Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་གཅིག་་པ།


   
   
   
   
   
གསང་བ་སྙིང་པོའི་གཏན་ཚིགས་རྣམས་ཀྱི་ཟིན་ཐོ། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ།
   
   
   
   
   


 
previousགསང་བ་སྙིང་པོའི་གཏན་ཚིགས་རྣམས་ཀྱི་ཟིན་ཐོ། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ།next

གསང་བ་སྙིང་པོའི་གཏན་ཚིགས་རྣམས་ཀྱི་ཟིན་ཐོ། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ།

གསང་བ་སྙིང་པོའི་གཏན་ཚིགས་རྣམས་ཀྱི་ཟིན་ཐོ་བཞུགས། །ཕྱི་ནང་འཁོར་འདས་ཆོས་ཀུན་གདོད་མའི་ཞིང་། །ཡེ་ནས་རྟག་ཁྱབ་རྣམ་ཀུན་བྱང་ཆུབ་པ། །སྐུ་ལྔ་ལྷུན་རྫོགས་རྒྱལ་ཀུན་ངོ་བོ་ཉིད། །ཐོག་མའི་སངས་རྒྱས་ཀུན་དུ་བཟང་པོར་འདུད། །དེ་ལ་འདིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཞལ་སྔ་ནས། སྐྱེས་དགུའི་བློ་དང་མཚམས་པར་ཐེག་པའི་རྣམ་གྲངས་མང་དུ་གསུངས་པ་ཡང་བསྡུ་ན་དགུར་འདུ་སྟེ། སྤྱི་མདོ་དགོངས་པ་འདུས་པ་ལས། ། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྒྱུར་ཐབས་ཀྱིས་ཐེག་པའོ། །ཞེས་གསུངས་པ་ལས་སྐབས་སུ་བབ ས་པ་དབང་བསྒྱུར་ཐབས་ཀྱི་ཐེག་པར་གསུམ་དུ་བྱས་པའི་རྣལ་འབྱོར་ཕ་ཡི་རྒྱུད་སྡེ་གཙོ་བོར་སྟོན་པ་བསྐྱེད་པ་མ་ཧཱ་ཡོ་ག་ཡིན་ལ། །དེ་ལ་རྒྱུད་སྡེ་དང་བསྒྲུབ་སྡེ་གཉིས་སུ་བྱས་པའི་ནང་ཚན་རྒྱུད་སྡེ་ཆེན་པོ་ཏནྟྲ་སྡེ་བཅོ་བརྒྱད་དུ་གསུངས་པའི་རྩ་བ་འམ་སྤྱི་གཞི་ལྟ་བུར་གྱུར་པ་བརྒྱུད་གསང་བ་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱལ་པོ་འདི་ཡིན་ལ། འདི་ཉིད་ལ་སྔོན་གྱི་འགྲེལ་བཤད་མཁན་པོ་རྣམས་ཀྱིས་བཞེད་པ་མི་མཐུན་པ་མང་ཡང་། ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་བཀའ་སྡེ་ཟུར་པ་ཡབ་སྲས་ཀྱི་བཞེད་གཞུང་རྣམས་ཏེ། རྒྱལ་བ་རྡོ་རྗེ་འཆང་ཆེན་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་སྙན་རྒྱུད་ཁྱད་པར་ཅན་ཡིན་པ་སོགས་སྒོ་དུ་མ་ནས་ཁྱད་པར་དུ་འཕགས་པས་ཐེག་ཆེན་གྱི་ཕྱོགས་ལ་བློ་ཕྱོགས་ཤིང་གསང་ཆེན་གྱི་དོན་ལ་ངེས་པས་རྙེད་པ་རྣམས་ནས་འདི་ཉིད་ཀྱི་བཀའ་སྲོལ་མི་དོར་ཞིང་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་པ་ལྟར་བསྟེན་ཅིང་བསྐུར་བསྟི་བྱ་བར་རིགས་སོ། །དེ་སྐད་དུ། ཆོས་རྗེ་དམ་པས། རྒྱུད་ཀུན་རྒྱལ་པོ་གསང་བ་སྙིང་། །དེ་དོན་རྣམ་པར་གསལ་མཛད་པ། །གངས་རིའི་ཁྲོད་འདིར་གསང་བདག་ཉིད། །དངོས་སྣང་རྒྱ་བོ་པ་ཙམ་ཟད། །ཅེས། ཟུར་མེས་དབོན་གྱི་བཞེད་པ་ཁྱད་པར་དུ་བསྟོད་པ་དང་། མ་ཟད་མཁས་པའི་དབང་ཕྱུག་དུ་མ་ནས་ཀྱང་དེ་སྐད་དུ་བསྔགས་སོ། །དེ་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཞེད་པ་དང་མི་མཐུན་པའི་ཁྱད་པར་ཅུང་ཟད་ཡོད་པ་འདི་ཅི་བསྙམས་ན། རྒྱལ་བ་ཀློང་ཆེན་པས་རྫོགས་པ་ཨ་ཏི་ཡོ་གའི་མ་ཧཱ་ལྟར་བཀྲལ་བ་ནི། ཐེག་པ་མཆོག་གི་རྣལ་འབྱོར་བ་རྣམས་ཀྱིས་དགོངས་པའི་རྩལ་བྱུང་སྟེ་གཏན་ལ་ཕབ་པ་ཡིན་ཏེ། དཔེར་ན་ཀརྨ་པ་རང་བྱུང་རྡོ་རྗེས་མཚན་ཉིད་ཐེག་པ་རྒྱུད་བླ་མ་སོགས་སྔགས་སུ་བཀྲལ་བ་ལྟར་རོ། །འོན་ཀྱང་རྒྱུད་སྡེ་རྣམས་སོ་སོར་བཀྲལ་བ་ལ་སྐབས་ཀྱི་ཤན་མ་ནོར་བར་གཞུང་གི་བསྟན་དོན་སོར་བཞགས་སུ་གཏན་ལ་ཕབ་དགོས་པས་ཟུར་མེས་དབོན་གྱི་ལུགས་བཞིན་ཏེ་རྒྱུད་འདི་ནི་ཐེག་དགུ་སོ་སོར་བྱས་པའི་བསྐྱེད་པ་མ་ཧཱ་ཡོ་ག་ཉིད་ཡིན་པའི་ཕྱིར་རོ། །དེས་ན་འདི་ལུགས་ཀྱིས་གཞུང་གི་བསྟན་དོན་སྙིང་པོར་དྲིལ་ན་དོན་རྣམ་པ་བཅུར་འདུ་སྟེ། དང་པོ་དེ་ཁོ་ན་ཉིད་ལྟ་བ་ནི། མཐའ་གང་དུའང་མ་ལྟུང་བའི་སེམས་ཉིད་ཡེ་ནས་དག་པའི་ངོ་བོ་ཉིད་དོན་དམ་བདེན་པ་དང་། དེའི་རང་རྩལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བ་ཀུན་རྫོབ་བདེན་པ་སྟེ། དེ་གཉིས་ཟུང་འཇུག་དབྱེར་མེད་མཉམ་པ་ཉིད་དུ་གནས་ཤིང་མཚན་འཛིན་ལས་འདས་པའོ། །གཉིས་པ་ལ་དོར་བ་སྤྱོད་པ་ནི། ཐབས་ཤེས་ཁྱད་པར་ཅན་གྱི་ཟིན་པའི་སྒོ་གསུམ་གྱི་བྱ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐམས་ཅད་དོ། །གསུམ་པ་བཀོད་པ་དཀྱིལ་འཁོར་ནི། སྣོད་བཅུད་ལྷ་ཡི་ཞིང་དང་སྐུ་ཡི་དཀྱིལ་འཁོར་དུ་རྫོགས་པར་སྣང་བ་སྟེ། གཞི་ལམ་འབྲས་གསུམ་གྱི་རང་བཞིན་དུ་སྣང་བའི་དཀྱིལ་འཁོར་རྣམ་པ་བདུན་དུ་གསུང་པའི་ཕྱིར་རོ། །རྣམ་པ་བདུན་ནི། རང་བཞིན་གཟུགས་བརྙན། ལྷག་པའི་གཟུགས་བརྙན། ཏིང་འཛིན། ལྷག་པའི་ཏིང་འཛིན། བྱང་སེམས། ཆོས་མཆོག་གི་དཀྱིལ་འཁོར་དང་བདུན་ནོ། །བཞི་པ་རིམ་པར་བསྒྲོད་པ་དབང་ནི། རྒྱུ་གཉིས་རྐྱེན་བཞིའི་ཚོགས་པ་ལ་བསྟེན་ནས་དབང་བཞི་བསྐུར་བའི་ལས་ཀྱི་གོ་འཕང་གི་ཆོས་བརྒྱུད་ལ་འཇོག་ཅིང་ཐར་བའི་མྱུ་གུ་མངོན་དུ་སྐྱེད་པ་དང་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་སྟེ། སློབ་དཔོན་གསང་བ་ཤེས་རབ་དང་། དེ་མ་ཐེག་པའི་དབང་བཞི་དང་། བུ་དབང་ལ་ཞི་བར་ཕན་དབང་བཅུ་ཁྲོ་བོར་ཉེར་བརྒྱད། ཐུན་མོང་དུ་ནུས་དབང་ལྔ་སྟེ་རྩ་བའི་དབྱེ་བ་ལྔའོ། །ལྔ་པ་མི་འདའ་བ་དམ་ཚིག་ནི། བསྲུང་བྱའི་དོན་ཁྱད་པར་ཅན་རྩ་བའི་དམ་ཚིག་ལྔ། ཡན་ལག་བཅོ་ལྔ་སྤྲོས་པའི་དམ་ཚིག་སུམ་བརྒྱ་དྲུག་ཅུ་སོགས་ལས་ནམ་ཡང་མི་འདའ་བར་སྡོམ་པའི་སེམས་པ་ས་བོན་དང་བཅས་པའོ། །དྲུག་པ་རོལ་བ་ཕྲིན་ལས་ནི། ཟུར་དང་པོ་སྙིང་