Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་གཉིས་པ།


   
   
   
   
   
   
   
   
གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པ་འབྲུ་དཀའི་དོན་བཀྲོལ་གསལ་བྱེད་མེ་ལོང། རྟོགས་ལྡན་ཤཱཀྱ་བཛྲ།


 
previousགསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པ་འབྲུ་དཀའི་དོན་བཀྲོལ་གསལ་བྱེད་མེ་ལོང། རྟོགས་ལྡན་ཤཱཀྱ་བཛྲ།no next

གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པ་འབྲུ་དཀའི་དོན་བཀྲོལ་གསལ་བྱེད་མེ་ལོང། རྟོགས་ལྡན་ཤཱཀྱ་བཛྲ།

གུ ཧྱ མ ནྟྲ བ ཛྲ ཡཱ ནོ པ དེ ཤ པ ཐཿ ཀྲ མ ར ཏྣ བྱཱུ ཧ ནཱ མ བི ཧ ར ཏི སྨ། །
གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ་བཞུགས་སོ།
འབྲུ་དཀའི་དོན་བཀྲོལ་གསལ་བྱེད་མེ་ལོང་རྟོགས་ལྡན་ཤཱཀྱ་བཛྲ་གསུངས། ཐུན་མོང་གི་དཔལ་གྱི་སྒྲས་འབྲེལ་བ་སྦྱར་བ་ཏེ་དཔལ་གྱི་ཡང་། དཔལ་གསུམ་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་རྟོགས་པ་མངོན་དུ་གྱུར་པའི་དཔལ་མཁྱེན་བརྩེ་ཞར་ལ་བྱུང་བའི་ད པལ་སྟེ་ཐུན་མོང་མ་ཡིན་པའི་དཔལ་གསུམ་རྡོ་རྗེ་སེམས་དཔའ་ཉིད་ལ་ལྡན་རྫས་ཀྱི་རྡོ་རྗེ་ཕ་ལམ་ལྟ་བུ་ཕྲིན་ལས་འཇོམས་པར་བྱེད་པ་ཡེ་ཤེས་རང་བཞིན་འདུས་པས་བྱས་རྡོ་རྗེ། རྒྱུ་རྐྱེན་གྱིས་མ་བྱས། །པས་རང་བཞིན་འདུས་མ་བྱས་པའི་རྡོ་རྗེ། ཆེད་དུ་མ་བརྩལ་བར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རྡོ་རྗེ་སེམས་དཔའ་ལ་རྫོགས་པས་ཡོན་ཏན་བརྩལ་བ་མེད་པ་རྒྱུ་རྐྱེན་དང་བྲལ་ཏེ་གཉེན་པོས་མི་ཤིགས་པས་མཚན་ཉིད་སྐྱེ་འཇིག་མེད་པའི་རྡོ་རྗེ་ཆོས་དབྱིངས་ཉིད་དང་ཡེ་ཤེས་འདུ་འབྲལ་མེད། །པ་ངོ་བོ་དབྱེར་མི་ཕྱེད་པའི་རྡོ་རྗེ་སྟེ། དེ་ལྟར་ལྔ་ཡིས་རྡོ་རྗེར་གྲུབ་དེ་དེ་ཉིད་གཉིས་སུ་མེད་པའི་ཕྱིར་སེམས་བྱེད་པ་པོ་མེད་པར། ངང་གིས་དྭངས་བའི་ཕྱིར། གསལ་གཞན་དུ་ཡུལ་ཡུལ་ཅན་མི་གཡོ་བའི་ཕྱིར་སེམས། མི་སེམས་དེ་ཀ་གསལ་བའི་དགོངས་པ་ཡིན་པས། སེམས་ཆེན་པོ། །རྣམས་བྱའོ། །ཕྲིན་ལས་ཀྱིས་བདུད་བཞི་བཅོམ་པས་དཔའ་བོ་ཞེས་བྱའོ། །རང་ཉིད་སངས་རྒྱས་གསང་བས། ལྷ་ཡི་ལྷ་འཇམ་དཔལ་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པར་འཇལ་བའོ། །འཚལ་ལུགས་གསུམ་ལས། གཉིས་སུ་མེད་པར་མོས། །པའོ། །རང་ཉིད་ཅེས་པ་ནི་ཕྱག་འཚལ་བའི་མཁན་པོ་སྟེ་སྔོན་བྱུང་དུ་སངས་རྒྱས་གསང་བའོ། །རྗེས་འཇུག་ཏུ་སྐབས་དང་སྦྱར་རོ། །སྟོན་པ་ཁ༽གསང་བའི་བདག་པོས་དྲག་ཤུལ་ཅན་གྱི་རི་མ་ལ་ཡར། མངོན་པར་གཤེགས་ནས། །འཁོར་ལྷ་བརྒྱ་བྱིན་ཀླུ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་དང་། སྲིན་པོ་བློ་གྲོས་ཐབས་ལྡན་དང་། །མི་ལས་སྐལ་ལྡན་དགེ་སློང་ལི་ཙ་བྱི་སོགས་རིགས་ཅན་རྣམས་འདུས་པ་ལ། །གསང་སྔགས་གསུངས་སོ། །ཐུབ་པའི་ཀ༽དབང་པོས་མྱ་ངན་ལས་འདའ་བར་ཇི་ལྟར་བཞིན་ཅེས་ལུང་བསྟན་པའི་དུས། །སུ་ལོ་ཉེར་བརྒྱད་དོ། །གཞན་ཡང་རྒྱལ་ག༽བུ་སྟེ་རྒྱལ་པོ་ཛཿ རིགས་ཅན་ནི་ཛཿསྟེ་གསང་སྔགས་ཀྱི་ལྟས་སུ་རྨི་ལམ་བདུན་ཤར་ནས། །པོ་ཏིའི་ཆར་བབ་པ་ལ་སོགས་པ་ལས་དང་། འབྲེལ་བས་པོ་ཏི་གླེགས་བམ་ཐུགས་རྗེས་སྣང་བ་ལ་མངོན་སུམ་དུ་བརྟགས་པས། །རྒྱལ་པོས་མ་གོ་ཀུ་ཀུ་རཱ་ཙས་པོ་ཏི་ལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་མངོན་དུ་རྟོགས་ཏེ། །ཐུགས་སྒྲུབ་དེ་ཉིད་ཀྱི་ཞལ་མཐོང་ལེའུ་སྒོ་ནས་ཟླ་བ་དྲུག་གི་བར་སྒྲུབ་ནས་དེ་ཉིད་གྲུབ། །གཞན་ཡང་གསང་སྟེ་ཤེས་པའི་བཀའ་ལུང་བསྟན་པའི་དངོས་གྲུབ་དེ་ནས་ཐོབ། །སྣོད་ལྡན་རྒྱལ་པོ་ཛཿལ་དོན་དམ་ངེས་པའི་ཐེག་པའི་བཅུད་ཏནྟྲ་སྡེ་བཅོ་བརྒྱད་ཀྱིས་དོན་མ་ལུས་དེ་ཙམ་ནས་བློ་གྲོས་རྒྱས། །འདོད་པའི་དོན་གོ་ནས་པོ་ཏི་གླེགས་བམ་གྱི་དོན་རྟོགས་བསམ་པ་དེ་རུ་འགྲུབ། །ཏེ་རྟོགས་སོ། །ཚེ་རབས་ཀུན་ཏུ་སྨོན་པའི་ལམ་བཏབ་ལྷ་བཛྲ་པཱ་ཎི་དང་དེ་རུ་མཇལ། །དེ་ནས་ཆོས་རྒྱལ་རཱ་ཙས་གླེགས་བམ་གྱི་དོན་རྟོགས་ཤིང་གྲུབ་པས་རྡོ་རྗེ་གདན་སྟེང་གི། །འཛམ་བུ་གླིང་གི་ས་ཡི་ཆར་ཤར་གྱི་ཕྱོགས་མཚམས་སུ། །ལྷོ་ཡི་རི་མ་ལ་ཡ་ཡོད་པ་དེའི་མཚམས་ན་ཨ་སུ་ར་གསང་བའི་བྲག་ཕུག་ཕྱག་ན་རྡོ་རྗེའི། ཕོ་བྲང་དམ་པ་རིན་ཆེན་ཟུར་བརྒྱད་དུ་ཡོད་པ་སྒོ་རང་བྱུང་ཟླ་གམ་ཡོད་པ་དེའི་ནང་། །བཀྲ་ཤིས་པའི་རྫས་བརྒྱད་ཉི་ཟླས་མཚན་དམ་པའི་ཁང་བུ་གྲུབ་པ་ཐོབ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང་དེ་བཞིན་གཤེགས་པས་ཞབས་ཀྱིས་བཅགས་པའི་གནས་ཁང་རུ། །ཀུ་ཀུ་རཱ་ཛས་གཙོ་བྱས་པའི་ཚོམ་བུ་འབུམ་ཛེནྡྲ་བྷུ་ཏི། །སོགས་ཚོམ་བུ་ཁྲི། ཡུལ་གྱི་དགེ་སློང་སིང་ཧ་མ་གཙོ་བྱས་པའི་ཚོམ་བུ་སྟོང་ཨུ་པ་རཱ་ཛ་ཤཱཀྱ་སུ་ཏྲི་དང་། །སྲས་མོ་གོ་མ་པ་ལ་སོགས། །གཙོ་བྱས་པའི་ཚོམ་བུ་བརྒྱ། སྒྱུ་འཕྲུལ་དྲ་བའི་ཕྱི་ནང་གསང་བའི་དབང་བཅོ་བརྒྱད་ཐོབ་ནས། །ཐོས་བསམ་གྱི་ལྟ་བ་རྟོགས་ཚོགས་སྦྱོར་གྱི་ལམ་ཞི་ཁྲོའི་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བསྒྲུབས་ཏེ། །གནས་སྐབས་རིག་འཛིན་བཞི་དང་མཐར་ཐུག་རྡོ་རྗེ་འཆང་གི་སར་འོག་མིན་དུ་མངོན་དུ་གཤེགས་སོ། །དེ་ལྟར་གསང་སྔགས་འབྱུང་ཞིང་སྲས་མོ་གོ་མ་དེ་ཝཱིས་རྗེས་སུ་གཟུང་བ་དེ་ཕྱིར་བདག་སངས་རྒྱས་གསང་བ་ཞེས་མཚན་ཐོབ་པས། །དམ་པའི་ཆོས་གསང་སྔགས་ཀྱི་རིགས་ཅན་དྲྭ་མ་ཡ་རབས་དང་། །དེ་དང་རྗེས་སུ་མཐུན་པའི་མ་འོང་པའི་རྣལ་འབྱོར་པ་སྐལ་བ་དང་ལྡན་པའི་དོན་བྱ་བའི་ཕྱིར། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་དག་ལས། །དུས་གསུམ་གྱི་བུདྡྷ་རྣམས་ཀྱི་གཤེགས་ཤུལ་ད་ལྟ་དང་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་མཆོག་འདི་ཉེ་བ་བདེ་བ་རྫོགས་པ་བསྡུས་ཏེ། །ཚེ་དུས་ཟས་ཉོན་མོངས་པ་ལྟ་བ་སྙིགས་མ་ལྔ་ལ་ཉེ་བའི་ལྔ་བརྒྱ་ཕྲག་བཅུའི་ཐ་མ་རྒྱུད་དྲག་པོའི་དུས་ཀྱི་ཚེ། །འགོག་སྦྱང་བསྒྱུར་གསུམ་གྱིས་འདུལ་བའི་དུས་མིན་ཏེ་གསང་སྔགས་ཀྱིས་འདུལ་བའི་དུས་ལ་བབ་པའི་ཕྱིར་བསྟན་པར་བྱའོ། །ལོང་བ་ཞ་བ་འདུ་ཤེས་ཆུང་བ་ཨུ་ལུ་ཏྲི་ཤ་ཀ་ཀ་ཟེར་བའི་སྤྱན་བཟང་སྟེ་ལོང་མི་གསལ་བས་འགྲོ་མཐུ་མེད་པ་ཡི། །དམིགས་བུ་མེད་པ་ལོང་ཁྲིད་བྲལ་བའི་དབང་གི་ལམ་ལ་གོམས་པའི་རྣལ་འབྱོར་པས་ཉམས་མེད་ལམ་སྟོར་བས། །ལམ་ལ་བགྲོད་ཅིང་ཕྱིན་པར་མི་ནུས་པ་དེ་བཞིན་དུ། །ཚིག་ཕྱིར་འབྲང་བའི་བློ་རྩིང་པོ་རྒྱུད་མ་སྤྱང་ཤིང་དམུ་རྒོད་མ་དུལ་བ་དེ་ལྟ་བུས་རང་ཉམས་ཀྱིས། །སྣོད་ངན་པས་གསང་བའི་སྙིང་པོར་སོ་སོའི་དོན་རྟོག་པའི་འབྲས་བུ་མཐར་ཕྱིན་པ་མི་འགྱུར་ཏེ། །འདི་ལྟར་བུལ་ཤིང་སྟེ་ཐང་སྨུག་པོ་ལ་མེ་ཏོག་བྱུང་ཡང་