གོ་བ་དང་། གཏན་ལ་མི་ཕེབས་ན་དཔྱད་དུ་ཡོད་པའི་གོ་བ་གཉིས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་ཚིག་གིས་གཏན་ལ་དབབ་མི་དགོས་པར་དཔྱད་དུ་མེད་པའི་གོ་བ་ནི། སླར་དབབ་ཏུ་མེད་པའི་གོ་བ་སྟོན་པ་ལའང་ཚིག་གི་གཏན་ཚིགས་དེ་ཉིད་བརྗོད་པ་ཡིས་གྲུབ་མཐའི་དོན་དེ་ཉིད་མཐོང་ཞིང་རྙེད་པར་བྱེད་པའི་ཕྱིར་དབབ་ཏུ་མེད་པ་རང་གིས་གོ་བའི་དགོས་པ་ཡོད་པ་ཡིན་ལ། ཚིག་དོན་སོ་སོར་རྟོག་པ་ཤེས་བྱའི་ཡུལ་དུ་འགྱུར་བ་དེ་བས་ན། ལྟ་བ་འཚོལ་བའི་ཚེ་ཚིག་གི་གཏན་ཚིགས་ཀྱིས་གྲུབ་མཐའ་རྟོགས་དགོས་པའི་ཕྱིར་དཔྱད་དུ་མེད་པའི་གཏན་ཚིགས་དེ་ལྟར་དུ་ངེས་སོ། །གཉིས་པ་དཔྱད་དུ་ཡོད་པའི་གོ་བ་ལ་གསུམ། དང་པོ་མདོར་བསྟན་པ་ནི། དེ་ལ་གཅིག་ཤོས་ཏེ་དཔྱད་དུ་ཡོད་པའི་གཏན་ཚིགས་ལ། ཐུན་མོང་དང་མཆོག་གི་གཏན་ཚིགས་གཉིས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་དབུ་མ་རིགས་སྒྲུབ་ལ་སོགས་པ་ཐུན་མོང་གི་གཏན་ཚིགས་ནི། ཐུན་མོང་གི་ཐེག་པ་དབུ་མའི་གཞུང་ལས་གྲགས་པའི་གཏན་ཚིགས་ལ། གཅིག་དུ་བྲལ། རྡོ་རྗེ་གཟེགས་མ། ཡོད་མེད་སྐྱེ་འགོག །མུ་བཞི་སྐྱེ་འགོག་དང་རྣམ་པ་བཞི་དང་སོགས་ཀྱི་སྒྲས་རྟེན་འབྲེལ་གྱི་དབུ་མ་དང་ལྔའོ། །གཉིས་པ་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་གཏན་ཚིགས་ལ་གཉིས་ཏེ། དང་པོ་མདོར་བསྟན་ནི། ཐེག་འོག་དང་ཐུན་མོང་མིན་པ་གསང་སྔགས་ཀྱི་གཏན་ཚིགས་ལ་རྣམ་པ་གཉིས་ཏེ། གཏན་ཚིགས་ཀྱིས་ཚིག་དང་བསྒྲུབ་བྱའི་དོན་མཐུན་པར་གཏན་ལ་འབེབས་པ་ཡི་ཚེ་ན་དང་། གཏན་ཚིགས་ཀྱིས་གཏན་ལ་དབབ་ཚེ་བསྒྲུབ་བྱའི་དོན་དང་ཚིག་མི་མཐུན་པས་གྲུབ་མཐའ་གཏན་ལ་འབེབས་པར་བྱེད་པའོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་ཚིག་དོན་མཐུན་པའི་གཏན་ཚིགས་ནི། དེ་ལ་དང་པོ་ཐ་སྙད་ཀྱི་ཆོས་ཀུན་གཏན་ལ་འབེབས་པ་ནི། ཆོས་ཉིད་དེ་བཞིན་ཉིད་གཏན་ལ་འབེབས་པ་དང་། འབྱུང་ལྔ་ཡུམ་ལྔ། ཕུང་ལྔ་རིགས་ལྔ། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་གསུམ་དང་། ཡང་ལོག་གཉིས་སམ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པ་གཉིས་ཐུན་མོང་གི་མཉམ་གཉིས་སམ། ཡང་ན་ཀུན་རྫོབ་སྒྱུ་མའི་དཔེ་བརྒྱད་དང་། དོན་དམ་སྤྲོས་པའི་མཐའ་བརྒྱད་དེ་སྔར་སྒྱུ་འཕྲུལ་མཁན་པོ་དག་གིས་བཞེད། ཀུན་རྫོབ་སྐུ་དང་ཡེ་ཤེས་དང་། དོན་དམ་དཀོར་བདུན་ཏེ་ལྷག་པའི་མཉམ་གཉིས། རྒྱུ་གཅིག་པ་དང་། ཡིག་འབྲུ། བྱིན་རླབས། མངོན་སུམ་རྟོགས་པ་བཞི། རང་བཞིན་བདེན་པ་དབྱེར་མེད་བདག་ཉིད་ཆེན་པོ་གཉིས་མེད་ཀྱི་གཏན་ཚིགས་དང་ལ་སོགས་ཀྱི་སྒྲས་ཉོན་མོངས་རང་སྤྱིའི་གཏན་ཚིགས་དང་། རྣམ་པར་དབྱེ་བའི་དང་། མཐའ་བྲལ་གྱི་དང་། མཚོན་པ་དཔེའི་དང་། ཚིག་དོན་མི་མཐུན་པའི་གཏན་ཚིགས་ལ་སོགས་པའོ། །གཉིས་པ་དེ་ལ་གཉིས་ཏེ། དང་པོ་ཚིག་དོན་མི་མཐུན་པའི་གཏན་ཚིགས་དངོས་ནི། གཉིས་པ་ཚིག་དོན་མི་མཐུན་པ་ལ་གཏན་ཚིགས། འཁོར་འདས་ཀྱི་ཆོས་ཀུན་རང་རིག་པ་ལ་ཕྱོགས་གཅིག་ཅི་ཡང་མ་ཡིན་པས་མ་གྲུབ་པ་ལ། ཕྱོགས་མེད་དུ་ཅི་ཡང་ཡིན་པ་དང་ཐམས་ཅད་ལྷུན་གྱིས་གྲུབ་པ་ལྟར་སྣང་ཡང་རྟག་དངོས་གཞི་གྲུབ་ལྟ་བུ་གང་ཡང་མ་གྲུབ་པའི་ཕྱིར། དེ་ལ་སོགས་པ་མ་སྤངས་མི་ལྡན་གྱི་སྒོ་ནས་བསྒྲུབ་བྱའི་དོན་སྒྲུབ་འདོད་པ་ལ་རྒྱ་མཚོའི་ནང་གི་གཟུགས་བརྙན་ལྟར་ཅི་ཡང་མིན་པའི་ཕྱིར། ཕྱོགས་མེད་དུ་ཆོས་ཐམས་ཅད་ཀུན་གྱི་ངོ་བོ་ཡིན་པའི་ཕྱིར་ན་ཡེ་ཤེས་ཀྱི་སྣང་བས་ཡིན་ཕྱིར་དང་དབྱིངས་ལ་འཁོར་འདས་ཞེས་མ་གྲུབ་པས་མིན་ཕྱིར་མ་གྲུབ་ཅེས། དེ་ཕྱིར་བརྗོད་པའི་གཏན་ཚིགས་ལ་སྣང་བའི་ཆོས་ཀུན་རིག་པའི་མདངས་ལས་ཤར་བས་མ་སྤངས་ལ། ཕྱོགས་གཅིག་ཏུ་ཞེན་པའམ་རང་རྒྱུད་པར་མེད་པའི་ཆ་ནས་མི་ལྡན་པ་སོགས་ཀྱིས་གཏན་ལ་ཕབ་པས་སོ། །གཉིས་པ་ཚིག་དོན་མི་མཐུན་པ་དེ་གཏན་ཚིགས་སུ་གྱུར་ཚུལ་ནི། དེ་ལྟར་ཡིན་མ་ཡིན་གྲུབ་མ་གྲུབ་སོགས་ཚིག་དོན་མི་འདྲ་བ་ལ་ལྟོས་ནས་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་དེས་རྒྱུ་བྱས་ནས་ངོ་བོའི་གྲུབ་མཐའ་གྲུབ་པའི་ཕྱིར་ན། ཚིག་དོན་མི་མཐུན་པ་དེ་དག་གྲུབ་མཐའ་གྲུབ་པའི་གཏན་ཚིགས་སུ་འགྱུར་བར་ངེས་པ་དེ་ལས་གསང་སྔགས་བླ་མེད་ཀྱི་སྐབས་འདིར་གཏན་ཚིགས་དེ་དག་ལ་བརྟེན་ནས་རྟོགས་དགོས་སོ། །གཉིས་པ་གཏན་ཚིགས་ཀྱིས་གཏན་ལ་འབེབས་ཚུལ་ནི། ཐུན་མོང་གི་གཏན་ཚིགས་དེ་ཡི་གཞལ་བྱ་དེའི་ཡུལ་དང་ཤེས་པར་སྣང་བ་དང་། མྱ་ངན་ལས་འདས་པ་དང་འཁོར་བ་ཐ་དད་དུ་སྣང་བ་ཡི་ཞེན་པ་གཞིག་པར་བྱ་བ་ལ། ཐབས་ཤེས་ཀྱི་སྒོ་ནས་གཏན་ལ་དབབ་དགོས་ཏེ། དེའང་རང་རིག་པ་ལ་ཐབས་འགག་མེད་ཀྱི་རྩལ་ཤར་རྒྱུ་མེད་ན་ཡུལ་ཤེས་སམ་འཁོར་འདས་ཀྱི་ཆོས་རྣམས་མི་འབྱུང་བས་ན། ཐབས་འགག་མེད་ཀྱི་ཚུལ་འཆར་བའི་ངོ་བོ་ཉིད་དང་། ཇི་ལྟར་འཆར་ན་དེ་ཉིད་རང་རྒྱུད་ཅན་དུ་མ་གྲུབ་པས་འཁོར་འདས་ཀྱི་ཞེན་པ་དེ་དག་ལྡོག་པ་དང་། དེ་ཡང་སྣང་བ་ཐམས་ཅད་རང་སྣང་གི་ཐབས་ཆེན་པོ་ཡིན་པ་དང་། དེ་ལྟར་སྣང་བཞིན་རང་རྒྱུད་དུ་མ་གྲུབ་པ་ནི་ཤེས་རབ་རང་བཞིན་མེད་པ་ཉིད་ཀྱི་ལྟ་བ་ཟུང་འཇུག་མཉམ་པ་ཆེན་པོ་གཏན་ལ་ཕེབས་པའོ། །གཉིས་པ་འཚོལ་བའི་ཚེ་ལྟ་བ་ལ་འཕེལ་རིམ་ཡོད་པར་བསྟན་པ་ནི། མདོར་བསྟན་གྱི་བར་མ་ལྟ་བའི་འཕེལ་རིམ་བསྟན་པ་ལ། བདེན་པ་དབྱེར་མེད་ཀྱི་སེམས་ཉིད་རྟོགས་པར་བྱེད་པ་རྣམ་པར་ཉམས་སུ་ལེན་པ་ལ། གཡོ། སྨིན། འཇུག །གནས། མཐར་ཕྱིན་པའི་སེམས་ལྔ་འཕེལ་བ་དང་། རྒྱུ་གཅིག་ཡིག་འབྲུ་བྱིན་རླབས་མངོན་སུམ་བཞི་དང་། སྟོང་པ་ཉིད། མཚན་མ་མེད་པ། སྨོན་པ་མེད་པ། འོད་གསལ་བ་བཞི་སྟེ་བཞི་ཚན་གཉིས་ཀྱིས་འཕེལ་བ་དང་སོགས་ཀྱི་སྒྲས་བསྙེན་སྒྲུབ་བཞི་དང་། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔས་འཕེལ་བ་དེ་རྣམས་ཀྱི་སྒོ་ནས་སྔ་མས་ཕྱི་མར་འཕེལ་བའོ། །དེ་ཀུན་གཅིག་སྤྲོས་ཚོགས་ལམ་བཞིའི་གྲངས་ཀྱི་རིམ་པར་སྔ་ཕྱིར་འཕེལ་བའང་ཡིན་པ་འདིར་ཤེས་དགོས་ཏེ་ལམ་སྔ་མའི་སྐབས་པས་ཕྱི་མའི་སྐབས་ཉིད་དུ་རིག་པ་ལ་རང་དབང་ཐོབ་ཅིང་འཕེལ་བ་ལ་ཐེ་ཚོམ་མེད་དོ། །གསུམ་པ་མཐར་ཕྱིན་ནས་ངེས་པར་བྱ་བ་ལྟ་བ་རང་གི་ངོ་བོ་ལ་བཞི་སྟེ། ཚོགས་ལམ་བཞི་འཕེལ་པ་མཐར་ཕྱིར་པའི་རྟོགས་པ་བཞིའི་ཐ་མ་མངོན་སུམ་གྱི་རྟོགས་པས་གདེང་དུ་གྱུར་པའི་གྲུབ་མཐའ་རང་བརྟེན་པ་དང་། རྟོགས་པའི་ཡོན་ཏན་དང་། ལམ་དང་རྒྱུད་དོན་ལྟ་བའི་སྐབས་ལས་ཤེས་ཤིང་ངོ་བོ་ལ་རྫོགས་དགོས་པ་དང་། མ་རྟོགས་པའི་སྐྱོན་ནོ། །དང་པོ་གྲུབ་མཐའ་རང་གི་ངོ་བོ་བསྟན་པ་ལ་དགུ་སྟེ། དང་པོ་དབྱིངས་རིག་གཉིས་གཉིས་མེད་གཟུང་འཛིན་དང་བྲལ་བའི་རིག་པ་དམིགས་མེད་དུ་སྣང་ཚུལ་ནི། འཕེལ་བའི་རིམ་པ་དེ་དག་གི་མཐར་རྣམ་མཐར་བཞིའམ་མཐས་ཞེས་རྟོགས་པ་མཐར་ཕྱིན་ནས་ལྟ་བའི་གདེང་དང་ལྡན་པས་རྟོགས་བྱ་མཉམ་པ་ཉིད་དབྱིངས་དང་རྟོགས་བྱེད་རིག་པ་ཡེ་ཤེས་གཉིས་སུ་མེད་པར། གསར་དུ་མ་ཡིན་ཏེ་ཡེ་ནས་དེ་བཞིན་ཉིད་དུ་དབྱིངས་ཡེ་དབྱེར་མེད་རྡོ་རྗེས་རིག་སྟེ། དེ་ལྟར་གཟུང་འཛིན་གཉིས་དང་བྲལ་བའི་རང་རིག་པ་དེ་ཉིད་ལ་དམིགས་བྱ་དམིགས་བྱེད་མེད་པའི་ཚུལ་དུ་རང་སྣང་དབྱིངས་ཡེ་དབྱེར་མེད་དུ་སྣང་བའོ། །གཉིས་པ་གཞི་དོན་བྱང་ཆུབ་སེམས་ལ་དད་ནས་དམིགས་བྱེད་མེད་ཚུལ་ནི། གཞི་དོན་བྱང་ཆུབ་སེམས་བདེན་གསུམ་དབྱེར་མེད་པ་དེ་རྣམ་པ་འདི་ལྟར་དུ་སྣང་བའི་ཆོས་ཐམས་ཅད་ལ་ཁྱབ་ཅིང་སྣང་བ་ནི། སྣང་སྟོང་ཕྱོགས་རེར་ཤིན་ཏུ་བློས་བརྟག་དཀའ་སྟེ་ཅིའི་ཕྱིར་ཞེ་ན་རྒྱ་མཚོའི་གཏིང་ལྟར་ཟབ་པས་ན་དངོས་པོའི་ཆོས་སུ་མ་དམིགས་དངོས་མེད་ཀྱི་ཆོས་སུ་མི་དམིགས་ཐ་དད་ཀྱི་ཆོས་སུ་དམིགས་སུ་མེད་པའོ། །གསུམ་པ་སེམས་དང་བྱང་ཆུབ་དབྱེར་མེད་དེ་དམིགས་བཅས་འཁོར་བའི་ཆོས་དང་ལྡན་ཚུལ་ནི། དམིགས་སུ་མེད་པའི་སེམས་ཉིད་དབྱེར་མེད་དེ་ནི་ཇི་ལྟ་བུ་ཡིན་ཞེ་ན། དོན་དམ་ཀུན་རྫོབ་ཀྱི་བྱང་ཆུབ་དེ་ནི་སེམས་དང་དབྱེར་མེད་ཡིན་ནོ། །དེས་ན་སེམས་དང་བྱང་ཆུབ་ལ་ཐ་དད་མེད་ཅིང་དབྱེར་མེད་པ་ཡིན་པས་ན། ཁམས་གསུམ་གྱི་སེམས་ཅན་མ་ལུས་ཐམས་ཅད་དང་། འདས་མ་འོངས་ད་ལྟ་དུས་གསུམ་གྱི་ཆོས་རྣམས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་དབྱེར་མེད་ཡིན་ནོ། །བཞི་པ་ཤེས་བྱའི་ཆོས་ཐམས་ཅད་སེམས་དང་བྱང་ཆུབ་ལ་འདུས་པས་ཡེ་ནས་ལྷུན་གྲུབ་དག་མཉམ་དུ་ཡོད་ཚུལ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་སོ་ཅོག་རྣམས་ནི་སེམས་དང་བྱང་ཆུབ་དབྱེར་མེད་ཉིད་དུ་འུབ་ཆུབ་ཅིང་། དེ་ལ་ཐམས་ཅད་ཤོང་བས་ཡངས་ཤིང་ཀུན་ལ་ཁྱབ་པས་རྒྱ་ཆེ་འཁོར་འདས་གཉིས་མེད་ལྷུན་གྲུབ་ཉིད་དུ་ནི་གནས་སོ། །གཏན་ཚིགས་དེ་བས་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་ཡེ་གདོད་མ་ནས་སྐུ་དང་ཡེ་ཤེས་སུ་རྣམ་པར་དག་པའོ། །དེ་ལྟར་ལྟ་བ་དག་པར་རྟོགས་པ་ཉིད་ཀྱང་དབྱིངས་མཉམ་པ་ཉིད་ཡིན་པར་རྟོགས་པ་འདི་ནི་དབྱེར་མེད་འདུས་མ་བྱས་ཤིང་། རྡོ་རྗེ་མཉམ་པ་ཉིད་ཀྱི་དབྱིངས་ཡིན་ནོ། །ལྔ་པ་བྱང་ཆུབ་སེམས་ནི་འགྲོ་འོང་མེད་པར་རང་གི་རིག་པར་འདུས་པས་སངས་རྒྱས་དང་སེམས་ཅན་ཀུན་སེམས་ལ་མཉམ་པའི་འཁོར་འདས་མཉམ་ཚུལ་ནི། དེ་ལྟར་བྱང་ཆུབ་སེམས་ཞེས་སུ་བརྗོད་པ་འདི་ནི་དང་པོ་གང་ནས་མ་འོངས་པ་མཐར་གར་ཡང་མི་འགྲོ་ཡུལ་ཡུལ་ཅན་གྱི་རྟོག་པ་མེད་པར་ད་ལྟར་གྱི་རང་གི་རིག་པ་རང་སྣང་གསལ་ལ་གོ་མ་འགགས་པ་ཁོ་ན་ཙམ་དེ་ལ་དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་རྣམས་ནི་རང་གི་སེམས་ལ་གནས་པས་འཁོར་འདས་མཉམ་པ་ཉིད་དོ། །དྲུག་པ་མཉམ་པའི་དོན་ནི་དོན་དམ་རང་བཞིན་མེད་པ་དང་ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་པ་རང་རིག་ཉིད་དུ་འདུས་པས་བྱེད་པ་པོ་མེད་པར་རང་གསལ་ཡིན་ཚུལ་ནི། གོང་གི་མཉམ་པའི་དོན་ཉིད་ཇི་ལྟ་བུ་རྟོགས་ཤེ་ན། མཉམ་པ་ཉིད་ཀྱི་རང་བཞིན་ཕྱོགས་གཅིག་ཏུ་གང་ཡང་གྲུབ་པ་མེད་པས་མིན་ཞེས་མཉམ་པ་དང་དེ་ལ་རྟོག་པ་ཡི་འཛིན་པ་གཉིས་ཀ་གང་ཡང་མེད་ལ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་རྒྱུར་གནས་ཤིང་ལྷུན་གྱིས་གྲུབ་པ་དང་ཀུན་རྫོབ་རང་རྒྱུད་ཅན་དུ་མ་གྲུབ་པས་སྒྱུ་མ་དང་སྣང་ལ་རང་བཞིན་མེད་པ་མིག་ཡོར་གྱི་ཚུལ་དུ་ཤེས་པས། བདེན་པ་གཉིས་ཀ་དབྱེར་མེད་རང་རིག་པ་ཉིད་དུ་འདུས་པ་དེ་བས་ན། སྣང་སྲིད་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀུན་རང་བཞིན་ཡེ་གདོད་མ་ཉིད་ནས་དབྱེར་མེད་དུ་རྣམ་པར་དག་པ་ཡིན་པའི་ཕྱིར་བྱེད་པ་པོ་སུས་ཀྱང་མ་བྱས་པར་སྒྲིབ་བྱེད་མེད་པར་ངང་གིས་འོད་གསལ་བའོ། །བདུན་པ་དེ་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་པས་སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས་ཚུལ་ནི། དེ་ལྟ་བུ་སུའི་སྤྱོད་ཡུལ་ཡིན་ཞེ་ན། བློ་ཕྱོགས་ཞེན་གྱི་མཐའ་ལ་མ་ཆགས་ཏེ་དཔེར་ན་པདྨ་འདམ་གྱིས་མ་གོས་པ་དང་འདྲ་བ་ཡི། རང་བྱུང་གི་ཡེ་ཤེས་རྟོགས་པའི་སྤྱན་ལྡན་གྱི་སྤྱོད་ཡུལ་ཡིན་ལ། དེ་ཉིད་ཐེག་དམན་གདུལ་བྱ་ཀུན་དང་ཐུན་མོང་དུ་གྱུར་པ་དེ་མ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཁོ་ན་ཡིན་ནོ། །དེའི་སྒྲས་སུས་ཀྱང་མི་རྟོགས་སམ་ཞེ་ན། དེ་ནི་སྐྱེས་བུ་བློ་རྩལ་དང་ལྡན་པ་རབ་ཀྱིས་རྟོགས་པའོ། །བརྒྱད་པ་བལྟ་བྱ་ལྟ་བྱེད་མེད་པར་མཐོང་ཚུལ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་སེམས་ཉིད་དུ་གཅིག་པའི་ངང་ལ་བལྟ་བའི་ཡུལ་དང་ལྟ་བར་བྱེད་པའི་མཁན་པོ་གཉིས་སུ་བྱར་མེད་པར་སྒྲིབ་བྲལ་ཡེ་ཤེས་གསལ་བའི་སྒྲོན་མ་རྒྱུན་ཆད་མེད་པར་སྒྲེང་བས་ནི་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་རང་སྣང་ཙམ་དུ་མཐོང་བའོ། །དགུ་པ་དོན་ཚིག་ལས་བྱུང་ཡང་ལྟ་བ་རྟོགས་པར་བྱེད་པ་ལ་ཚིག་གི་སྒྲ་རྐྱང་པ་ལ་མི་བརྟེན་པར་བློ་ཡི་གཏིང་དུ་གོ་དགོས་ཚུལ་ནི། སྤྱིར་མཚོན་བྱའི་ཆོས་ཐམས་ཅད་གཏན་ཚིགས་ཀྱིས་གཏན་ལ་ཕབ་ཅིང་གྲུབ་མཐའ་མ་ལུས་པའི་དོན་འབྱུང་བ། མཚོན་བྱེད་ལུང་རིགས་ཀྱི་ཚིག་གིས་མཚོན་པ་ལས་དོན་གུད་དམ་ལོགས་ཤིག་ན་མེད་དེ། ཚིག་གི་སྒྲ་ཉིད་དོན་གྱི་དངོས་པོའམ་ངོ་བོ་རང་མིན་ནོ། །འོ་ན་སྒྲ་དོན་ལ་འབྲེལ་བ་མེད་དམ་ཞེ་ན། དོན་ཉིད་སྒྲ་ལས་གུད་དམ་ལོགས་ན་མེད་ཀྱང་། སྒྲ་ཉིད་དང་ཚིག་ཕྱོགས་གཅིག་ཏུ་བརྗོད་པ་ནི་ཡང་དག་པ་དོན་གྱི་གནས་ལུགས་སྙིང་པོ་ནི་མིན་ཏེ། ཚིག་གི་དགོས་ཆེད་ནི་ཚིག་གིས་དོན་མཚོན་པའམ་རྟོགས་པར་བྱེད་པའི་ཐབས་སོ། །དེ་བས་ན་མཐར་དོན་རྟོགས་པའི་ཚེ་བཏགས་པའི་མིང་དང་། མཚོན་པའི་ཚིག །རྗོད་པའི་སྒྲ་ཙམ་ལ་མ་བརྟེན་པར་དོན་ཇི་ལྟ་བ་བཞིན་བློ་ཡི་གཏིང་དུ་གོ་བར་བྱོས་ཤིག་ཅེས་སོ། །གཉིས་ལ་རྟོགས་པའི་ཡོན་ཏན་ནི། དངོས་པོ་ཐམས་ཅད་ཆོས་ཉིད་དུ་གྲུབ་པ་ལ་གཉིས་ལས་མཆོག་གི་དངོས་གྲུབ་ཀྱི་འབྲས་བུའམ་བཅུད་འདུས་པའི་སྙིང་པོ་ནི། དང་པོ་ལྟ་བའི་དོན་མངོན་སུམ་དུ་རྟོགས་ནས་འཁོར་བ་མཐའ་མེད་དུ་མི་གཏོང་ཞིང་བྱང་ཆུབ་ཐོབ་པ་ནི་དཔེར་ན་ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཆུད་ན་ཕྱིར་མི་གཏོང་བ་ལྟར་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་ལྟ་བ་རྟོགས་པ་དེ་ལ་ཡོན་ཏན་དེ་ལྟར་ཡོད་པའི་ཕྱིར། གཞན་དོན་དུ་འཁོར་བར་སྐྱེ་བ་དུ་མར་བགྲངས་ཀྱང་རང་ངོ་ལ་ངན་སོང་འཁོར་བའི་གནས་སུ་ལྷུང་མི་སྲིད་དོ། །གསུམ་པ་ལམ་དང་རྒྱུད་དོན་ལྟ་བའི་སྐབས་ལས་ཤེས་ཤིང་ངོ་བོ་ལ་རྫོགས་དགོས་པ་ལ་དྲུག་སྟེ། ལམ་གྱི་ལྟ་གྲངས། རྒྱུད་ཀྱི་ལྟ་གྲངས། རྣམ་གྲངས་རྣམ་པར་ཕྱེ་བ་དེ་དག་གི་སྐྱེ་བའི་རྒྱུ་དང་། ཟག་བཅས་ཟག་མེད་ཀྱི་སའི་དབྱེ་བས་མཐོང་ལམ་ལ་གཉིས་སུ་བསྟན་པ་དང་། ཟག་ལྡོག་ཡོད་མེད་ཀྱི་མུ་བསྟན་པ་དང་། ཟག་བཅས་མེད་པའི་ལམ་ལ་རྒྱུ་རྐྱེན་འབྲས་གསུམ་ཡོད་ལུགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། དང་པོ་ཤེས་དགོས་པར་གདམས་པ་ནི། ཚོང་དཔོན་གྱིས་དོན་གཉེར་བའི་ཚེ་ལྷ་མ་གྲངས་མང་མཐའི་སར་འགྲོ་ནས་ཐམས་ཅད་ལ་བསམ་ཞིང་མཁས་དགོས་པ་བཞིན་དུ་འབྲས་བུ་བསྒྲུབ་པའི་རིགས་ལྟ་བའི་སྐབས་འདིར་རིག་འཛིན་བཞི་མན་ཆད་ཀྱི་དོན་ལ་མཁས་དགོས་པས་དེའང་རྒྱུ་ཤེས་པའི་མཚན་ཉིད་ཤེས་རབ་དང་པོ་ལྟ་བའི་མདོར་བསྟན་ལ་སྨོས་པའི་སྐབས་འཚོལ་ལུགས་འཕེལ་རིམ་ངེས་པ་གསུམ་དང་། བར་དུ་རྐྱེན་འཇུག་པའི་མཚན་ཉིད་ལ་རྒྱུ་དེ་ཏིང་དང་མཚམས་སྦྱོར་ཀུན་ཏིང་དང་འབྲས་བུ་ཕྱག་རྒྱ་གཅིག་སྤྲོས་གཉིས་དང་བར་ཆད་མེད་པ་སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་ཀྱི་ཤེས་རབ་ཟབ་མོས་ལྟ་བ་རྣམས་རིམ་པར་ཤེས་པ་དང་། ཟག་བཅས་མཐའ་རུ་ཕྱིན་པའི་འབྲས་བུ་མཚན་ཉི་གསུམ་སྟེ་གང་ཞེ་ན། ཚེ་དབང་གི་ལམ་ཀུན་གྱི་སྔོན་དུ་འགྲོ་བ་ལྟ་བ་རྟོགས་པ་མཐོང་ལམ་པ་དང་། ཕྱག་ཆེན་གྱི་དགོངས་པ་ཏིང་ངེ་འཛིན་མི་གཡོ་བ་བསྒོམ་ལམ་པ་དང་། གོམས་པ་མཐར་ཕྱིན་པ་ལྷུན་གྲུབ་རིག་འཛིན་མཐར་ལམ་པ་དང་། དེ་རྣམས་ཀྱི་ཤེས་རབ་ལྟ་བའི་མཐོ་དམན་གྱི་རིམ་པ་ཡོད་པ་རྣམ་ལྟ་བའི་སྐབས་འདིར་ཤེས་དགོས་པར་གདམས་པའོ། །གཉིས་པ་མ་ཤེས་པའི་ཉེས་དམིགས་ནི། སེམས་ཉིད་རིག་པ་བདག་ཉིད་ཆེན་པོ་མ་མཐོང་ཞིང་ཤེས་པའི་རྒྱུད་ལ་མ་སྦྱོར་བས། སེམས་ཉིད་ལས་གཞན་དུ་ལྟ་བ་འཚོལ་ཞིང་བློ་རྨོངས་པའི་སེམས་ཅན་ཀུན་གྱིས། གསང་སྔགས་ཀྱི་ལྟ་བ་བསྟན་ཀྱང་རྣ་བས་མ་ཐོས་པ་ལྟ་བུ་དང་དཔེས་མཚོན་ཀྱང་མ་མཐོང་བ་དེ་བས་ན་བདག་དང་གཞན་གཉིས་ཐ་དད་དུ་ཕྱེ་ནས་ལྟ་བ་འཚོལ་བས་གང་ཟག་རྣམས་འཚང་མི་རྒྱའོ། །དེ་བས་ན་ལྟ་བ་ཡུལ་སེམས་མཉམ་པ་ཉིད་དུ་རྟོགས་པར་བྱའོ། །གཉིས་པ་རྒྱུད་ཀྱི་ལྟ་གྲངས་ལ་གཉིས་ཏེ། རྒྱུད་དོན་མདོར་བསྟན་གྱི་སྒོ་ནས་ཚིག་ཙམ་མ་ཡིན་པར་མཐོང་དགོས་པར་གདམས་པ་ནི། དང་པོ་རྒྱུད་དོན་མདོར་བསྟན་པ་ལ་ཟློས་པ་གོང་འོག་འབྲུ་ནོན་པར་བྱ་བ་ལ། མི་གཡོ་བ་ཏིང་ངེ་འཛིན་བཀོད་པ་དཀྱིལ་འཁོར་བ་བསྲུང་བ་དམ་ཚིག་རོལ་པ་ཕྲིན་ལས་མཛད་པ་སྤྱོད་པ་གནས་སུ་སྟོབ། མཆོད་པ་རིམ་པ་དབང་དོན་གཉེར་སྒྲུབ་པ། འཆིང་ཕྱག་རྒྱ་ཟློས་སྔགས་ཏེ་རྒྱུད་ཀྱི་དངོས་པོ་བཅུ་སྟེ། དེ་ཡང་ཏིང་འཛིན་རྣམ་གསུམ་དང་། དཀྱིལ་འཁོར་བཅུ་གཉིས་དང་། རྩ་བ་ཡན་ལག་གི་དམ་ཚིག་དང་། ཕྲིན་ལས་བཞི་དང་། དགེ་སྦྱོང་བག་ཡོད་ཀྱི་སྤྱོད་པ་སོགས་གསུམ་མམ་སྦྱོར་སྒྲོལ་གྱི་སྤྱོད་པ་དང་ཕྱི་ནང་གསང་བ་སོགས་ཀྱི་མཆོད་པ་དང་། ཕན་ནུས་ཟབ་མོའི་དབང་དང་། མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པ་དང་། ཕྱག་རྒྱ་བཞི་དང་སྔགས་གསུམ་གྱི་ལྟ་བ་རྣམས་ཆོས་ཉིད་དག་མཉམ་ཆེན་པོའི་གནད་ཀྱིས་མ་ཟིན་ན་ཆོ་ག་གཟུགས་བརྙན་ཙམ་དུ་ཟད་དེ་མཆོག་གི་ལམ་རྙེད་དཀའ་བས་ན་དེ་ལྟར་མངོན་སུམ་དུ་ཤེས་ཤིང་། ཐེ་ཚོམ་མེད་པར་ཐག་ཆོད་པར་བྱ་ཡི་ཚིག་ཙམ་བརྗོད་ཤེས་པ་ལ་བརྟེན་པ་མིན་པ་དེ་བས་ན་ལམ་གྱི་ཐོག་མར་ལྟ་བའི་སྐབས་འདིར་རྒྱུད་དོན་གྱི་བྱེ་བྲག་རྣམས་ཕྱེད་ནས་དོན་མངོན་སུམ་དུ་མཐོང་དགོས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་དགུ། དང་པོ་མི་གཡོ་བ་ཏིང་འཛིན་གྱི་ལྟ་བ་ནི། མཉམ་ཉིད་སྤྲོས་བྲལ་ཐིག་ལེ་བློས་དཔྱད་སྤྲོས་བྲལ་ལས་འཕགས་པས་ཆེན་པོའི་ལྟ་བ་རྟོགས་པའི་རང་བཞིན་ལ་རིམ་གྱིས་པས་དེ་ཏིང་ཀུན་སྣང་རྒྱུའི་བསྒོམ་པ་དང་རྣམ་པ་གསུམ་དུས་གཅིག་ཏུ་རྫོགས་ཏེ། དེའང་ཐིག་ལེ་ཆེན་པོ་དེ་ཉིད་རྒྱུ་རྐྱེན་གྱིས་མ་བཅོས་ཤིང་མཐའ་གང་དུའང་མི་གཡོ་བའི་ཕྱིར་ན་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་དེ་ནི་དེ་བཞིན་ཉིད་ཀྱི་དབྱིངས་ཞེས་སོ། །ཐིག་ལེ་དེ་ཉིད་ཀྱི་ངོ་བོ་ལ་ཆོས་ཀུན་གསལ་ཞིང་སྒྲིབ་བྲལ་གྱི་ཡེ་ཤེས་ཡིན་པའི་ཕྱིར། དེ་ནི་སྣོད་བཅུད་ཀུན་ཏུ་རང་སྣང་གི་ཡེ་ཤེས་ཀྱི་ངང་ཞེས་བྱའོ། །ཐིག་ལེ་ཆེན་པོ་དེ་ཉིད་འབྲས་བུའི་ཆོས་རྣམས་ཀུན་གྱི་གཞི་རྫོགས་པའི་ཕྱིར། དེ་ནི་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་གསལ་བས་རྒྱུ་ཡི་ཏིང་འཛིན་དང་གསུམ་པོ་བྱེད་ལས་ཀྱི་ཆས་རིམ་པར་ལྡན་པའོ། །གཉིས་པ་བཀོད་པ་དཀྱིལ་འཁོར་གྱི་ལྟ་བ་ནི། རང་རིག་པ་བྱང་ཆུབ་ནི་དེ་ཉིད་དཀྱིལ་འཁོར་ཡིན་ཏེ། བྱང་ཆུབ་སེམས་གསུམ་འདུ་འབྲལ་མེད་པས་སྣང་སྟོང་གི་ཆོས་ཐམས་ཅད་ཀུན་ལ་དབྱེར་མེད་དུ་འཁྱིལ་བར་གནས་པ་ཉིད་དཀྱིལ་འཁོར་ཏེ། དེ་ལྟར་གཟུང་འཛིན་དང་བྲལ་བའི་དབྱིངས་ཡེ་ཤེས་དེ་ནི་དེ་བཞིན་གཤེགས་པ་ཀུན་གྱི་བཞུགས་གནས་སོ། །ཀུན་གྱི་ངོ་བོའི་གནས་ནི་རྟེན་གཞལ་ཡས་ཁང་དང་བརྟེན་པའི་དཀྱིལ་འཁོར་ཞི་བ་དང་། འབར་བ་ཁྲོ་བོའི་ལྷ་ཚོགས་ཀྱི་ཕོ་ཉ་ནང་དུ་འདུ་བ་དང་ཕྱིར་འཕྲོ་བ་མང་པོ་དང་ལྡན་པ་དེའང་ལོགས་ན་སྣང་བ་མ་ཡིན་ཏེ། དེ་དག་རང་རིག་སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །གསུམ་པ་བསྲུང་བ་དམ་ཚིག་གི་ལྟ་བ་ནི། རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ཅེས་བྱ་བ་རྣམས་ནི་གུད་ན་ལོགས་ཤིག་ཏུ་ཡོད་པ་མ་ཡིན་ཏེ། རང་གི་ལྟ་བ་རྣལ་མའི་དོན་ལ་མི་འདའ་བ་དམ་ཚིག་ཡིན་ཏེ། ཁྱད་པར་སྡོམ་པ་རྣམ་ནི་རྣམ་པ་གྲངས་ལ་མི་སྤང་མི་འདོར་བ་བཅུ་དང་། རྩ་བ་ལྔ་པོ་སྐུ་གསུང་ཐུགས་གསུམ་དུ་དྲིལ་བས་བཅུ་གསུམ་པོ་དབྱེ་ན་སུམ་བརྒྱ་དྲུག་ཅུ་དང་། ཐུན་མོང་སྤྱི་ཡི་དམ་ཚིག་ཡོ་ག་མན་ཆད་ཀྱི་སྲུང་ཐབས་མཐའ་ཡས་པ་རྣམས་ཐིག་ལེ་ཆེན་པོའི་མཉམ་ཉིད་ལྟ་བ་རྟོགས་པའི་ངང་དུ་འདུ་ཞིང་གསལ་བའོ། །བཞི་པ་རོལ་པ་ཕྲིན་ལས་ཀྱི་ལྟ་བ་ནི། ཕྲིན་ལས་བྱ་བ་ཡིད་ཡུལ་དང་བྱེད་པའི་མཁན་པོ་གཉིས་སུ་མེད་པའི་ཚུལ་གྱིས་སུ་ལས་རྣམས་ཀུན་ལ་ཐོགས་པ་མེད་པར་སྤྱད། ཞི་རྒྱས་དབང་དྲག་བཞི་ཡི་ཕྲིན་ལས་དང་གཅིག་ཏུ་ལྷུན་གྱི་གྲུབ་པ་པོ་ཡང་ཐིག་ལེ་ཆེན་པོའི་ལྟ་བ་རྟོགས་པའི་ངང་དུ་གསལ་ཏེ། དེ་ཡང་དངོས་པོར་མཚན་ཞེན་བཅོམ་པས་དྲག་པོ། ཐམས་ཅད་རང་རིག་བདག་ཉིད་ཆེན་པོའི་དབང་དུ་བསྡུས་པ་ནི་དབང་། དཀོར་བདུན་ལྷུན་གྱིས་གྲུབ་པས་ན་རྒྱས་པ། གཟུང་འཛིན་གྱི་ཟུག་རྔུ་གཉིས་དང་བྲལ་བས་ཞི་བ་སྟེ་ཕྲིན་ལས་ཀྱི་ལྟ་བ་རྟོགས་ཤིང་མཐོང་བའོ། །ལྔ་པ་མཛད་པ་སྤྱོད་པའི་ལྟ་བ་ནི། བདག་དང་གཞན་གྱི་དོན་སྤྱོད་པ་རྣམ་པ་གཉིས་པོ་ཡང་ཐིག་ལེ་ཆེན་པོའི་ལྟ་བ་རྟོགས་པའི་ངང་དུ་ངེས་པའི་ཕྱིར། སྤྱོད་པ་ཕྱོགས་གཅིག་པར་ཅི་ལའང་བློས་མི་གནས་པར་བདག་གཞན་གྱི་དོན་ཀུན་ལ་ཐོགས་པ་མེད་པ་སྤྱོད། སྤྱོད་དུས་སྤྱོད་པར་བྱེད་པའི་མཁན་པོ་དང་སྤྱད་པ་ཡི་དངོས་པོ་གཉིས་སུ་ཞེན་པ་མེད་དོ། །དྲུག་པ་གནས་སུ་སྟོབ་པ་མཆོད་པའི་ལྟ་བ་ནི། མཆོད་པའི་ཡོ་བྱད་སྟེང་འོག་གི་རྒྱན་དང་ཕྱི་ནང་གསང་བའི་ལོངས་སྤྱོད་འདོད་ཡོན་ལྔའི་མཆོད་པ་ཀུན། དབུལ་བྱ་ཡི་ཡུལ་དང་འབུལ་བྱེད་ཀྱི་མཁན་པོ་གཉིས་དང་དེ་རྣམས་ལ་མཆོད་པའི་ལས་སོགས་དེ་ཡང་། གཞན་དུ་མ་གྲུབ་པ་རིག་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་དེ་ཡི་རྩལ་ཆོ་འཕྲུལ་འགག་པ་མེད་པ་མཆོད་པའི་དངོས་པོ་རྣམས་དབྱེར་མེད་བདག་ཉིད་ཆེན་པོའི་ལྟ་བའི་ངང་དུ་འདུས་པའོ། །བདུན་པ་རིམ་པ་དབང་གི་ལྟ་བ་ནི། རིག་པ་བདག་ཉིད་ཆེན་པོའི་རང་བྱུང་གི་ཡེ་ཤེས་ལྟ་བ་རྟོགས་པའི་ངང་ལ་ཕན་ནུས་ཟབ་གསུམ་གྱི་དབང་ལྔ་ལོགས་ནས་མ་བཙལ་བར་དུས་གཅིག་ལྷུན་གྲུབ་ཏུ་རྫོགས་པས་འཐོབ་བྱ་ཡི་དོན་དང་ཐོབ་བྱེད་ཀྱི་ཐབས་ཐོབ་པར་བྱས་པའང་གཞན་ན་མེད་པ་རང་རིག་པར་དབང་བསྒྱུར་བའི་ཕྱིར་གཞན་ནས་དབང་ཐོབ་པ་མེད་དོ། །བརྒྱད་པ་དོན་དུ་གཉེར་བ་སྒྲུབ་པའི་ལྟ་བ་ནི། རིག་པ་བདག་ཉིད་ཆེན་པོ་ལ་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་གཟུང་འཛིན་གྱི་འཁྲུལ་པ་ཀ་ནས་དག་པས་དངོས་གྲུབ་གསར་དུ་སྒྲུབ་ཏུ་མེད་ཅིང་སྒྲིབ་པའང་གསར་དུ་སྤང་དུ་མེད་ལ་སེམས་ཆོས་ཉིད་ཀྱི་ངང་དུ་ས་ལམ་བགྲོད་དུ་མེད་པས་འགྲོ་བ་མེད། འབྲས་བུ་ལོགས་ནས་འོང་བ་མེད་དེ་གཞིའི་དེ་བཞིན་ཉིད་ཀྱི་ངང་དུ་ལམ་དང་འབྲས་བུ་ཐམས་ཅད་གཉིས་སུ་མེད་པ་ལ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གཉིས་ག་ལ་ཡོད་དེ་མེད་དོ། །དཔེར་ན་སྒྱུ་མའི་ཆོ་འཕྲུལ་རྟ་གླང་གསོ་བསྐྱེད་ལས་མ་བྱུང་བ་ལྟར་མཆོག་ཐུན་དངོས་གྲུབ་དུ་མར་སྣང་ཡང་རྒྱུ་རྐྱེན་དང་བྲལ་ཅིང་དེ་བས་ན་དོན་དུ་གཉེར་བ་བསྒྲུབ་པའང་ལྟ་བ་རྟོགས་པའི་ངང་དུ་ཆུད་ཅིང་ཤེས་པར་བྱའོ། །དགུ་པ་འཆིང་ཟློས་སྔགས་དང་ཕྱག་རྒྱ་ལ་གསུམ། དང་པོ་ལྟ་བ་ནི། སྔགས་བྲག་ཅའི་སྒྲ་བཞིན་དང་། ཕྱག་རྒྱ་ཆུ་ཟླ་ཡི་གཟུགས་བཞིན་དུ། སྒྲ་གྲགས་པའི་དུས་གྲགས་སྟོང་དང་། གཟུགས་སྣང་སྟོང་ཆུ་ཟླ་ལྟར་རང་རྒྱུད་པར་མ་གྲུབ་པས་ལྷ་སྔགས་བསྐྱེད་བཟླས་རྣམས་ཡོད་མེད་ཀྱི་མཐའ་དང་བྲལ་བར་དབྱེར་མེད་དུ་རྟོགས་པའོ། །གཉིས་པ་སྔགས་ཕྱག་རྒྱའི་ངོ་བོ་ལ་གཉིས་ཏེ། དང་པོ་ཕྱག་རྒྱའི་ངོ་བོ་ནི། ཕྱག་རྒྱ་ཆེན་པོའི་ངོ་བོའམ་མཚན་ཉིད་ནི་གང་ཞེ་ན། ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པ་ཡི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་གསུམ་དང་དགོངས་པ་ཡེ་ཤེས་ལྔ་པོ་རྣམས་བདག་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་རྟོགས་པ་ལས་མི་འདའ་བས་ཕྱག་རྒྱ་ཆེ་ཞེས་ཆེན་པོ་དང་། སྤྲོས་པའི་ལྷའི་སྐུ་ཕྱག་རྒྱ་བཞི་བཅུ་རྩ་གཉིས་པོ་དེ་ཡང་ཐིག་ལེ་ཆེན་པོ་ལྟ་བ་རྟོགས་པ་དེ་ཉིད་ལས་གཞན་དུ་གྲུབ་པའམ་བསྒྲུབ་པ་མེད་པས་དེར་འདུས་སོ། །གཉིས་པ་སྔགས་ཀྱི་ངོ་བོ་ནི། སྔགས་ཞེས་བྱ་བ་རབ་ཏུ་བརྗོད་པ་ཡང་། དོན་དམ་རང་བཞིན་མེད་པ་དང་། ཀུན་རྫོབ་འགག་པ་མེད་པ་གཉིས་དབྱེར་མེད་པར་རྟོགས་པའི་ལྟ་བ་མཉམ་པའི་དཀྱིལ་འཁོར་ཆེན་པོ་དེ་རུ། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡི་གེ་ༀ་ཨཱཿཧཱུྃ་གསུམ་དང་། དེ་ལ་སོགས་ཏེ་རྒྱལ་བ་བཞི་བཅུ་རྩ་གཉིས་མཚོན་བྱེད་ཀྱི་ཡི་གེ་ཞེ་གཉིས་རྣམས་འདུས་པར་རྟོགས་པའོ། །གསུམ་པ་སྔགས་ཕྱག་རྒྱའི་ངེས་ཚིག་ནི། རྒྱུན་ཆད་མེད་པར་རྟག་ཏུ་མཉམ་པར་བཞག་པ་ལས་མི་འདའ་བས་ན་ཕྱག་རྒྱ་ཡི་ངེས་ཚིག་ཡིན་ཅིང་། ཉོན་མོངས་ཆགས་སྡང་གཏི་མུག་གསུམ་དང་དུས་གསུམ་གྱི་རྟོགས་པ་ཐམས་ཅད་གཏིང་ནས་འབྱིན་པའི་ཕྱིར་སྔགས་ཀྱི་ངེས་ཚིག་ཡིན་ནོ། །གསུམ་པ་རྣམ་གྲངས་རྣམ་པར་ཕྱེ་བ་དེ་དག་གི་སྐྱེ་བའི་རྒྱུ་ནི། ལྟ་བའི་རྣམ་གྲངས་རྣམ་པར་ཕྱེ་བ་དེ་དག་ཀུན་གྱི་རྒྱུ་གངས་ལས་བྱུང་ཞེ་ན། གྲོལ་ལམ་གྱི་དབང་དུ་ཐོས་བསམ་སྒོམ་པ་ལ་བརྟན་པ་ཐོབ་པའི་རྒྱུ་ལས་ལྟ་བ་བྱུང་བ་དང་། ཐབས་ལམ་ལས་བྱུང་བ་ལ་གཉིས་ལས་དང་པོ་སྟེང་སྒོ་ལྟར་གཡས་རྩ་རྐྱང་མ། གཡོན་རོ་མའི་རྩའི་ནང་དུ་རླུང་སེམས་རྒྱུ་བ་དབུ་མར་ཞུགས་གནས་ཐིམ་གསུམ་ལས་ལྟ་བ་སྐྱེ་བ་དང་། གཉིས་པ་འོག་སྒོ་ལྟར་ཆགས་པ་ལམ་གཡས་ཡབ་དང་གཡོན་ཡུམ་དང་མཉམ་པར་སྦྱོར་བ་དཔེའི་ཡེ་ཤེས་དགའ་བཞིའི་ལམ་ལས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ལྟ་བ་སྐྱེས་པའི་རྒྱུར་བྱས་སོ། །གྲོལ་ལམ་བློ་ཆུང་བས་བསྒོམ་པ་ནས་བརྒྱུད་པའི་ཚོགས་ལམ་རྣལ་འབྱོར་བཞི་མཐར་ཕྱིན་པ་ལས་ལྟ་བ་སྐྱེས་པའི་རྒྱུར་བྱས་པ་ཡིན་ནོ། །བཞི་པ་ཟག་བཅས་ཟག་མེད་ཀྱི་སས་ཕྱེ་བའི་མཐོང་ལམ་ལ་གཉིས་སུ་བསྟན་པ་ནི། དེ་ལྟར་རྒྱུ་བྱས་པ་དེས་ཟག་བཅས་ཟག་མེད་ཀྱི་ས་ཡི་མཐོ་དམན་གྱི་ཆ་ཡིས་ཕྱེ་བ་ནི་ལུས་སྣང་སེམས་གསུམ་ཟུང་འཇུག་རིག་པའི་མངོན་སུམ་དུ་ནུས་པ་ཐོབ་པ་ཟག་མེད་ཚེ་དབང་དང་དེ་ཉིད་རྟོགས་ཀྱང་ནུས་པ་མ་ཐོབ་པ་ཟག་བཅས་སྤྲོས་པ་གཉིས་ཀྱིས་ཕྱེ་བའི་ཁྱད་པར་ལས། ཟག་བཅས་མཐོང་ལམ་དང་ཟག་མེད་མཐོང་ལམ་གཉིས་སུ་འགྱུར་བ་ཡིན་ནོ། །ལྔ་པ་ཟག་ལྡོག་ཡོད་མེད་ཀྱི་མུ་བསྟན་པ་ནི། ཟག་པ་ནི་ཚོགས་སྒྲུབ་མན་ཆད་ལ་ཡོད་པ་ནི། སྤྱི་མདོ་ལས། རྟོགས་པའི་རྩ་བ་ཕྱི་ནང་གི། །ཀུན་ནས་ཟག་པ་རྣམ་པ་ལྔ། །ཞེས་ཉོན་མོངས་དང་ཉེ་བའི་ཉོན་མོངས་གཉིས་བཤད་པ་རྩ་བ་ཉོན་མོངས་དང་། ཡན་ལག་ཁམས་དང་སྐྱེ་གནས་འཆི་འཕོ་བ་དང་བཞིའོ། །ལྡོག་པའང་། སྤྲོས་པ་མན་ཆད་ངན་འགྲོར་ལྡོག་ལ། ཚོགས་སྒྲུབ་ནི་ངན་སོང་དུ་མི་ལྡོག་པས་དེ་ལ་གཉིས་ཡོད་དེ། གང་ཞེ་ན། ལྟ་སྒོམ་གྱི་ནུས་པ་ཆེ་ཆུང་གི་མཐུ་ཡིས་ཕྱེ་བས་ན། སྤྲོས་པ་མན་ཆད་དམ་ཚིག་ཉམས་ན་ངན་འགྲོར་ལྡོག་པའང་ཡོད་དེ། ལམ་རིམ་ལས། དེ་ཕྱིར་ལམ་བཞིར་ལྡོག་ཟག་ཡོད། །ཅེས་སོ། །ཚོགས་སྒྲུབ་ནི་དམ་ཚིག་ཉམས་མི་སྲིད་པས་ངན་སོང་དུ་མི་ལྡོག་གོ། །ཟག་པ་ནི་སྔོན་གྱི་སྐབས་སུ་བཤད་པའི་རྒྱུ་ཤེས་པ་ལྟ་བའི་སྐབས་ཀྱི། འཚོལ་ཡུལ་འཕེལ་རིམ་ངེས་པ་གསུམ་དང་། རྐྱེན་འཇུག་པ་ཏིང་ངེ་འཛིན་ལ་ཚོགས་ལམ་རྣལ་འབྱོར་བཞི་སྦྱོར་ལམ་ཚོགས་སྒྲུབ་དང་ལྔ་སྟེ་བརྒྱད་ལ་ཡོད་དོ། །ཟག་བཅས་མཐར་ཕྱིན་པ་འབྲས་བུའི་མཚན་ཉིད་རྒྱུ་ཤེས་པ་ཚེ་དབང་དང་རྐྱེན་འཇུག་པ་ཕྱག་ཆེན་དང་མཐར་ཕྱིན་པ་ལྷུན་གྲུབ་དང་གསུམ་ལ་ནི་ལྟ་སྒོམ་ནུས་པ་མཐུ་ཅན་དུ་གྱུར་ནས་མཉམ་རྗེས་འདྲེས་པས་ན་ཟག་ལྡོག་གཉིས་ག་ལ་ཡོད་དེ་མེད་དོ། །ཟག་ལྡོག་མུ་བཞི་ལས། ཟག་པ་མེད་ལ་ལྡོག་པ་ཡོད་པའི་མུ་འདིར་མི་བཤད་པའང་གསུངས། དྲུག་པ་ཟག་བཅས་མེད་ལམ་ལ་རྒྱུ་རྐྱེན་འབྲས་གསུམ་ཡོད་ལུགས་བསྟན་པ་ནི། ཟག་བཅས་དང་ཟག་མེད་ཀྱི་སྐབས་གཉིས་ལའང་། ཟག་བཅས་མཐར་ཕྱིན་ཚོགས་སྒྲུབ་དང་། ཟག་མེད་མཐར་ཕྱིན་ལྷུན་གྲུབ་སྟེ། མཐར་ཕྱིན་རྣམ་པ་གཉིས་ཡོད་པའི་ཕྱིར་ན། ཟག་བཅས་དང་ཟག་མེད་གཅིག་སྟེ་རེ་རེ་ལའང་རྒྱུ་རྐྱེན་འབྲས་གསུམ་གསུམ་དང་ལྡན་པ་ཡིན་ཏེ། དེའང་ཟག་བཅས་ཀྱི་གསུམ་ནི། ལྟ་བ་སྤྱིའི་ཚུལ་དུ་རྟོགས་པ་རྒྱུ། དེ་ཏིང་ནས་སྤྲོས་པ་མན་ཆད་རྐྱེན། ཚོགས་སྒྲུབ་འབྲས་བུའོ། །ཟག་མེད་ཀྱི་གསུམ་ནི། ཚེ་རྣམ་གཉིས་རྒྱུ། ཕྱག་ཆེན་རྐྱེན། ལྷུན་གྲུབ་རིག་འཛིན་འབྲས་བུའོ། །དེ་བས་ན་སྤྱི་ཡི་རྒྱུ་རྐྱེན་འབྲས་གསུམ་ནི། རྒྱུ་ཤེས་པ་ལྟ་བ། རྐྱེན་འཇུག་པ་དེ་ཉིད་ནས་ཚོགས་སྒྲུབ་མན་ཆད། འབྲས་བུ་མཐར་ཕྱིན་པ་རིག་འཛིན་དང་སངས་རྒྱས་ཡིན་པར་ཤེས་པར་བྱ་ཞིང་། བྱེ་བྲག་རིག་འཛིན་བཞིའི་རྒྱུ་རྐྱེན་འབྲས་གསུམ་ཤེས་པར་བྱའོ། །བཞི་པ་མ་རྟོགས་པའི་སྐྱོན་ལ་གཉིས། དང་པོ་མ་རྟོགས་པའི་སྐྱོན་དངོས་ནི། གོང་བསྟན་ལྟར་ལྟ་བ་གང་གི་དོན་བཤད་པ་ལྟར་མ་རྟོགས་པའི་བློ་ངན་པ་སྟེ་ཤེས་རབ་ཆུང་བ་རྣམས་གཞི་དོན་མཉམ་པར་མ་རྟོགས་པ་ཚིག་བཟང་པོ་ལ་ཁུངས་ཕྱུང་ནས་ལྟ་བ་མ་རྟོགས་ཏེ་གདོད་བྱ་ལོངས་ཡོད་སྙམ་པ་དམན་པའི་ལེ་ལོ་དང་སྤྱོད་པ་རང་ཁ་མར་ཤོར་བ་སྙོམ་ལས་གཉིས་བྱས་ནས་རང་གཞན་གྱི་དོན་མ་གྲུབ་པར་ངན་སོང་དུ་འགྲོ་བའི་སྐྱོན་ཡོད་པ་དེ་བས་ན་སེམས་ཉིད་ཀྱི་དོན་འཁོར་འདས་མཉམ་པ་ཉིད་མ་རྟོགས་ན་ཚིག་གི་སྒོ་ནས་འཁོར་འདས་མཉམ་པ་ཉིད་ཡིན་པས་ན་ཞེས་བརྗོད་པ་ཡིས་འཚང་མི་རྒྱའོ། །གཉིས་པ་དེ་ནས་རྟོགས་པའི་ཐབས་ལ་འབད་པར་གདམས་པ་ནི། སྐྱོན་འདུག་པ་དེ་བས་དོན་དང་ཚིག་ལྡན་པར་བྱོས་ཤེས་ཞེས་སོ། །འོན་ཏང་གོ་བ་ལ་དོན་མེད་དམ་སྙམ་ན་ཐེ་ཚོམ་མེད་པས་གོ་ན་མཐར་ཐུག་འབྲས་བུ་འགྲུབ་པའམ་ཡང་ན་ཚིག་ལ་དོན་མེད་དམ་ཞེ་ན་མ་ཡིན་ཏེ་ཚིག་ལ་བརྟེན་ནས་དད་མོས་བྱས་ན་འབྲས་བུ་ཐེ་ཚོམ་མེད་པར་འགྲུབ་བོ་ཞེས་བྱའོ། །སྤྱི་དོན་གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་གཉིས་ཏེ། དང་པོ་མདོར་བསྟན་ནི། འབྲས་བུ་སྒྲུབ་པར་བྱེད་པའི་རྐྱེན་འཇུག་པའི་མཚན་ཉིད་ལ། བསྒོམ་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་དང་། ལྟ་བསྒོམ་བོགས་འདོན་གྱི་སྤྱོད་པ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། བསྒོམ་པ་དང་། སྤྱོད་པའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན་ནི། བསྒོམ་པའི་རྣལ་འབྱོར་ལ་རྐྱེན་འཇུག་པའི་མཚན་ཉིད་ལ་ཡང་། དེ་ཏིང་། ཀུན་སྣང་། རྒྱ་གཅིག །སྤྲོས་པ། ཚོགས་སྒྲུབ་རྣམ་པ་ལྔ་ཡོད་པ་སྟེ། གཉིས་པ་རྒྱས་བཤད་ལ་གསུམ། ཚོགས་ལམ་རྣལ་འབྱོར་བཞི་སྦྱོར་ལམ་ཚོགས་སྒྲུབ་དང་ལྔའི་ལམ་འགྲོད་ཚུལ་རྒྱས་པར་བསྟན་པ་དང་། དེ་ལྔའི་སྐབས་ན་ལས་རྐྱེན་གྱི་འཆི་ལྟས་བྱུང་ན་འཕོ་བ་བསྒོམ་ཚུལ་དང་། ལྟ་སྒོམ་གཉིས་ཀྱི་སྐབས་ན་རྒྱུ་རྐྱེན་འབྲས་གསུམ་དང་ལྡན་ཞིང་རེ་རེ་ལའང་དགོས་ཆེད་གཉིས་གཉིས་ཡོད་ཅིང་རིམ་ཅིག་ཆར་གྱི་སྒོ་ནས་འབྲས་བུ་ལ་སྦྱོར་དགོས་པར་བསྟན་པའོ། །དང་པོ་ལ་ལྔ་ཡོད་པ་ལས། རྒྱུ་རྐྱེན་འབྲས་གསུམ་དྲིལ་བ་གསུམ་སྟེ། ཟག་བཅས་ལམ་གྱི་རྒྱུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། རྒྱུ་འབྲས་མཚམས་སྦྱོར་བའི་རྐྱེན་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། ཟག་བཅས་ཀྱི་འབྲས་བུ་བསྟན་པའོ། །དང་པོ་ལ་བཞི་སྟེ། དང་པོ་ལམ་གྱི་རྒྱུ་ཡིན་པས་དང་པོར་བསྒོམ་དགོས་པར་བསྟན་པ་ནི། དབྱིངས་ཡེ་གཉིས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་སྟེ་འཕགས་པའི་དཀོར་ནོར་བདུན་པོའི་དངོས་པོ་དེ་ཉིད་ནི་རང་རིག་པ་སེམས་ཉིད་བཅོས་སླད་དང་བྲལ་བའི་དོན་དམ་པ་ནི་ཤེས་བྱ་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར། དབུ་མ་པའི་དོན་དམ་ལས་ལྷག་པ་ནི་གསང་སྔགས་པའི་རྒྱུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དེ་ཉིད་ཡིན་ཏེ། དེའང་ལམ་གྱི་ཐོག་མར་ཚོགས་ལམ་དང་པོར་བསྒོམ་མོ། །གཉིས་པ་དེ་ཏིང་རང་གི་སེམས་ཀྱི་བཞག་ཐབས་ནི། དེའང་བསྒོམ་ཚུལ་ནི་བསམ་བྱ་ཡི་ཆོས་ཉིད་ཅེས་བྱ་བ་ཞིག་བློས་དམིགས་ནས་བསམ་པར་མི་བྱ་སྟེ། འོ་ན་མི་བསམ་པར་ཡིན་ནོ་བར་སྙམ་པ་ཡང་བློས་མི་བསམ་མོ། །ཅིའི་ཕྱིར་ན་དེ་ཀ་རང་བློ་ཡིན་པའི་ཕྱིར་རོ། །དེ་བས་བསམ་བྱ་བསམ་བྱེད་ཀྱི་འདུ་ཤེས་ཀྱི་འཛིན་པ་ཀུན་དང་བྲལ་བར་བསྒོམ་པ་ནི་ཏིང་ངེ་འཛིན་གྱི་མཆོག་ཡིན་ནོ། །གསུམ་པ་སྐྱོན་བཅོས་ཐབས་ནི། གོང་གི་དེ་བས་ན་རང་གི་སེམས་ཉིད་གསལ་སྟོང་ཟུང་འཇུག་རྟོགས་པར་བྱས་པ་ནི་གལ་ཆེ་བ་ཡིན་ཏེ། ལམ་ཆེན་ལས་བཤད་ལྟར་ལེ་ལོ་ལ་སོགས་གཡེང་བ་ཐམས་ཅད་ཡོངས་སུ་སྤངས་ལ། གང་ཟག་གི་ང་དང་ཆོས་ཀྱི་བདག་མེད་པའི་དོན་ལ་མཉམ་པར་མི་འདའ་བར་བསྲུང་ཞིང་གསལ་སྟོང་མཉམ་པའི་དམ་ཚིག་དང་འབྲལ་བར་མི་བྱའོ། །བཞི་པ་ངོ་བོའི་ཐོག་ལ་ཕེབ་པའི་ཚད་བསྟན་པ་ནི། ཡིད་ཀྱི་ཤེས་པས་གསལ་ཆའི་བྱེ་བྲག་ཕྱེད་པ་དེ་བཞིན་ཉིད་ཀྱི་ངང་དུ་དམིགས་པས་གཏད་བྱའི་ཡུལ་དང་བྲལ་བ་གསལ་སྟོང་ཟུང་འཇུག་ཏུ་ངོ་འཕྲོད་ཅིང་བསྒོམ་པ་ནི་ལྟ་ཅི་སྨོས། རྣམ་ཤེས་ཚོགས་བརྒྱད་ཀྱི་སྤྱོད་ཡུལ་གྱི་འཆར་སྒོ་རྣམས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྱུར་པས་ན། ཚོགས་དྲུག་གི་འཆར་སྒོ་སྣང་བ་རྣམས་དུས་གཅིག་ཏུ་གསལ་སྟོང་ཟུང་འཇུག་ཏུ་ཤར་བ་དེ་ཡི་ཕྱིར་ཤེས་བྱ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་ཐབས་ཀྱི་རྒྱུའི་བསྒོམ་པ་ཡིན་ནོ། །གཉིས་པ་རྐྱེན་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་གཉིས། དང་པོ་རྒྱུ་འབྲས་མཚམས་སྦྱོར་གྱི་རྐྱེན་ཡིན་པའི་རྒྱུ་མཚན་བསྟན་པ་ནི། དང་པོ་དེ་ལྟར་རྒྱུ་དེ་བཞིན་ཉིད་ལ་བརྟན་པ་ཐོབ་པ་དེ་ཡིས། རྒྱུ་དེ་ཏིང་དང་། འབྲས་བུ་ཕྱག་རྒྱ་གཅིག་སྤྲོས་གཉིས་ཐ་དད་དུ་མི་གཏང་བའི་ཕྱིར་རྒྱུ་འབྲས་མཚམས་སྦྱོར་གྱི་རྐྱེན་ཀུན་སྣང་ཏིང་འཛིན་བསྒོམ་པར་བྱའོ། །གཉིས་པ་ཀུན་སྣང་གི་ངོ་བོ་ལ་ཕྱག་རྒྱ་སྒྱུ་མ་འདིར་བསྒོམ་པའི་སྐབས་མིན་པར་བསྟན་པ་ནི། ཀུན་ཏིང་དེ་ལ་ཡང་གཉིས་ཡོད་པ་ཡིན་ཏེ། གང་ཞེ་ན། ཕྱག་རྒྱ་སྒྱུ་མ་དང་། དངོས་པོ་སྒྱུ་མ་གཉིས་ལས། ཕྱག་རྒྱ་སྒྱུ་མ་ནི་ཀུན་ཏིང་གི་སྐབས་འདིར་ཤེས་མོད་ཀྱང་དངོས་སུ་སྒོམ་པའི་དུས་མིན་པའི་ཕྱིར་ན་མི་བསྒོམ་ལ། དངོས་པོ་སྒྱུ་མར་བསྒོམ་པའི་ཐབས་ཡུལ་བྲལ་གྱི་སྙིང་རྗེ་འདི་ནི་འོག་མའི་སྙིང་རྗེ་ལས་དཔགས་ཤིང་སྐྱབས་ཀྱི་ཡུལ་དུ་གྱུར་པས་དེ་ལ་ཞེན་པར་གདམས་པ་དང་། ཕྱག་རྒྱ་སྒྱུ་མ་ལས་དགར་བས་གཅིག་ཤོས་དངོས་པོ་སྒྱུ་མ་བསྒོམ་པ་ནི་རང་རིག་པའི་ངོ་བོ་ལ། འབྲས་བུ་སྡུག་བསྔལ་དང་རྒྱུ་ཉོན་མོངས་པ་རྣམས་ངང་གིས་རང་རྒྱུད་དུ་གྲུབ་པ་མེད་དེ་དངོས་པོ་ཕྱི་ནང་གི་སྣང་བ་ཀུན་ཏུ་རིག་པ་རང་གསལ་བའི་ཡེ་ཤེས་ཀྱི་ངང་ལ་སྙིང་རྗེ་སྐྱེ་བྱའི་ཡུལ་དང་། སྐྱེ་བྱེད་ཀྱི་མཁན་པོ་གཉིས་སུ་མེད་པའི་དོན་གྱི་གནས་ལུགས་རྟོགས་ཤིང་བསྒོམ་པས་ན་མཚན་ཉིད་ཐེག་པས་མས་བུ་ལ་གདུང་བ་དང་འདྲ་བའི་སྙིང་རྗེ་ལས་མཆོག་མ་ཧཱ་ཡོ་གའི་གཉིས་མེད་ཀྱི་ངང་དུ་སེམས་ཅན་ཡོངས་སུ་གྲོལ་བའི་ལས་དེ་ཉིད་ཀྱི་ནི་སྐྱབས་ཀྱིས་ཕུལ་དུ་བྱུང་བའི་ཡུལ་བྲལ་གཉིས་མེད་ཀྱི་སྙིང་རྗེ་དེ་ལྟ་བས་མཐོང་ནས་སྒོམ་པས་དེ་ལ་ཞེན་པ་དེ་ཡ་མ་བྲལ་བར་བསྒོམ་པར་བྱའོ། །དེ་ལྟར་ལྟ་བས་མཐོང་ཞིང་ཏིང་འཛིན་གོམས་པ་སུ་ཡོད་པ་ལ་གོང་མའི་དོན་འབྱུང་སྟེ། དེའང་རྒྱུ་རྐྱེན་གཉིས་ཀྱི་དོན་དང་ལྡན་པ་ལ་གསུམ་པ་འབྲས་བུ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་སྐྱེ་བ་འབྱུང་ངོ་། །གསུམ་པ་ཟག་བཅས་ཀྱི་འབྲས་བུ་བསྟན་པ་ལ་གཉིས། འབྲས་བུའི་ཏིང་ངེ་འཛིན་བསྒོམ་པ་དང་། དེ་སྒྲུབ་པའི་ཐབས་སོ། །དང་པོ་ལ་གཉིས། རྐྱེན་ཀུན་སྣང་ལ་བརྟན་པ་ཐོབ་ནས་འབྲས་བུ་གྲུབ་ཚུལ་བསྟན་པ་ནི། ཀུན་སྣང་དེ་ལ་བརྟན་པ་ཐོབ་པས་འབྲས་བུ་ཕྱག་རྒྱ་གཅིག་སྤྲོས་ཀྱི་དོན་རྣམས་གྲུབ་པའི་ཕྱིར། གཉིས་པ་དེ་ཉིད་བསྒོམ་ཚུལ་ལ་གཉིས། མདོར་བསྟན་པ་ནི། དེ་ནས་འབྲས་བུ་ཕྱག་རྒྱ་གཅིག་པ་དང་སྤྲོས་པའི་ཏིང་འཛིན་གྱི་རིམ་པ་རྣམས་གོ་རིམ་བཞིན་དུ་བསྒོམ་དགོས་ཏེ། དེ་ཡང་སེམས་ཉིད་རིག་པ་རང་ཡི་གེ་རུ་གསལ་བ་དང་ཕྱག་རྒྱ་སྟེ་ཕྱག་མཚན་དུ་གསལ་བ་དང་། སྐུ་ཡི་ངོ་བོར་གསལ་བའང་རིག་པ་རང་སྣང་བའི་ཕྱིར་དང་། འབྲས་བུ་ཕྱག་རྒྱ་གཅིག་པ་དང་སྒྲོས་པ་བསྒོམ་པའང་འོག་ནས་འབྱུང་བ་ནི་འདི་ལྟར་ཏེ། གཉིས་པ་བསྒོམ་ཐབས་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། དང་པོ་ལ་ཕྱག་རྒྱ་གཅིག་པ་སྒོམ་ཐབས་དང་། དེ་ནས་སྤྲོས་པ་སྒོམ་ཐབས་སོ། །དང་པོ་ལ་གསུམ་སྟེ། དང་པོ་ཞི་བ་ཕྱག་རྒྱ་གཅིག་པ་སྒོམ་ཐབས་ནི། སྔོན་དེ་ཏིང་དང་ཀུན་ཏིང་གི་རྗེས་སུའམ། སྔོན་མདོར་བསྟན་གྱི་རྗེས་སུ་ཕྱག་རྒྱ་གཅིག་པ་ལ་བསྒོམ་པར་བྱས་ནས། ཞེས་སྤྱིར་བསྟན། བྱེ་བྲག་སྒོམ་ཚུལ་རྣལ་འབྱོར་རང་གི་རིག་པ་ལ་ངོ་བོ་དབྱིབས་རང་རྒྱུད་དམ་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་ལས་འདིར་ཡིག་འབྲུ་དང་ཁ་དོག་ཕྱོགས་གཅིག་ཏུ་གྲུབ་པ་མེད་པའི་རང་མདངས་ཀྱི་ཁ་དོག་ནི་རིགས་ལྔ་གང་རུང་གི་ཁ་དོག་དང་ཡིག་འབྲུ་ཉིད་དམ། འདིར་ཐུགས་ཀྱིས་གཙོར་བྱས་པའི་དབང་དུ་ཧཱུྃ་བསྒོམ་པ་སྟེ། དེ་ལ་ཁ་དོག་རང་རྒྱུད་པ་མེད་བཞིན་དུ་སྔོ་ཞེས་སྔོན་པོ་དབྱིབས་རང་རྒྱུད་དུ་གྲུབ་པ་མེད་པའི་ཐུགས་ཀྱི་ཡིག་འབྲུ་ཧཱུྃ་རང་རིག་ཏུ་ཤར་བ་ལ་བརྟན་པ་ཐོབ་ནས་ཕྱག་རྒྱ་སྟེ་ཐུགས་ཕྱག་མཚན་དང་སྐུ་ཕྲ་མོ་གཉིས་རིམ་བཞིན་དུ་བརྟན་པར་བྱའོ། །མཐར་སྐུ་ཕྲ་མོ་ཡོངས་སུ་འགྱུར་བ་ལས་སྐུ་ཕྱག་རྒྱ་ཆེན་པོ་ཞལ་གཅིག་པ་ནི་དོན་རང་བྱུང་གི་ཡེ་ཤེས་དང་ལྡན་པའི་རྟགས་སོ། །ཕྱག་གཉིས་ཐབས་དང་ཤེས་རབ་རྟགས་སོ། །ཡན་ལག་ལྷག་པའི་ལྷ་དགུ་དང་བཅས་པ་ཚང་བར་བྱས་ནས་དམ་ཚིག་པ་བསྐྱེད་ལ། ཡེ་ཤེས་པ་རང་བཞིན་གྱི་གནས་ནས་སྙན་གསན་ཕབ། སྤྱན་དྲངས། མཆོད་པ་འབུལ། བསྟོད་པ་བཟླས་པ་དང་བཅས་པ་དཀྱིལ་ཆོག་ལྟར་བྱ། ཞལ་གཅིག་ཕྱག་གཉིས་དེ་ལ་གོམས་ནས་རྣམ་ཐར་གསུམ་དང་ལྡན་པའི་རྟགས་ཞལ་གསུམ་ཡེ་ཤེས་དྲུག་དང་ལྡན་པའི་རྟགས་ཕྱག་དྲུག་བསྒོམ་པ་ལའང་ཕྲིན་ལས་ཀྱི་རིམ་པ་གོང་གི་དེ་བཞིན་ནོ། །གཉིས་པ་ཁྲོ་བོ་སྒོམ་ཐབས་ནི། ཡང་ན་ཁྲོ་བོར་མོས་པས་ན་ཁྲོས་པ་ཁྲོ་བོར་བསྒོམ་པ། དེ་ཡང་ཞི་བ་ཕྱག་རྒྱ་གཅིག་པ་དེ་ཡི་ཚུལ་བཞིན་དུ་བྱའོ། །གསུམ་པ་སྤྱོད་ལམ་ལྷ་ཡི་དལ་དུ་ཁྱེར་ཐབས་ནི། དེ་དག་བསྒོམ་པའི་དུས་སུ་སྤྱོད་ཡུལ་ཚོགས་དྲུག་གི་སྣང་བ་དེ་ཉིད་ལྷའི་སྐུ་ཕྱག་རྒྱར་གསལ་ཞིང་སྒོ་གསུམ་དེ་ལས་མི་འདའ་བར་བསྡོམས་ནས་བསྒོམ་མོ། །གཉིས་པ་སྤྲོས་པ་ལ་གཉིས། དང་པོ་རིམ་པར་བསྐྱེད་ཅིང་སྤྲོ་ལུགས་བསྟན་པ་ནི། ཕྱག་རྒྱ་གཅིག་པ་ལ་བརྟན་པ་ཐོབ་ནས་ལྷ་དུ་མར་སྤྲོས་པའི་རྣལ་འབྱོར་བསྒོམ་པ་ལ། ཞི་ཁྲོ་གང་ལའང་སྔོན་རྒྱ་གཅིག་སྐབས་སུ་ཞི་ཁྲོ་བསྒོམ་པ་ལ་གཞི་བྱས་པའི། ཞལ་ཕྱག་གི་གྲངས་སྤྲོས་པ་དང་ཕྱག་རྒྱའི་གྲངས་སྤྲོས་པའོ། །གཉིས་པ་གང་སྤྲོ་བ་ལ་གཉིས། དང་པོ་ཞལ་ཕྱག་སྤྲོས་པ་ལ་དབུ་གསུམ་ཕྱག་དྲུག་དང་། དེ་ནས་དབུ་ལྔ་དང་ཕྱག་བཅུ། དེ་ནས་དབུ་དགུ་དང་ཕྱག་བཅོ་བརྒྱད་དང་། དེ་ནས་དབུ་ཉི་ཤུ་རྩ་གཅིག་ཕྱག་ཞེ་གཉིས། དེ་ནས་དབུ་བ རྒྱ་ཕྱག་བརྒྱད་བརྒྱ་ལ་སོགས་ཞལ་ཕྱག་གྲངས་མེད་ཀྱི་བར་དུ་སྤྲོ་བ་དང་། གཉིས་པ་ཕྱག་རྒྱའི་རྣམ་གྲངས་སྤྲོས་པ་ལ་གཉིས། དང་པོ་སྤྲོ་ཚུལ་ནི། རིགས་གསུམ་སྤྲོས་པ་དང་། དེ་ནས་རིགས་ལྔ་དང་དེ་ནས་བཞི་བཅུ་རྩ་གཉིས་དང་། དེ་ནས་བཞི་བཅུ་རྩ་གཉིས་རིགས་གཅིག་ཡབ་ཡུམ་ལ་བཀོད་པ་དང་། དེ་ནས་རིགས་ལྔ་ཡབ་ཡུམ་ལ་བཀོད་ནས་སྤྲོས་སམ། ཡང་ན་བློ་ཆུང་ན་ཚོམ་བུའི་གྲངས་གཅིག་གསུམ་ལྔའི་རིམ་པ་བཞིན་བསླབ་ཅིང་སྤྲོས་ནས་བྱིན་གྱིས་བརླབས་སོ། །གཉིས་པ་མཐར་རྫོགས་ཚུལ་བསྟན་པ་ནི། དེ་དག་ལ་རིམ་པར་གོམས་ནས་བརྟན་པ་ཐོབ་པས་ན་ཕྱིས་ལྷ་བསྒོམ་པ་ལ་དཔེར་ན་ཆུ་ལས་ཉ་ལྡང་བའི་ཚུལ་དང་། སྐད་ཅིག་གིས་སྔགས་བརྗོད་པས་ན་ལྷ་ཚོགས་རྣམས་ཀྱི་སྐུ་འོད་དུ་འབར་བ་ལྷ་སྟོང་གི་དཀྱིལ་འཁོར་མན་ཆད་དུ་རང་རིག་པའི་མངོན་སུམ་གསལ་ཞིང་ཤར་བ་ནི་མཐར་ཕྱིན་པའི་ཚད་ཡིན་པའོ། །གཉིས་པ་དེ་སྒྲུབ་པའི་ཐབས་ལ་གསུམ་སྟེ། དང་པོ་སྒྲུབ་པའི་ཐབས་དངོས་བསྟན་པ་ནི། རྣལ་འབྱོར་པ་རབ་ཀྱིས་ལྷ་སྟོང་དང་ཁྲི་ཙམ་གསལ་ན་བསྒྲུབ་ཏུ་རུང་བ་ནི་ཅི་སྨོས་དགོས་ཏེ། ཐ་མས་ཚོམ་བུ་གཅིག་གསུམ་ལྔ་པའི་ལྷ་ལའང་ཤིན་ཏུ་བརྟན་ནས་གསལ་ན་བསྒྲུབ་ཏུ་རུང་སྟེ་གནས་སྐོར་ཁང་སུམ་རིམ་དང་ལྡན་པར་བྱས་ནས། ལྟ་སྒོམ་གྱི་ངང་ནས་བྲོ་གར་གྱི་ཡོ་བྱད་དང་། གླུ་ཚིག་སྒྲ། རྒྱན་བགོ་བ། བཟའ་བ་དང་བཏུང་བ། གསང་བ་ཨཱ་ལི་ཀཱ་ལིའི་ཡོ་བྱད་ལྔ་ལ་སོགས་པའི་ཚོགས་ཀྱི་སྤྱོད་པ་རྣམས་དང་ལྡན་པར་བྱས་ཏེ། དེའང་བསྙེན་པ་དང་ཉེ་བའི་བསྙེན་པ། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་བཞིའི་སྒོ་ནས་སྒྲུབ་པ་ལ་སྤྲོས་པ་མཐར་ཕྱིན་པའི་དུས་ཀྱི་ཚོགས་སྒྲུབ་ལ་སྦྱར་ནས་བསྒྲུབ་པའོ། །གཉིས་པ་བསྒྲུབ་པའི་དུས་ཉེ་རིང་གི་རྒྱུ་མཚན་བསྟན་པ་ནི། དེའང་ཡང་རབ་རབ་ཀྱིས་ཟླ་བ་དྲུག་འབྲིང་གིས་ཟླ་བ་བཅུ་གཉིས། མཐའ་ལྟག་གིས་ཟླ་བ་བཅུ་བཞི། མཐའ་མས་ཟླ་བ་བཅུ་དྲུག་གི་མཐའ་མར་འབྲས་བུ་གྲུབ་སྟེ། དེའང་དུས་ལ་ཉེ་རིང་ཡོད་པའི་ཁྱད་པར། ཁམས་༡བཟང་ངན་དང་། བརྩོན་འགྲུས་༢དྲག་ཞན། ཤེས་རབ་༣ཆེ་ཆུང་དང་། ཏིང་ངེ་འཛིན་༤ནུས་པ་ཆེ་ཆུང་ངམ་གསལ་མི་གསལ་གྱི་ཁྱད་པར་རབ་འབྲིང་ཐ་མའམ་མཐའ་སྟེ་དེ་བཞིར་ཕྱེ་བས་ཡིན་གྱི། འབྲས་བུ་ཐོབ་པའི་ངོ་བོ་ལ་ཁྱད་པར་མེད་དོ། །གསུམ་པ་བསྒྲུབ་པའི་འབྲས་བུ་བསྟན་པ་དེ་ལ་གཉིས་ཏེ། དང་པོ་འབྲས་བུའི་ངོ་བོ་དངོས་ནི། གོང་གི་སྒྲུབ་པ་མཐར་ཕྱིན་པའི་དུས་དེར་ལས་ཀྱི་རྣམ་སྨིན་ལས་བྱུང་བའི་འབྱུང་བཞི་འདུས་པའི་ལུས་དེ་ཉིད་རིག་པ་རང་སྣང་དུ་གྱུར་ནས་སྐྱེ་འཆི་མེད་པ་རྡོ་རྗེའི་རིགས་སུའམ་ལུས་སུ་གྱུར་ནས་ཚེ་ལ་དབང་བསྒྱུར་རིག་འཛིན་ལ་སྦྱོར་ནས། འཁོར་བ་དང་ངན་སོང་ལས་ཕྱིར་མི་ལྡོག་པའི་ས་ལ་ངེས་པར་མཐར་ཕྱིན་པའོ། །གཉིས་པ་ཚེ་དབང་གཞན་ལས་འདི་ཉིད་དཔགས་ཚུལ་ནི། ཤེས་རབ་ལྟ་བ་རྟོགས་པ་དང་བསྒོམ་པ་ཏིང་འཛིན་དང་ལྡན་པ་མིན་པ་ཡི་སྨན་གྱི་ཚེ་དབང་དང་། སྔགས་ཀྱི་ཚེ་དབང་དང་ལ་སོགས་པའི་ཁོང་དུ་རླུང་བསྒོམ་པ་དང་། ཐིག་ལེ་བསྒོམ་པ་ལ་སོགས་པའི་སྒོ་ནས་ཚེ་དབང་ཐོབ་པ་ལས་འདིར་ལམ་མཆོག་རྫོགས་པ་ཆེན་པོའི་ཚེ་དབང་རིག་འཛིན་འཕགས་པའོ། །གཉིས་པ་དེ་ལྔའི་སྐབས་ལས་རྐྱེན་གྱི་འཆི་ལྟས་བྱུང་ན་འཕོ་བ་བསྒོམ་ཚུལ་ནི། འཁོར་བར་ལྡོག་པ་དང་བཅས་པ་ཚོགས་ལམ་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོགས་སྒྲུབ་ཉིད་དུ་སྐྱེ་ཤི་མེད་པར་རྡོ་རྗེའི་ལུས་སུ་མ་གྲུབ་པར་འཆི་བའི་རྐྱེན་གྱི་ལས་ཀྱིས་འབྱུང་བཞིའི་ལུས་འཇིག་པར་གྱུར་ན། དབང་པོ་དྲུག་གི་སྤྱོད་ཡུལ་ལ་འགྱུར་བའི་ཚེ་ན་དེ་ཏིང་ལ་སོགས་པ་རང་རང་གི་བསྒོམ་པའི་རྣལ་འབྱོར་གསལ་བར་བྱས་ཤིང་། ཏིང་ངེ་འཛིན་སྟོབས་ཆེ་བས་སྔོན་གྱི་ལས་ངན་པའི་རྒྱུན་གཅོད་པའི་ཏིང་འཛིན་ཟིན་ནས་འདས་ན། སྔོན་གསང་སྔགས་ལ་མོས་ནས་བསྒོམས་པའི་འབྲེལ་པ་ཡི་སྟོབས་ཀྱིས་བདེ་བར་གཤེགས་པ་སྤྲུལ་སྐུ་འཇིག་རྟེན་དུ་བྱོན་ནས་སྔགས་ཀྱི་ཐེག་པ་གསུངས་པ་དང་དུས་གནས་བཀོལ་བར་མི་འགྱུར་ཏེ། དེའི་བསྟན་ལ་ཞུགས་པའི་བཤེས་གཉེན་དམ་པ་ཞལ་མཐོང་ནས། ཡང་དག་པའི་མཐར་ལམ་ལ་སྦྱོར་རོ། །གསུམ་པ་ལྟ་སྒོམ་གཉིས་ཀྱི་སྐབས་ལ་རྒྱུ་རྐྱེན་འབྲས་གསུམ་དང་ལྡན་ཞིང་རེ་རེ་ལའང་དགོས་ཆེད་གཉིས་གཉིས་ཡོད་ཅིང་རིམ་ཅིག་ཆར་གྱི་སྒོ་ནས་འབྲས་བུ་ལ་སྦྱོར་དགོས་པར་བསྟན་པ་ནི། མདོར་ན་རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པ་ཏིང་འཛིན་ལྔ་སྟེ་དྲུག་ལ་ཡང་། གནས་སྐབས་ཀྱི་སྒོ་ནས་རྒྱུ་ལྟ་བ་དང་། རྐྱེན་དེ་ཏིང་ནས་སྤྲོས་པ་མན་ཆད་དང་། འབྲས་བུ་ཚོགས་གྲུབ་དང་གསུམ་ལ་ལྡན་ནོ། །རྒྱུ་དེ་དང་རྐྱེན་དེར་དང་འབྲས་བུ་དེར་ཡང་གསུམ་པོ་རེ་རེ་ལའང་། གཞན་སེལ་དང་དོན་གཉེར་གྱི་དགོས་ཆེད་གཉིས་གཉིས། བློ་ཆེ་ཆུང་གི་སྒོ་ནས་འཇུག་ཚུལ་གཉིས་ཀྱིས་རང་རང་གི་དོན་ལ་སྦྱོར་བར་བྱེད་དོ། །གཉིས་པ་སྤྱོད་པ་ལའས་གཉིས་ཏེ། དང་པོ་སྤྱོད་པ་རྒྱུན་གྱི་ཚོགས་བསགས་པས་གཞན་གྱི་དོན་སྒྲུབ་ཚུལ་མདོར་བསྟན་པ་ནི། ལྟ་སྒོམ་ལས་སུ་རུང་བར་བྱེད་པ་ལ་སྤྱོད་པ་དུས་རྒྱུན་ཆད་མེད་པར་སྤྱོད་ལམ་གྱི་སྒོ་ནས་ཚོགས་བསགས་པའི་ཕྱིར་རྣལ་འབྱོར་པ་བདག་དོན་དང་གདུལ་བྱ་གཞན་དོན་བསྒྲུབ་པར་བྱ་བ་ཡི་དོན་དུ་སྤྱོད་དགོས་སོ། །གཉིས་པ་བྱེ་བྲག་ཕྱེ་སྟེ་དེ་ལ་བཤད་པ་དྲུག །དང་པོ་སྤྱོད་པའི་ངོ་བོ་ལ་གཉིས། དང་པོ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྒྲུབ་པ་ལ་བདག་དོན་དུ་ཏིང་ངེ་འཛིན་དང་མཐུན་པའི་སྤྱོད་པ་ནི། བདག་དོན་ལ་ཟག་ལྡོག་གཉིས་ཀ་ཡོད་པའི་ཚོགས་ལམ་བཞི་དང་། ཟག་པ་ཡོད་ལ་ལྡོག་པ་མེད་པ་སྦྱོར་ལམ་ནས་མཐོང་ལམ་ལ་སློབ་པར་བྱེད་པའི་ཐབས་ལ་སྤྱོད་པར་བྱེད་པ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བཅུ་ཉམས་སུ་བླངས་ཤིང་འབྲས་བུ་མཐར་འབྱིན་པའི་ཐབས་བྱེད་པའོ། །དེའང་ཚོགས་ལམ་རྣལ་འབྱོར་བཞིའི་དང་པོ་དེ་ཏིང་གི་སྐབས་སུ་བདག་གི་དོན་བྱ་བའི་ཕྱིར་དུ། བསྒོམ་བྱ་སྒོམ་བྱེད་གཉིས་མི་དམིགས་པའི་ཚུལ་གྱིས་དམིགས་པ་མེད་པའི་ངང་ལ་སྤྱོད་པ་དང་། གཉིས་པ་ཀུན་ཏིང་གི་སྐབས་སུ་ཚད་མེད་པ་བཞི་ཡི་ངང་ལ་རོལ་ཅིང་སྤྱོད་པ་དང་། གསུམ་པ་རྒྱ་གཅིག་གི་སྐབས་སུ་རྣལ་འབྱོར་ཕྱོགས་གཅིག་པ་སྟེ་ཡི་གེ་ནས་བཟུང་སྟེ་ལྷ་དགུ་ཉིད་བཅུའི་ངང་ལ་འབད་ཅིང་སྤྱོད་པ་དང་། བཞི་པ་རྒྱ་སྤྲོས་ལའང་རྣལ་འབྱོར་ལྷ་དུ་མ་སྤྲོས་པའི་ངང་ལ་སྤྱོད་པ་དང་། ལྔ་པ་ཚོགས་སྒྲུབ་ཀྱི་སྐབས་སུ་སྤྲོས་པ་མཐར་ཕྱིན་པའི་དུས་ཀྱི་ཚོམ་བུ་གཅིག་གསུམ་ལྔ་པའི་ཚོགས་སྒྲུབ་པའི་དུས་སུ་ཡོ་བྱད་ལྔ་ལ་རོལ་ཅིང་ལོངས་སྤྱོད་པའོ། །གཉིས་པ་གཞན་དོན་གྱི་སྤྱོད་པ་བྱེད་ལུགས་ནི། གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར། དེ་ཏིང་ལ་སོགས་པ་སོ་སོའི་རྣལ་འབྱོར་བསྒོམ་པའི་དུས་སུ་གཞན་གྱི་དོན་བྱེད་པ་ཅི་སྨོས་ཏེ་དང་པོ་དེ་ཏིང་སྐབས་ནས་བཟུང་སྟེ། རྒྱུད་དོན་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བཅུ་གཞན་ལ་སྟོན་ཅིང་གདུལ་བྱ་ལམ་ལ་བཀྲི་བར་བྱེད་དོ། །གཉིས་པ་ལམ་གྱིས་ཚད་མཐོ་དམན་གྱིས་ཕྱེ་བས་སྤྱོད་པ་ལ་ཁྱད་པར་ཡོད་ཚུལ་ལ་གསུམ་སྟེ། དང་པོ་མོས་ནུས་ཀྱི་ཁྱད་པར་ནི། ལམ་གོང་འོག་གི་སྤྱོད་པའི་ཁྱད་པར། དེ་ཏིང་ཀུན་སྣང་རྒྱ་གཅིག་སྤྲོས་དང་ཚོགས་སྒྲུབ་དང་ལྔ་ལ་རིམ་པ་བཞིན་དུ། ལམ་འོག་མ་རྣམས་ཀྱིས་ལམ་གོང་མ་རྣམས་ཀྱི་སྤྱོད་པ་རྣམས་ལ་མོས་པས་སློབ་ཅིང་། ལམ་རང་རང་གཏིང་འཛིན་དང་མཐུན་པའི་སྤྱོད་པ་དངོས་སུ་ནུས་པས་སྤྱོད་ལ། དེའང་ཕྱོགས་རེའི་སྒོ་ནས་བདག་དོན་དང་གཞན་དོན་གཉིས་ཀ་གང་ཡང་སྤྱོད་པ་མིན་ལ། ཕྱོགས་མེད་བདག་གཞན་གཉིས་ཀ་གྲོལ་བར་བྱ་བའི་དོན་དུ་སྤྱོད་དོ། །གཉིས་པ་དབང་བསྒྱུར་ཐབས་ཀྱི་སྤྱོད་པའི་ཁྱད་པར་ནི། རང་གི་ཏིང་ངེ་འཛིན་དང་མཐུན་པའི་ངང་ལ་ཐམས་ཅད་མ་སྤངས་པར་དབང་བསྒྱུར་གསང་སྔགས་ཐབས་ཀྱི་སྤྱོད་པ་ཙམ་དུ་འདྲ་ཡང་། རྣལ་འབྱོར་ཏིང་འཛིན་སྟོབས་ཆེ་ཆུང་གི་ནུས་མཐུ་ཡིས་དབྱེ་བས་ཁྱད་པར་ཡོད་པར་འགྱུར་རོ། །གསུམ་པ་གཞན་དོན་བྱིན་རླབས་ཀྱི་སྤྱོད་པ་ལ་ཁྱད་ཡོད་ཚུལ་ནི། ཏིང་འཛིན་ལ་ཁྱད་ཡོད་པ་དེ་བཞིན་གཞན་དོན་བྱིན་རླབས་ཕྲིན་ལས་བཞི་དང་། ཚད་མེད་བཞི་ཡི་སྒོ་ནས་གདུལ་བྱའི་བློ་དང་འཚམས་པར་དོན་མཛད་པའི་དུས་ལ་བབས་པའི་སྤྱོད་པ་ཡང་། ཤེས་རབ་ལྟ་བ་དང་སྒོམ་པ་ཏིང་ངེ་འཛིན་སྟོབས་ཆེ་ཆུང་རྣམས་ཀྱིས་ཕྱེ་ནས་གཞན་དོན་རྒྱ་ཆེ་ཆུང་ཡོད་པའོ། །གསུམ་པ་སྤྱོད་ཡུལ་དུ་རང་གི་སྒོ་གསུམ་བསྡམ་དགོས་པར་བསྟན་པ་ནི། བདག་གི་དོན་དག་གམ་གཞན་གྱི་དོན་ཕྱིར་སྤྱོད་ལམ་བཞི་པོ་ཐམས་ཅད་དུ། རྣལ་འབྱོར་ལམ་གྱི་རིམ་པ་མཐོ་དམན་ཡོད་པ་བཞིན་དུ་རང་གི་ལུས་ངག་ཡིད་གསུམ་སྒོ་གསུམ་གྱི་མི་དགེ་བ་རྣམས་བསྡམ་ནས་ཏིང་ངེ་འཛིན་ལས་མི་འདའ་བར་སྤྱོད་པའོ། །བཞི་པ་ཚོགས་དྲུག་གིས་ཡུལ་ལ་སྤྱོད་དུས་རང་གྲོལ་ཞིང་གཞན་མོས་པར་བྱེད་པའི་ཐབས་ལ་སྤྱོད་དགོས་ཚུལ་ནི། ལོངས་སྤྱོད་ཀྱི་རྣམ་པ་ཚོགས་དྲུག་ལ་སྤྱོད་པའི་དུས་སུ་བསྒོམ་པ་རྣལ་འབྱོར་ལམ་གྱི་རིམ་པ་ཏིང་འཛིན་རང་དང་མཐུན་པར་སྤྱོད་པས་རང་རྒྱུད་གྲོལ་ཞིང་གདུལ་བྱ་གཞན་རྣམས་མོས་པར་གཞུག་པའོ། །ལྔ་པ་སྤྱོད་པ་རྒྱུན་གྱི་ཚོགས་གཉིས་བསགས་ཐབས་བསྟན་པ་ལ་གསུམ། དང་པོ་ཚོགས་གཉིས་བསགས་ཐབས་དངོས་ནི། ལོངས་སྤྱོད་ཐམས་ཅད་ལ་སྤྱོད་དུས་རང་རྒྱུད་དམ་སྡུག་བསྔལ་གྱི་ཟུག་རྔུ་མེད་པས་བདེ་བའི་རྩལ་མ་འགགས་པས་བསོད་ནམས་ཀྱི་ཚོགས་ཉིད་དང་། ལོངས་སྤྱོད་པ་ལ་ཟིན་ཆགས་སམ་འཛིན་ཆགས་དང་བྲལ་བ་ཡེ་ཤེས་ཀྱི་ཚོགས་ཡིན་མོད། གཉིས་པ་དེ་ལམ་གྱིས་མཚམས་གང་གི་སྐབས་ལ་སྤྱོད་དགོས་པར་བསྟན་པ་ནི། བསོད་ནམས་ཀྱི་ཚོགས་དེ་དང་ཡེ་ཤེས་ཀྱི་ཚོགས་དེ་གཉིས་ཀའང་ས་ཆོད་མཐོ་དམན་གྱིས་ཕྱེ་བ་ཡི་སྟོབས་ཀྱིས་ཟག་པ་དང་བཅས་པ་ཚོགས་ལམ་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོགས་སྒྲུབ་ཀྱི་བསྙེན་པ། ཉེ་བསྙེན། སྒྲུབ་པ་དང་སྒྲུབ་ཆེན་བཞིས་ཚོགས་གཉིས་ཟུང་འཇུག་ཏུ་སྒྲུབ་ཅིང་། འབྲས་བུ་ཟག་མེད་ཀྱི་རིག་འཛིན་ཐོབ་ཐབས་ལ་སློབ་སྟེ་སྤྱོད་པར་འགྱུར་རོ། །གསུམ་པ་ཉན་བསམ་སྒོམ་པ་ནས་བཟུང་སྟེ་རྒྱུད་དོན་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་གང་ཉམས་སུ་བླང་བའི་སྐབས་སུ་ཚོགས་གཉིས་ཟུང་འཇུག་ཏུ་ལྡན་དགོས་པར་བསྟན་པ་ནི། གཞན་ཡང་མཉན་པ་དང་བསམ་པ་དང་ཆོས་ཉིད་གནས་ལུགས་མཐོང་བ་ལ་སོགས་པའི་སྤྱོད་པ་མ་འགགས་པ་བསོད་ནམས་དང་མ་དམིགས་པ་ཡེ་ཤེས་ཀྱི་ཚོགས་དང་། རྒྱུད་དོན་གྱི་དབང་དང་དམ་ཚིག་དང་རྣལ་འབྱོར་ཏིང་ངེ་འཛིན་དང་སྒྲུབ་པ་དང་། མཆོད་པ་དང་ཕྲིན་ལས་དང་དཀྱིལ་འཁོར་དང་སྤྱོད་པ་དང་སོགས་ཀྱི་སྒྲས་སྔགས་དང་ཕྱག་རྒྱ་ལ་སྤྱོད་པའི་དུས་ཀུན་ལའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་གཉིས་པ་སྤྱོད་དགོས་ཏེ། དེའང་མ་འགགས་པར་སྤྱོད་པ་བསོད་ནམས་དང་མ་དམིགས་པའི་ཆགས་དང་བྲལ་བ་ཡེ་ཤེས་ཀྱི་ཚོགས་དང་གཉིས་ཀྱི་ཆ་ཡིས་དབྱེ་ན་དུས་རྒྱུན་དུ་ཚོགས་གཉིས་བསགས་པ་ནི་གདོད་མ་ཐོས་བསམ་ནས་བཟུང་མཐའ་འབྲས་བུ་མཐར་ཕྱིན་གྱི་བར་དུ་ཚོགས་གཉིས་དང་ལྡན་པར་སྤྱོད་དགོས་པའོ། །དྲུག་པ་བདག་དོན་གྱི་སྤྱོད་པ་ལ་གཞན་དོན་རྫོགས་ཚུལ་ནི། བདག་གི་དོན་བྱ་བའི་ཕྱིར་ལྟ་བ་དང་། རྣལ་འབྱོར་ཏིང་འཛིན་དང་གཉིས་དབྱེར་མེད་དུ་ཁྱེར་བའི་གྲོགས་སྤྱོད་པ་གལ་ཆེ་བས། དེའང་སྤྱོད་ལམ་འགྲོ་ཉལ་འདུག་སྡོད་ཟ་ཞིང་སྤྱོད་པའི་དུས་ཀུན་ཏུ་སྤྱོད་པའི་ཏིང་འཛིན་ཉམས་པར་མི་བྱ་བ། དེ་ཉིད་བསྒོམ་པའི་ཐོག་མར་གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་སེམས་བསྐྱེད་ཡོད་པ་ཡིན་པའི་ཕྱིར། དེ་བས་ན་བདག་དོན་དུ་གཞན་དོན་བྱ་བ་དང་རྣམ་པ་གཉིས་རྫོགས་པའོ། །སྤྱི་དོན་གསུམ་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལ་གཉིས། གནས་སྐབས་ཀྱི་འབྲས་བུ་རིག་འཛིན་དང་། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དང་བྱེ་བྲག་གཉིས་སུ་བསྟན་པ་ལས། དང་པོ་སྤྱིར་ལྟ་སྒོམ་སྤྱོད་གསུམ་ནུས་མཐུ་ཅན་དུ་གྱུར་པས་ལུས་ཡོད་མེད་ཀྱི་སྒོ་ནས་འབྲས་བུ་ཚེ་རྣམ་ལ་སྦྱོར་ཚུལ་ནི། ལྟ་བ་དེ་དང་སྒོམ་པ་དེ་དང་སྤྱོད་པ་དེ་དང་གསུམ་པོ་ཡི་ནུས་པ་མཐུ་ཅན་དུ་གྱུར་ནས་མཐོང་ལམ་རྣམ་པར་སྨིན་པ་དང་ཚེ་ལ་དབང་བསྒྱུར་བ་ཡི་རིག་འཛིན་ཐོབ་ལུགས་ཀྱི་ལུས་གཉིས་སུ་ཕྱི་ནས་བཤད་པ་ནི་འདི་ལྟ་སྟེ། དེའང་སེམས་ལས་ལུས་ལྷག་པའམ་མ་ལྷག་པའི་ལུས་ཡོད་པ་དེ་ཉིད་མ་སྤངས་པར་ལྷ་རྟོག་ཟུང་འཇུག་ཏུ་རྟོགས་པའི་ཚེ་དབང་དང་ལྷག་མའི་ལུས་མེད་པ་རྣམ་སྨིན་དང་གཉིས་ཐོབ་ཚུལ་གྱི་ལུང་བསྟན་པ། ཟག་བཅས་མཐར་ཕྱིན་ལམ་པའི་མཐོང་ལམ་གྱི་རིག་འཛིན་དངོས་ལ་སྦྱོར་བར་བྱེད ། གཉིས་པ་བྱེ་བྲག་ཏུ་འབྲས་བུ་ཐོབ་ཚུལ་དེ་ལ་གཉིས་ཏེ། ལྷག་མེད་རྣམ་སྨིན་ཐོབ་ཚུལ་དང་། ལྷག་བཅས་ཚེ་དབང་ཐོབ་ཚུལ་ལོ། །དང་པོ་རྣམ་སྨིན་ལ་བཞི་སྟེ། དང་པོ་རྣམ་སྨིན་ཐོབ་པའི་རྒྱུ་ངོས་བཟུང་བ་ནི། ཕྱག་རྒྱ་གཅིག་པ་ལ་བརྟན་པ་ཐོབ་པས་རྣམ་སྨིན་ཐོབ་ནས་ཕྱག་ཆེན་དུ་འཕོས་པ་ཡང་། དཔེར་ན་ཁྱུང་སྒོང་རྒྱ་དང་སེང་གེ་མངལ་རྒྱ་ཇི་ལྟ་བ་བཞིན་དུ་ཐོབ་པ་ན། ཕྱག་རྒྱ་སྤྲོས་བཅས་དང་ཚོགས་སྒྲུབ་ཀྱི་སྐབས་ན་རྣམ་སྨིན་ཐོབ་པ་སྨོས་ཀྱང་ཅི་དགོས། གཉིས་པ་རྣམ་སྨིན་གྱི་ངོ་བོ་དང་ལམ་གོང་མ་ལ་སྦྱོར་ཚུལ་ནི། ཡིད་ཀྱིས་ཡི་དམ་གྱི་ལྷ་ཡི་གཟུགས་ལ་བརྟན་པ་ཐོབ་ཅིང་། ཕྱག་རྒྱ་ལྷའི་སྐུ་དེ་ཉིད་རིག་པའི་མངོན་སུམ་དུ་གསལ་བ། ལུས་ལྷ་གང་ཡིན་གྱི་ཆ་ལུགས་སུ་གྱུར་པ་ན་རྣམ་སྨིན་ནོ། །དེ་ནས་ལྷག་མ་ཡི་ལུས་དེ་ཉིད་བཞག་པའི་དུས་སུ་བར་དོ་མ་ཤར་བའི་གོང་ལ། ལྷག་མའི་ལུས་དེ་མེད་པར་ཕྱག་རྒྱ་ཆེན་པོར་སྨིན་ནས་ཐོབ་པའོ། །གསུམ་པ་རྣམ་སྨིན་གྱི་ངེས་ཚིག་ནི། སྔོན་གྱི་ལས་ཀྱི་ལུས་ཀྱི་སྦུབས་སུ་སྣང་བའི་རྣམ་པ། ཡིད་ཡི་དམ་གྱི་ལྷ་ཡི་རྣལ་འབྱོར་དུ་སྨིན་པས་ན། འབྲས་བུ་ཕྱག་ཆེན་ཐོབ་པ་ལ་མ་དག་པའི་ཆ་ལ་རྣམ་སྨིན་དུ་མིང་བཏགས་པ་སྟེ། སྨིན་པའི་འབྲས་བུ་ཡེ་ཤེས་ཀྱི་ལུས་ཕྱག་རྒྱ་ཆེན་པོའི་ཆ་ལུགས་སུ་འགྲུབ་བོ། །བཞི་པ་དགོངས་སྤྱོད་ནི་ཐོབ་པ་རང་དང་ཁྱད་པར་མེད་ཚུལ་ནི། དཔེར་ན་རྒྱ་མིག་ཏུ་རྒྱ་ས་ལྟ་བུའི་རྣམ་སྨིན་ཐོབ་པའི་ཚེ་ན། དགོངས་པ་དང་སྤྱོད་པ་ནི་འགྱུར་ས་སྟེ་སྔར་ཐོབ་པའི་ཕྱག་རྒྱ་གཅིག་པ་དང་། སྤྲོས་པ་དང་། ཚོགས་སྒྲུབ་གསུམ་ལ་འདྲར་སྤྱོད་པའོ། །གཉིས་པ་ཚེ་དབང་ལ་གཉིས། དང་པོ་ཚེ་དབང་ཐོབ་པའི་རྒྱུ་དང་རང་སའི་ཡུལ་བསྟན་པ་ནི། སྔོན་རྣམ་སྨིན་བཞིན་དུ་ཚོགས་སྒྲུབ་ཀྱི་འབྲས་བུ་ཚེ་ལ་དབང་བསྒྱུར་པའི་རིག་འཛིན་ཉིད་དུ་སྦྱོར་བ་ཡིན་ཏེ། དེ་ནས་དེ་ཉིད་ཀྱི་ཐོག་ནས་མཐར་ཐུག་གི་འབྲས་བུ་གྲུབ་པ་ཡི་ཡུན་ནི། གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་ཡུན་བསྐལ་བར་གནས་མོད་ཀྱང་། བདག་གི་དོན་བྱ་བའི་ཕྱིར་བརྒྱ་ཕྲག་བཅུ་དྲུག་སྟེ་ཆིག་སྟོང་དྲུག་བརྒྱ་ཚུན་ཆད་དུ་ཡང་དག་པར་རྫོགས་པའི་སྐུ་ལྔ་ལྷུན་གྲུབ་ཐོབ་བོ། །གཉིས་པ་ལམ་གོང་མ་ལམ་སྦྱོར་ཚུལ་ལ་གཉིས། ཚོགས་སྦྱོར་ལ་ལྷ་བསམ་ཡས་ལྷུན་གྲུབ་བསྒོམ་ཞིང་འདིར་མཐོང་བའི་སྟོབས་ཀྱིས་ཐོད་རྒལ་ལ་སྦྱོར་ཚུལ་དང་། དེ་མ་གསལ་བའི་སྐྱོན་གྱིས་མཐར་ཆགས་སུ་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་ཐོད་རྒལ་དུ་འགྲོ་བའི་རྒྱུ་མཚན་ནི། ཚེ་དབང་ཐོབ་པ་དེ་ཡི་ཚེ་བསམ་ཡས་ལྷུན་གྲུབ་ཀྱི་ཏིང་འཛིན་ལ་མངའ་བརྙེས་པ་ཡིན་ཏེ། དེའང་སྤྲོས་པ་དང་། ཚོགས་སྒྲུབ་ཀྱི་སྐབས་སུ་བསྒོམས་ཤིང་བསྒྲུབས་པས། འདིར་མཉམ་རྗེས་མེད་པར་མངོན་སུམ་དུ་མཐོང་བའི་སྟོབས་ཀྱིས་འཇིག་པ་ལྔ་དང་བྲལ་བ་ཡིན་ཏེ། ཇི་སྐད་དུ། འཚོ་བ་མེད་པའི་དང་མིས་མི་བསྔགས་པ་དང་འཁོར་བའི་སྡུག་བསྔལ་དང་། །འཁོར་གྱི་འདྲི་བའི་འཇིགས་བྲལ་འཆི་བའི་འཇིགས་པ་མེད་པ་ལྔ། མཆན། བག་ཆགས་སྤངས། །ཞེས་སོ། །གཉིས་པ་ཐོད་རྒལ་དངོས་དེ་ལ་གསུམ། དང་པོ་ཚེ་དབང་ནས་ལྷུན་གྲུབ་ཐོབ་ཚུལ་ནི། དེའང་ཟག་མེད་ཀྱི་རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པ་ཏིང་འཛིན་གཉིས་དུས་གཅིག་ཏུ་བརྟན་པ་ཐོབ་པའི་རྒྱུ་རྐྱེན་གྱི་སྟོབས་ཀྱིས་རྒྱལ་ཚབ་ཀྱི་སྐྱེས་བུ་ལྷུན་གྲུབ་རིག་འཛིན་ཐོབ་སྟེ། དེའི་ཚེ་རྒྱལ་བ་དྲུག་པའི་ཞལ་མངོན་སུམ་མཐོང་ནས་རང་དོན་ནས་གཉིས་མེད་ཟུང་འཇུག་གི་སྐུ་ལྔ་ཡོངས་སུ་རྫོགས་པ་ས་ལམ་མཐར་ཕྱིན་ནས་ལྷག་མའི་ལུས་དེ་སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་སྨིན་པ་ཡིན་ཏེ། དེའང་སྔར་གྱི་ལྷག་མའི་ལུས་དེ་ཉིད་སྤང་བ་མེད་པར་ཡེ་ཤེས་ཀྱི་སྐུ་ལུས་ཉིད་དུ་ལྷུན་གྱིས་འགྲུབ་ཅིང་། གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་སྨིན་པ་ལོངས་སྐུ་དང་། དེ་ཉིད་དུ་མར་འཆར་བ་སྤྲུལ་པའི་སྐུ་ལུས་ཉིད་ཐོབ་པ་དེ་ནས་མཐར་ཐུག་གི་འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་སྦྱོར་བ་ཡིན་ནོ། །དེ་ནི་རིག་འཛིན་གསུམ་སྤྱིར་ཐོབ་ལུགས་ཀྱི་སྒོ་ནས་སངས་རྒྱས་ཀྱི་སར་སྦྱོར་ཚུལ་བཤད་པ་ཡིན་ནོ། །གཉིས་པ་ཚེ་དབང་རང་གིས་སངས་རྒྱས་གྲུབ་ཚུལ་ནི། བློ་ཆེ་བ་ཅིག་ཆར་བ་ཁ་ཅིག་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་པ་དེ་ཉིད་ཀྱི་ས་ནས་ལོ་བརྒྱ་ཕྲག་བཅུ་དྲུག་གི་རྒྱུན་གྱི་ཐ་མར་སྟོན་པ་གསང་བའི་སྐུས་དབང་བསྐུར་ནས་བག་ཉལ་གྱི་དྲི་མ་དག་སྟེ་སྐུ་ལྔ་ལྷུན་གྲུབ་ཏུ་རྫོགས་པའི་སངས་རྒྱས་ཐོབ་བོ། །གསུམ་པ་ཚེ་དབང་ཕྱག་ཆེན་ལ་སྦྱོར་ནས་དེ་ནས་སངས་རྒྱས་གྲུབ་ཚུལ་ནི། ཐོད་རྒལ་བ་ཁ་ཅིག་ཚེ་དབང་ཐོབ་ནས་ཕྱག་རྒྱ་ཆེན་པོ་ཡི་རིག་འཛིན་ཐོབ་སྟེ། དེ་ནས་དབང་ཐོབ་པ་དང་འབྲས་བུ་བླ་ན་མེད་པ་སྤྱོད་ཡུལ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོར་ཐོབ་པར་འགྱུར་རོ། །གཉིས་པ་མཐར་ཆགས་པས་མཐོང་ལམ་ཚེ་དབང་བསྒོམ་ལམ་ཕྱག་ཆེན་མཐར་ལམ་ལྷུན་གྲུབ་ཀྱི་རིག་འཛིན་ནམ་སངས་རྒྱས་ལ་སྦྱོར་ཚུལ་ལ་བཅུ་སྟེ། དང་པོ་མཚོན་པ་དཔེའི་ཁྱད་པར་བསྟན་པའི་སྒོ་ནས་ལམ་བགྲོད་ཚུལ་བསྟན་པ་ནི། ཉི་འོད། རླན་མེད་པའི་འོད། མེ་འོད། མཐར་ཐུག་པའི་རིན་ཆེན་དང་བཞི་ཡི་འོད་རྒྱ་མཚོ་ལ་ཕོག་པས། རིན་ཆེན་ཉི་འོད་ཀྱིས་ཞོ་རུ་འགྱུར་བ་ལྟར། ཟག་བཅས་ཀྱི་ཉོན་མོངས་པ་དེ་ཉིད་ཟག་མེད་ཀྱི་ཡེ་ཤེས་སུ་འགྱུར་ལ། བསྒོམ་ལམ་ཕྱག་ཆེན་རིག་འཛིན་ཐོབ་པའི་དུས་སུ། དེ་བས་ཀྱང་སྟོབས་སུ་ཞུགས་ཏེ། རིན་ཆེན་རླན་མེད་པའི་འོད་ཕོག་པས་མར་དུ་འགྲོ་བ་བཞིན་དུ། མཐོང་ལམ་དུ་ད་དུང་ཀུན་འགྲོའི་སྒྲིབ་པ་ཡོད་དེ། འདིར་ཡེ་ཤེས་སུ་ཤར་ནས་ལུས་སེམས་རྒྱལ་བའི་དཀྱིལ་འཁོར་དུ་གྱུར་པའོ། །མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་སྐབས་སུ་དེ་བས་ཀྱང་སྟོབས་སུ་གྱུར་ཏེ། རིན་ཆེན་མེད་འོད་ཕོག་པས་མེ་ཡི་རྣམ་པར་འགྲོ་བ་བཞིན་དུ། བསྒོམ་ལམ་ལ་ལྷན་ཅིག་གནས་པའི་དྲི་མ་ཡོད་པ་དེ། འདིར་ཡེ་ཤེས་སུ་ཤར་ནས་སྐུ་ལྔ་ལྷུན་གྲུབ་རིག་འཛིན་དུ་འགྱུར་རོ། །མཐར་ཐུག་གི་དུས་སུ་དེ་བས་ཀྱང་སྟོབས་སུ་གྱུར་ཏེ། མཐར་ཐུག་པའི་ནོར་བུའི་འོད་ཕོག་ནས་ཐམས་ཅད་སྟོང་ཞིང་མ་ལུས་པའི་སྣང་བར་བྱེད་པ་ལྟར་དུ། མཐར་ལམ་པའི་བག་ཉལ་གྱི་དྲི་མ་ས་བོན་དང་བཅས་པ་སྤངས་ནས་ཡེ་ཤེས་ཆེན་པོའི་རང་བཞིན་གཅིག་ཏུ་གནས་པའོ། །དཔེ་ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་པོ་དག །རྒྱ་མཚོ་ཆེན་པོར་འདུས་པའི་ཆུ་ཡི་ཕུང་པོ་དེ་དག་ཀྱང་། ནོར་བུ་ཉི་མའི་འོད་ཕོག་ཆུ་ཡི་རང་བཞིན་སྤངས་ནས་འོ་མ་དང་ཞོ་རུ་གྱུར་ཏེ་འདུག་གོ། །ནོར་བུ་རིན་པོ་ཆེ་རླན་མེད་པའི་འོད་ཕོག་ན་འོ་མ་དང་ཞོའི་རང་བཞིན་སྤངས་ནས། མར་གྱི་ཉིང་ཁུ་ལྟ་བུར་འགྱུར་རོ། །མེའི་འོད་ཀྱི་ནོར་བུ་རིན་པོ་ཆེའི་འོད་ཕོག་ན་མར་གྱི་ཉིང་ཁུ་ལྟ་བུའི་རང་བཞིན་སྤངས་ཏེ། མེ་ལྟར་བུར་འབར་བར་འགྱུར་རོ། །ནོར་བུ་རིན་པོ་ཆེ་མ་ལུས་པ་མཐར་ཐུག་པའི་འོད་ཕོག་ན་ཐམས་ཅད་ལྷག་མ་མེད་ཅིང་མ་ལུས་པའི་སྣང་བར་འགྱུར་རོ། །ཞེས་སོ། །གཉིས་པ་བགྲོད་པ་ལམ་གྱི་ཁྱད་པར་ནི། རིམ་པ་པ་ཁ་ཅིག་མཐོང་ལམ་ཚེ་དབང་དང་། བསྒོམ་ལམ་ཕྱག་ཆེན། མཐར་ལམ་ལྷུན་གྲུབ་རྣམ་པ་གསུམ་བགྲོད་ཅིང་སྦྱངས་པའི་སྟོབས་ཀྱིས་མཐར་ལྷུན་གྲུབ་རིག་འཛིན་དབང་ཐོབ་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་ལྷུན་གྲུབ་ཐོབ་པའོ། །གསུམ་པ་བཏགས་པ་མིང་དོན་གྱི་ཁྱད་པར་ནི། ཤེས་རབ་ལྟ་བས་དབང་པོ་སྒོ་ལྔ་གཉིས་མེད་རང་སྣང་དུ་རྟོགས་ཤིང་རྣལ་འབྱོར་ཏིང་འཛིན་དང་ལྡན་པ་བདག་ཉིད་ལ། གཞི་གཅིག་ཀྱང་བོགས་འདོན་སློབ་པའི་ཁྱད་པར་བསམ་ཡས་པ་རྣམས་ལ་ནི། རྣལ་འབྱོར་ལྟ་སྒོམ་གྱི་བོགས་འདོན་ལ་ཆེ་ཆུང་གི་བྱེད་ལས་ཀྱི་སྐབས་ཀྱིས་རིག་འཛིན་གསུམ་གྱི་མིང་བརྗོད་པ་ཡིན་ཏེ། དེའང་འཁོར་བ་ལ་ཕྱིར་མི་ལྡོག་པ་མཐོང་ལམ་ཚེ་དབང་། དགོངས་པ་མཉམ་པ་ཉིད་ལ་མི་གཡོ་བ་བསྒོམ་ལམ་ཕྱག་ཆེན། དེ་ཉིད་མཐར་ཕྱིན་པ་ལྷུན་གྲུབ་རིག་འཛིན་དང་གསུམ་གྱིས་ཕྱེ་བའམ། ཡང་ན་ཚེ་དབང་གི་ལམ་ལྟ་བ་ཀུན་སྔོན་དུ་འགྲོ་བ་ལྟར་ལྟ་བ་རྟོགས་པས་འཇིགས་པ་ལྔ་དང་བྲལ་བ་དང་། ཕྱག་ཆེན་གྱིས་ཉི་ཁྲི་བཞི་སྟོང་ལ་སོགས་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་དང་། ལྷུན་གྲུབ་རིག་འཛིན་གྱིས་རང་རིག་པའི་ངང་ལ་དགའ་བ་བཅུ་དྲུག་ལ་ཡེ་ཤེས་ལྔ་ལྔའི་རྩལ་རྫོགས་པས་མཐའ་མའི་མཐར་ཐུག་གི་འབྲས་བུའི་སར་སྦྱོར་བས་ན་སྦྱོར་ལམ་པ་ཞེས་བྱའོ། །བཞི་པ་དག་བྱ་སྒྲིབ་པའི་ཁྱད་པར་ནི། རྣལ་འབྱོར་པ་བདག་གི་དོན་དང་གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་ནའང་། སྒྲོལ་བ། སྦྱོར་བ། རྫུན་སྨྲ་བ། མ་བྱིན་ལེན་པ། ངག་བརླང་པོ་སྟེ་སྤྱོད་པ་ལྔ། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་པ་བཞི་ལ་སོགས་པའི་སྒྲས་ཕྲིན་ལས་བཞི་དང་། དེ་ལྟར་དག་མ་དག་གི་སྤྱོད་པ་རྣམས་གཉིས་མེད་རང་སྣང་གི་ངང་ལས་མ་གཡོས་པར་སྤྱོད་པས། བཟང་ངན་རང་ཁ་མའི་དྲི་མས་མི་གོས་པ་ལ་འདྲ་མོད་ཀྱང་ཁྱད་པར་ཡོད་དེ། དེའང་མཐོང་ལམ་ལ་ལྟ་བ་ཀུན་ཏུ་འགྲོ་བ་རྟོགས་པའི་དོན་ལ་མ་གཡེངས་པར་བསྒོམ་པ་དེས་ཕྱག་ཆེན་གྱི་དགོངས་པ་སྒྲིབ་པ་དང་། བསྒོམ་ལམ་ལ་བཞི་ཁྲི་བཞི་སྟོང་གི་ཐོག་ཏུ་གནས་པའི་ཚེ། དེ་ལས་གཞན་པའི་རྩལ་དུ་མ་དང་། ལྷུན་གྲུབ་ཀྱི་དགོངས་པ་སྒྲིབ་པ་དང་། མཐར་ལམ་དུས་སུ་ཡེ་ཤེས་ལྔ་ལྔའི་རྩལ་དང་ལྡན་པ་ལ། བག་ལ་ཉལ་གྱི་དྲི་མ་སེ་གོལ་བརྡབ་པའི་ཡུན་ཙམ་ཞིག་གི་སྒྲིབ་པ་དང་གསུམ་ནི་ལམ་གོང་འོག་གི་མཐོ་དམན་གྱི་ཆ་ཡིས་ཕྱེ་བས། ལམ་གོང་མ་གོང་མར་ཕྱིན་པའི་དུས་འོག་མ་འོག་མའི་སྒྲིབ་པ་དག་པའི་ཕྱིར་ན། རིག་འཛིན་གསུམ་པོ་དེ་དག་གི་དགོངས་པ་ཉིད་ཀྱི་ལམ་ལ་ཁྱད་པར་ཡོད་པ་དེ་ལྟར་འགྱུར་རོ། །ལྔ་པ་དགོངས་པ་ཡུལ་ནུས་ཀྱི་ཁྱད་པར་ནི། གཞན་དོན་གདུལ་བྱའི་ཡུལ་དང་རང་དོན་དགོངས་པ་ཏིང་འཛིན་གྱི་ནུས་པ་ལའང་མཐོ་དམན་གྱི་ཁྱད་པར་ཡོད་དེ་གང་ཞེ་ན་འོག་ནས་འབྱུང་བ་འདི་ལྟ་སྟེ། དྲུག་པ་མངོན་ཤེས་ཡུལ་སོགས་ཀྱི་ཁྱད་པར་ལ་གཉིས་ཏེ། དང་པོ་རིག་འཛིན་གསུམ་གྱི་མངོན་ཤེས་སྤྱོད་པ་ཆོ་འཕྲུལ་བཞི་ཐོབ་པ་ཙམ་འདྲ་བར་བསྟན་པ་ནི། གོང་དུ་ངོས་བཟུང་བ་དེ་བཞིན་དུ་ཁྱད་པར། གཉིས་པ་རྒྱས་པར་བཤད་ན་རིག་འཛིན་གསུམ་གྱི་སྐབས་སུ་ལྷའི་སྤྱན་གྱིས་སྟོང་གསུམ་བརྒྱ་ལ་སོགས་པའི་གཟུགས་ཆེ་ཆུང་ཉེ་རིང་མེད་པར་མངོན་སུམ་དུ་མཁྱེན་པའི་མངོན་པར་ཤེས་པ་དང་། དེ་བཞིན་དུ་ལྷའི་རྣ་བའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། སེམས་ཅན་ཕ་རོལ་པོ་རྣམས་ཀྱི་སེམས་རྒྱུད་ཐམས་ཅད་ཤེས་པའི་མངོན་པར་ཤེས་པ་དང་། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་བྱ་བ་མི་མཐུན་པ་བརྒྱད་ལ་སོགས་པའི་མངོན་པར་ཤེས་པ་དང་དྲུག་བརྩི་ནས། ཟག་ཟད་ལ་མངོན་པར་ཤེས་པ་སྤྱིར་བཏང་བའམ། ཡང་ན་རྫུ་འཕྲུལ་སྤྱིར་བཏང་ནས་ཟག་པ་ཟད་པའི་མངོན་པར་ཤེས་པ་དྲུག་དང་། བདག་དོན་དང་གཞན་དོན་གྱི་སྤྱོད་པ་ཡིས་དོན་གཉིས་བྱེད་ལུགས་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཆོས་སྣང་བའི་དང་། རྗེས་སུ་བསྟན་པའི་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་བཞི་སྟེ་རྣམ་གྲངས་དེ་དག་དང་འདྲར་དབང་ཐོབ་མོད་ཀྱང་། ཁྱད་ཡོད་དེ་ཡུལ་དང་། ཞིང་ཁམས། བྱིན་རླབས་རྣམས་ལ་ཁྱད་ཡོད་ཚུལ། རིག་འཛིན་རྣམ་པ་གསུམ་གྱི་མངོན་ཤེས་ཀྱི་ཡུལ་དང་། གདུལ་བྱའི་ཞིང་ཁམས་དང་། ཐུགས་རྗེ་བྱིན་རླབས་ལ་སོགས་པ་རྣམས་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པར་འགྱུར་ཏེ། དེའང་ཚེ་དབང་གིས་སྟོང་གསུམ་གཅིག་ལ་གླིང་བཞི་བྱེ་བ་ཕྲག་བརྒྱའམ་སྟོང་གསུམ་གྱི་འཇིག་རྟེན་ཁམས་བརྒྱའི་ཡུལ་དང་ཞིང་ཁམས་མཁྱེན་ཞིང་། ལྷ་མིའི་རྒྱལ་པོའི་ཆ་བྱད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དང་། ཕྱག་ཆེན་གྱིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་བརྒྱ་གཅིག་ནས་གཉིས་སུ་བགྲང་བའི་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་སྙེད་དུ་བྱས་པ་གྲངས་དེ་རྙེད་དང་མཉམ་པའི་རྒྱ་དེ་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་ཞིང་ཁམས་སུ་རྩ་བའི་ལུས་ལས་མི་གཡོ་བའི་ངང་ནས་སྤྲུལ་པའི་ལུས་རྔོན་པ་དང་སྨད་འཚོང་མ་ལ་སོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་དང་། ལྷུན་གྲུབ་རིག་འཛིན་གྱི་མངོན་ཤེས་ཀྱིས་ཡུལ་དང་གདུལ་བྱ་ཚད་བཟུང་མེད་པའི་ཞིང་ཁམས་ལ། རྩ་ལུས་ལྷུན་གྲུབ་ལས་མ་གཡོས་པར་སྤྲུལ་པ་མཛད་པ་བཅུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པའོ། །བདུན་པ་བོགས་འདོན་སྤྱོད་པའི་ཁྱད་པར་ནི། འོ་ན་བདག་དོན་ལ་ཁྱད་པར་མེད་དམ་ཞེ་ན་མ་ཡིན་ཏེ། རིག་འཛིན་གསུམ་གྱིས་བདག་གི་དོན་བྱ་བའི་ཕྱིར་སྤྱོད་པ་དགོས་ཏེ། དེའང་ཚེ་དབང་གིས་གོང་བཞིན་བཟང་ངན་གྱི་དངོས་པོ་གང་ལའང་ཡོངས་སུ་མ་ཆགས་པ་རིག་པ་རང་སྣང་གི་ངང་ལ་སྤྱོད་པ་དང་། ཕྱག་ཆེན་གྱི་དགོང་པ་ཤིན་ཏུ་མི་གཡོ་བའི་རྣལ་འབྱོར་ཏིང་འཛིན་གྱི་སྤྱོད་པ་དང་། ལྷུན་གྲུབ་རིག་འཛིན་གྱི་དགོངས་པ་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་གྱིས་ཡེ་ཤེས་བརྒྱ་བཅུའི་ཏིང་འཛིན་གྱི་ངང་ལས་མི་འདའ་བར་སྤྱོད་པ་ཡིས། དེ་ལྟར་བདག་དོན་གྱི་སྤྱོོད་པ་དེའི་ཡོན་ཏན་གྱིས། རང་ལམ་འོག་མ་ནས་གོང་མའི་དོན་རྣམས་ལ་ཡོངས་སུ་གོང་ནས་གོང་དུ་འཕར་བརབྱེད་པའོ། །བརྒྱད་པ་མདོ་སྔགས་ས་ལམ་གྱི་ཁྱད་པར་ནི། རིག་འཛིན་གསུམ་པོ་དེ་ཡང་མདོའི་ས་ལམ་དང་བྲང་སྤྲད་ཅིང་ཁྱད་པར་དབྱེ་བ། སྔགས་ཀྱི་དང་པོ་མཐོང་ལམ་ཚེ་དབང་དང་མཚན་ཉིད་ཀྱི་དང་པོ་རབ་ཏུ་དགའ་བ་གཉིས་མཐོང་ལམ་ཙམ་དང་སྐལ་བ་མཉམ་པའོ། །གཉིས་པའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་མཆོག་དེ་དང་། མཚན་ཉིད་ཀྱི་ས་བརྒྱད་པའི་བྱང་ཆུབ་སེམས་དཔར་ཞེས་སེམས་དཔའ་གཉིས་བསྒོམ་ལམ་ཡིན་པར་སྐལ་བ་མཉམ་མོ། །གསུམ་པ་ལྷུན་གྲུབ་རིག་འཛིན་དང་། ས་བཅུ་བ་དང་གཉིས། མཐར་ལམ་གྱི་སྒྲ་ཙམ་དང་སྐལ་བ་མཉམ་མོད་ཀྱང་། དོན་གྱིས་ཁྱད་པར་ཡོད་དེ་གང་ཞེ་ན། ལུས་སྣང་སེམས་ཟུང་འཇུག་གམ་བདེན་གསུམ་དབྱེར་མེད་དུ་རྟོགས་ན་བསྒོམ་པའི་དགོངས་པ་རྒྱ་མཚོ་དང་། སྤང་བླང་དགག་སྒྲུབ་མེད་པའི་སྤྱོད་པ་རྒྱ་མཚོས་འོག་མ་ལས་ཁྱད་པར་འཕགས་པ་ཡིན་ཏེ། དེའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྒྱུ་མཚན་ཉིད་ཀྱི་ཐེག་པའི་ལྟ་བ་སྟོང་པའི་ཐོག་ཏུ་དམིགས་པ་དེ། གསང་སྔགས་ཟུང་འཇུག་གི་ལྟ་བའི་སྒྲིབ་པ་ཡིན་པས་ཁྱད་དེ་ལྟར་ཕྱེ་བའི་ཕྱིར་རོ། །དགུ་པ་མཛད་པ་ཆོ་འཕྲུལ་གྱི་ཁྱད་པར་ལ་གཉིས། དང་པོ་རིག་འཛིན་གསུམ་གྱི་མཛད་པ་ཆོ་འཕྲུལ་ལ་ཁྱད་པར་ཡོད་ཚུལ་ནི། མཐོང་ལམ་ཚེ་དབང་རིག་འཛིན་པས་གོང་མ་གཉིས་ལ་ལྟོས་ན་ཆེད་དུ་རྩོལ་བའི་རྣམ་པ་ཙམ་གྱིས་ཆོ་འཕྲུལ་བཞི་ལ་སོགས་པ་རྣམས་སྟོན་པ་དང་། ཕྱག་ཆེན་རྣལ་འབྱོར་དགོངས་པ་ཏིང་འཛིན་ལས་མི་གཡོ་བཞིན་དུ་ཆོ་འཕྲུལ་བཞིའི་རྣམ་པ་ལ་སོགས་སྟོན་པ་དང་། ལྷུན་གྲུབ་རིག་འཛིན་གྱིས་འབད་པ་དང་བརྩལ་བ་མེད་པར་ཆོ་འཕྲུལ་བཞི་ལ་སོགས་མཛད་པའོ། །དེ་ལྟར་ཚེ་དབང་དེ་དང་། ཕྱག་ཆེན་དེ་དང་། ལྷུན་གྲུབ་དེ་གསུམ་ནི་ལྟ་སྒོམ་སྤྱོད་གསུམ་ལ་བརྟན་པ་ཐོབ་ཆེ་ཆུང་གི་ཆ་ཡིས་ཕྱེ་བ་ཡིན་ནོ། །གཉིས་པ་ལྷུན་གྲུབ་ཀྱི་མཛད་པའི་ཆོ་འཕྲུལ་བྱེ་བྲག་ཏུ་བཤད་པ་ནི། དེ་དག་མཐའ་རུ་ཕྱིན་པའི་ལམ་ལ་ལྷུན་གྱིས་གྲུབ་པ་མི་རིག་འཛིན་དེ་རྒྱལ་བ་དྲུག་པའི་རྒྱལ་ཚབ་ཀྱི་སྐྱེས་བུ་མཛད་ནས། ཕྱག་ཆེན་མན་ཆད་ལ་གསང་བའི་ཆོས་བླ་ན་མེད་བའི་འཁོར་ལོ་ཡང་དག་པར་བསྐོར་ཞིང་། གདུལ་བྱ་ཀུན་ལ་མཐུན་པ་དང་ཕན་གདགས་པའི་ཕྱིར་གང་འདུལ་གྱི་གཟུགས་སྐུ་སྣ་ཚོགས་སྟོན་ཅིང་སྤྲུལ་པའི་མཛད་པ་ནི། ཡུམ་གྱི་ལྷུམས་སུ་ཞུགས་པ། བལྟམས་པ། རོལ་རྩེད་མཛད་པ། ཁབ་བཞེས་པ། རབ་ཏུ་བྱུང་བ། དཀའ་ཐུབ་མཛད་པ། བྱང་ཆུབ་ཤིང་དྲུང་གཤེགས་པ། ཆོས་འཁོར་བསྐོར་བ། བདུད་བཏུལ་པ། ཆོ་འཕྲུལ་བསྟན་པ། མྱ་ངན་འདས་པ། སྐུ་གདུང་ཆ་བརྒྱད་དུ་བགོས་པ་སྟེ། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཆོས་ཀྱང་སྟོན་པ་དང་། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལས་སོ་སོར་ཐར་བར་བྱེད་པའི་ཐབས་ཉན་ཐོས་ལ་སོགས་པའི་ལམ་ཡང་སྟོན་པ་དང་། གཞན་ཡང་གང་ལ་གང་འདུལ་གྱི་ཕྲིན་ལས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀུན་གྱི་དོན་བྱས་པ་རྫོགས་ནས་མཐར་སྐྱེ་ཤི་མེད་པའི་ཆོས་སྐུ་འགྱུར་བ་མེད་པའི་གཡུང་དྲུང་ཐོབ་པའོ། །བཅུ་པ་སློབ་དཔོན་གྱི་ཁྱད་པར་བསྟན་པའི་སྒོ་ནས་ལམ་བགྲོད་ཚུལ་བསྟན་པ་ནི། གོང་དུ་བཤད་པའི་གཏན་ཚིགས་དེ་བས་ན་ནུས་པ་མཐུ་ཅན་དུ་གྱུར་པའི་རིག་འཛིན་རྣམ་པ་གསུམ་པོ་ཡི་སློབ་དཔོན་ནི་འདི་ལྟ་སྟེ། དེའང་ཚེ་དབང་གི་སློབ་དཔོན་སྤྲུལ་པ་ཡི་སྐུ་དང་། ཕྱག་ཆེན་གྱི་སློབ་དཔོན་ལོངས་སྤྱོད་རྫོགས་པའི་སྐུ་དང་། ལྷུན་གྲུབ་ཀྱི་སློབ་དཔོན་ནི་རྒྱལ་བ་དྲུག་པ་ཆོས་ཀྱི་སྐུ་དང་གསུམ་ལ་རིམ་པར་སྐུའི་ཞལ་མཐོང་གསུང་ཆོས་ཉན་མོད་ཀྱང་རིག་འཛིན་གསུམ་པ་ནི་ལྟ་སྒོམ་གྱི་གོམས་པ་ཆེ་ཆུང་གི་སྟོབས་ཀྱིས་འོག་མ་གཅིག་གི་སྟོན་པར་གོང་མ་གཅིག་གྱུར་པས་ན། དེ་དག་རིམ་པ་བཞིན་དུ་འོག་མ་པས་གོང་མའི་བླ་མ་སྟེ་བླར་གྱུར་པ་ཡིན་ཏེ། རིག་འཛིན་གསུམ་ལ་མཐོ་དམན་གྱི་ཁྱད་པར་ཆེ་བ་དེ་ལྟར་ཡོད་པ་ཡིན་ཡང་ད་རུང་རིག་འཛིན་དེ་དང་སངས་རྒྱས་ཀྱི་ས་ཁྱད་ཕྱེ་བ་ནི། གཉིས་པ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་ཚུལ་ལ་གཉིས་ཏེ། དང་པོ་མདོར་བསྟན་པ་ནི། ཅིག་ཆར་བ་ཚེ་དབང་དང་། ཐོད་རྒལ་བ་ཕྱག་ཆེན་དང་། མཐར་ཕྱིན་པ་ལྷུན་གྲུབ་དང་གསུམ་གྱི་སྐབས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་ལྷུན་གྲུབ་ཏུ་གྱུར་པ་ལ་ཡང་། སངས་རྒྱས་ཐོབ་པའི་རྒྱུ་དང་། ཐོབ་པའི་རྐྱེན་དགོས་པ་དང་། ཐོབ་པའི་དགོངས་པ་རང་གི་ངོ་བོ་དང་གསུམ་གྱི་དབང་དུ་ཕྱེ་བ་ཡིན་གྱིས། སངས་རྒྱས་ཐོབ་པ་ལ་ཁྱད་པར་མེད་པར་སྣང་བ་དེས་ན་རིག་འཛིན་གསུམ་པོ་དེ་དག་གི་སྐབས་ན་སངས་རྒྱས་པ་ལ་བཟང་ངན་མེད་པར་ཀུན་འདྲ་ཡང་གོང་གི་རིག་འཛིན་རང་སྐབས་སུ་ཁྱད་པར་ཡོད་པ་དེ་ཡི་ཕྱིར་འདིར་སངས་རྒྱས་ལ་མཉམ་རྗེས་མེད་པ་དང་། རིག་འཛིན་ལ་མཉམ་རྗེས་ཡོད་པ་དེ་དག་མཉམ་པར་བལྟ་བ་ནི་མ་ཡིན་ཏེ་ཁྱད་པར་ཡོད་དོ། །གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་དེ་ལ་གསུམ། སངས་རྒྱས་པ་རང་གི་རྒྱུ་བསྟན་པ་དང་། སངས་རྒྱས་པར་བྱེད་པའི་རྐྱེན་དགོས་པར་བསྟན་པ། སངས་རྒྱས་ཟིན་གྱི་དགོངས་པའི་ངོ་བོ་བསྟན་པའོ། །དང་པོ་ལ་གཉིས། དང་པོ་རིག་འཛིན་གསུམ་གང་ནས་སངས་རྒྱས་པ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་མོ་ལ་བརྟེན་ནས་གསང་བའི་སྐུའི་གསུང་གི་བརྡའ་འཕྲོད་ཚུལ་ནི། གོང་དུ་བཤད་པ་དེ་ལྟར་རིག་འཛིན་རྣམ་པ་གསུམ་གང་ཞིག་ཐོབ་བ་ལ། ཤེས་བྱ་ཐམས་ཅད་མཁྱེན་པ་ཡི་སངས་རྒྱས་མངོན་སུམ་དུ་བྱས་པའི་ཕྱིར། རང་བཞིན་མཐར་ཕྱིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རང་རིག་པ་མངོན་སུམ་དུ་གསལ་བའི་ངང་ནས། གཟུངས་མ་ཡེ་ཤེས་ཀྱི་ལྷ་མོར་རོལ་ཅིང་སྤྱོད་པའི་དབང་གིས་ཆགས་རྟོག་ཐམས་ཅད་བདེ་བའི་ཡེ་ཤེས་ཀྱིས་ཟིལ་གྱིས་གནོན་པ་སེང་གེ་ལྟ་བུའི་གསང་བའི་སྐུའི་གསུང་གོ་བརྡའ་མཇལ་བས་བདེ་བའི་དངོས་པོ་ཡི་ངོ་བོ་དེ་ཀ་རྒྱུ་རྐྱེན་བཅོས་སླད་དང་བྲལ་བའི་རང་བྱུང་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བའོ། །གཉིས་པ་དེ་དུས་སྐུ་གསུང་ཐུགས་བཅོ་ལྔ་ལྷུན་གྲུབ་ཏུ་རྫོགས་ཚུལ་ནི། སྐུ་ལྔའམ་རིགས་ལྔ་དབྱེར་མེད་པས་རྡོ་རྗེ་འཛིན་པའི་སྐུ་དྲུག་པ་སྤྱི་གཟུགས་ཅན་གྱི་སྐུ་ལྔ་གསུང་ལྔ་ཐུགས་ལྔ་སྟེ་ལྔ་གསུམ་བཅོ་ལྔ་ལྷུན་གྲུབ་ཏུ་རྫོགས་པ་ཡི་དོན་བརྡའ་འཕྲོད་པ་དེས། དེའང་སྟོན་པ་སྐུ་ལྔའི་བྱིན་རླབས་འཁོར་མཐར་ལམ་པ་བྱང་སེམས་འབྱིན་པ་དང་། གསུང་ལྔའི་དོན་དགོངས་པ་ཡེ་ཤེས་ལྔ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་ལྔ་ཚན་གསུམ་ཀུན་གྱིས་དོན་ལྷུན་གྲུབ་ཏུ་བསྟན་པར་ཟད་དོ། །གཉིས་པ་སངས་རྒྱས་པར་བྱེད་པའི་རྐྱེན་དགོས་པར་བསྟན་པ་ནི། གོང་དུ་བཤད་པ་དེ་ལྟར་བསྟན་པའི་ཕྱིར་མཐར་ལམ་པ་ལ་རྗེས་ཤེས་ཉོན་མོངས་པ་གནས་ངན་ལེན་གྱི་དྲི་མ་ཀུན་གཞིའི་རྣམ་ཤེས་གནས་ཆ་ཕྲ་མོ་ཙམ་ཞིག་ཡོད་པ་དེ་སེ་གོལ་བརྡབ་པའི་ཡུན་ཙམ་ཅིག་ལ་སྒྲིབ་པ་ཉོན་མོངས་བག་ལ་ཉལ་དང་། དེའི་གཉེན་པོ་རང་བྱུང་ཡེ་ཤེས་རྩལ་མ་ཡེངས་པར། སྒོམ་པའི་རྩོལ་བ་ལ་ཤེས་བྱ་བག་ཉལ་གཉིས་ཀྱིས་འབྲས་བུ་བདེ་བར་གཤེགས་པའི་སྣང་བ་ལ་བསྒྲིབས་པས་མུན་པ་རྣམ་པ་གཉིས་པོ་སྤང་བྱ་ཡིན་པས་སོ། །རྣལ་འབྱོར་པ་རང་གི་དོན་རང་བྱུང་གི་ཡེ་ཤེས་ཉིད་ལ་ཡེ་ཤེས་ལྔ་ལྔའི་རྩལ་དང་ལྡན་པའི་ཏིང་འཛིན་བསྒོམ་པའི་སྟོབས་དང་ནི་གཞན་རྐྱེན་སྟོན་པས་ཟབ་མོའི་དབང་གསུམ་རིམ་པ་ལྟར་བསྐུར་ནས་ཐོབ་པའི་སྟོབས་ཀྱིས་བདུད་བཞི་བཅོམ་པར་བྱས་པས་སྒྲིབ་གཉིས་སངས་ཏེ་མཐར་ཐུག་གི་སངས་རྒྱས་ཀྱི་ས་ཐོབ་པའི་ཕྱིར་ཡེ་ཤེས་ཕྱོགས་རེའི་མཐའ་དང་བྲལ་བར་ལྡན་པའི་རྒྱས་ཞེས་བྱའོ། །གསུམ་པ་དགོངས་པའི་ངོ་བོ་བསྟན་པ་ལ་བཞི། མངོན་དུ་གྱུར་པའི་དགོངས་པའི་ངོ་བོ་བསྟན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དགོངས་པའི་ངོ་བོ་གཅིག་ཚུལ་དང་། མི་གཅིག་པར་འདོད་པའི་གཞན་ལུགས་དགག་པ་དང་། རང་ལུགས་ཀྱི་སངས་རྒྱས་ཀྱི་མཚན་ཉིད་རྒྱས་པར་བསྟན་པའོ། །དང་པོ་ལ་གཉིས། དང་པོ་འབྲས་བུ་མངོན་དུ་གྱུར་ཚུལ་ནི། དབྱེར་མེད་ལྷུན་གྲུབ་ཏུ་རྒྱལ་བ་དྲུག་པར་སངས་རྒྱས་པ་དེའི་ཚེ་ན། མ་འདྲེས་སྣང་མཛད་ཀྱི་འབྲས་བུ་ལ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། རྡོ་རྗེའི་སྐུ། མངོན་བྱང་སྐུ་དང་སྐུ་ལྔ། དོན་གྱི་གསུང་། བརྡའི་གསུང་། ཚངས་པ་དབྱངས་ཀྱི་གསུང་། གྲགས་སྟོང་དབྱེར་མེད་ཀྱི་གསུང་། རིག་པ་བྱིན་རླབས་ཀྱི་གསུང་ལྔ། ཆོས་དབྱིངས་ཡེ་ཤེས། མཉམ་ཉིད། བྱ་གྲུབ། སོར་རྟོག །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཐུགས་ལྔ་དང་། ཞིང་ཁམས། གཞལ་ཡས་ཁང་། རྒྱན་ཆ། འོད་ཟེར། གདན་ཁྲི་སྟེ་ཡོན་ཏན་ལྔ། ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལྔ་སྟེ་ངོ་མཚར་རྨད་དུ་བྱུང་བ་འབྲས་བུ་ཡི་ཆེ་ཡོན་སྐུ་རིགས་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་པོ་རྣམས་གཞན་ལོགས་ཤིག་ལ་ཡོད་ནས་ཐོབ་པ་མིན་ཏེ། འོ་ན་དེ་དག་གང་ལས་བྱུང་ཞེ་ན། གཞི་ཡེ་གདོད་མ་ཉིད་ནས་འབྲས་བུའི་ཆེ་ཡོན་རང་ལ་གནས་པ་དེ་ལམ་གྱི་ཐབས་འགག་པ་མེད་པ་ལ་བརྟེན་པའི་དུས་སུ་ཤེས་རབ་རང་བཞིན་མེད་པ་ཉིད་ལས་མ་གཡོས། དེ་ལྟར་ཐབས་ཤེས་དབྱེར་མེད་དེ་ཉིད་མཐར་ཕྱིན་པ་དེ་ལ་འབྲས་བུ་ཞེས་བྱའོ། །དཔེར་ན་ཡིད་བཞིན་ནོར་བུ་དང་དཔག་བསམ་ཤིང་དགོས་འདོད་འབྱུང་བ་དེ་ལྟ་བུ་ཡི་འབྲས་བུའི་ཡོན་ཏན་རྣམས་རིག་པ་བདག་ཉིད་ཆེན་པོའི་ངང་དུ་རང་ལ་འབྱུང་ནས་ཐོབ་པའོ། །གཉིས་པ་དེའི་ཡོན་ཏན་གྱི་ཆ་ལས་མཐར་ཕྱིན་གྱི་ས་གསུམ་རྫོགས་ཚུལ་ནི། བསྒོམ་པའི་སྤྱོད་ཡུལ་བློ་ཡི་རྩོལ་བ་དང་བྲལ་བས་ན་གང་ལའང་མ་ཆགས་པར་ཐམས་ཅད་རིག་པ་རང་སྣང་རྩོལ་མེད་དུ་ཤར་བའི་ཕྱིར། དཔེར་ན་ཆུ་སྐྱེས་ཏེ་པདྨ་འདམ་ལས་སྐྱེས་ཀྱང་འདམ་སྐྱོན་གྱིས་མ་གོས་པ་ལྟར་ཐམས་ཅད་རང་རིག་ངང་ལ་འཛིན་ཞེན་ཆགས་གསུམ་གྱི་དྲི་མ་དང་བྲལ་བས་ན་བཅུ་གཉིས་པདྨ་ཅན་གྱི་ས་ཡང་ཐོབ་པའོ། །ཕུང་པོ་ལྔ་ལ་སོགས་རྟོག་ཚོགས་ཞེ་གཉིས་རང་བཞིན་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཡིན་ཏེ། དེ་ཉིད་རང་རིག་པའི་མངོན་སུམ་དུ་བྱས་པའི་ཆ་ནས་བཅུ་གསུམ་ཡི་གེ་ཚོགས་ཆེན་གྱི་ས་ཡང་རྫོགས་ཞེས་བརྗོད། སྐུ་དང་ཡེ་ཤེས་དེ་ཉིད་རྒྱུ་རྐྱེན་དང་བྲལ་བས་རང་བྱུང་གི་ཡེ་ཤེས་སུ་འོད་གསལ་བ་ཡི་དོན་དེ་ཉིད་རང་རིག་པའི་མངོན་སུམ་དུ་བྱས་པའི་ཆ་ནས། བཅུ་བཞི་པ་ཡེ་ཤེས་བླ་མ་ཡི་ས་ཐོབ་པའོ། །གཉིས་པ་དགོངས་པའི་ངོ་བོ་གཅིག་ཚུལ་ལ་དྲུག་སྟེ། དང་པོ་དེ་བཞིན་ཉིད་དུ་གཤེགས་ཚུལ་གཅིག་ཚུལ་ནི། མཐར་ཐུག་པ་གསུམ་མངོན་དུ་གྱུར་པའི་ཚེ། རྣལ་མ་དོན་གྱི་ཀུན་གཞི་མ་བཅོས་པ་རང་རིག་པའི་མངོན་དུ་བྱས་པའི་ཕྱིར། དེ་ལྟར་གཞི་དོན་དེ་བཞིན་ཉིད་དུ་ནར་སོན་ཅིང་གཤེགས་པ་དེ་ཡང་། རིགས་དྲུག་གི་འགྲོ་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམ་ཤེས་ཚོགས་བརྒྱད་ཀྱི་རྒྱུད་ཐ་དད་ཀྱང་རིག་པ་བདག་ཉིད་ཆེན་པོའི་ངོ་བོ་ལ་རིགས་རྒྱུད་ཕྱོགས་གཅིག་ཏུ་གྲུབ་པ་མེད་པའི་ཕྱིར་ཤིན་ཏུ་གཅིག་པར་གཤེགས་པའོ། །གཉིས་པ་དགོངས་པ་མ་འདྲེས་པ་ཡོངས་སུ་རྫོགས་པས་གཅིག་དུ་མའི་མཐའ་དང་བྲལ་བར་གཅིག་ཚུལ་ནི། གཅིག་པུ་དེ་ཉིད་ངོ་བོ་ལ་ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་པས་ན། ཐམས་ཅད་མཁྱེན་པའི་བདག་ཉིད་སངས་རྒྱས་བསམ་ཡས་པ་བཞུགས་ཀྱང་རང་རིག་པ་དེ་བཞིན་ཉིད་ཀྱི་ངང་དུ་འདུས་པས་ཡོངས་སུ་རྫོགས་པ། རང་རིག་པ་དེ་ཉིད་ཀྱི་ངང་ལ་ཤེས་བྱའི་ཆོས་ཐབས་ཆེན་པོ་མ་འདྲེས་པའི་བྱེ་བྲག་རྣམས་རང་གསལ་བའི་ཕྱིར། སངས་རྒྱས་ཐམས་ཅད་དགོངས་པ་གཅིག་དང་དུ་མར་བྲལ་བ་ཡིན་པར་དགོངས་པ་གཅིག་གོ། །གསུམ་པ་སེམས་ཉིད་མཐའ་བྲལ་ལྷུན་གྲུབ་མངོན་དུ་བྱས་པར་གཅིག་ཚུལ་ནི། རང་གི་སེམས་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་སྣང་སྟོང་གི་མཐའ་དང་བྲལ་བ་ཡིན་ཏེ། དེ་ཉིད་གསར་དུ་མ་ཡིན་ཡེ་གདོད་མ་ནས་འཁོར་འདས་སམ་སྣང་སྟོང་གི་ཆ་ཤས་གཉིས་དང་བྲལ་བས་དབྱེར་མེད་པས་དོན་མ་འདྲེས་ཡོངས་རྫོགས་ཀྱི་སྙིང་པོ་དེ་ཉིད་རང་རིག་པའི་མངོན་སུམ་དུ་བྱས་པ་དང་འདྲ་པའི་ཕྱིར་ན་སངས་རྒྱས་ཀུན་ཡང་དགོངས་པ་མཐའ་བྲལ་ལྷུན་གྲུབ་མ་འདྲེས་ཡོངས་རྫོགས་གཅིག་པའོ། །བཞི་པ་བཞུགས་གནས་ཀྱི་ཞིང་ཁམས་གཅིག་ཚུལ་ནི། འདས་མ་འོངས་ད་ལྟ་མ་ངེས་པའི་དུས་དང་བཞི་པོ་རྣམས་སེམས་ཉིད་རིག་པར་སྣང་བའི་ཕྱིར་དུས་བཞི་སྔ་ཕྱི་རང་ཁ་མའི་རྒྱུན་དང་བྲལ་བའི་རང་བཞིན་དེ་ལ་གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་དང་བྲལ་བའི་རང་སྣང་གཉིས་མེད་ཀྱི་ཡེ་ཤེས་ནི། དེ་བཞིན་གཤེགས་པ་ཀུན་གྱི་བཞུགས་གནས་ཡིན་པ་དེ་ཡི་ཕྱིར་ན་གོང་གི་བཞུགས་གནས་དེར། རྒྱལ་བ་ཀུན་ཀྱང་དུས་བཞི་མཉམ་པ་ཉིད་དུ་དགོངས་པ་གཅིག་པར་བཞུགས་སོ། །ལྔ་པ་ཕོ་བྲང་དཀྱིལ་འཁོར་གཅིག་ཚུལ་ནི། རང་གི་སེམས་ཉིད་ཡེ་གདོད་མ་ནས་ཆོས་སྐུ་ཆེ་ཞེས་ཆེན་པོ་དེ་བཞིན་ཉིད་ཀྱི་གནས་ལུགས་དེ་ཉིད་རང་རིག་པའི་མངོན་སུམ་དུ་གྱུར་པ་ནི། ཆེ་བའི་ཡོན་ཏན་དཔག་ཏུ་མེད་པའི་སངས་རྒྱས་རྣམས་ཀྱི་བཞུགས་གནས་ཀྱི་ཕོ་བྲང་ཡིན་པའི་ཕྱིར ། ཕོ་བྲང་དེ་ན་སངས་རྒྱས་ཀྱི་གཙོ་འཁོར་ཀུན་མ་འདྲེས་བར་བཀོད་པའི་དཀྱིལ་འཁོར་གྱི་གདན་དེར་དགོངས་པ་གཅིག་ཏུ་གནས་ནས་བཞུགས་སོ། །དྲུག་པ་གནས་གྱུར་གྱི་རྒྱལ་བ་གཅིག་ཚུལ་དེ་ལ་གཉིས། དང་པོ་གནས་གྱུར་གྱི་རྒྱལ་བ་གཅིག་ཚུལ་དངོས་ནི། དེ་ལྟར་ཐམས་ཅད་དགོངས་པ་གཅིག་པའི་དོན་ངོ་མ་ཤེས་པའི་རྒྱུད་དྲག་ལས་ཀྱིས་འགྲོ་བའི་སེམས་ཅན་དུ་སྐྱེ་བའི་དུས་ན་རིགས་རྒྱུད་ལྷ་ལྷ་མིན་མི་དང་དམྱལ་བ་ཡི་དྭགས་དུད་འགྲོ་དྲུག་ཏུ་སྣང་བ་ཉིད། མཉམ་པ་ཉིད་ཀྱི་ངོ་བོ་ལ་འགྲོ་བ་རིགས་དྲུག་རིགས་རྒྱུད་དང་། ཕོ་མོ་མ་ནིང་གི་མཚན་མ་དང་གཟུགས་ཀྱི་དབྱིབས་ཁ་དོག་དང་རིས་ཏེ་ནང་ཚན་མི་འདྲ་བའི་དངོས་པོ་རྣམས་རང་རྒྱུད་ཅན་དུ་གྲུབ་པ་མེད་པ་དེ་ཡང་ངོ་བོ་ལ་ཐ་དད་མེད་པ་དེ་ཡི་ཕྱིར་རྒྱལ་བ་སངས་རྒྱས་ཀྱི་དགོངས་པའི་རྒྱུད་ལ་རྟོག་ཚོགས་ཞེ་གཉིས་རྒྱལ་བ་བཞི་བཅུ་རྩ་གཉིས་ལ་ཐ་དད་དུ་གནས་སུ་འགྱུར་བ་དང་། རྣམ་ཤེས་ཚོགས་བརྒྱད་ཀྱང་ཡེ་ཤེས་ལྔར་སོ་སོར་གནས་སུ་འགྱུར་བའི་ཕྱོགས་དང་རིས་སུ་ཆད་པའི་ཆ་གཟུང་དུ་ག་ལ་ཡོད་དེ་མེད་དོ། །གཉིས་པ་གཅིག་ན་གནས་འགྱུར་རྫུན་པར་དོགས་པ་སྐྱེ་བ་བསལ་བ་དེ་ལ་གཉིས་ཏེ། དང་པོ་དོགས་པ་སྐྱེ་ཚུལ་ནི། འོན་ཏེ་གོང་དུ་བཤད་པ་ལྟར་མ་ཤེས་པའི་གང་ཟག་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྟོང་པའི་ངང་དུ་ཆུ་ལ་ཆུ་ཐིམ་པ་ལྟར་གཅིག་པར་འདོད་ཅེ་ན། འོ་ན་བཀའ་མདོ་རྒྱུད་ཐམས་ཅད་ཀྱི་ནང་རྟོག་ཚོགས་ལྷར་གནས་སུ་འགྱུར་བ་དང་། ཚོགས་བརྒྱད་ཡེ་ཤེས་ལྔར་གནས་གྱུར་པར་གསུངས་པ་ཐམས་ཅད་རྫུན་ཞིང་སྟོང་པའི་ཕྱོགས་གཅིག་པའི་མཐར་ལྟུང་ཞིང་དབུ་མའི་འབྲས་བུ་དང་འདྲ་བར་འགྱུར་བའི་དོགས་པ་སྐྱེ་བས་དེའང་བསལ་བ་འདི་ལྟར་ཏེ། གཉིས་པ་དེ་བསལ་བ་དེ་ལ་གསུམ་སྟེ། དང་པོ་སེམས་འདི་འཁོར་འདས་ཀུན་ཀྱི་དངོས་གཞི་རུ་སྣང་ཡང་འཁོར་འདས་ཕྱོགས་རིས་སུ་མ་ཆད་པར་བསྟན་པ་ནི། གཞི་དོན་ཀུན་གཞི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡེ་གདོད་མ་ཉིད་ནས་རྒྱུ་རྐྱེན་དང་བྲལ་བ་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་ཀྱི་ཆོས་ཀུན་ལྷུན་གྲུབ་ཏུ་རྫོགས་པར་གནས་ཀྱང་། འཁོར་འདས་ཀྱི་སྣང་སྟོང་ཕྱོགས་རེའི་མཚན་ཉིད་མཐའ་དང་བྲལ་བས་ན་གསར་དུ་མཐའ་བཀོལ་དུ་མེད་པའི་དོན་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཀུན་གྱི་དངོས་གཞི་ཡིན་ཏེ། དེ་ཉིད་ངག་ཏུ་སྨྲ་བའི་ཚིག་དང་ཡིད་ཀྱིས་བསམ་པའི་བློ་དང་བྲལ་བས། འཁོར་འདས་སྣང་སྟོང་ཕྱོགས་གཅིག་འདི་འདྲར་ངོས་བཟུང་དུ་མེད་དོ། །གཉིས་པ་དེ་གནས་སུ་འགྱུར་བའི་ཡེ་ཤེས་ལྔའང་རང་བྱུང་གི་ཡེ་ཤེས་ཀྱི་ཡོན་ཏན་གྱི་ཆ་ལ་བཏགས་ཚུལ་ནི། ཆོས་དབྱིངས་ཡེ་ཤེས། མེ་ལོང་། མཉམ་ཉིད། སོར་རྟོག །བྱ་གྲུབ་ཡེ་ཤེས་དང་ལྔ་ཡང་དོན་རང་བྱུང་གི་ཡེ་ཤེས་ཀྱི་ཡོན་ཏན་གྱི་བྱེད་ལས་ཀྱི་ཆ་ལྔ་ལས་ཡེ་ཤེས་ལྔའི་མིང་བཏགས་པ་ཡིན་པར་ཤེས་དགོས་ཀྱི་དེ་བས་ལོགས་སམ་གཞན་པ་ཞིག་ན་ཡེ་ཤེས་ལྔ་མེད་པ་དེ་ཡི་ཕྱིར་ན་དབུ་མ་ལྟར་སྟོང་པ་ཕྱོགས་གཅིག་པའི་གྲུབ་མཐར་ལྷུང་བ་མེད་པའོ། །གསུམ་པ་དེ་ན་གནས་འགྱུར་གྱི་རྒྱལ་བའང་མཐར་ལམ་པའམ་རིགས་ལྔ་ལ་རིས་ཡོད་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་ལ་ལྷུན་གྱིས་གྲུབ་པས་གཅིག་ཚུལ་ནི། རང་བྱུང་གི་ཡེ་ཤེས་ཀྱི་རང་མདངས་ཀྱི་རྒྱལ་བ་དྲུག་པ་དེ་ཉིད་ཡིད་བཞིན་ནོར་བུ་རིན་ཆེན་ལ་དགོས་འདོད་འབྱུང་བ་ལྟར། རྒྱལ་བ་ཀུན་བཟང་ནི་ཞི་ཁྲོའི་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན་ཡིན་པའི་ཕྱིར་ན། དྲུག་པའི་རྒྱལ་ཚབ་མཐར་ལམ་བ་ལ་རིགས་ལྔ་རེ་རེ་ལ་ཡང་གཙོ་འཁོར་ལྷུན་གྱིས་གྲུབ་པས་རིས་མི་འདྲ་བ་ཡོད་ཀྱི། ཡང་ན་དྲུག་པའི་རྒྱལ་ཚབ་རྒྱལ་བ་རིགས་ལྔ་པོ་རྣམ་གདུལ་བྱའི་སྣང་ངོ་ལ་རིགས་དང་སྐུ་མདོག་ཞལ་ཕྱག་མི་འདྲ་བའི་རིགས་ཐ་དད་ཡོད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་ལྔ་ལྷུན་གྱིས་གྲུབ་པའི་རྒྱལ་བ་དྲུག་པ་ལ་དེ་ལྟར་གྱི་ཕྱོགས་རིས་སུ་གྲུབ་པ་མེད་དོ། །གསུམ་པ་གཞན་ལུག་དགག་པ་ལ་གསུམ་སྟེ། དང་པོ་སངས་རྒྱས་ཀྱི་ས་ལ་འཁོར་འདས་ཐ་དད་དུ་ཡོད་པ་མི་འཐད་པའི་ཚུལ་ནི། དེ་ལྟར་ལྷུན་གྱིས་གྲུབ་པའི་སྟོན་པ་ཀུན་བཟང་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་འདས་མ་འོངས་ད་ལྟ་དུས་གསུམ་གྱི་འཁོར་བའི་ཆོས་ཐམས་ཅད་རིག་པ་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར། རྒྱལ་བ་ཀུན་གྱི་ཕྱིར་སྤྱི་གཟུགས་ཅན་ཡིན་ཏེ། དེའི་དགོངས་པ་ལ་འཁོར་འདས་ཐ་དད་ཀྱི་ཆ་གཉིས་རང་རྒྱུད་ཅན་དུ་ཡོད་པར་གང་ཟག་གང་གི་བློས་བཏགས་སུ་རུང་སྟེ་མི་རུང་ངོ་། །གལ་ཏེ་ཐ་དད་ཅན་དུ་ཡོད་ན་འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པ་ཡིན་ཟེར་བ་རྫུན་ནོ། །གཉིས་པ་སྦྱངས་པའི་ཡེ་ཤེས་མ་འདྲེས་པ་ཡོད་པ་དགག་པ་ནི། སེམས་ཙམ་དང་ཕྱི་རྒྱུད་སྡེ་གསུམ་གྱི་མཐར་ཐུག་གི་འབྲས་བུའི་འདོད་ཚུལ་ནི། དཔེར་ན་ཉི་ཟེར་མ་འདྲེས་པའི་ཉི་མའམ་ཤིང་གི་མེ་དཔུང་བཞིན་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགོངས་པའི་ངོ་བོ་ཀུན་གཅིག་ལ་སྦྱང་བའི་ཡེ་ཤེས་ཀྱི་རྒྱུད་མ་འདྲེས་སོ་སོ་བཞུགས་པ་ཡིན་པར་འདོད་དེ། དེ་ལྟར་དགོངས་པའི་ཡེ་ཤེས་ཐ་དད་ན་སངས་རྒྱས་སྤྲུལ་པ་ཡང་སྐུར་སྣང་བ་གདུལ་བྱ་གཅིག་ལ་མཐུན་པར་སྣང་བ་དེའང་གདུལ་བྱ་ཐམས་ཅད་ཀུན་དང་སྣང་ཚུལ་གཅིག་པར་འགྱུར་ཏེ། དེའང་བྱང་ཆུབ་སེམས་དཔའ་ཆེ་ཞེས་ཆེན་པོ་འཕགས་པའི་སྣང་ཚུལ་དང་སོ་སོའི་སྐྱེ་བོའི་གདུལ་བྱའི་སྣང་ངོར་སྣང་ཚུལ་རྣམས་ཁྱད་མེད་པར་འགྱུར་རོ། །ཡེ་ཤེས་ཀྱི་ལྷ་རྒྱུད་ཐ་དད་ན་སྐལ་ལྡན་རྣམས་ཀྱིས་ལྷ་སྤྱན་དྲང་བའི་ཚེ་ཞི་བའི་དུས་ཞི་བའི་ལྷ་ཚོགས་རྣམས་བྱོན་པ་དང་། ཁྲོ་བོའི་ལྷ་ཚོགས་རྣམས་མི་བྱོན་པ་དང་། ཁྲོ་བོའི་དུས་ཁྲོ་བོ་ལས་ཞི་བ་མི་བྱོན་པ་ལ་སོགས་པའི་སྐྱོན་འབྱུང་བ་དང་། གཞི་གཞན་དོན་བར་བའང་འདུག །མཆན། དོན་གྱི་ངོ་བོ་དབྱེར་མེད་ཡིན་པའི་རྒྱུད་ལུང་དང་རིགས་པ་མན་ངག་གི་བསྟན་བཅོས་ཀུན་དང་འགལ་བ་དང་། སྦྱངས་པའི་ཐུགས་རྗེས་འབྲེལ་བ་གང་ཡོད་ཀྱི་གདུལ་བྱ་མ་གཏོགས་པ། གདུལ་བྱ་གཞན་གྱི་དོན་དུ་མི་འགྱུར་བས་ན། རིགས་ཆད་པའི་གནས་སུ་འགྱུར་བའི་སྐྱོན་ལ་སོགས་པ་ཡོད་པའོ། །གསུམ་པ་དེ་དྲང་དོན་གྱི་སངས་རྒྱས་ཡིན་པས། ངེས་དོན་གྱི་སངས་རྒྱས་མ་ཡིན་པར་བསྟན་པ་ནི། སྐྱོན་ཡོད་པ་དེ་ཡི་ཕྱིར་སེམས་ཙམ་པ་དང་ཕྱི་རྒྱུད་ཀྱི་གང་ཟག་གང་གིས་སངས་རྒྱས་པའི་ཚེ་ཤིང་གི་མེ་དཔུང་ལྟ་བུར། དགོངས་པའི་ངོ་བོ་གཅིག་ལ་སྦྱངས་པའི་ཡེ་ཤེས་མ་འདྲེས་པར་སྟོན་པས་དེ་ནི་དྲང་དོན་དུ་བཀྲི་ཞིང་ངེས་དོན་དུ་དྲངས་པའི་ཐབས་ཀྱི་སངས་རྒྱས་ཡིན་པའི་ཕྱིར་གསུང་རུང་གིས་འདིར་གསང་སྔགས་ཏུ་བཀོད་པའི་སངས་རྒྱས་ནི་ཡང་དག་པར་རྫོགས་པ་ངེས་པར་སངས་རྒྱས་མིན་ཏེ། དེ་བས་ན་ཐུན་མོང་དབུ་སེམས་དང་ཕྱི་རྒྱུད་ཀྱི་སངས་རྒྱས་པས་སྐུ་ལྔ་ལྷུན་གྲུབ་ཏུ་ཡང་དག་པར་རྫོགས་པ་བླ་ན་མེད་པའི་མ་ཧཱའི་སངས་རྒྱས་དཔགས་པ་ཡིན་ནོ། །བཞི་པ་རང་ལུགས་བཞག་པ་ལ་གསུམ། དང་པོ་ཡེ་ཤེས་ལ་ཡུལ་འཛིན་མེད་ཅིང་རང་སྣང་ལྷུན་གྲུབ་ཏུ་མཁྱེན་ཚུལ་དབྱེར་མེད་ཀྱི་སངས་རྒྱས་དེ་མཁྱེན་ཅིང་གཟིགས་པའི་ཚུལ་ནི། དུས་ཐམས་ཅད་དུ་འཁོར་འདས་ཀྱི་ཆོས་ཉིད་རང་རིག་པ་ཁོ་ན་ཡིན་པའི་ཕྱིར་གཟུང་འཛིན་གཉིས་སུ་མེད་པ་ལ་གཉིས་སུ་འཛིན་པ་ནི་ལོག་པར་རྟོག་པ་སྟེ། ལོག་རྟོག་དེའི་རྒྱུ་མཚན་གྱིས་གཟུང་འཛིན་དེ་དག་ཏུ་སྣ ང་བ་ནི་ཀུན་ཏུ་བརྟགས་པ་ཏེ་གློ་བུར་བའོ། །དེའི་ཞེན་པ་རྣམ་པར་དག་པ་ནི་བདེན་པར་སྣང་ཡང་བརྟགས་པ་ཡིན་ཅིང་། དེ་ལྟར་ལོག་རྟོག་དག་པས་འགྲོ་བ་རིགས་དྲུག་པོ་རིལ་རང་རིག་པའི་ཡེ་ཤེས་མཉམ་པ་ཉིད་ཀྱི་དབྱིངས་ལས་མི་གཞན་པར་གསལ་བས། འགྲོ་བ་ཐམས་ཅད་ཡེ་ཤེས་དེས་ཟིན་པ་དང་། དབྱིངས་དེས་ཁྱབ་པ་དང་། གདུལ་བྱ་འདུལ་བྱེད་གཉིས་སུ་མི་རྟོག་པའི་གཏན་ཚིགས་གསུམ་གྱི་ཕྱིར། ཐུགས་རྗེ་སྐྱེ་བའི་ཡུལ་དང་། སྐྱེ་བྱེད་ཀྱི་མཁན་པོ་དང་། སྐྱེ་བའི་ཐུགས་རྗེ་ཆེན་པོ་དང་གསུམ་གཉིས་མེད་རང་སྣང་དུ་ཤར་བས་སངས་རྒྱས་ཀྱི་ཡེ་ཤེས་དང་། གདུལ་བྱ་སེམས་ཅན་གཉིས་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པ་ཡོད་པ་ཡིས། སངས་རྒྱས་སེམས་ཅན་གཉིས་སུ་མེད་པར་རྟོགས་ན་ཐུགས་རྗེ་ཆེན་པོ་སྐྱེས་ཞེས་དེ་ལ་བྱ་ཞེས་སོ། །གཉིས་སུ་མེད་པ་དེའི་ཕྱིར་འགྲོ་བ་རིས་དྲུག་གི་དུས་སྔ་ཕྱི་དང་གནས་མཐོ་དམན་ལ་སོགས་པར་སྣང་བ་ཀུན་ལྷག་མ་མ་ལུས་པར་སྣང་ཞིང་གསལ་བས་ན། འགྲོ་བ་མཐོན་པོ་མཐོ་རིས་དང་། དམན་པ་ངན་སོང་གི་སེམས་ཅན་ཀུན་གྱི་གཟུགས་སུ་སྣང་བ་ཡང་མ་ཟད། ཡ་ཀི་བླ་ན་མེད་པ་བྱང་ཆུབ་སངས་རྒྱས་ཀྱི་སྐུར་སྣང་བ་རྣམས་ཀྱང་། དཔེར་ན་མེ་ལོང་ལ་གཟུགས་བརྙན་སྣང་བ་ལྟ་བུའི་ཚུལ་བཞིན་དུ་སངས་རྒྱས་ཀྱི་དགོངས་པ་གཉིས་མེད་རང་སྣང་གི་ངང་དུ་འཁོར་འདས་ཀྱི་ཆོས་སྣ་ཚོགས་པའི་ཁ་དོག་མ་འདྲེས་པ་དང་། དབྱིབས་མ་འདྲེས་པའི་གཟུགས་སུ་སྣང་བའི་ཕྱི་ནང་གི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀུན། བྱང་ཆུབ་སྙིང་པོའི་རང་བཞིན་སངས་རྒྱས་ཀྱི་དགོངས་པའི་ཡེ་ཤེས་ཀྱི་ངང་ཉིད་དུ། དཔེར་ན་ནམ་མཁའ་སྟོང་པ་དང་འཇའ་ཚོན་དབྱེར་མི་ཕྱེད་བ་ལྟར། གདུལ་བྱ་འདུལ་བྱེད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གཅིག་པ་དེ་ཡི་ཕྱིར་ཡུལ་བྲལ་གཉིས་མེད་དུ་ཤེས་བྱ་ཐམས་ཅད་མཁྱེན་པའོ། །གཉིས་པ་ཐུགས་རྗེ་ཆེན་པོའི་ངང་དུ་ཕྲིན་ལས་བྱེད་བསམ་གྱི་རྟོག་པ་མེད་ཅིང་གདུལ་བྱའི་རེ་བ་སྐོང་བ་ལ་དགོངས་པ་ལ་འགྲོ་འོང་མེད་པར་གཟུགས་སྣ་ཚོགས་སུ་སྣང་ནས་རང་དང་མཐུན་པར་དོན་མཛད་ཚུལ་ནི། དཔེར་ན་དཔག་བསམ་ལྗོན་ཤིང་དང་ཡིད་བཞིན་ནོར་བུ་རིན་ཆེན་ལས་དགོས་འདོད་སྣ་ཚོགས་འབྱུང་ཡང་རྟོག་པ་མེད་པ་ལྟར། སངས་རྒྱས་ཀྱི་དགོངས་པ་ཡུལ་ཡུལ་ཅན་གྱི་རྟོག་པ་མེད་པར་ཡུལ་བྲལ་གཉིས་མེད་ཀྱི་ངང་ནས་གདུལ་བྱ་གང་ལ་གང་འདུལ་གྱི་གཟུགས་སུ་སྣང་ནས་རེ་བ་སྐོང་བ་དང་། དེ་ལ་ཆུ་དྭངས་པའི་ནང་དུ་འགྲོ་འོང་མེད་པར་ཉི་ཟླ་ཆུ་ལ་སྣང་བ་ལྟར་དང་མེ་ལོང་དུ་གཟུགས་བརྙན་འཆར་བ་ལྟར་སངས་རྒྱས་ཀྱི་དགོངས་པ་ལ་འགྲོ་འོང་མེད་པར་གདུལ་བྱ་ཉེ་རིང་མེད་པ་ཀུན་ལ་གཟུགས་སྐུ་སྣ་ཚོགས་སུ་སྣང་བའི་སྐུ་ཞི་ཁྲོ་ལ་སོགས་བ་དང་གསུང་ཐེག་པ་སྣ་ཚོགས་དང་། ཐུགས་མཁྱེན་པའི་ཡེ་ཤེས་དང་མངོན་ཤེས་ཀྱི་བྱེ་བྲག་ལ་སོགས་པ་ཆོས་སྒོ་སྣ་ཚོགས་ཀྱིས་གདུལ་བྱ་ལ་ཇི་ལྟར་རང་རང་གི་བློ་དང་འཚམས་པར་སེམས་ཅན་གྱི་རྒྱུད་ཡོངས་སུ་འགྲོལ་བར་བྱེད་པའི་མཛད་པའོ། །གསུམ་པ་ཐུགས་རྗེ་ལ་ཉེ་རིང་མེད་ཅིང་འགྲོ་དོན་ལ་སེམས་པར་རྒྱུན་དུ་ཀུན་ལ་སྙོམས་ཚུལ་ནི། དེ་ལྟར་བུའི་ཐུགས་སྤྲོས་པ་དང་བྲལ་ཞིང་ཐུགས་རྗེས་བགོས་པ་མེད་པར་འགྲོ་བ་ཡོངས་ལ་ཁྱབ་པའི་སེམས་ལ་འདུ་འབྲལ་མེད་ཅིང་ནར་སོན་བས་ན་འདས་མ་འོངས་ད་ལྔའི་དུས་གསུམ་གྱི་གནས་སྐབས་ཀུན་ལ་ཕྱོགས་རིས་མེད་པར་སྙོམས་པར་ཞུགས་པའོ། །མཐའ་མར་དགེ་བ་མཇུག་གི་དོན་ལ་གཉིས་ཏེ། དགོས་ཆེད་དང་བསྔོ་བ་སྨོན་ལམ། མཐར་ཕྱིན་པའི་རྒྱུ་མཚན་གཉིས་ལས། དང་པོ་ནི། འགྲོ་བ་སེམས་ཅན་གྱི་ནང་ནས་ལམ་ལོག་བ་མུ་སྟེགས་རྟག་ཆད་ཡིན་ནོ། །དེ་ཡང་སྣང་ཕྱོགས་ལ་ཞེན་ཅིང་ལོག་པ་རྟག་ལྟ་བ་དང་། སྟོང་ཕྱོགས་ལ་ཞེན་ཅིང་ལོག་པ་ཆད་ལྟ་བའོ། །ལམ་སྟོར་བ་ནི་སོ་སོའི་སྐྱེ་བོ་ཐ་མལ་པ་རྣམས་དང་། དེ་དག་གིས་གསང་སྔགས་ཟུང་འཇུག་གི་ལམ་ལ་མི་འཇུག་ཅིང་། ཤེས་རབ་ཀྱིས་དབང་པོ་སྒོ་ལྔ་གཉིས་མེད་རང་སྣང་དུ་སྣང་སྲིད་དག་མཉམ་ཆེན་པོར་རྟོགས་པའི་རྐྱེན་རྡོ་རྗེ་སློབ་དཔོན་དང་ཐོས་བསམ་བསྒོམ་པ་སོགས་ཀྱི་ཡོན་ཏན་དང་བྲལ་ཞིང་སྔར་གྱི་བག་ཆགས་རྣམ་རྟོག་མ་རིག་འཁོར་བའི་གཅོང་ནད་ཀྱིས་སྙིང་ལ་མི་བཟོད་པའི་སྡུག་བསྔལ་དག་གིས་ཟིན་པ་རྣམས་ཀྱི་དོན་བྱ་བའི་ཕྱིར་འབྲས་བུ་སྒྲུབ་ཐབས་ཀྱི་ལམ། ཉེ་བ་བདེ་བ་རྗོགས་པས་ན་མཆོག །དུག་གསུམ་གྱི་ནད་སེལ་བའི་བདུད་རྩི་ཡི་སྨན་ཆེན་པོ་འདི་ཉིད། རྒྱུད་ནས་འཐོར་བ་རྣམས་སློབ་དཔོན་སངས་རྒྱས་གསང་བས་བསྡུས་པ་ཡི་དགེ་བའི་རྩ་བ་དེས་མཐའ་ཡས་པའི་སེམས་ཅན་རྣམས་ཀྱིས་ལམ་འགྲོད་ནས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་བསྔོ་བ་སྨོན་ལམ་གདབ་བོ། །གཉིས་པ་བརྩམ་པ་མཐར་ཕྱིན་པའི་རྒྱུ་མཚན་ནི། དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོ་ཉམས་སུ་ལེན་པ་རྣམས་ཀྱི་ལམ་གྱི་རིམ་པ་རྣམ་པར་བཤད་པ་ཚིག་ཚོགས་ཉུང་ངུའམ་ཆུང་ངུ་རུ་བསྡུས་པ་ཞེས་བྱ་བ་འདི་ཉིད་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་རྒྱུད་འབུམ་ཕྲག་བརྒྱ་བའི་དོན་བསྡུས་ཏེ་མཛད་པ་ཚིག་དོན་མ་ལུས་པ་གྲུབ་པས་ན་རྫོགས་སོ་ཞེས་སོ། །རྒྱ་གར་འཕགས་ཡུལ་མཁས་གྲུབ་རྒྱུ་སྐར་དབུས། །ཉི་མ་ལྟ་བུ་རྒྱལ་བ་གཉིས་པ་ཞེས། །ཡོངས་བསྔགས་སློབ་དཔོན་སངས་རྒྱས་གསང་བ་ཡིས། །ཏནྟྲ་བཅོ་བརྒྱད་ལ་སོགས་སྟོང་ཕྲག་བརྒྱའི། །གདམས་ངག་བཅུད་བསྡུས་ལམ་རིམ་ཆུང་ངུ་འདི། །རིག་འཛིན་བྱེ་བའི་གཤེགས་ཤུལ་རྨད་བྱུང་ཆོས། །རྣམ་མཁྱེན་ཐོབ་འདོད་ཀུན་གྱི་སྙིང་ནོར་ཟུང་། །རྒྱུད་དོན་ཟབ་རྒྱས་གཏིང་དཔག་གཞལ་དཀའ་རྣམས། །འཕྲད་དཀའི་ཆོས་མཆོག་འདི་ཡིས་ལེགས་པར་རྟོགས། །དེ་ཕྱིར་ཐོས་བསམ་བསྒོམ་ལ་བརྩོན་པར་མཛོད། །རང་ངོས་འཆད་དང་རྩོམ་པའི་ཡོན་ཏན་མེད། །གཞན་དོན་འབྱུང་བའི་བསམ་པ་བདག་ལ་མེད། །ཅི་ཕྱིར་ཞེ་ན་ད་ལྟ་སྙིགས་དུས་འདིར། །ཉམས་སུ་ལེན་པ་ཉིན་སྐར་ཙམ་དུ་ཟད། །འོན་ཀྱང་ཆོས་འདིའི་འགྲེལ་བཤད་ནུབ་ཉེ་ཚེ། །སེམས་ཀྱིས་མ་བཟོད་ཚིག་འགྲེལ་མདོར་བསྡུས་འདི། །ཉིན་གསུམ་ངལ་དུབ་སྤངས་ནས་མཐར་ཕྱིན་དུ། །འོད་གསལ་ཐེག་མཆོག་གླིང་གི་ཡང་ཁྲོད་ནས། །བྲིས་པས་ཚིག་དོན་ནོར་འཁྲུལ་གང་ཡོད་ཀུན། །རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱི། །སྤྱན་སྔར་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །ཟབ་གསང་ཆོས་འདིའི་བཤད་སྒྲུབ་བསྟན་འཛིན་སྡེ། །ཡར་ངོའི་ཟླ་ལྟར་གོང་ནས་གོང་འཕེལ་ཤོག །བདག་ཀྱང་གསང་སྔགས་ལམ་མཆོག་ཉམས་བླངས་ཏེ། །ཚེ་འདིར་འོད་གསལ་རྫོགས་ཆེན་དོན་རྟོགས་ནས། །བཟང་ངན་ལས་སྨོན་འབྲེལ་བའི་སེམས་ཅན་དང་། །མཁའ་ཁྱབ་འགྲོ་རྣམས་ཡང་དག་ལམ་བཀོད་ནས། །བླ་མ་གསང་བདག་ཕྲིན་ལས་སྐྱོང་བར་ཤོག །ཅེས་པའང་རྩ་བའི་འབྲུ་རྣམས་ཚིག་གཅིག་ཙམ་ཡང་མ་ཉམས་པར་འབྲུ་འགྲེལ་ཙམ་ལས། རྒྱས་པར་བཀྲལ་ན་སྙིགས་དུས་འདིར་སྤྱིར་ཆོས་ལ་མོས་འདུན་ཞན་ཅིང་ཁྱད་པར་ངེས་དོན་སྙིང་པོའི་ཆོས་ལ་བརྩོན་འདུན་ཆེར་མེད་གཤིས་རང་གཞན་གང་ལ་བརྟགས་ཀྱང་སེམས་སྐྱོ་བཞིན་རང་དང་རྗེས་འཇུག་བླུན་པོ་རྣམས་ཀྱིས་བལྟ་བདེ་ཕྱིར་སྔོན་གྱི་མཁས་གྲུབ་དུ་མའི་བཞེད་པ་ལྟར་བཀྲ་ཤིས་དུང་དཀར་སྒང་གི་རི་སུལ་ཡང་ཁྲོད་འོད་གསལ་ཕུན་ཚོགས་དགའ་བའི་སྤྲིན་གྱི་སྐྱེད་ཚལ་དུ་རང་གནས་བསམ་གཏན་གྱི་ཁང་བུར་བསྲེག་བྱ་ཟ་བའི་ཁམས་བློ་ལྡན་གྱི་ལོར་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཟང་པོར་རིག་འཛིན་འགྱུར་མེད་རྡོ་རྗེ་པས་བྲིས་པ་བཀྲ་ཤིས་དགེ་ལེགས་འཕེལ།། །།


previousསྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུའི་འབྲུ་འགྲེལ་བདུད་རྩིའི་ཐིགས་པ། འགྱུར་མེད་རྡོ་རྗེ།next