རྗེ་གཞན་དོན་ལ་དམིགས་པ་དང་ཟུར་གཉིས་པ་ཤེས་རབ་རྫོགས་བྱང་ལ་དམིགས་པའི་ཐབས་མཁས་ཁྱད་པར་ཅན་གྱིས་ཟིན་པའི་ཞི་རྒྱས་དབང་དྲག་གི་ལས་སྣ་ཚོགས་ཀྱི་མཛད་སྤྱོད་དོ། །བདུན་པ་དོན་དུ་གཉེར་བྱ་བསྒྲུབ་པ་ནི། གཞི་ཕུན་སུམ་ཚོགས་པ་ལྔ་ཚང་བ་དང་། རྐྱེན་བསྒྲུབ་པའི་ཡོ་བྱད་འཛོམ་པའི་སྒོ་ནས་བསྙེན་བསྒྲུབ་བཞིའི་ཐབས་ཀྱིས་བསྒྲུབ་པས་རོ་ལོང་ཚེ་དབང་བསྡུད་སོགས་ཐུན་མོང་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གཉིས་མངོན་དུ་བྱས་པའོ། །བརྒྱད་པ་མི་གཡོ་བ་ཏིང་འཛིན་ནི། སྒོམ་བྱའི་དོན་ཁྱད་པར་ཅན་བསྐྱེད་རྫོགས་གཉིས་ཏེ། སྐྱེ་གནས་བཞིིའི་བག་ཆགས་སྦྱོང་བ་དང་བསྟུན་སྟེ། ཅིག་ཆར་བ་དང་རིམ་གྱི་བའི་བསྐྱེད་རིམ་དང་། ཐབས་ལམ་སྟེང་འོག་གི་སྒོ་ལ་བསྟེན་པ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་དང་བསྟུན་ཏེ་རིམ་དང་ཅིག་ཆར་གྱི་བསྡུས་པའི་རྣམ་པར་མི་རྟོག་པའི་ཏིང་འཛིན་རྫོགས་པའི་རིམ་པ་སྟེ། དེ་གཉིས་ལས་མི་གཡོ་བར་སེམས་རྩེ་གཅིག་ཏུ་གནས་པའོ། །དགུ་པ་གནས་སུ་སྟོན་མཆོད་པ་ནི། མཆོད་ཡུལ་བསྐུལ་ཞིང་མཉེས་པར་བྱས་པ་ལ། མཆོད་པའི་བསམ་པ་རྣམ་པར་དག་པས་སྒོ་གསུམ་དང་། ཡོ་བྱད་སྟོན་པ་སྟེ། སྤྱིར་འཇིགས་རྟེན་དང་འཇིག་རྟེན་འདས་པའི་མཆོད་པ་དང་། བྱེ་བྲག་ཏུ། ཕྱི་ཉེར་སྤྱོད། ནང་དམ་རྫས། གསང་བ་སྦྱོར་སྒྲོལ་ལམ་ཞི་ཁྲོའི་མཆོད་པ་བཅུ་བཞི་ལ་སོགས་པས་མཆོད་པས་མཉེས་པར་བྱས་པའོ། །བཅུ་པ་སྔགས་དང་ཕྱག་རྒྱ་ནི། ཐབས་ཤེས་ཀྱི་ཡི་གེ་འདུས་ཤིང་བྱིན་གྱིས་བརླབས་པའི་ནུས་མཐུ་ཁྱད་པར་ཅན་དུ་གྱུར་བ་ནི་སྔགས་ཏེ། དེ་ལ་སྤྱིར་གསང་སྔགས། རིག་སྔགས་གཟུངས་སྔགས་གསུམ་དང་། བྱེ་བྲག་རྒྱུ་མ་ནོར་བ་རྩ་བའི། བསྐྱེད་པ་རྐྱེན། བཟླས་པ་ལས་ཀྱི་སྔགས་སོ། །དེ་བཞིན་དུ་རིགས་པ་ཕྱག་རྒྱ་བཞི་རྟོགས་ཀྱི་ལྷའི་སྐུ་གསལ་བ་ལས་མི་འདའ་བ་ནི་ཕྱག་རྒྱ་སྟེ། སྤྱིར་རྟོག་ཚོགས་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་རང་བཞིན། རྟོགས་པ་ལྟ་བ་དང་། དེ་མངོན་དུ་བྱས་པ་འབྲས་བུའི་ཕྱག་རྒྱ་དང་གསུམ། བྱེ་བྲག་ལྷག་པ་ཏིང་ངེ་འཛིན་གྱིས་དབང་དུ་བྱས་ན། དམ་ཚིག་ཀྱི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། སྐུ་ཉིད་ཀྱི་ཕྱག་རྒྱ་དང་བཞིའོ། །དེ་ལྟར་དོན་རྣམ་པ་བཅུའི་ཁོག་ཕུབ་པས། རྒྱུད་འདི་ཡི་དབུ་ཞབས་ཀྱི་དོན་ཐམས་ཅད་སོ་སོར་མ་འདྲེས་པར་བདེ་བླག་ཏུ་རྟོགས་པར་གྱུར་བས་གནད་གལ་པོ་ཆེ་རྩ་བའི་མདོ་འཛིན་ཡིན་པས་འདིའི་ཚིག་དོན་གྱི་ཆ་བློ་ལ་བྱང་ཆུབ་པར་གྱིས་ཤིག །དེ་ལྟར་རྒྱུད་ཀྱི་བསྟན་དོན་དེ་དག་སོ་སོར་བྱས་དེ་གཏན་ལ་ཕེབ་པ་ལ། དབང་པོ་རབ་ཀྱི་གཏན་ཚིགས་ཀྱི་སྒོ་ནས་རྟོགས་པར་བྱ་བ་དང་། དབང་འབྲིང་གིས་རང་བཞིན་དང་འབྲས་བུའི་རྟགས་ལ་བསྟེན་ནས་རྟོགས་པར་བྱ་བ་དང་། དབང་པོ་ཐ་མ་རྣམས་ཀྱིས་བརྒྱུད་དེ་རྟོགས་པར་བྱ་བ་གསུམ་དུ་མཆིས་པའི། དབང་པོ་མཆོག་གི་ངོར་བསྟན་པ་གཏན་ཚིགས་ཀྱི་སྒོ་ནས་གཞུང་དོན་རྣམ་པར་འབྱེད་པ་ལ། གཏན་ཚིགས་ཆེན་པོ་རྣམ་པ་བཞི་དང་། ཁྱད་པར་གྱི་གཏན་ཚིགས་གཅིག་ཏེ་རྟོགས་པ་བཞི་ཡི་གཏན་ཚིགས། གསང་བ་བཞི་ཡི་གཏན་ཚིགས། མཉམས་པ་བཞི་ཡི་གཏན་ཚིགས། ཁྱད་ཆོས་བཞི་ཡི་གཏན་ཚིགས་ཏེ་བཞི་དང་། ཁྱད་པར་དག་པ་གསུམ་གྱི་གཏན་ཚིགས་དང་ལྔར་བསྡུའོ། །དེ་ལ་དང་པོ་རྟོག་པ་བཞིའི་གཏན་ཚིགས་ཀྱིས་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་བསྡུ་བ་སྟེ། ལོག་པར་རྟོག་པའི་སེམས་ལས་འཁོར་བ་དང་། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མྱང་འདས་སུ་སྣང་བ་སྟེ། དེ་ལྟར་འཁོར་འདས་གཉིས་སུ་སྣང་ཞིང་ཞེན་པའི་ཆོས་ནི་རྒྱུ་གཅིག་པའི་སོགས་ཀྱི་རྟགས་ཀྱིས་གཞལ་བྱ་ཡིན། འཇལ་ཚུལ་སྔ་མ་སྔ་མ་རྒྱུ་གཅིག་པ་སོགས་ཀྱིས་གཏན་ལ་ཕབ་པའི་གྲུབ་མཐའི་ཞེན་ཆ་གཏན་ཚིགས་ཕྱི་མ་ཕྱི་མ་ཡིག་འབྲུའི་ཚུལ་གྱི་དང་། བྱིན་གྱིས་བརླབས་པའི་དང་། མངོན་སུམ་པའི་གཏན་ཚིགས་ཀྱི་དོན་གྱི་ཆ་གསལ་བར་བྱ་དགོས་སོ། །དེ་ཡང་ཇི་ལྟར་ཞེ་ན། ཡུལ་གྱི་སྣང་བ་ནི་ལོག་རྟོག་གི་རྒྱུན་སྔ་མ་ཉིད་ལ་ཕྱི་མ་ཉིད་སྤྱོད་པ་རྨི་ལམ་གྱི་སྣང་བ་ལྟར་འཁྲུལ་བར་ཟད་པས་ན་ཆོས་ཉིད་སྤྲོས་པ་དང་བྲལ་བ་ལས་ནམ་ཡང་གཡོ་བ་མེད་པ། རྦ་རླབས་ཇི་ལྟར་འཕྱོ་ཡང་རྒྱ་མཚོ་ལས་གཡོ་བ་མེད་པ་ལྟ་བུ་ནི། རྒྱུ་གཅིག་པའི་རྟགས་ཀྱི་བསྒྲུབ་བྱ་སྟེ། སྒྲུབ་ཚུལ་ནི། འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེས་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པ་ཡིན་ཏེ། དེ་ལྟར་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་གཉིས་སུ་སྣང་ཡང་སྤྱི་གཞི་ཆོས་ཀྱི་དབྱིངས་སུ་ཚུལ་གཅིག་པའི་ཕྱིར་རོ། །རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་བསྒྲུབ་པའི་སེམས་ཉིད་སྐྱེ་བ་མེད་པའི་གདངས་ལས་རོལ་བ་འགགས་མེད་ལྷ་ཡི་སྐུ་གསུང་ཐུགས་སུ་རང་སྣང་བ་མ་ལུས་པ་གསུང་ཡིག་འབྲུའི་ཚུལ་དུ་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་མ་འགགས་པར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར་རོ། །དེ་ལྟར་རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་རང་བཞིན་སྐྱེ་བ་མེད་པ་དང་། གསུང་ཡིག་འབྲུས་གཏན་ཚིགས་ཀྱིས་རོལ་བ་འགག་མེད་གཉིས་དངོས་སུ་རྟོགས་པའི་མཐུས་དེ་གཉིས་ངོ་བོ་དབྱེར་མེད་དུ་རྟོགས་པའི་བྱིན་རླབས་ཤུགས་ལ་འབྱུང་བ་ཡིན་ཏེ། །ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པས་དེའི་སྣང་ལྡོག་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་རོ། །དེ་ལྟར་བྱིན་གྱིས་བརླབས་པའི་གཏན་ཚིགས་ཀྱིས་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟོགས་པས་ཡེ་ནས་གཞི་གདངས་སུ་རང་ཆེར་གནས་པ་མངོན་དུ་གྱུར་ཞིང་རང་ངོ་ཤེས་པ་ལ་ནི་མངོན་སུམ་པའི་རྟགས་ཀྱི་བསྒྲུབ་བྱ་ཡིན་ལ། སྒྲུབ་ཚུལ་ནི། བདེན་པ་དབྱེར་མེད་གཞི་དབྱིངས་སྐྱེ་བ་མེད་པ་ནི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་གྲུབ་ཏུ་རང་གསལ་བ་ཉིད། འཇིག་རྟེན་པའི་བློའི་སྤྱོད་ཡུལ་ལས་འདས་པའི་བདག་ཉིད་ཅན་མངོན་སུམ་དུ་རྟོགས་པ་ཡིན་ཏེ། བལྟ་བྱའི་ཡུལ་དང་བལྟ་བྱེད་ཀྱི་ཤེས་པ་གཉིས་སུ་མེད་པ་འཕགས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་མེད་རང་གསལ་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །དེ་ལྟར་རྟོགས་པ་བཞིའི་གཏན་ཚིགས་ཀྱིས་གཞལ་བས་འཁོར་འདས་ཀྱི་ཆོས་རྣམས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་ཞིང་གཞི་ཆོས་ཀྱི་དབྱིངས་སུ་རྫོགས་པས་བཟང་ངན་སྤང་ལེན་མེད་པར་མཉམ་པ་ཉིད་དུ་རྟོགས་པར་བྱེད་པའོ། །གཉིས་པ་གསང་བ་བཞིའི་གཏན་ཚིགས་ནི། སྔ་མ་སྔ་མ་བསྒྲུབ་བྱ་དང་ཕྱི་མ་ཕྱི་མ་སྒྲུབ་བྱེད་ཀྱི་ཚུལ་དུ་གཞལ་བར་བྱ་སྟེ། ཇི་ལྟར་ན་གཞི་དང་རོལ་པ་གཉིས་སུ་མེད་པའི་གནས་ལུགས་ཡེ་ནས་གསང་བའི་གཏན་ཚིགས་ཏེ། གཉིས་སུ་མེད་པའི་ཆོས་ཉིད་ལ་འབྲས་བུས་ཆེ་བའི་ཡོན་ཐམས་ཅད་ལྷུན་གྱིས་གྲུབ་ཀྱང་། དེའི་དོན་མ་རིགས་པས་བསླད་པའི་སེམས་ཅན་གྱིས་ཐོག་མ་མེད་ནས་མ་རྟོགས་པའི་ཕྱིར་རོ། དེ་ལྟ་བུའི་རོལ་པ་འགག་མེད་དུ་སྣང་བའི་ཆོས་ཀུན་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གནས་པ་ནི་རང་བཞིན་གྱི་གསང་བའི་གཏན་ཚིགས་ཡིན་ཏེ། སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་འབྲས་བུས་མི་ཟད་པ་རྒྱན་གྱི་འཁོར་ལོ་གནས་པ་ལ་ཕྱིན་ཅི་ལོག་གི་ཤེས་པས་བསླད་ནས་རང་གི་རང་བཞིན་མ་རྟོགས་པའི་ཕྱིར་རོ། །གནས་ལུགས་གཉིས་མེད་སྤྲོས་པ་དང་བྲལ་བའི་རང་བཞིན་ནི་རབ་ཏུ་གསང་བའི་གཏན་ཚིགས་ཡིན་ཏེ། །ཡུལ་སེམས་དང་རྒྱུ་འབྲས་ལ་སོགས་པ་གཉིས་ཆོས་ཐམས་ཅད་ལས་ངོ་བོ་ཉིད་ཀྱི་གྲོལ་ཏེ་ཡུལ་དུ་བྱར་མེད་ཀྱང་མ་རྟོགས་པ་རྣམས་གཉིས་སུ་ཞེན་པའི་ཕྱིར་རོ། །གདོད་མའི་གཞིའི་གནས་ལུགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་སེམས་ཉིད་ལས་གཞན་ཞིག་ཡོད་པ་མ་ཡིན་པ་ནི་རབ་ཏུ་གསང་བའི་གཏན་ཚིགས་ཡིན་ཏེ། དེ་ལྟར་སེམས་ཉིད་ལས་གཞན་ཞིག་གུད་དུ་ཡོད་པ་མིན་ཀྱང་བསྒྲིབ་གཉིས་བག་ཆགས་དང་བཅས་པས་བསྒྲིབས་ཏེ་རང་ལ་གབ་པ་གཞན་ལས་ཚོལ་བའི་ཕྱིར་རོ། །དེས་ནས་གསང་བ་བཞིའི་གཏན་ཚིགས་ཀྱིས་མ་རྟོགས་པའི་འགྲོ་བ་རྣམས་ལ་གསང་བའི་བདག་ཉིད་དུ་གྱུར་བས་སྔགས་ཐུན་མིན་གྱི་ལམ་ཇི་བཞིན་དུ་བསྒྲུབ་པ་དང་གསལ་བར་བྱེད་པ་ཡིན་ཏེ། འདི་ཉིད་ལ་བརྟེན་ནས་དོན་གྱིས་གནས་ལུགས་བདེ་བླག་ཏུ་རྟོགས་པའི་ཕྱིར་རོ། །མཉམ་པ་བཞིའི་གཏན་ཚིགས་ནི། མཚན་འཛིན་གྱི་སྤྲོས་པ་ཐམས་ཅད་སྤྲོས་བྲལ་གྱི་ཀློང་དུ་མཉམ་པ་བསྒྲུབ་བྱ་དང་སྒྲུབ་བྱེད་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་བྱས་ཞིང་། ཐུན་མོང་ལའང་དོན་དམ་མཉམ་པའི་གཏན་ཚིགས་དང་། ཀུན་རྫོབ་མཉམ་པའི་གཏན་ཚིགས་གཉིས། ཐུན་མིན་ལ་དོན་དམ་ལྷག་པའི་མཉམ་པ་དང་། ཀུན་རྫོབ་ལྷག་པའི་མཉམ་པ་གཉིས་ཏེ་གཏན་ཚིགས་བཞིའི་བཙལ་བས་གཞལ་བྱའི་ཆོས་ཐམས་ཅད་རོ་མཉམ་རང་བཞིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་སྐུ་དང་ཡེ་ཤེས་ཀྱི་ཞིང་གི་རོལ་བ་ལས་མ་དག་པའི་འཁྲུལ་སྣང་ཐམས་ཅད་རྟོགས་པས་བཏགས་པ་ཙམ་ལས་དོན་དུ་ཡེ་ནས་མེད་པའི་གནས་ལུགས་རྟོགས་པར་བྱེད་དེ་ཚུལ་ཇི་ལྟར་ན། མཚན་ཉིད་ཐེག་པས་སྤྲོས་པ་ཕྱོགས་རེ་བ་ཆོད་པ་རྣམ་གྲངས། མཐའ་དག་ཆོད་པ་རྣམ་གྲངས་མ་ཡིན་པའིི་དོན་དམ་གཉིས་སུ་བྱས་པ་ཡང་མཉམ་སྟེ། དེ་གཉིས་གྱི་ངོ་བོ་སྤྲོས་པ་བཀག་པའི་སྟོང་ཉིད་ཙམ་དུ་མཉམ་པའི་ཕྱིར་རོ། །དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་གའང་མཉམ་པའི་བདག་ཉིད་ཡིན་ཏེ་ཀུན་རྫོབ་ཏུ་སྣང་ཙམ་དུ་འདྲ་ཞིང་སྣང་དུས་ཉིད་ནས་བདེན་པས་སྟོང་པ་ཡིན་པ་མཉམ་པའི་ཕྱིར་རོ། །བཞིན་དུ་མེད་དགག་དང་ཡིན་དགག་གི་དབྱེ་བས་རྣམ་གྲངས་དང་། རྣམ་གྲངས་མ་ཡིན་པའི་སྟོང་ཉིད་གཉིས་གའང་གནས་ལུགས་དོན་དམ་གཞི་གདངས་སྤྲོས་པ་དང་བྲལ་བའི་ངོ་བོ་ཉིད་ལྷུན་གྱིས་གྲུབ་པར་མཉམ་ཏེ། ལྷག་པའི་དོན་དམ་སྐྱེ་འགགས་གནས་གསུམ་དང་བྲལ་བའི་གདོང་མའི་གནས་ལུགས་ཐིག་ལེ་ཆེན་པོའི་ཀློང་དུ་ཐམས་ཅད་མཉམ་པའི་ཕྱིར་རོ། །མ་དག་པའི་ལས་སྣང་ལོག་པའི་ཀུན་རྫོབ་དང་། དག་པ་ལྷར་སྣང་ཡང་དག་ཀུན་རྫོབ་གཉིས་གའང་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་དུ་མཉམ་ཏེ། འཁོར་འདས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་བཟང་ངན་རྡུལ་ཙམ་ཡང་མེད་པར་ལྷག་པ་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པའི་ཕྱིར་རོ། །དེ་ལྟར་མཉམ་པ་བཞིའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་སངས་རྒྱས་པའི་བདག་ཉིད་འཁོར་འདས་གཉིས་མེད་དུ་གཏན་ལ་ཕེབས་པར་བྱེད་དོ། །ཁྱད་ཆོས་བཞིའི་གཏན་ཚིགས་ནི། རྒྱུད་ཀྱི་ཆེ་བ་འདོན་ཅིང་ཁྱད་པར་གྱི་གནད་དང་དགོས་པ་གསལ་བར་བྱེད་པ་སྟེ། རྒྱུ་འདི་ནི་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་རྒྱལ་པོ་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་གཉིས་དབྱེར་མེད་ཀྱི་ངོ་བོ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་རང་མཚན་བདེ་བླག་ཏུ་རྫོགས་པར་བྱེད་པའི་རྗོད་བྱེད་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོར་བསྒྲུབ་པའི་གཏན་ཚིགས་ཀྱིས་གཞལ་བས་གཞལ་བྱའི་རྒྱུད་གསང་བ་སྙིང་པོ་འདི་ནི་ལུང་ཐམས་ཅད་ཀྱི་འབྱུང་ཁུངས་ཡང་ཡིན་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་བསྟན་དོན་གྱི་སྙིང་པོ་ཐམས་ཅད་འདིར་འདུས་ཞིང་འཕྲོ་གཞིར་གྱུར་བའམ་ལུང་གི་སྤྱི་འགྲེལ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྡོ་རྗེ་ལས། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིའི་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་གསུངས་ལྟར་རོ། །དེ་ལྟར་རྒྱུད་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་བ་འདི་ནི་གསང་བ་ལས་ཀྱང་ཆེ་གསང་བ་ཡིན་ཏེ། ཕྱོགས་བཅུའི་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་ལས་རང་སྣང་བའི་ཕྱིར་རོ། །དེ་བཞིན་དུ་གསང་བ་ཟབ་མོའི་རྒྱུད་འདི་ནི་བགྲོད་པ་གཅིག་པུའི་ལམ་ཡིན་ཏེ། རྒྱལ་བ་རྫོགས་པའི་སངས་ཀྱི་བསྟན་བྱའི་ཆོས་མདོ་སྔགས་ཀྱི་སྒོ་ཇི་སྙེད་ནས་ཞུགས་ཀྱང་། མཐར་ཐུགས་ཀུན་གྱི་འབྲས་བུས་བླ་ན་མེད་པའི་མཆོག་རྩ་བའི་རྒྱུད་ཆེན་པོ་འདིར་རྫོགས་པའི་ཕྱིར་རོ། །གཞན་ཡང་དག་པ་གསུམ་གྱི་གཏན་ཚིགས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་སྐུ་དང་ཞིང་གི་རང་བཞིན་ཡེ་སངས་རྒྱས་པའི་བདག་ཉིད་ཡིན་ཏེ། །བདེ་གཤེགས་ཡུམ་ལྔའི་ངོ་བོར་ཉིད་དུ་འབྱུང་བ་ལྔ་རྣམ་པར་དག་པའི་ཕྱིར་རོ། །ནང་བཅུད་ཀྱི་སེམས་ཅན། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་མངོན་པར་བྱང་ཆུབ་པ་ཡིན་ཏེ། ཕུང་ལྔའི་རང་བཞིན་བདེ་གཤེགས་རིགས་ལྔའི་ངོ་བོར་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །རྒྱུད་རྣམ་ཤེས་ཀྱི་ཁམས་རྣམས་ཀྱང་བསྒྲིབ་གྲོལ་ཡེ་ནས་དག་པའི་མཚན་ཉིད་ཅན་ཡིན་ཏེ། ཚོགས་བརྒྱད་ཀྱི་རོལ་བ་ཐམས་ཅད་ཡེ་ཤེས་ལྔ་ཡི་རང་རྩལ་འགགས་པ་མེད་པའི་ངོ་བོར་སངས་རྒྱས་པའི་ཕྱིར་རོ། །དེ་ལྟར་དག་པ་གསུམ་གྱི་གཏན་ཚིགས་ཀྱིས་སྣོད་བཅུད་རྒྱུད་གསུམ་ལ་གཞལ་ནས། ཡེ་ནས་རྣམ་པར་དག་པའི་རང་བཞིན་སྐྱོན་དང་བསྒྲིབ་པ་མཐའ་དག་གིས་གོས་མ་མྱོང་བའི་སྐུ་དང་ཡེ་ཤེས་ཀྱི་ངོ་བོའི་རང་བཞིན་གཏན་ལ་ཕེབས་ཅིང་། དེ་ལྟར་རྟོགས་པས་འཁོར་འདས་སྣོད་ཀྱི་ཆོས་མ་ལུས་པ་རྣམ་པར་དག་པའི་རང་བཞིན་སྒྱུ་འཕྲུལ་དྲྭ་བ་ཆེན་པོར་ཡེ་སངས་རྒྱས་པའི་བདག་ཉིད་ཀྱང་ཤུགས་ཀྱིས་རྟོགས་པར་འགྱུར་རོ། །དེ་སྐད་དུ་ཐམས་ཅད་མཆོག་གི་སྙིང་པོ་བས། གཞན་དུ་རྒྱལ་བས་ཆོས་མི་བཙལ་ཞེས་སོ། །དེ་ལྟར་གཞལ་བྱ་ཞེན་སྣང་ཉིད་འཇལ་བྱེད་གཏན་ཚིགས་རྣམས་ཀྱིས་གཞལ་བས་རྟོགས་པའི་ལྟ་བ་རང་བཞིན་གནས་ལུགས་ཀྱི་དོན་དེ་བཞིན་ཉིད་དེ་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་རྗེན་པར་རྟོགས་པས་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་ཕེབས་པའི་སྔགས་ཀྱི་ཐུན་མོང་མ་ཡིན་པ་ནི། རྒྱུ་མཚན་ཉིད་ལས་ཁྱད་པར་དུ་འཕགས་པའི་རང་ལུགས་ཀྱི་གྲུབ་མཐའ་ཡིན་ནོ། །དེ་ལྟར་གྲུབ་མཐའ་ལ་བརྟེན་ནས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་ཕབས་པས། གཉིས་སྣང་འཁོར་ཆོས་ཐམས་ཅད་གནས་ལུགས་བདེ་གཤེག་སྙིང་པོའི་རང་གདངས་ལས་ནམ་ཡང་གཡོ་བ་མེད་པའི་གནད་ཀྱིས། ཕྱི་ནང་སྣོད་བཅུད་རྟོགས་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཚུལ་ངོ་ཤེས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་རྟོགས་གོམ་གྱི་བག་ཆགས་ཡང་ཡང་བཞག་པས། མཚན་འཛིན་མ་རིགས་པའི་བསྒྲིབ་པ་གློ་བུར་བ་ནམ་མཁའ་སྤྲིན་དྭངས་བ་ལྟར་རང་སར་དག་པས། ལམ་གྱུར་འབྲས་བུའི་མཚན་ཉིད་གསང་གསུམ་མི་ཟད་རྒྱན་གྱི་ཡོན་ཏན་རྫོགས་ཏེ་རིགས་འཛིན་བཞིའི་གོ་འཕངས་མངོན་དུ་གྱུར་པའོ། །ཤིན་ཏུ་རྟོགས་དཀའ་གསང་བ་སྙིང་པོའི་གནད། །དཔལ་ལྡན་ཟུར་བའི་བཀའ་སྲོལ་ཟབ་མོའི་མཛོད། །མཐོང་བའི་རྣམ་པར་འབྱེད་པའི་བློ་གཏེར་དྷརྨ་ཤྲི། །གང་གི་དཔལ་ལས་ཟབ་མོའི་གཏམ་འདི་བྱུང་། །སྐུ་དང་ཡེ་ཤེས་རྣམ་དག་བདུད་རྩིས་སྤྲིན། །སྐྱེ་དགུའི་ཡིད་ཀྱི་པད་མཚོར་རྟག་ཁྱབ་པས། །མཐོང་བའི་བསྐལ་བཟང་ཤི་ལི་མཱུ་ཁ་རྣམས། །རྣམ་པར་གྲོལ་བའི་དགའ་སྟོན་འདི་གྱུར་ཅིག །ཅེས་རྒྱུད་གསང་བ་སྙིང་པོའི་གཏན་ཚིགས་རྣམས་ཀྱི་ཟིན་ཐོ་འདི་ལྟར་དགོས་ཞེས་སྡོམ་བརྩོན་སྡེ་སྣོད་འཛིན་པ་བློ་གྲོས་རྒྱ་མཚོ་ནས་བསྐུལ་བའི་ངོར་ཀཿཐོག་པ་དགེ་རྩེ་འགྱུར་མེད་བསྟན་པའི་རྣམ་རྒྱལ་གྱིས་རང་ལོ་སུམ་བཅུ་པར་ཁྲོམ་རྒྱུད་རི་བོ་ཆེ་ནས་ཤར་མར་བྲིས་པ་དག་བར་གྱུར་ཅིག །བཀྲ་ཤིས། དགེའོ།། །།


previousགསང་བ་སྙིང་པོའི་གཏན་ཚིགས་རྣམས་ཀྱི་ཟིན་ཐོ། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ།next