འབྲས་བུ་མི་འབྱུང་བ་བཞིན་འགྱུར་རོ། །རྒྱུ་མཚན་དེ་བས་ལུས་ངག་ཡིད་གསུམ་གྱི་བླ་མ་ལ་བསྙེན་བསྐུར་ལུང་གི་རྒྱུད་ནས་བཤད་པ་བཞིན་དུ་བསྐུར་ཏེ། །བརྟག་སྤྱོ་བ་དང་ཞེ་གཅོད་པའི་ཚིག་ལོག་པ་ཅི་བྱུང་ཡང་བཟོད་པར་བྱས་ཏེ། །མཐོང་བའི་ཚེ་འདིའི་སྡུག་བསྔལ་གྱི་གདུང་བ་ཅི་བྱུང་ཡང་ཁུར་དུ་མི་ལྟ་བའོ། །དེ་ཅིའི་ཕྱིར་ཞེ་ན་སྡུག་བསྔལ་ཀུན་ཡུན་རིང་པོ་དུས་གཏན་གྱི་དོན་དུ་བཟོད་པར་བྱ་བ་ཡིན་ནོ། །དཀའ་ཁ༽བས་སློབ་དཔོན་བརྟེན་ན་བླ་མ་རྡོ་རྗེ་རྒྱལ་པོ། །ཐུགས་མཉེས་ནས་ཉམས་ཀྱི་མན་ངག་གནང་བ་ཐོབ་པར་འགྱུར་ཏེ། །གནང་བ་ཐོབ་པ་དེའི་ཚེ་རྩ་རྒྱུད་ཆེན་པོ་གསང་སྙིང་གི་གཞུང་གི་གདམས་ངག་ཟབ་མོ་གནང་བའི་ཡོན་རྒྱལ་སྲིད་དང་ནི་རང་གི་ལུས། ཕུལ་ན་ཐུགས་ཀྱི་ཉིང་ཁུ་མན་ངག་སྟེར་རོ། །མན་ངག་དེ་ཡིས་དཔེར་ན་རྟའམ་གླང་པོ་བཞོན་པ་བཟང་པོ་ཞོན་ནས་འགྲོ་བས་མྱུར་དུ་ཕྱིན་པ་བཞིན། །དོན་གསང་བའི་ཐེག་པ་ལྟ་བུ་སྟེ་ཤུག་རིང་ལ་མགྱོག་པ་རྫུ་འཕྲུལ་རྟ་དང་སྟོབས་གླང་ཆེན་ལྟ་བུ་སྟེ་ཐེག་པ་ལ་ཞེན་པས། །རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་མཐོང་བ་དང་རྐྱེན་འཇུག་པའི་མཚན་ཉིད། དེ་ཏིང་ཀུན་ཏིང་ཕྱག་རྒྱ་གཅིག་སྤྲོས་མཐར་ཕྱིན་པ་རིག་འཛིན་བཞི་བགྲོད་ནས། །ཐ་མའི་ཐ་མར་སྐུ་དང་ཡེ་ཤེས་རང་གནས་དོན་གྱི་སྙིང་པོའི་འབྲས་བུ་སངས་རྒྱས་ཀྱི་གནས་སུ་ཕྱིན་ནོ། །དེ་བས་བླ་མ་དེ་ལྟར་ཡོན་ཏན་གྱི་འབྲེལ་བ་བརྩི་སྟེ་རྡོ་རྗེ་སློབ་དཔོན་གཞན་འཛིན་པའི་གཉེར་དང་ལྡན་པས། །རྒྱང་ནས་རིགས་སོགས་དང་དྲུང་བྱ་སྤྱོད་བཟང་ངན་སེམས་པྲ་ཕབ་སྟེ་བརྟག་པ་བརྟག་མཁའ་འགྲོ་ལ་གཏོར་མ་བྱིན་པ་ཡིས། །གསང་སྔགས་བསྟན་དུ་རུང་མི་རུང་གི་རྨི་ལྟས་སྟོན་པས་མཚངས་འབྲུ་བ་སོགས་སྤྱོ་བ་ཡིས་བརྟག་པ་དང་། གཞན་ཡང་ཐབས་སྣ་ཚོགས་ཀྱིས་ཅི་ནས་སྣོད་བརྟགས་ཏེ་སྣོད་བཟང་བའི་རྟགས་དང་ལྡན་ན། །རང་བཞིན་གྱི་རིགས་ངེས་པ་ཡིན་པས་མི་ལྡོག་ཅིང་བརྟན་པར་བྱས་པའི་ཆེད་དམ་ཚིག་སྡོམ་པས་ལྟས་ཤིང་རྒྱུད་སྨིན་པ་ཡིས། །སློབ་བུ་གང་ཡིན་པ་དེའི་ལག་ཏུ་མན་ངག་ལམ་གྱིས་གདམ་ངག་འདི་གཏད་དོ། །ངན་ཁ༽པའི་སྐྱོན་རྟགས་མཐོང་བའམ་དབང་པོའི་མངོན་སུམ་དུ་ཤེས་པས་སྣོད་བརྟགས་ཏེ། །ཚེ་འདིའི་འདོད་པ་སྒྲུབ་ཕྲ་མོའི་རྒྱུར་བྱེད་དང་། །ཚེ་འདིའི་ཕྱིར་ཁེ་དང་འཇིག་རྟེན་གྱི་གྲགས་པ་ཆེ་འདོད་པ་ཆེ་བའི་རྒྱུ་རུ་ཆོས། བྱེད་ཅིང་གསང་སྔགས་ཀྱི་བཅུད་ཆེན་འཛག་དང་དབོ་བ་སྟེ་ཞབས་རྡོལ་བ་ཁ་རལ། མི་ཆགས་བ་ཁ་སྤུབས་མ་རུང་བྱེད་པ་དུག་ཅན་དང་། །ཟང་ཟིང་ལོངས་སྤྱོད་མཐའ་ནས་བླ་མ་ལ་གཏོང་ཞིང་དམར་པའི་དབུས་འཆིང་སྟེ་མི་གཏོང་བ་རང་གིས་ཉལ་བ་དང་། །སེམས་གཡོ་ཅན་ངོ་དགའ་ཆེ་ལ་ལྟག་པ་སྤྲད་པ་དང་ལྐོགས་སུ་སྐུར་པ་འདེབས་པ་དང་། བླ་མའི་ལྐོག་ན་སྤྱོད་པ་རང་དགར་བྱེད་ཅིང་སྤྱོད་པ་དང་། །ཁ་སྙིང་སོ་སོར་བྱེད་དེ་ངག་ལ་རིགས་ངེས་པ་བཟང་པོ་བཟློ་བ་བསམ་པ་ལ་མི་ངེས་ཏེ་ངན་པ་སེམས་པ་དང་། བུད་མེད་ཡིན་ན་ཡང་སེམས་འདོད་པས་ཆགས་དབང་དུ་སོང་སྟེ་འདོད་ཕྱག་བ་དང་། །སྐྱེས་པ་དང་མུན་པ་དང་ལྐོག་དུ་ཕྲད་པར་འདོད་ཆགས་སྤྱོད་པ་ལ་སྙེགས་པ་སྟེ། ཕོ་མོ་གང་ཡིན་ཀྱང་ཏན་ཏྲར་སྣོད་དུ་མ་བསྔགས་པ་ལ། །ཡུན་སྐལ་པར་ལུས་སྟོང་བར་གྲིབས་མ་བཞིན་དུ་འཁོར་བར་འགྱུར་ཡང་། །ཐུགས་ཀྱི་བདེ་བ་སྟེ་མན་ངག་སྤྲོ་བར་མི་བྱའོ། །ཐུགས་རྗེ་ཡེ་མེད་དམ། གདམ་ངག་མི་སྦྱིན་ནམ་སྙམས་ན་བློ་དང་། འཚམ་པར་ལྷའི་སྐུ་བསྒོམས་ཐབས་བསྟན་དམ་ཚིག་གི་ཉེས་དམིགས་གཅན་འཕྲང་སྦྱིན། །དེ་ལྟར་མིན་ཏེ་སྣོད་ངན་ལ་སྦྱིན་ན། བེའུ་སྦྲེལ་གཡང་དུ་བསྒྱུར་བ་བཞིན་དཔོན་གཡོགས་གཉིས་ཀ་ལྷུང་སྟེ། སློབ་དཔོན་འདོད་པ་དང་ཁེངས་སེམས་ཕྲོགས་སྤྱོ་བས་ཤིང་གཅམ་བསོ་འཕྱར་ཏེ་གདམ་ངག་འཆོལ་བར་བཏང་བས། །མ་རྟོགས་པ་ལ་མན་ངག་སྤྲོས་ན་དུར་ཁྲོད་སོ་སོའི་གླིང་། །དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་འདུ་བ་བཞིན་དུ་འདུས་ནས། །དེ་ལ་མཁའ་འགྲོ་མས་ཚེ་འདི་ལ་དེའི་ཤ་ཟ་སྲོག་ལ་འབེབས་ཤིང་ལྟུང་། །གོང་དུ་སྣོད་ཀྱི་སྐྱོན་ཡོན་ཤེས་ཤིང་དེ་ལྟར་བརྟགས་པའི་སྐལ་ལྡན་གྱི་དོན་བྱ་བའི་ཕྱིར། །ལེའུ་དང་པོ་རང་བཞིན་ཡེ་ཤེས་རང་ལ་གནས་པ་གཞི་དང་དང་། །ལེའུ་གཉིས་པ་ལ་དེ་མཐོང་བ་ལྟ་བ་དང་དེར་འཇུག་པའི་རྣལ་འབྱོར་ནི་ལེའུ་གསུམ་པ་དེ་ཏིང་དང་། བཞི་པ་རྒྱུད་ལྔ་པ་ཕྱག་རྒྱ་གཅིག་དྲུག་པ་སྤྲོས་པ་སྟེ་བཞི་དང་། །ལེའུ་བདུན་པ་བར་ཆད་མེད་སྒྲུབ་པ་དང་ལེའུ་བརྒྱད་པ་མཐོང་ངམ་རྣམ་པར་སྨིན་པ་ཡིད་ལྷ་སྐུར། དབང་སྒྱུར་ནས་ཚེ་དབང་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ལམ། མངོན་དུ་བྱས་ནས་མཐར་ཐུག་གི་འབྲས་བུ་རིམ་པར་བརྗོད་པར་བྱའོ། །དེ་ལ་དང་པོ་ཡེ་ཤེས་རང་གནས་ལ་ཉིད་ཀྱི་གཞུང་རྒྱས་པར་སྤྲོས་པས། གཞི་རང་གནས་དེ་ཉིད་སྐལ་ལྡན་དེ་ཡིས་རྒྱས་པར་དོན་སྤྲོས་ནས་ཕྱེ་བས་ཤེས་པར་བྱ་བ་ལ། འཁོར་འདས་གཉིས་སུ་མེད་པ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི་ཆོས་ཅན། དེ་བཞིན་གཤེགས་པའི་ཐ་མའི་ཐ་མ་སྟེ་འབྲས་བུ་རྣམས་ཀྱི་ངོ་བོ་ཉིད་ཡིན་པར་དམ་བཅས། གཏན་ཚིག་འཁོར་བ་སེམས་ཉིད་རང་སྣང་བའི་ཕྱིར་བདག་དང་སེམས་ཉིད་ལ་གཉིས་སུ་རྡུལ་ཙམ་ཡང་གྲུབ་པ་མེད་པས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དེ་དེ་བཞིན་གཤེགས་པའི་ངོ་བོ་དང་རྣམ་གྲངས་བསམ་ཡས་སུ་སྣང་བའོ། །འཁོར་བའི་རང་བཞིན་ཕྱོགས་གཅིག་ཏུ་མི་དམིགས་པའི་ཕྱིར། །དེ་ལ་ལྟོས་པའི་འབྲས་བུ་མྱ་ངན་འདས་པ་ཕྱོགས་གཅིག་ཏུ་ཡོད་པ་ཡང་མ་ཡིན་ཏེ་མྱ་ངན་འདས་པའི་མཐར་ལྷུང་ངོ་། །འཁོར་འདས་ལ་དེ་ལྟར་རིགས་བཟང་ངན་དང་རྒྱུ་ཕྱོགས་གཅིག་ཏུ་རྒྱ་ཆད་པ་མེད་པས། །འཁོར་འདས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་མཆོག་གི་ངོ་བོ་ལ་དོན་དམ་ཀུན་རྫོབ་དབྱེར་མེད་དོ། །འཁོར་འདས་སོ་སོའི་རང་བཞིན་ཐ་དད་རང་རྒྱུད་དུ་ངེས་སོ་ཞེ་ན། །འཁོར་བ་དེ་ལ་ཡང་དག་ལམ་གྱིས་འབྲེལ་བ་མེད་པས་འཁོར་བ་ལས་མྱ་ངན་ལས་འདས་པར་བསྒྱུར་ཅིང་བཅོས་སུ་མེད་དེ་ཐ་དད་པའི་ཕྱིར་རོ། །འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་དང་ལོག་རྟོག་འཁོར་བ་གཉིས། །ངོ་བོ་ཉིད་ཀྱིས་ཐ་དད་དུ་གནས་པར་གྱུར་རོ་ཞེ་ན། །འཁོར་པ་དེ་ལ་མྱ་ངན་ལས་འདས་པ་བཅོས་ཤིང་བསྒྱུར་དུ་མེད་དེ་དཔེར་ན་ནོར་བུ། འཆིང་བུ་ལ་ཕྱག་དང་མཆོད་པ་བྱས་ཀྱང་ནོར་བུ་རིན་པོ་ཆེའི་ཡོན་ཏན་མི་འབྱུང་བཞིན་ཐ་དད་ནས་འཁོར་བ་ལས་མྱ་ངན་འདས་པ་འབྱུང་མི་རིགས་ཏེ་ཐ་དད་པའི་ཕྱིར་རོ། །ཐ་དད་པ་སྐྱོན་ཡོད་པ་འོག་ནས་འབྱུང་བ་དེ་བས་དེ་ལྟའང་གོང་བཞིན་དབྱེར་མེད་པ་འདི་བཞིན་པས་དེ་མ་རྟོགས་ཏེ་འཁྲུལ་ཚུལ་ནི། རྒྱུ་ལྷན་ཅིག་བྱེད་པའི་མ་རིག་པས་ངོ་མ་ཤེས་ཀུན་ཏུ་བཏགས་པའི་མ་རིག་པས་ལོག་པར་རྟོག་པ་སྣ་ཚོགས་པ་ཞགས་པ་ལྟ་བུས་འཁོར་བའི་རྒྱུ་བྱས། ལས་དགེ་སྡིག་བར་མ་གསུམ་དང་ཉོན་མོངས་ལྔ་སྟེ་བརྒྱད་ཀྱི་རྐྱེན་གྱིས། །འཁོར་ཚུལ་རྟེན་འབྲེལ་བཅུ་གཉིས་འཁོར་ལོས་ལྟ་བུའི་ཚུལ་གྱིས་འཁོར་བའི་གནས་སུ་བསྐྱར། །འབྲས་བུའི་རྟེན་གནས་ཐ་དད་དང་ལུས་དང་ལོངས་སྤྱོད་སོགས་འདོད་པ་ཐ་དད་པའི་དབང་གིས། བདེ་བ་འདོད་པའི་ཞེན་པ་དང་སྡུག་བསྔལ་དོགས་གདུང་བས་ཉམ་ཐག་ལ་ཐར་བའི་ལམ་དང་བྲལ་བས། དུས་ལ་ཐོག་མ་མེད་པ་ནས་བརྩམ་དཔག་ཏུ་མེད་པའི་དུས་བཞི་མཉམ་པ་ཉིད་ལ་དུས་ཀུན་ཏུ་ཉམས་ཀྱང་། ལ་བཟླ་རང་བཞིན་ཡེཤེས་རང་གནས་ཉིད་ལས་ཉམས་པ་མེད་དོ། །དེའང་དཔེར་ན་དེ་ལྟའང་རྒྱལ་པོའི་ཕྲུག་གུ་འབངས་སུ་འཁྱམས་པ་ལ་རྒྱལ་པོའི་ཤ་ཁྲག་ལ་འགྱུར་བ་མེད་དེ། དེ་བཞིན་དུ་འཁྲུལ་ཀྱང་ཆོས་ཉིད་ཀྱི་རིགས་ལ་འགྱུར་བ་མེད་པས། །ཤུལ་དོན་ཏེ་ལམ་དང་འབྲས་བུ་དང་རང་ལས་གཞན་མིན་ཕྱིར། །དཔེར་ན་ལྷ་ལོངས་སྤྱོད་རང་ལ་སྤྲུལ་ནས་རང་ལ་ལོངས་སྤྱོད་པས་འཕྲུལ་དགའི་ཚུལ་བཞིན་འབྲས་བུ་ཏེ་གཞན་ལས་མིན་ཏེ་རང་ལ་གནས་པའོ། །དེ་ཡང་ཀུན་རྫོབ་དང་། དོན་དམ་དབྱེར་མེད་དམ་པ་རྣམ་པ་གསུམ་དུ་གནས་པའི་ཚུལ་བཞག་པར་བྱ། ཡི་གེ་འབྲུ་ལྔར་རང་བཞིན་གྱི་མ་འགགས་པར་གནས་པའི་ཐབས་ཆེན་པོ། །ཡིན་ཏེ། འབྲུ་ལྔ་ནི་འགྲོ་དྲུག་ས་བོན་དྲུག་ལ་གཉེན་པོའི་ཡི་གེ་ལྔ་གནས་པའོ། །དེ་ལ་འགྲོ་དྲུག་གི་ཡི་གེ་དྲུག་ནི་སྤྱི་བོར་ཨ་སུ་གཉིས། མགྲིན་པར་ཏྲི། སྙིང་ཁར་ཎི། ལྟེ་བར་པྲེ། རྐང་མཐིང་དུ་དུཿགནས་ཏེ། འགྲོ་དྲུག་རྒྱུད་ལྔ་བསྐྱེད་པའི་ས་བོན་ནོ། །དེའི་གཉེན་པོར་ཡི་གེ་ལྔ་ནི་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན་ཏེ། སྤྱི་བོར་སྐུའི་ཡི་གེ་ༀ། མགྲིན་པར་གསུང་གི་ཡི་གེ་ཨཱཿ སྙིང་གར་ཐུགས་ཀྱི་ཡི་གེ་ཧཱུྃ། ལྟེ་བར་ཡོན་ཏན་ཡི་གེ་སྭཱ། རྐང་མཐིལ་དུ་ལས་ཀྱི་ཡི་གེ་ཧཱ་གནས་སོ། །ཡང་སྙིང་གར་ཆོས་ཀྱི་འཁོར་ལོ་ལ་འབྲུ་ལྔ་གནས་ཏེ། སྙིང་གི་དབུས་སུ་ཧཱུྃ། ཤར་ༀ། ལྷོར་སྭཱ། ནུབ་ཏུ་ཨཾ། བྱང་དུ་ཧཱ་གནས་པའོ། །དེ་ལས་སྦྱངས་བྱ་ཡུལ་དྲུག་གི་ས་བོན་ཀྱང་གནས་པར་གསུངས་ཨ་ཎི་སུཾ་ཏྲི་པྲེ་དུའི་སྟེང་དུའོ། །དེ་གཉེན་པོའི་ཡི་གེ་ལྔས་འཇོམས་པར་བྱེད་པའོ། །འགྲོ་བ་ཀུན་ལ་རང་བཞིན་ནམ་ངང་གིས་གནས་པ་ཡིན་ཏེ། དཀྱིལ་འཁོར་བཞི་ནི་ཀླད་པ་བདེ་ཆེན་གྱི་དལ་དང་། མགྲིན་པ་ལོངས་སྤྱོད་ཀྱི་དལ་དང་། སྙིང་ག་ཆོས་ཀྱི་དཀྱིལ་འཁོར་དང་། ལྟེ་བ་སྤྲུལ་པའོ། །བཞི་དང་སྲོག་ཤིང་གསུམ་རྩ་རོ་མ་རྐྱང་མ་ཀུན་འདར་མའོ། །ཀུན་འདར་མ་ནི་འཁོར་ལོ་བཞིའི་དབུས་སྲོག་ཤིང་གི་ཚུལ་དུ་ཡོད་ཅིང་། སྤྱི་གཙུག་ནས་ལྟེ་བའི་འོག་རིན་པོ་ཆེའི་རྫིང་ལ་ཐུག་པའོ། །རྩ་དེ་ནི་ཁ་དོག་དར་དཀར་གྱི་སྐུད་པ་ལྟ་བུ་སྟེ། རླུང་དང་ཐིག་ལེ་གང་གིས་ཀྱང་སྟོང་པའོ། །རོ་རྐྱང་གཉིས་ནི་ཙཀྲ་རྩིབས་བཞིའི་གཡས་གཡོན་ནས་རླུང་ནོན་གྱི་ཚུལ་དུ་གནས་ཏེ་སྣ་སྒོ་ནས་ཡར་བདེ་ཆེན་གྱི་དལ་དུ་མར་རིན་པོ་ཆེའི་རྫིང་གི་དལ་དུ་འདུས་པའོ། །འཁོར་ལོ་བཞིའི་གནས་ན་ཀཱ་ལི་སྟེ་སྒྲ་ཡི་ཡི་གེ་སོ་གཉིས་དང་དབྱངས་གི་ཡི་གེ་བཅུ་དྲུག་ལྡན་པའོ། །དེ་ཡང་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས་ཡོད་པ་ལ། དབྱངས་ཡིག་བཅུ་དྲུག་གཡས་བསྐོར་དང་གཡོན་བསྐོར་དུ་གནས་པའོ། །མགྲིན་པ་ལོངས་སྤྱོད་ཀྱི་དལ་ལ་རྩ་འདབ་བཅུ་དྲུག་ཡོད་པ་ལ་དབྱངས་ཡིག་བཅུ་དྲུག་གཡོན་བསྐོར་དུ་གནས་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་ཡོད་པ་ལ་སྒྲ་ཡིག་སུམ་ཅུ་རྩ་གཉིས་གཡས་སྐོར་གཡོན་སྐོར་དུ་གནས་པའོ། །གནས་ཨེ་ཝཾ་སྟོན་པ་འཁོར་མ་ཡ་བསྟན་པ། དེ་ལ་ཨེ་གནས་ནི་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་རིན་པོ་ཆེ་ཟུར་བརྒྱད་གུར་ཕུབ་པ་ལྟ་བུའི་རྩེ་མོ་ཨེ་ལྟ་བུར་གནས་པས་གནས་ཕུན་སུམ་ཚོགས་པའོ། །ཝཾ་སྟོན་པ་ནི་ཟུར་བརྒྱད་ཨེའི་དཀྱིལ་འཁོར་ན་སྲོག་མི་ཤིག་པའི་ཐིག་ལེ་ཏིལ་འབྲུ་ཙམ་ཡི་གེ་ཝཾ་གི་དབྱིབས་སུ་ཡོད་པ་ནི་དབང་པོའི་སྒོ་དང་འབྲེལ་ནས་རྣམ་ཤེས་གསལ་བར་བྱེད་པའོ། །མ་འཁོར་ནི་རྩ་བའི་རྩ་འདབ་བཞི་ལ་ཡི་གེ་མའི་དབྱིབས་སུ་གནས་པས་དེ་ལ་རྩ་འདབ་བརྒྱད་དེ། འཁོར་འདས་ཀྱིས་ས་བོན་ཡི་གེ་མས་བསྐོར་བའི་འཁོར་ཕུན་སུམ་ཚོགས་པའོ། །ཡ་བསྟན་པ་ནི་ཝཾ་ལས་འོད་ཟེར་ཡའི་ཚུལ་དུ་གནས་པ་ནི་ཕྱི་ནང་གི་སྒོ་འབྱེད་ཅིང་རྣམ་ཤེས་གསལ་བར་བྱེད་པ་ནི་བསྟན་པ་ཕུན་སུམ་ཚོགས་པའོ། །མཁས་ལྡན་ཅེས་པ་ནི་གསང་བའི་མཁའ་ལ་ཡང་ཡི་གེ་བཞི་གནས་པ་ཡིན་ཏེ། ཨེ་ནི་གནས་ཏེ་ཕྱི་ཁྱམ་ཟུར་གསུམ་དུ་གནས་པའོ། །བཾ་ནི་པདྨའི་ཟེའུ་འབྲུ་ལ་ཡི་གེ་བཾ་གྱི་ཚུལ་དུ་གནས་པ་སྟོན་པའོ། །མ་ནི་བར་ཁྱམས་གྲུ་བཞི་ལ་ཡི་གེ་མ་གནས་པ་འཁོར་རོ། །ཡ་ནི་ཟ་མ་ཏོག་ཟླ་གམ་ལ་ཡི་གེ་ཡ་གནས་པས་བསྟན་པ་ཕུན་སུམ་ཚོགས་པའོ། །ཡུམ་གྱི་གསང་བ་ལ་ཡང་རང་བཞིན་གྱི་མཁའ་ལྡན་དང་། པར་གནས་པ། སྙིང་པོ་རླུང་གི་སྒྲོམ་བུའི་གནས་ན་སྟོན་འཁོར་རྣམས་ཡོད་པས་དོན་བསྟན་པ་རང་ལ་འབྱུང་བས། དེ་ཡི་ཏན་ཏྲ་འབྱིན་པར་བྱེད་པའོ། །རྒྱུད་འབྱུང་བར་བྱེད་པ་དེའི་དོན་སྙིང་ཆོས་ཀྱི་ཙཀྲའི་གནས་དེ་ན་གཡས་ཆོས་ཉིད་ཀྱི་རྩ་དེ་ཏིང་དང་། །མདུན་ཡེ་ཤེས་ཀྱི་རྩ་ཀུན་ཏིང་དང་གཡོན་ཡོན་ཏན་གྱི་རྩ་རྒྱུ་གཅིག་པ་དང་། རྒྱབ་ལས་ཀྱི་རྩ་རྒྱ་སྤྲོས་ཏེ་རང་རྒྱུད་ཀྱི་རྩ་སྣང་བྱེད་དོ། །དེ་ལྟར་རྩ་འདབ་ཉིད་དངོས། །ཆོས་ཀྱི་འཁོར་ལོ་སྲོག་མི་ཤིགས་པའི་ཐིག་ལེ། རྣལ་འབྱོར་ལམ་གྱི་རིམ་པ་རྣམས་རང་བཞིན་ལྡན་ཏེ། སྣོད་ཀྱི་རྩ་སྙིང་ག་ཆོས་གྱི་འཁོར་ལོའི་རྩའི་ཁ་དོག་དང་གནས་ཚུལ་འོད་དབྱིབས་ལས་གཡས་ཆོས་ཉིད་ཀྱི་ཁ་དོག་དཀར་པོ་དབྱིབས་ཟླུམ་པོར་གནས་པས་ཞི་བའི་ཕྲིན་ལས་ཀྱི་རང་བཞིན་གྲུབ་པའོ། །མདུན་ཡེ་ཤེས་ཀྱི་རྩ་ཁ་དོག་སེར་པོ་གྲུ་བཞིར་གནས་པ་རྒྱས་པའོ། །གཡོན་ཡོན་ཏན་གྱི་རྩ་ཁ་དོག་དམར་པོ། ཟླ་གམ་དུ་གནས་པ་དབང་གིའོ། །རྒྱབ་རང་རྒྱུད་ཀྱི་རྩ་ཁ་དོག་དམར་ནག་དབྱིབས་གྲུ་གསུམ་གནས་པ་དྲག་པོའི་ཕྲིན་ལས་ཏེ་དེ་ལྟར་ཕྲིན་ལས་བཞི་ཡི། རྩ་དང་ཐིག་ཁ༽ལེ་ལས་བསྙེན་བསྒྲུབ་རང་ལ་རང་བཞིན་གྱི་ལྡན་ཏེ་གཡས་ཆོས་ཉིད་ཀྱི་རྩ་ཐིག་ལེས་གང་བ་བསྙེན་པ། མདུན་ཡེ་ཤེས་ཀྱི་རྩ་ཉེ་བསྙེན། གཡོན་ཡོན་ཏན་གྱི་རྩ་སྒྲུབ་པ། རྒྱབ་རང་རྒྱུད་ཀྱི་རྩ་ཐིག་ལེས་གང་བ་ནི་བསྒྲུབ་པ་ཆེན་པོ་དེ་ལ་བསྙེན་པ་ཡོངས་སུ་རྫོགས་ཚུལ་ནི། རྩ་གནས་ཐིག་ལེས་གང་བ་བསྙེན་པ། དེ་ལ་རང་བཞིན་གྱི་བདེ་བ་འབྱུང་བ་ཉེ་བསྙེན། དེ་ལྟར་ངོས་ཟིན་ནས་ཉམས་སུ་ལེན་པར་བསྒྲུབ་པ། བདེ་བ་རྒྱས་ཏེ་མངོན་སུམ་ཉམས་སུ་མྱོང་བ་ནི་བསྒྲུབ་པ་ཆེན་པོའོ། །དེ་ལྟར་ཡིན་པས་རྩ་འདབ་བཞི་ལ་ཡན་ལག་བཞི་བཞི་བརྒྱད་སྟེ་ཤི་ར་མ་དྷ་ལ་དལ། དེ་ཡང་གཡས་ཆོས་ཉིད་ཀྱི་རྩ་ལ་རྩ་འདབ་གསུམ། མདུན་ཡེ་ཤེས་ཀྱི་རྩ་འདབ་གསུམ། རྒྱབ་རང་རྒྱུད་རེ་རེ་སྟེ་བརྒྱད་དོ། །དེ་ཡང་ཡེ་ཤེས་གསང་བ་དང་སྤྲུལ་སྐུ་དགའ་རབ་རྡོ་རྗེས་ནི་རྩའི་གནས་ཚུལ་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་འདིར་ཡོད་པར་བཤད། གཡས་ཆོས་ཉིད་ཀྱི་རྩ། གཡོན་རང་རྒྱུད་ཀྱི་རྩ། རྒྱབ་ཡེ་ཤེས་ཀྱི་རྩ་མདུན་ཡོན་ཏན་གྱིའོ། །གཡས་ཆོས་ཉིད་ཀྱི་རྩ་ལ་རྩ་འདབ་གསུམ་ཁ་དོག་དཀར་སེར་དབྱིབས་ཟླུམ་པོ་རྩའི་མདུན་སྒོ་ན་འགྲོ་དྲུག་གི་ས་བོན་སུ་ཏྲི་དང་གཉེན་པོ་ༀ་ཡཾ་གནས་པའོ། །གཡོན་རང་རྒྱུད་ཀྱི་རྩ་ལ་རྩ་འདབ་གསུམ་ཁ་དོག་དམར་པོ་དབྱིབས་ཟླ་གམ་ཡི་གེ་དུ་དང་པྲེ་གཉེན་པོ་ཧཱུྃ་གནས་སོ། །རྒྱབ་ཡེ་ཤེས་ཀྱི་རྩ་འདབ་གཅིག་ཁ་དོག་སེར་པོ། དབྱིབས་གྲུ་བཞི་ཡི་གེ་ཨ་དང་ཎི་གཉེན་པོ་ཨཱཿགནས་སོ། །མདུན་ཡོན་ཏན་གྱི་རྩ་ལ་རྩ་འདབ་གཅིག་ཁ་དོག་དམར་ནག་དབྱིབས་གྲུ་གསུམ་ཡི་གེ་མེད་དོ། །བློ་རྨུག་ཅིང་བག་ཆགས་ཀྱི་རྟེན་བྱེད་པའོ། །རྩའི་གནས་ཚུལ་དེ་ལྟར་ལ་ཕྲིན་ལས་ལ་སོགས་ཚང་ཚུལ་གོང་ལྟར་རོ། །ཨེ་འདྲ་གྲུ་གསུམ་མེའི་ས་བོན་རཾ་སྒྲོམ་མདོར་རླུང་གི་ས་བོན་ཡཾ་གཡས་གཡོན་དུ་རོ་མ་དགོངས་གཟར་རྐྱང་མ་བླུག་གཟར་དབུ་མ་ཨ་ཝ་དྷུ་ཏི་མེ་ལྷའི་ཚུལ་དུ་གནས་པའོ། །དེ་ལྟར་སྦྱིན་སྲེག་གི་ཚུལ་དུ་རང་ལ་ཡེ་ནས་ལྡན་དེ་ཡཾ་ལས་རླུང་རཾ་ལ་ཕོགས་པས་རཾ་ལས་མེ་བྱུང་མེས་ཐིག་ལེ་རྩ་གནས་མར་དང་ཚིལ་འཁྱག་པའི་ཚུལ་དུ་ཡོད་པ་བཞུས་ནས་རྩ་གཡས་གཡོན་གཉིས་ནས་ཐིག་ལེ་འབབ་སྟེ་ཀུན་རྡར་དང་འཁོར་ལོ་བཞི་མར་རིམ་པར་ཁེངས་པ་དང་བླ་མ་ཡི་དམ་མཆོད་བླ་མ་ཡི་དམ་རྣམས་ལས་བྱང་སེམས་བབ་པས་འཁོར་ལོ་རིམ་པར་ཁེངས་པའོ། །འོག་སྒོ་ཕྱག་རྒྱ་བརྟེན་ནས་དབང་གསུམ་པ་ཡེ་ཤེས་རང་གནས་སུ་ངོ་སྤྲད་པ་ཞལ་ལས་ཤེས་བཔར་བྱའོ། །ཕྱི་ཁྱམས་གྲུ་གསུམ་གནས་པ་དྲག་པོའི་ཕྲིན་ལས། བར་འཁྱམས་གྲུ་བཞི་རྒྱས་པའི་ཕྲིན་ལས། སྣ་ཚོགས་མདུད་པ་ཟླུམ་པོ་ཞི་བའི་ཕྲིན་ལས། ཟ་མ་ཏོག་ཟླ་གམ་དབང་གི་ཕྲིན་ལས་སོ། །དེའི་དོན་གནས་བཞིའི་འབྱུང་བའང་ལས་བཞི་ཡི་དབྱིབས་རང་བཞིན་གྱི་ལྡན་པ་ཡིན་སྟེ་འཁོར་ལོ་བཞིའི་གནས། ལྟེ་བ་ས། སྙིང་ཁ་ཆུ། མགྲིན་པ་མེ། སྤྱི་བོར་རླུང་སྟེ་རྩ་གནས་བཞི་ལ་འབྱུང་བ་བཞིས་ཕྲིན་ལས་རང་གྲུབ་པའོ། །དེ་བཞིན་གསང་བའི་ཁམས་ཡུམ་གྱི་མཁའ་ལ་ལས་བཞི་རང་བཞིན་གྱིས་ལྡན་པ་ནི། གནས་རྟེན་རྩ་དང་བརྟེན་པ་ཐིག་ལེ་ལ། །ཕན་དབང་བཅུ་ནུས་དབང་ལྔ་ཟབ་དབང་གསུམ་ལ་སོགས་དབང་རྣམས་ལྡན་ཅིང་རྫོགས་པའོ། །དེ་ཡང་ཕན་པའི་དབང་བཅུ་རང་ལ་གནས་པ་ནི། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གནས་པས་དབུ་རྒྱན་གྱི་དབང་དང་། རྩ་རོ་རྐྱང་གཡས་གཡོན་ན་མར་ཅོད་པཎ་གྱི་ཚུལ་དུ་གནས་པ་ཅོད་པཎ་གྱི་དབང་དང་འཁོར་ལོའི་གནས་སྒྲ་ཡིག་དང་དབྱངས་ཡིག་ཕྲེང་བའི་ཚུལ་དུ་གནས་པ་ནི་ཕྲེང་བའི་དབང་དང་། སྤྱི་བོར་ཧཾ་ལ་ལུས་མགོ་མཇུག་ཏུ་རྩས་ཁྱབ་ཅིང་འབྲེལ་པས་གོ་ཆའི་དབང་དང་། རྣམ་ཤེས་དང་དབང་པོ་མི་བསྒྲིབ་པར་རང་གསལ་བ་རྒྱལ་མཚན་གྱི་དང་། རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་གནས་པ་ཕྱག་རྒྱའི་དང་། གླད་པ་བདེ་ཆེན་གྱི་འཁོར་ལོ་གདུགས་ལ་ཧཾ་གི་ཚུལ་དུ་གནས་པ་གདུགས་གི་དབང་དང་། རྩ་གནས་འཁོར་ལོ་བཞི་ཐིག་ལེས་གང་བ་བུམ་པའི་དབང་དང་། དམ་རྫས་ལྔ་རང་བཞིན་གྱི་གནས་ཤིང་བཟའ་བཏུང་ལ་ལོངས་སྤྱོད་པས་བཟའ་བཏུང་གི་དབང་དང་ཡིག་འབྲུ་ལྔ་རང་བཞིན་གྱི་གནས་པས་སྙིང་པོ་ལྔ་རང་ལ་གནས་པའོ། །ནུས་པའི་དབང་ལྔ་རང་ལ་གནས་པ་ནི། རྣ་བའི་འདམ་རྩ་ན་སྒྲ་ཐོས་པའི་ཐིག་ལེ་དངས་མའི་རྩ་ཡོད་པས་ཉན་པའི་དབང་དང་། མགྲིན་པ་དང་ལྕེ་ལ་སྒྲ་འབྱུང་བས་ཐིག་ལེ་དབྱངས་ཡིག་དང་བཅས་གནས་པས་འཆད་པའི་དབང་དང་། ཀུན་རྡར་དང་སྲོག་མི་ཤིགས་པའི་ཐིག་ལེ་རྣམ་པར་མི་རྟོག་པས་བསྒོམ་པའི་དབང་དང་། སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་ལ་ལས་བཞི་ལྷུན་གྱིས་གནས་ཤིང་། ཡན་ལག་བཞིས་བྱ་བ་བྱེད་པས་ཕྲིན་ལས་ཀྱི་དབང་དང་། རྩ་དང་ཐིག་ལེས་བྱ་བ་ཐམས་ཅད་བྱེད་ཅིང་ཡན་ལག་ལྔ་རིགས་ལྔ་དང་ཆོས་ཀུན་རང་ལ་རྫོགས་པས། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་རང་ལ་གནས་པའོ། །ཟབ་མོའི་དབང་གསུམ་ནི། རྩ་ལ་ཐིག་ལེ་ཁ་བ་ལྟར་རང་བཞིན་གནས་པས་གསང་བའི་དབང་དང་། རྩ་དང་ཐིག་ལེའི་བདེ་བ་ལས་ལྷན་ཅིག་བྱས་པའི་དགའ་བ་རང་བཞིན་གྱིས་གནས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དེ་གཉིས་སུ་མེད་ཅིང་ཡེ་ཤེས་རང་གནས་སུ་ཡེ་ནས་གནས་པས་བདེ་བ་ཆེན་པོའི་དབང་ངོ་། །དེ་ལྟར་གནས་པ་ངོ་སྤྲད་ལ་ཉམས་སུ་བླངས་བ་ཞལ་ལས་ཤེས་པར་བྱའོ། ༈ །མཆོད་པ་ལ་གསང་བ་ཡབ་ཡུམ་ནང་གི་དུག་གསུམ་ཕྱི་འདོད་ཡོན་ལྔ་མིག་གཟུགས་རྣ་བ་སྒྲ་སྣ་དྲི་ལྕེ་རོ་ལུས་རེག་ཡིད་ཆོས་དང་། །རྩ་རོ་མ་རྐྱང་མ་ཀུན་རྡར་མ་ལ་ཁའི་རྩ་ཤ་ཆེན་རྣམས་ལ་ཚེ་ལ་སོགས་པ་བདུད་རྩིར་རང་བཞིན་གྱིས་གནས་པ་ནི་མཆོད་པ་སྟེ་དམ་རྫས་ལྔ་རང་ལ་ཡེ་ལྡན་གནས་པ་མཆོད་པ་སྟེ། །རྒྱས་པ་ལས། དགུག་དང་འཛིན་དང་དེ་བཞིན་དུ། །འདུ་དང་འཁྲིགས་པས་དོན་གྲུབ་ཕྱིར། །སྟོམ་དང་མི་གཏོང་དབང་གྱུར་ཏེ། །བདེ་བའི་སྒྲ་སྙན་ཕྱོགས་བཅུ་སྒྲོགས། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །ཡིད་བཞིན་རིན་ཆེན་ཕྲེང་བ་འབར། །དབྱངས་སྙན་ཡིད་འཕྲོག་གཟི་བརྗིད་འབར། །གཟུགས་མཛེས་སྤྱོད་པའི་ཕྱོགས་བཅུར་གཡོ། །ཀུན་ཏུ་ཚིམ་བྱེད་བྲོ་བསྲུང་ཐིམ། །ལྟ་བ་རིན་ཆེན་ཕུང་པོར་འབར། །བདུད་རྩི་གསལ་འགྲོ་འཇམ་དཔའི་དབྱངས། །ཞེས་སོ། །གང་གི་དེ་དག་རང་ལ་གནས་ཤིང་དེ་ལ་མི་འདའ་བས། །རང་བཞིན་གྱིས་གནས་པའི་ཕྱིར་ས་མ་ཡ། །སྟེ་དམ་ཚིག་གོ། །སྒོ་གསུམ་གྱི་རང་བཞིན་ལུས་ངག་ཡིད་ཕྱི་ནང་རྩ་རླུང་ཐིག་ལེ་གསང་བ་མཁའ་གསང་ལ་ཡི། །འདུ་བྱེད་སྤྱོད་ཡུལ་ཐམས་ཅད་ཡེ་ནས་དག་པའི་མཛད་པ་ངང་གིས་གནས་སོ། །གཞན་ལུས་ལ་བརྟེན་པའི་ཆགས་པས་ཡང་ཐབས་ཀྱིས་མ་ཟིན་པས་ཁམས་གསུམ་འགྲུབ་པར་བྱེད་ཅིག་ཤོས་ཀྱིས་ཐབས་ཀྱིས་ཟིན་པའི། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲུབ་པར་བྱེད་པའོ། །ཆོས་ཀུན་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་ཤིང་དབྱེར་མེད་པས་རྡོ་རྗེ་ཕུང་པོའི་ལྔ་དང་འབྱུང་བ་ལྔ་ཡན་ལག་དབང་པོ་རྣམ་ཤེས་ཡུལ་དུས་ཚོགས་པ་ཀུན། །རྫོགས་པའི་སངས་རྒྱས་ཡབ་ལྔ་དང་ཡུམ་ལྔར་གྲགས་སོགས། །སོགས་ཁུང་ནས་སེམས་དཔའ་དང་སེམས་མ་སོགས་གནས་སོ། །དེས་ན་ཕྱི་ནང་གི་དངོས་ཀུན་ཕྱི་ཡུལ་ལ་ཆགས་རྣམས་ཡུམ་དུ་སངས་རྒྱས་པ་དང་ནང་ཕུང་པོ་ལྔ་ལ་སོགས་པ་ཡབ་ཏུ་སངས་རྒྱས་པ་ཚུལ་གྱིས་འབྲས་བུར་གནས་པ་ཡིན་ཏེ། དེ་ལ་བསྒོམ་པའི་ལས་དང་རང་གི་ངོ་བོ་རྟོག་ཚོགས་ལྷའི་དལ་དུ་སངས་རྒྱས་པས་འབྲས་བུར་རང་ལ་གནས་པས་སོ། །ཀུན་རྫོབ་ཀྱི་སྣང་བ་རྣམས་དཔེར་ན་ཀ་ཆུ་ཟླ་ཁ་སྒྱུ་མར་ག་སྤྲུལ་པ་བཞིན། །ཀ་ཕུང་པོ་ལྔ་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་རྣམས་སྣང་ལ་རང་བཞིན་མེད་པ་ལྷའི་དལ་དུ་གནས་པས། གཞི་ཡེ་ནས་རྫོགས་པའི་དལ་ཕྱག་༡རྒྱ་༢མ་༣འདྲེས་པ་ཡོངས་སུ་རྫོགས་པར་རིག་པའི་ངོར་རང་གསལ་བ། བསམ་པ་བཞིན་དུ་ཅིར་ག་ཡང་འབྱུང་ལ་འགྱུར་བས་སྤྲུལ་པ་དང་འདྲ་ཞིང་ཅིར་ཡང་འགྲུབ་པའོ། །ཕུང་པོ་ཁམས་སྐྱེ་མཆེད་རྣམས་ཆུ་ཟླ་སྒྱུ་མ་སྤྲུལ་པ་སྣང་ལ་རང་བཞིན་མེད་པ་ལྷའི་དལ་དུ་གནས་པའོ། །གྲངས་ཀྱི་བར་ལ་དོན་དམ་པའི་ལམ་དང་འབྲས་བུའི་ཆོས་རྣམས་རང་ལ་གནས་ཏེ་ཞེས་དམ་བཅའ། གང་ཡང་རིགས་རྒྱུད་རྟག་ཐ་དད་དངོས་པོའི་ཕྱོགས་གཅིག་ཏུ་མིན་པར་འགྲུབ་པས་དང་། ཆོས་ཀུན་སེམས་༢ཉིད་རང་སྣང་བའི་ཕྱིར་དེ་བཞིན་དུ་འཁོར་འདས་ཀྱི་ཆོས་ཀུན་༡ཀྱང་༡དེའི་ངང་དུ་མཚུངས་ཏེ། དེ་ཡང་འཁོར་བའི་ཆོས་འདོད་ཁམས་གྱི་ཕོ་མོ་གཟུགས་གཉིས་མ་ནིང་གི་མཚན་དང་གསུམ་ཁ་ཡོད་པ་གཟུགས་ཁམས་དང་གཟུགས་མེད་ལ་སོགས་པ། མཐོ་དམན་དང་གནས་རིས་སོ་སོར་ཕྱོགས་དང་རིས་སུ་སྡེ་ཆ་ཡོད་མིན་ཏེ་ཐམས་ཅད་ཡུལ་མེད་དུ་རྫོགས་པའོ། །ཆོས་ཀུན་གཉིས་སུ་མེད་པ་ཡུལ་ཡུལ་ཅན་དང་བྲལ་བཞིན་གང་དུ་ཡང་མ་འགགས་པ་དེ་ལྡན་པའི། །དོན་གྱི་སྙིང་པོ་དམ་པའི་མཆོག་དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་འབྲས་བུའི་དོན་དམ་དང་རང་བཞིན་ཡེ་ཤེས་དོན་དམ་དང་ངོ་བོ་དབྱིངས་དོན་དམ་སྟེ། བདུན་དང་ཡང་ན་དབྱིངས་ཡེ་འབྲས་བུ་གསུམ་ལ་རྫོགས་ཕྱིར་དོན་དམ་ལ། །པའི་བདེན་པ་ཡིན། དཔེར་ན་དཔག་བསམ་གྱི་ཤིང་དང་རིན་ཆེན་དབང་གི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་འབྱུང་བ་ལྟར། །བདུན་ནམ་གསུམ་པོ་དེ་ཀུན་ངོ་བོ་ཉིད་ཀྱི་རྒྱུར་གནས་པའོ། །འཇིག་རྟེན་བརྟན་སྣོད་དང་གཡོ་བ་ནང་བཅུད་ལ་སོགས་པ་དེ་འཁོར་འདས་ཀྱི་ཆོས་ཀུན། རང་བྱུང་གི་ཡེ་ཤེས་རང་སྣང་བས་སྣང་བ་ཉིད་ན་ངོ་བོ་ལ་དངོས་པོར་གྲུབ་པར་མེད་པ་སྟེ། དེ་ཡང་དེ་ཉིད་ལྷག་པའི་ཆོས་སྐུ་ཆེན་པོ་ཡིན། །དེ་ཡང་རང་བཞིན་ནམ་ངང་གིས་དེ་ལྟར་གནས་པའོ། །ལས་གཞན་པའི་འབྲས་བུས་ཐོབ་བྱ་རྡུལ་ཙམ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་ཆོས་ཀུན་ཀྱང་འབྲས་བུའི་ངོར་སྨིན་ཟིན་ཕྱིར་དང་དེ་ལས་གཞན་དུ་བགྲོད་པར་བྱ་བའི་ཡུལ་མེད་པའོ། །དེ་ལྟར་ན་དོན་དམ་དེ་ཉིད་ལམ་གྱི་ཡང་ངོ་བོ་ཡིན་སྟེ། དེ་ལ་འཇུག་ཅིང་རྫོགས་པའི་བར་དུ་གནས་ཤིང་གོམས་པར་བྱེད་པ་ལ་ཐ་མ་འབྲས་བུ་མངོན་དུ་འབྱིན་པས་ལམ་གྱི་གཞི་ལམ་འབྲས་བུ་གསུམ་དུ་ཕྱེ་བ་ཡིན་ནོ། །དོན་དམ་དེ་ཉིད་འཁོར་འདས་ཀུན་གྱི་འབྱུང་གནས་ཡིན་ཏེ་ཁྱབ་བྱ་ཁྱབ་བྱེད་མེད་པས་ཕྱོགས་བཅུ་མ་ལུས་འཁོར་འདས་ཐམས་ཅད་ལ། །རང་བྱུང་གི་ཡེ་ཤེས་ཆེན་པོས་ཏིལ་མར་བཞིན་ཀུན་ཏུ་ཁྱབ། །རང་བྱུང་ཡེ་ཤེས་དེ་ཉིད་དངོས་པོ་དང་མཚན་མ་མེད་པར། །ཕྱོགས་མེད་ཀུན་ཏུ་སྣང་བས་ཀུན་གྱི་ཕྱག་རྒྱའི་ངོ་བོ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར། ཆོས་ཀུན་དེ་ལྟ་བུ་ཡི་ངང་དུ་གནས་ངེས་སོ། །དེ་བཞིན་དོན་དམ་ལ་འཁོར་འདས་ཀྱི་ཆོས་ཀུན་ལྷག་མ་མེད། དོན་དམ་བཅོས་སླད་མེད་པར་གནས་པ་ཉིད་མཐའ་ཐུག་པ་མེད་པ་དབྱིངས་སྒྲིབ་གཡོགས་མེད་པར་རང་གསལ་ཡེ་ཤེས་ཏེ། །དེ་ཉིད་མ་འགགས་པ་ཐབས་ཀྱི་ཕྱག་རྒྱ་སྣ་ཚོགས་སུ་སྣང་བའི་འཁོར་འདས་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུའོ། །དེ་ཡང་རྒྱུ་རྐྱེན་བཞི་ལ་སོགས་པ་བསྐྱེད་པར་བྱེད་པའི་མིང་གི་རྣམ་གྲངས་སུ་མཚན་པ་མེད་པའི་ངོ་བོ་ཉིད་ཀྱི་རྒྱུ་ཉིད་དང་མ་འདྲེས་པ། ཡོངས་སུ་རྫོགས་པས་རྫོགས་པ་ཞེས་ཀྱང་བརྗོད། །གྲངས་གསུམ་པ་བདེན་པ་དབྱེར་མེད་ཀྱི་ཐ་དད་དངོས་པོར་ཞེན་པ་ཡི། །མྱ་ངན་ལས་འདས་པ་དང་འཁོར་བའི་ཆོས་ཀུན་ཆོས་ཅན་གཉིས་སུ་མེད་དེ། གཏན་ཚིག་ཡེ་ནས་འཁོར་འདས་རིགས་རྒྱུད་རྟག་པ་མིན་པས། །བྱེ་བྲག་སོ་སོའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག །ཆོས་ལ་སོགས་པ་འཁོར་འདས་ཀྱི་བྱེ་བྲག་སོ་སོའི་ཐ་སྙད་མིང་དུ་བརྟགས་པ་ཀུན། །དཔེར་ན་འཇའ་ཚོན་སྣང་བ་ལྟར་ཤར་ཡང་དོན་དམ་མཁའ་ལྟར་ཁ་དོག་ལྔ་སོ་སོར་མ་འདྲེས་རང་གསལ་སེམས་ཉིད་གཅིག་གི་ངང་སྣང་ཡང་། རང་བྱུང་ཡེ་ཤེས་འདུས་མ་བྱས་ཉིད་ཀུན་རྫོབ་འདུས་བྱས་སྣང་། །འདུས་བྱས་སུ་སྣང་བ་སྣང་བའི་དུས་ཉིད་ན་ཡང་ངོ་བོ་རང་བྱུང་གི་ཡེ་ཤེས་དབྱེར་མི་ཕྱེད་པ་རྡོ་རྗེ་ཉིད། །དེ་ལ་རྒྱལ་འགྲོས་ཏེ་སངས་རྒྱས་སྒམ་པོས་མ་མཛད་སེམས་ཅན་སྒྲེན་པོས་ཁ་མ་བཅོས་པར། །རང་བཞིན་ངང་གིས་བདེན་པ་དབྱེར་མེད་པའང་། །དེ་ལྟར་མིན་ཏེ་ཐ་དད་དུ་འཛིན་པའི་ཞེན་པ་གྲོལ་བའི་ཕྱིར་དབྱེར་མེད་དུ་བསྟན་པ་ལས་ངོ་བོ་གཉིས་ཅན་དང་གཉིས་མེད་ལ་སོགས་པ། ཐ་སྙད་གཉིས་པར་ཡིད་ཀྱི་བསམ་པ་དང་ངག་གིས་བརྗོད་པའི་མཐའ་ལས་འདས། །དེས་ན་ཡུལ་དང་ཤེས་པར་སྣང་བ་ཡང་། །རང་བྱུང་གི་ཡེ་ཤེས་ཉིད་རང་སྣང་བར་ཟད་དོ། །དེ་ལྟར་རྒྱུ་འབྲས་ལྟ་བུར་སྣང་ཡང་ངོ་བོ་རྒྱུ་འབྲས་གཉིས་པ་མེད་དེ་རང་བྱུང་ཡེ་ཤེས་སུ་དབྱེར་མེད་པའོ། །ཕྱི་སྣོད་དང་ནང་བཅུད་གཉིས་གསང་བའང་སེམས་ཀྱི་དེ་ཉིད་དང་། །དེ་ལྟར་ཆོས་ཀུན་ཡེ་ཤེས་རང་ལ་གནས་པ་དེ། ལམ་དང་འབྲས་བུ་ཀུན་གྱི་དངོས་གཞི་ཡིན་པས། །དོན་དང་འབྲེལ་པ་ངོ་བོ་ཀ་བདག་གཅིག་གི་ཕྱིར་འབྲས་བུ་འཐོབ་བྱེད་ཐབས་ག་ཆེན་པོས། འབྲས་བུ་མངོན་དུ་བྱེད་པའི་ཕྱིར་དེ་ལས་གནས་གཞན་ན་མེད་དེ་རང་ལས་འབྱུང་བར་ཟད་དོ། །རང་བྱུང་ཡེ་ཤེས་རང་ལ་ཡེ་ནས་གནས་པའི་དོན་སྔོན་དུ་འགྲོ་བའི་ལམ་ཞེས་བྱ་བ་ལེའུ་སྟེ་དང་པོའོ། ༈ །རང་བྱུང་ཡེ་ཤེས་བདེན་པ་དབྱེར་མེད་ལྷུན་གྲུབ་ངང་ལ་ལྟ་བ་མཇལ་བའི་ཕྱག་འཚལ་ནས། །དང་པོའི་རྒྱུ་མཚན་ཉིད་ལས་ལམ་ཉེ་བ་དང་བདེ་བ་རྫོགས་པས་ལམ་མཆོག་ཡིན་ཏེ་ཡིན་པའི་དོན་ལྟ་བ་ཉིད་བཤད་པར་བྱའོ། །ཞེས་བཤད་པ་དམ་བཅའོ། །འོ་ན་ཤེས་རབ་སྤྱན་འབྱེད་ལས། དམན་ལ་རྒྱལ་གསུམ་གོམས་པ་ཡི། །བརྟན་ནས་བརྟག་དཔྱད་ཀླུང་ཞུགས་མཐོང་། །ཞེས་སྔོན་ལ་སྒོམ་པ་བྱས་ནས་ལྟ་བ་ཕྱི་ནས་བཤད་པ་དང་འགལ་ལོ་ཞེ་ན། ལྟ་བ་མ་རྟོགས་ཀྱི་གོང་དུ་ལམ་ཚོལ་བ་ཡིན་གྱིས། ལམ་ནི་ལྟ་བ་རྟོགས་ནས་ལམ་དུ་འགྲོ་བས་སྐྱོན་མེད། དེ་ནས་ལམ་གྱི་སྔོན་དུ་ལྟ་བ་རྟོགས་དགོས་པས། དང་པོ་ལེའུ་གཉིས་པ་ལྟ་བ་གཏན་ལ་འབེབ་པ་ཀྱང་དང་པོའི་ལེའུ་ཞེས་བྱའོ། །གང་དག་བློ་དང་ལྡན་པ་ཡེ་ཤེས་རང་གནས་ལྟ་བ་མངོན་དུ་མཐོང་འདོད་པས་དོན་བཅུ་བཞི་སྟེ་དགོས་ཆེད་དང་། ལྟ་བ་རྟོགས་པའི་དུས་སྣོད་རྒྱུ་རྐྱེན་ཐབས་གྲངས་དངོས། །སྤྱོད་དྲུག་པོ་ཐོབ་པ་ཡོན་དྲོད་རྟགས་གསུམ་པ་ངོ་བོ་ཚད་དང་སྐྱོན། །ཡན་ལག་སྤྲོས་པའི་རྩ་བར་བཞག་གོ །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་མ་རྟོགས་ཤིང་མ་མཐོང་བར། །བསྒོམ་པ་བསམ་མེད་ཀྱི་རང་བཞིན་དཀྱིལ་འཁོར་དུ་འཇུག་པར་བྱེད་པ་དེ། ཡང་དག་པའི་སྣང་བ་མེད་པ་བླུན་པོ་མ་ངེས་པའི་མུན་སྤྲུལ་ཆོས་ཀྱི་དོན་མི་ཤེས་པའི་བློ་ཅན་དེ། །ཤེས་རབ་ཀྱི་མིག་མེད་པས་ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ་སྟེ་འཁོར་བའི་གནས་སུ་འཁྱམས། ལྟ་བ་མ་རྟོགས་ན་སྒོམ་ཀྱང་ལམ་མི་རྙེད་པ་དེ་བས་ན་མ་རིག་ལིང་ཏོག་དང་འདྲ་བས་པྲཛྙཱའི་མིག །ལྡོང་པས་དེ་ལ་སློབ་དཔོན་རྡོ་རྗེ་ཐུར་མ་མཁན་དང་འདྲ་བ་དེ། ཟང་ཟིང་དང་སྲིད་ཞུས་མཉེས་པར་བྱས་་ཏེ དབང་ཐོབ་པ་ལ་སོགས་པ་སྔོན་དུ་བྱས་ནས་གཟོད་མ་ཧཱའི་གཞུང་ཐོས་ཏེ། ཤེས་རབ་ཀྱི་སྤྱན་དབྱེ་རང་བཞིན་གྱི་དཀྱིལ་འཁོར་མཐོང་བར་བྱ་དགོས་པའོ། །དེ་ལྟར་རྟོགས་ཤིང་མཐོང་བར་བྱེད་པ་དེ་ཡང་ཁ་རང་བཞིན་གྱི་སྦྱངས་པ་ཡིས། སྣོད་དུ་གྱུར་པ་ལ་དུས་ཉེ་བ་དང་རིང་བ་གཉིས་སུ་ཡོད་པའི་ཕྱིར། དེ་ལའང་རིམ་དང་ཅིག་ཆར་བ་སྟེ་བཞི་ཆ་རང་གནས་པ་ཡིས། །ཕྱེ་བས་རྣལ་འབྱོར་ཆེན་པོར་མ་ཧཱ་ཡོ་ག་འདིར་འཇུག་ཅིང་རྟོགས་པར་བྱེད་དོ། །དུས་རིང་པ་བསྐལ་པ་སྤྲུལ་སྐུའི་ཞིང་གི་རྡུལ་སྙེད་དུ། དང་གྲངས་མཉམ་པའོ། །ངེས་འབྱུང་གི་ཐེག་པ་ལ་སོགས་པ་ལ་བློ་ཤིན་ཏུ་སྦྱངས་པ་ལ་རབ་ཏུ་གནས་པའི་སྦྱངས་པ་ཡུན་རིང་བ་ཡང་ན་མང་བར་ཆད་ཡོད་དེ། ཤེས་རབ་ཀྱི་མིག་དང་ལྡན་པས་མ་ཧཱ་འདིར་འཇུག་པའི་ཕྱིར། །དུས་རིང་བའང་རིམ་གྱི་དང་ཅིག་ཆར་བའོ། །སྔ་མའང་དུས་རིང་བ་རིམ་གྱི་སས་ཏན་ཏྲ་རྒྱུད་གཞུང་ཉིད་ལས། ས་རྣམས་ཀྱི་ཁྱད་པར་དང་རིམ་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ་སྟེགས་ཙམ་ཡིན་ནོ། །ཡང་ངན་སོང་གསུམ་ལ་ལྷ་མིའི། འཁོར་བ་ལ་ཉན་རང་། མཐའ་གཉིས་ལ་བྱང་སེམས། ཀྲི་ཡོ་སོགས་ཕྱི་རྒྱུད་ལས་མ་ཧཱ་སྟེ་ཐེག་པ་བཞི་ཡིས་ངེས་འབྱུང་ལ། །གསང་སྔགས་ཐེག་པ་གཅིག་གིས་འབྲས་བུ་གནས། །དེ་ལྟར། ལམ་འོག་མའི་སྟེགས་སྔོན་དུ་རྫོགས་པར་བྱས་ནས་མ་ཧཱ་ལ་སྦྱོར། །ལུང་ནས་བཤད་པ་དེ་ཕྱིར་རིགས་མ་ངེས་ཏེ་སོ་སོའི་སྐྱེ་བོ་ནས་ཆོས་ལ་སྐྱེ་བའི་རིགས་མཆོག་གཞི་ནས། །སོ་སོ་སྐྱེ་བོ་མུན་པ་ཤེས་པའི་བློ་སྐྱེ་བ་ཡིན་པ་དེ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱི་གནས་པའི་རྒྱུ་ཡིས་འཁོར་བ་ལ་སྐྱོ་བ་བག་ཙམ་སྐྱེ་སྟེ་སྨྱུང་བར་གནས་པ་ནི་རྒྱུའི་རྐྱེན། འཇིག་རྟེན་ཕལ་པའི་ཐེག་པ་ལ་འཇུག །སེམས་བརྒྱད་སྐྱེ་སྟེ་དེ་ལ་སེམས་བརྒྱད་ནི། ས་བོན་ལྟ་བུའི་སེམས་དང་། མྱུ་གུ། སྡོང་བུ། ཡལ་ག །ལོ་མ། མེ་ཏོག །འབྲས་བུ། གསོས་སུ་གྱུར་པའོ། །དང་པོ་མུན་པའི་ཤེས་པ། སྐྱེ་བའི་ས་ནས་འཁོར་བ་ལ་སྐྱོ་ཞིང་། ཆོས་བྱ་བའི་བསམ་པ་འབྱུང་བ་ནི་ས་བོན་ལྟ་བུའོ། །རང་གི་ཕ་མ་དང་མཛའ་བཤེས་ལ་སྦྱིན་པ་གཏོང་བ་ནི་མྱུ་གུ་ལྟ་བུའོ། །ཕྱོགས་མི་འབྱེད་པར་གཏོང་བ་ནི་སྡོང་བུ་ལྟ་བུའོ། །དགེ་སྦྱོང་ལ་སོགས་པ་ནི་དམིགས་བདེ་བ་ཡལ་ག་ལྟ་བུའོ། །དེ་ལ་ཡན་ལག་བརྐྱངས་ནས་གཏོང་ཞིང་སྤྲོ་བ་བསྐྱེད་པ་ནི་ལོ་མ་ལྟ་བུའོ། །ལྷུག་པར་གཏོང་ནས་ཆེར་སྤྲོ་བ་བསྐྱེད་པ་ནི་མེ་ཏོག་ལྟ་བུའོ། །བསྙེན་གནས་ལ་སོགས་པ་སྡོམ་པ་སྣ་རེ་བསྲུང་བ་ནི་འབྲས་བུ་ལྟ་བུའོ། །མོས་པས་ལྷ་དཀོན་མཆོག་གསུམ་ལ་མཆོད་པ་ནི་གསོས་སུ་གྱུར་པའི་སེམས་སོ། །མཐར་ཕྱིན་པར་གནས་པའི་ཚེ། །བདེ་གཤེགས་སྙིང་པོ་རང་བཞིན་གྱིས་གནས་པ་མཚུངས་པ་དང་ལྡན་པའི་རྒྱུ། བླ་མ་དགེ་བའི་བཤེས་གཉེན་འགྲོ་བའི་མགོན་པོ་ལས་ལུང་གོང་གི་སྐྱོན་ཡོན་གཉིས་ཐོས་པས་གོང་མའི། ཡོན་ཏན་མཐོང་ཀ་དང་འོག་མའི་སྐྱོན་མཐོང་བ་དང་། །དེ་ཡི་སྟོབས་ཀྱིས་འཁོར་བ་ལ་སྐྱོ་ཞིང་རྨོངས་ཡོན་ཏན་ལ བྲོད་ཁ་དྭང་བ་དང་། རྒྱུ་གཉིས་མཚུངས་པའི་ལྷན་བྱེད་པའི་རྒྱུ་རུ་གསུངས་པ་ཡིན། །གོང་གི་བླ་མ་དེ་བདག་པོའི་རྐྱེན་གསང་སྔགས་ལ་སོགས་ཐེག་པའི་དམིགས་པ་རྐྱེན་སློབ་མ་སྣོད་ལྡན་རྒྱུ་རྐྱེན་སྟེ། །དེ་གསུམ་འཛོམ་པའི་སྐད་ཅིག་ལ་བློ་འཕེལ་བ་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ། །གསུང་སྒྲོས་གཅིག་ལ། བདག་པོའི་རྐྱེན་དགེ་བའི་བཤེས་གཉེན་རྒྱུ་དང་ཐུན་མོང་བ། འཇུག་པའི་རྐྱེན་སྔ་མ་ཕྱི་མ། དམིགས་པའི་རྐྱེན་གསང་སྔགས་འཇུག་པའི་རྐྱེན་དེ་མ་ཐག་པ་སྟེ་མཐུན་རྐྱེན་བཞི་སྟེང་ཡིད་དྲུག་དྭང་བ་སྐྱོན་མེད་པ་དམིགས་པའི་རྐྱེན་གསང་སྔགས་སོགས་ཀྱི་ཡུལ་དྲུག་འཛོམ་པ་འཇུག་པའི་རྐྱེན་ཚོགས་དྲུག་ཤེས་པ་གསལ་བ་དེ་མ་ཐག་སྐད་ཅིག་བར་མ་ཆོད་པ་འཕེལ་ཞེས་གསུངས། དེལྟར་རྒྱུ་གཉིས་རྐྱེན་བཞི་དང་དྲུག་ལས་རྩ་ལས་མེ་མཆེད་པ་བཞིན་དུ་སེམས་གཡོས་ཤིང་སྐྱེ་ཏེ། །ངེས་འབྱུང་གི་ཐེག་པ་བཞི་ཡི་ཐོག་མ་ལྷ་མིའི་ཐེག་པ་དང་པོར་ཞོག །དེ་ནས་ཉན་རང་བྱང་སེམས་ལ་སོགས་པ་ནས་རིམ་གྱིས་བགྲོད་པར་བྱས་ཏེ། །ཐེག་པ་སྔ་མ་རྒྱུ་གཉིས་རྐྱེན་བཞིའི་སྟོབས་གྱིས་ཐེག་པ་གོང་མར་འཕར་བ་སྟེ། ཡོ་གའི་རྣལ་འབྱོར་རྒྱུད་ཀྱི་དོན་ལ་གནས་པ་ལས། །མ་ཧཱའི་འདི་སྟོན་པའི་སློབ་དཔོན་བཤེས་གཉེན་མགོན་ལ་ལུང་ཐོས་པས། །གོང་དུ་བསྟན་པ་དེ་ཅི་བཞིན་དུ་རྒྱུ་གཉིས་དང་རྐྱེན་བཞིས། །བླ་མེད་ཐེག་པ་མཆོག་གི་དོན་ལ་འཇུག་སྙམ་པའི་གཡོ་བའི་སེམས་འབྱུང་བར་འགྱུར་རོ། །མ་ཧཱའི་གཞི་དེས་གནས་ལུགས་དོན་ཏེ་ཁོང་དུ་ཆུད་ན་སྙམ་པའི་སྨོན་པས། །ལྷག་པའི་གཟུགས་བརྙན་གྱི་དལ་དུ་རྡོ་རྗེ་ལས་རིམ་ནས་འབྱུང་བཞིན་འཇུག་པར་བྱེད། །བླ་མེད་མཆོག་གི་དམ་ཚིག་ནན་ཆགས་ཀྱི་སྒོ་ནས་དེ་རུ་བྱིན། །དོན་མ་ཧཱ་ལ་རིགས་ངེས་པར་གྱུར་པའི་སློབ་བུ་ལ་ཕན་པའི་དབང་བཅུ་དང་། ནུས་པའི་དབང་ལ་གཉིས་ཀྱི་ཉན་པའི་དབང་དང་བསྒོམ་པའི་དབང་གཉིས་བྱིན་རླབས་རྒྱུད་ལ་བཞག །དེ་ནས་ཤེས་རབ་ཀྱི་རང་གི་སྤྱན་མཆོག་འབྱེད་པའི་ཐབས་ཐོས་བསམ་ལ་བརྩོན་པས། རང་བཞིན་གྱི་རྒྱུ་ཡིས་དཀྱིལ་འཁོར་མཐོང་བར་བྱ་བའི་ཕྱིར། །མ་ཧཱའི་གཞུང་ལ་ཐོས་བསམ་ཤེས་རབ་དམ་པ་ལེན་པར་བྱེད་པས། སྦྱོངས་པའི་སྣོད་དུ་གྱུར་པའོ་ཁ་ཅིག་དུས་མཐའ་ཅིག་ཆར་བ་ལས་རིམ་གྱིས་པ་དང་ཅིག་ཆར་བ་གཉིས་ལས་ཅིག་ཆར་པ་ལ་མཐའ་དྲུག་ཡོད་པ་སྟེ་དེ་ལ་འདིར་མཐའ་དྲུག་ནི་དུས་མཐའི་ཅིག་ཆར་པ། རང་བཞིན་ཅིག་ཆར་བ་དང་། གཞི་གནས་ཀྱི་དང་། གནས་སྐབས་ཀྱི་དང་། བྱ་བ་རྫོགས་པའི་དང་། ནམ་ངག་གི་ཅིག་ཆར་བའོ། །སྔ་མ་ནི། སྔར་ངེས་འབྱུང་གི་ཐེག་པ་ལ་སྦྱངས་ནས། ཀྲི་ཡོག་སྡེ་གསུམ་བོར་ཏེ་མ་ཧཱ་ལ་ཅིག་ཆར་དུ་འཇུག་པ་ལ་སོགས་པའོ། །གཉིས་པ་ནི་རང་བཞིན་གྱིས་དབང་པོ་རྣོན་པོ་རྟོགས་གྲོལ་དུས་མཉམ་པའོ། །གསུམ་པ་ནི་སྔགས་གང་ལ་མ་སྦྱངས་པར་སོ་སོ་སྐྱེ་བོ་ནས་ཐེག་པ་མཆོག་ལ་འཇུག་པའོ། །བཞི་པ་ནི་ཐོད་རྒལ་བ་གནས་སྐབས་ལམ་བོར་ནས་ཅིག་ཅར་དུ་བགྲོད་པའོ། །ལྔ་པ་ལམ་མཐར་ཕྱིན་ཏེ་སངས་རྒྱས་ཀྱི་ས་ལ་སྐད་ཅིག་གིས་འགྲོ་བའོ། །དྲུག་པ་ནི་སྙན་རྒྱུད་ཞལ་ཀྱི་མན་ངག་གིས་སྐད་ཅིག་ལ་རང་སྣང་མངོན་དུ་འཕྲོད་པའོ། །བསྐལ་པ་རྡུལ་སྙེད་དུས་སྦྱངས་བ་སྔོན་དུ་སོང་བས། །ཐུན་མོང་གི་ཐེག་པ་ལ་ཡུན་དེ་སྙེད་སྦྱངས་པའི་མཐའ་ཕྱི་པ་ལ་མ་ཞུགས་པར། དོན་དམ་དང་ཀུན་རྫོབ་མ་འགགས་མ་དམིགས་དབྱེར་མེད་པ་སྒྱུ་འཕྲུལ་དྲྭ་བའི་དོན་མ་ཧཱ་ལ་ཞུགས་པས། བསྐལ་པ་ཞིང་གི་རྡུལ་སྙེད་དུ་སྔར་དུ་སྦྱངས་ནས་མ་ཧཱ་ལ་འཇུག་པའང་འདི་ཚེ་ངེས་འབྱུང་གི་ཐེག་པ་བཞི་ལ། རིམ་གྱིས་སྔར་སྦྱངས་ལ་ཚེ་འདི་མ་ཧཱ་ལ་ཅིག་ཆར་དུ་འཇུག་པར་བྱེད་དེ་བགྲོད། །སྦྱངས་པ་ལ་ལ་གཞན་པའི་དབང་པོ་རང་བཞིན་གྱིས་རྣོན་པོ་དག །རྒྱུ་འབྲས་ཐེག་པ་ཆེན་པོ་འོག་མ་ལྟར་ལ་མཚན་ཉིད་དང་གསང་སྔགས་གཉིས་ལ་འཇུག་སྟེ། །སྔར་ཐེག་པ་ཆེ་ཆུང་གང་ལ་ཡང་མ་སྦྱངས་བར་ཐེག་པ་ཆེན་པོར་འཇུག་པ་ནི་མཐུ་བྱིན་གྱི་རླབས་ཀྱིས་གྲུབ་པ་གསུམ་སྟེ་དེ་ནི་ཆོས་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་གྲུབ་པ། མཐུས་གྲུབ་པ་བྱིན་གྱིས་བརླབས་པའི་གྲུབ་པ། དེ་ལྟར་གྲུབ་པ་གསུམ་གྱི་ཕྱིར་རང་བཞིན་གྱི་དབང་པོ་རྣོན་པོར་གྲུབ་པའོ། །དེ་ལ་དང་པོ་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་གྲུབ་པ་ནི། བྱང་ཆུབ་ཀྱི་སྙིང་པོ་རང་བྱུང་གི་ཡེ་ཤེས་ནས་སངས་རྒྱས་པའི་ངོ་བོར་གནས་པས་རང་བཞིན་ངོ་བོ་ཉིད་ཀྱིས་གྲུབ་པ་ཞེས་བྱའོ། །གཉིས་པ་ནི་ཐེག་པ་ཆེན་པོའི་རིགས་ཅན་གོ་ནུས་རྟོགས་ནུས་ཀྱི་བློའི་རང་བཞིན་ལྔ་དང་ལྡན་པའོ། །གསུམ་པ་ནི་དེ་དང་ཚུལ་མཐུན་པར་བྷུདྡྷ་ལ་སོགས་པས་བྱིན་གྱིས་བརླབ་པའི་རང་བཞིན་གྱིས་བྱིན་བརླབས་འབྱུང་བའོ། །དེའི་ཕྱིར་གྱིས། །མཐོ་བ་ནམ་མཁའ་བརྟན་པ་རི་རབ་མྱུར་བ་གློག་རྣོ་བ་རལ་གྲི་རྒྱ་ཆེ་བ་ས་གཞི་ཡངས་པ་བར་སྣང་། ཟབ་པ་རྒྱ་མཚོ་ལྟ་བུ་ཡོད་ཅིང་རྒྱུ་བློ་དང་ལྡན་པ་དེ་ལྟ་བུ་ཡི་གང་ཟག་དེ། །ཉིད་ཀྱང་གཞན་རྐྱེན་དགེ་བའི་བཤེས་གཉེན་དང་དེ་བློ་དང་གཞན་རྐྱེན་གྱི་རིམ་པས། །ཕྱེ་བས་རྒྱུའི་ཐེག་པ་ཆེན་པོ་དང་འབྲས་བུའི་ཐེག་པ་ཆེན་པོ་རྣམས། །མ་ངེས་པར་འཇུག་པ་དང་མ་ཧཱའི་སྟོན་པ་དང་འཕྲད་ན་འདི་ཉིད་དུ་འཇུག་པའོ། །དེ་དེའང་རང་བཞིན་དང་སྦྱངས་པའི་སྣོད་དུ་གྱུར་པ་རང་སེམས་བརྟན་པའི་སྣོད་ཀྱི་རང་བཞིན་བདུན་དང་ལྡན་ཏེ་དངོས་ཐམས་ཅད་ཀྱི་གཞི་པོ་དེ་དང་། ཡང་དག་དོན་གྱི་བཤེས་གཉེན་རྣམས་དང་ངོ་བོས་གཉིས་གཅིག་པའམ་བདག་གཅིག་པའི་རང་སེམས་བསྟན་པའི་དངོས་གཞི་པོ་དེ་དང་འབྲེལ་པ་ཡོད། དེ་ལྡན་ཤེས་བྱ་ཤེས་བྱེད་ཀྱི་འབྲེལ་པ་ཡོད་སྣོད་བཅུད་དུ་ཐེག་པ། ཆེན་པོའི་ལུང་དང་བཅུད་འབྲེལ་བ་ཡོད་པ་དང་། །བླ་མ་དགེ་བའི་བཤེས་གཉེན་མགོན་དང་ཤེས་བྱ་ཤེས་བྱེད་སློབ་བུ་གཉིས་ལས་དང་ཐུགས་རྗེས་འབྲེལ། །རྒྱུ་རྐྱེན་དང་འབྲེལ་ཡོད་པ་དེའི་ཕྱིར་ཐེག་མཆོག་མ་ཧཱ་ཡོ་གའི་ལུང་རྡོ་རྗེ་སློབ་དཔོན་རྣམས་སློབ་དཔོན། དང་མཇལ་བར་བྱེད་ཅིང་རྟོགས་པའི་ཕྱིར་རྒྱུ་གཉིས་རྐྱེན་བཞི་སྟེ་དྲུག་དང་། ལྡན་པས་མ་ངེས་ཏེ་ཐེག་པ་ཆེན་པོ་རྒྱུ་དང་ཕྱི་པ་གང་རུང་གཅིག་འཇུག་པ་ནི། །ཤེས་རབ་དབང་པོ་ལ་ཇི་ལྟར་མོས་པ་བཞིན་དང་མོས་པའི་རྐྱེན་དགེ་བའི་བཤེས་གཉེན་གྱིས། །དབུ་སེམས་མཚན་ཉིད་ཐེག་པ་ཆེན་པོ་རྒྱུའམ་བྱ་བ་ཀྲི་ཡའི་ཨུ་པ་ཡ་གཉིས་གའམ། །རྣལ་འབྱོར་ཅེས་ཡོ་གའི་ཐེག་པར་ལ་སོགས་ཏེ་གང་མོས་ལ་སྦྱོར་བར་བྱེད། །དེ་ནས་དེ་བཞིན་དུ་འདིར་མ་ཧཱ་ལ་འཇུག་པའང་། །རིམ་གྱིས་པ་སྔོན་བཞིན་གཡོ་བའི་སྨོན་པའི་འཇུག་སེམས་ཀྱིས་འདིར་མ་ཧཱ་ལ་སྦྱོར། །འདི་ཉིད་ལ་གནས་པས་སེམས་ཅན་དོན་མཐར་ཕྱིན་པར་བྱེད་པའི་སེམས་པ་ནི། །ཐོག་མའི་ཅིག་ཆར་ལ་ལྟོས་པས་རིང་བའི་དུས་ཉིད་དོ། །རིགས་མ་ངེས་པ་སོ་སོ་སྐྱེ་བོ་ནས་འབྲེལ་རྒྱུ་རྐྱེན་བཞི་དང་། ལྡན་པས་སྟེ་མཚུངས་ལྡན་གྱི་རྒྱུ་བཞི་སྟེ་བདེ་བར་གཤེགས་པའི་སྙིང་པོ་རང་ཆས་སུ་གནས་པ་དང་ལྷན་ཅིག་བྱེད་པའི་རྒྱུ་འཁོར་བའི་སྐྱོན་དང་མ་ཧཱའི་ཡོན་ཏན་ཐོབ་པས་འོག་མ་ལ་སྐྱོ་ཞིང་གོང་མ་ལ་འཇུག་པའོ། །རྒྱུའི་རྐྱེན་རང་བཞིན་སྦྱོང་བར་གནས་པ་སྟེ། འཁོར་བ་ལ་བློ་ལོག་པའོ། །བདག་པོའི་རྐྱེན་ཐེག་མཆོག་འདི་ཉིད་ཀྱི་དགེ་བའི་བཤེས་གཉེན། དམིགས་པའི་རྐྱེན་གསང་སྔགས་མ་ཧཱ་ཡོ་ག །དེ་མ་ཐག་པའི་རྐྱེན་སྔ་མ་སྔ་མ་ཕྱི་མའི་གོ་འབྱེད་པའོ། །དེ་ལྟར་གོང་མ་རྣམས་ལའང་དམིགས་པར་བྱའོ། །རྣལ་འབྱོར་མཆོག་དམན་ལ་སྦྱོར་བ་ནི། དཔེར་ན་མུན་པ་ལ་ཉི་མའི་འོད་ཟེར་འབྱུང་བའི་ཚུལ་རྩ་ལ་མེ་མཆེད་པ་ལྟར། །ལྷག་པའི་སེམས་སྐྱེ་བ་དེའང་གཡོ་བ་དང་སྨོན་པ་དང་འཇུག་པ་ལ་སོགས་པའང་སྔོན་རིམ་གྱིས་བཞིན་ཏེ་རིམ་པར་སྐྱེའོ། །འོ་ན་འཇུག་ཚུལ་ཁྱད་པར་སྣོད་ཀྱི་བློའི་རང་བཞིན་བདུན་དང་ལྡན་པའང་ཏན་ཏྲ་སྟེ་རྒྱུད་གསང་བ་སྙིང་པོ་ཡི། །གཞུང་གི་སྣོད་ལྡན་ངང་རིང་བ་ཚུལ་བཟང་བ་རང་བཞིན་སྙིང་རྗེ་དང་ལྡན་པའི་ཤེས་པ་སོགས། །སྣོད་ཡོན་ཏན་དང་ལྡན་པས་དེས་ཤེས་རབ་གསུམ་གྱི་བསླབ་པ་ལ། །རང་བཞིན་གྱི་གནས་པ་རང་བྱུང་གི་དཀྱིལ་འཁོར་ཆེན་པོ་རུ། །གཞུང་ཐོས་པས་དམིགས་ཕྱེ་བ་དང་འདྲ། ལྟ་བ་རྟོགས་པ་དལ་མཐོང་བ་དང་། སྒོམ་པར་བྱེད་པས་དལ་དུ་ཆུད། མངོན་དུ་གྱུར་པའི་དབང་ཐོབ་པ་དང་འདྲའོ། །དེ་ལྟར་འཇུག་པ་བཞི་ཡི་ཡན་ལག་གི་དོན་མཆོག་རྟོགས་པར་བྱེད་པའང་། དང་པོ་ཐོས་བསམ་ཆེད་དུ་གཉེར་བར་བྱེད་པའོ། །སྣོད་དང་ལྡན་པ་གང་ཟག་དེ་ཐོས་པའི་ཤེས་རབ་ཀྱི་སྦྱོངས་པའི་སྣོད་དུ་གྱུར་པ། ཚོལ་བའི་ཚེ། །པ་རྒྱུ་གཉིས་དང་རྐྱེན་བཞིས་རིམ་གྱིས་སྦྱངས་ནས་མ་ཧཱ་ལ་བཟོད་པ་ཐོབ་པ་དང་། །རང་བཞིན་གྱིས་སྣོད་དུ་གྱུར་པ་རང་གིས་མ་ཧཱ་ལ་མི་སྐྲག་ཅིང་བཟོད་པ་ཐོབ་པས། །མ་ཧཱའི་གཞུང་དེ་ཁོང་དུ་ཆུད་པར་བྱ་བ་ལ་རེ་བ་དང་སྨོན་པའི་སེམས་ཀྱིས་ཉན་པ་དང་། སྒོམ་པ་ལ་བརྩོན་འགྲུས་བྱེད་ཅིང་ཀ་སྦྱོར་ཀ་བའོ། །སྣོད་ལྡན་གང་དག་མཉན་པ་དང་བསམ་པའི་ཤེས་རབ་བྱེད་པའི་ཚེ། །གཞུང་ཉན་ཅིང་ཐོས་པའི་དོན་འཛིན་པས་བསམ་པ་དང་། །བསམ་པའི་ཚེ་ན་རྟོག་དཔྱོད་བྱེད་པ་སྟེ། གཉིས་པོ་འདི་དག་ལྟ་བ་རྟོགས་ཤིང་ཤེས་པར་བྱེད་པའི་རྒྱུའི། ག་མཁན་པོ་དགེ་བའི་བཤེས་གཉེན་ལ་ལུང་དང་མན་ངག་བཅས་པ་ནི། དོན་ལ་མི་འབད་ཅིང་ལྷན་ཅིག་ལྟ་བ་རྟོགས་པར་བྱེད་པའི་རྐྱེན་དུ་འདོད། །བློའི་ཁ་རང་བཞིན་མཐོ་བརྟན་མྱུར་རྣོ་ཆེ་ཡངས་ཟབ་པའི་མཚན་ཉིད་བདུན་དང་མཚུངས་པར་ལྡན་པ་དེའི། རང་བཞིན་དབང་རྣོན་ཅིག་ཤོས་མཚུངས་ལྡན་གྱི་རྒྱུ་རུ་ངེས་པ་ཡིན། །དེ་ལྟར་དུས་སྣོད་འབྲེལ་བ་རྒྱུ་རྐྱེན་ལྡན་པས་ཤེས་རབ་ཀྱི་སྤྱན་གྱིས་ལྟ་བ་འཚོལ་བའི་ཚེ། །གཏན་ཚིགས་རྣམས་ཀྱིས་རྨལ་བར་བྱས་ཏེ་རྟོགས་པར་བྱ་བ་དང་། བློ་ཡི་ནོར་བའི་གོ་སྒྲིབ་ཀྱི་ལྟ་བ་རྣམས་ཤེས་རབ་ཀྱི་དམིགས་བསལ་ནས། །དོན་མ་ནོར་བ་མ་ཧཱའི་གྲུབ་མཐའ་ལ་དམིགས་ནས་བླང་བར་བྱ། །གྲུབ་མཐའི་གཞི་དང་གཞལ་བྱེད་གཏན་ཚིགས་ཀྱིས་གཏན་ལ་དབབ་པ་གྲུབ་པའི་དོན་ལྟ་བ་ཡིན། རྣམ་པ་དེ་གསུམ་གཏན་ཚིགས་ཀྱིས་གཞལ་བ་སྡ་མའི་ཡོད་མེད་གཞི་རུ་མདོ་ཙམ་བཞག །ཡང་དག་པར་རྫོགས་སངས་རྒྱས་སྟོན་པ། །སྐུ་ལྔས་འདུལ་བའི་འཁོར་ལྷུན་གྱི་གྲུབ་པའི་རིག་འཛིན་རྣམས་ལ། །སྐྱེ་མེད་དོན། དགོངས་པ་བརྡ། བརྗོད་པ་ཚིག དབྱེར་མེད་རྡོ་རྗེ། རིགས་པ་བྱིན་རླབས་པ་སྟེ་གསུང་ལྔ་པ་བསྟན་པས་གཞལ་བྱ་དེ་ཁོ་ན་ཉིད། །དངོས་སུ་གཏན་ལ་འབེབས་ཤིང་འཇལ་བར་བྱེད་ཀ་པའོ། །དོན་དེ་ཉིད་རྟོགས་པར་བྱེད་པའང་དངོས་ལྔའི་དང་ཚུལ་ལྔའི་དང་ཚིག་ལྔས་སོ། །གཏན་ལ་འབེབ་དངོས་བརྗོད་པས་ལྔའི་མཚོན་པའི་གཏན་ཚིག་འབྱུང་བའི་གཞི་འདི་གསུངས་སོ། །དེ་ལས་གཏན་ཚིགས་དངོས་ལྔ་ཡིས། །འཁོར་ལྔ་ལ་དངོས་སུ་དེ་ཁོ་ན་ཉིད་བརྡའ་སྤྲོད་ཅིང་དེའི་ཕྱི་རབས་རྗེས་སུ་འཇུག་ཅིང་བློ་དང་ལྡན་པ་བྱེད་པ་འབྱུང་བའང་། བསྲེག་བཅད་བརྡར་པའི་གསེར་བཞིན་དུ། །དངོས་ལྔས་ཚུལ་དང་ཚིག་གི་ལེགས་པར་བརྟགས་ཏེ་གཏན་ལ་དབབ། །དེ་དངོས་ལྔས་གཏན་ལ་འབེབ་པར་བྱེད་པ་ཡང་ཁ་ཡོངས་སུ་བརྟག་གཞིའི་གཞལ་བྱ་ནི། །དབང་པོ་ལྔའི་ཡུལ་ལྔ་མངོན་སུམ་དུ་སྣང་བ་ཀུན་ཆོས་ཅན། ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཞེས་དམ་བཅའ། གཏན་ཚིགས་རང་བྱུང་གི་ཡེ་ཤེས་ཀུན་གཞི་རྣམ་པར་ཤེས་པ་ཉིད། །ཕྱི་ནང་གི་དངོས་པོ་སྣ་ཚོགས་རང་སྣང་བ་བའོ། །དེའི་ཕྱིར་འཁོར་བ་དང་མྱང་འདས་ལ་དངོས་ཞེན་པའི་སྣང་བ་ལ་བརྟག་ཅིང་དཔྱད། འཇིག་རྟེན་འདི་ན་ཇི་ཡོད་པའི་དངོས་པོ། །མིང་ཐ་དང་དང་མཚན་མར་ཡུལ་དུ་འཛིན་པ་ལ་སོགས་པ་ཡིས། །དེ་མ་ཡིན་པ་ལ་དེར་འཛིན་པས་ལོག་རྟོག་སོ་སོའི་རང་དང་སྤྱི་བའི་མཚན་ཉིད་རྣམས་རང་ཉིད་ཀྱིས་གཞལ་ལོ་ཞེ་ན། རང་ལ་རང་གིས་གཞལ་དུ། ཇི་ལྟར་གནས་པ་དཔྱད་པར་བྱ། །དངོས་པོ་འཁོར་འདས་གཉིས་ཀྱི་ཞེན་པའི་དངོས་པོ་དུས་གསུམ་གྱིས་བསྡུས་པའི་ཆོས་རྣམས། ད་ལྟར་གྱི་སྐད་ཅིག་གཅིག་ལ་འཁོར་འདས་ཀུན་རྫོགས་པའི་ཕྱིར། །ཕྱི་ནང་གི་དེ་དངོས་པོའི་གནས་ལུགས་ཀུན་གཞི་རང་སྣང་དུ་མཐོང་བ་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར། །ཡུལ་དུ་རིག་པའི་རང་སྣང་བའི་རང་བཞིན་དུ་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཀུན་ཀྱང་དེ་ལྟར་ཤེས་ཅིང་གཞལ་བྱ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ན་ཀུན་བརྟགས་ཀྱི་ཤེས་པ་རག་པ་གྲོལ་ཞིང་བར་མར་བསམ་བྱུང་ཤེས་རབ་ཀྱི་དཔྱད་ན་མེད་པར་འགྱུར་བས་གཞལ་བྱ་གཏན་ལ་དབབ་ཏུ་མེད། སྤྱི་ཡུལ་དུ་མེད་པས་དཔེར་ན་ལུས་མེད་ན་གྲིབ་མ་མི་འབྱུང་བཞིན། །གཞལ་བྱ་ཡུལ་མེད་པས་མཇལ་དུ་མི་བཏུབ་པོ་འོ་ན་ཞེ ན་པའི་ཡིད་རང་ཉིད་ལ་གཞལ་ནའང་། མི་བཏུབ་སྟེ་དཔེར་ན་འཛུབ་མོས་མཛུབ་མོར་རང་ལ་རེག་མི་བཏུབ་པ་བཞིན་ནོ། །ཡུལ་ཡུལ་ཅན་གཉིས་ཀ་གཞལ་མི་རུང་བར་དོགས་པས་འཇིགས་པ་ལ་གཞལ་བྱ་ཀུན་གྱི་བརྟེན་པ་ཤེས་པ་ཟེར་ཞེན་པ་འགག་པ། གཉེན་པོ་ལུང་མན་ངག་རིགས་པ་མེད་པས་ཀུན་བརྟགས་ཀྱི་ཞེན་པ་དག་པ་མིན་ཞིང་། །གཞལ་བྱ་གཏན་ཚིག་གྲུབ་མཐའ་གསུམ་ལས་བར་མའི་གཏན་ཚིགས་ཀྱིས་གཏན་ལ་དབབ་པའི་ཡུལ་ཡིན་པའི་ཕྱིར་འདོར་གཞལ་བྱའི་ངེས་ཚིག་འགྲུབ་པའོ། །དེ་ལྟར་དངོས་ལྔ་ཡིས་འཁོར་འདས་ཀྱི་དངོས་པོ་དེ་དེ་ལ། །འཁོར་འདས་གཉིས་པོ་དེ་དེའི་རང་བཞིན་ཅི་ལྟར་ཡིན་པ་བརྟག་པར་བྱ་བའང་ཆོས་ཉིད་ཀྱི་དོན། རྟོགས་ནུས་དང་ལྡན་པའི་བློ་མཆོག་རྣམས་འཁོར་གྱིས་ཚུལ་ལ། །དོན་ལ་ཕྱི་ནང་གི་དངོས་པོ་སྣ་ཚོགས་སེམས་ཉིད་རང་སྣང་བ་གསང་སྔགས་ཀྱི་དགོངས་པ། ངེས་པ་དོན་གྱི་ལུང་ཡིན་པའི་ཕྱིར་དངོས་པོ་རྣམས་ཀྱིས་ཆོས་ཚུར་སྟོན་པ་སྟེ། དེ་ཡང་ཚིག་ཏུ་བརྗོད་པ་མེད་ཀྱང་བརྗོད་པ་དང་འདྲ་བར་ཡུལ་མེད་རང་གསལ་དུ་བརྡའ་སྤྲོས་པས་གོ་ཞིང་། དེ་རང་གསལ་ངོ་བོ་ཉིད་ཀྱིས་བཤད་པའི་ཕྱིར། །དེ་དང་མཐུན་པར་མ་འོངས་པའི་གདུལ་བྱའི་དོན་དུ་གཏན་ལ་འབེབ་པའི་ཚུལ་གྱི་གཏན་ཚིགས་སུ་ངེས་པའོ། །ཡང་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དང་འདྲ་བའི་ཤེས་རབ་ཀྱི་མིག་དང་ལྡན་པ་ལ་ནི་འཁོར་གྱི་ཚུལ། སྟོན་པ་རང་བཞིན་ཤུགས་ཀྱིས་སྐྱེ་བ་མེད་པའི་དོན་མངོན་སུམ་དུ། ཆེད་དུ་མ་བརྩལ་བར་རང་བཞིན་ངང་གི་མངོན་སུམ་དུ་སྣང་བར་བྱེད་པའང་། །ཚིག་ཏུ་བརྗོད་པ་མེད་པར་དེ་ཉིད་དོན་སྐྱེ་མེད་རང་སྣང་དུ་མཚོན་པས་བརྗོད་པའི་བརྡ་དང་འདྲ་བར་སྤྲོད་པའོ། །གང་དག་གཟུགས་ཀ་བརྡའ་མཐོང་བ་དང་ཐོས་པ་སྟེ་དབྱིབས་ཁ་དོག་ལ་བརྟགས་པས་ཟླུམ་པོས་སྤྲོས་བྲལ་གོ་བའམ་དཀར་བས་དྲི་མ་དག་པ་ལ་སོགས་པའི་གོ་བའོ། །སྒྲ་གོ་བ་ནི་དཀར་པོ་བྱ་བའི་དྲི་མ་མེད་པར་གོ་ལ་ནག་པོ་མི་འགྱུར་བའོ། །དང་ཆོས་སྟོན་ཚུལ་ལ་སོགས་པར་བརྡར་རྣལ་འབྱོར་ཁ་གྱིས་བརྡའི་མཚོན་པ་སྟེ་མིག་གིས་མཐོང་སྒྲ་ཐོས་པ་ལས་ཡུལ་དྲུག་ལས་བརྡའ་མ་དོན་གོ་བ་སོགས་པ་རང་བཞིན་གྱི་བརྡའ་སྟེ་ནག་པོ་མི་འགྱུར་བ་ལོང་བའོ། །བླ་མས་ཕྱག་བརྐྱང་བ་ལ་སོགས་པ་དཔའ་བོས་བརྡའའི་ངོ་འཕྲོད་པ་དང་དགོངས་པ་ལ་མཉམ་པར་བཞག་པའི་བར་གྱིས་ངོ་འཕྲོད་པ་དང་། །རང་གི་ཏིང་ངེ་འཛིན་གྱི་འཆར་ལུགས་གྱིས་བརྡའ་སྤྲོད་ཅིང་རྟོགས་པར་བྱེད་པའོ། །ཆོས་སྟོན་ཚུལ་དཔེར་ན་ས་འོག་ན་གསེར་ཡོད་པས་རླངས་པ་ནམ་མཁའ་ལ་འཆར་བ་དང་། མེ་ལོང་ཉི་མ་འོད་ལ་བཞག་པའི་ངད་ཀྱི་མེ་ཐོན་པ་བཞིན་དུ། །འཁོར་འདས་ཀྱི་ཆོས་ཀུན་ཀྱང་རང་བྱུང་གི་རིགས་ཕྱིར་རང་རིག་པའི་རང་བཞིན་དུ་འབྱུང་ཞིང་ཆེད་དུ་མ་བརྩལ་པར། རང་བཞིན་ངང་གིས་རྟོགས་ཤིང་བརྗོད་པ་དང་འདྲར་བར་སྣང་སྟེ་བརྡའ་སྤྲོས་པའོ། །འཁོར་འདས་ཀྱི་ཆོས་ཀུན་ཀྱང་སྣང་སྟོང་དང་གྲགས་སྟོང་དབྱེར་མེད་པ་བྲག་ཆའི་སྒྲ་བཞིན་ཕྱིར། །ཆོས་སྟོན་ཚུལ་དབང་པོ་རབ་ཀྱིས་སྒྲ་ཐམས་ཅད་གྲགས་སྟོང་དུ་གོ་བས་དོན་ཉིད་སྣང་བས་དབྱེར་མེད་དུ་རྟོགས་པའོ། །གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང་། །དང་ཚུལ་མཐུན་པར། སྒྲ་ཐོས་པ་ཙམ་ཉིད་ཀྱིས་གྲགས་སྟོང་དབྱེར་མེད་དེ་ཉིད་དུ། །ཚིག་དོན་སོ་སོར་མ་བརྟགས་དོན་འཇལ་ཞིང་གོ་བར་བྱེད། །སྤྲུལ་སྐུས་རྔ་བོས་དཔེར་བླང་ལྷ་ཀླུ་མི་ལ་སོགས་པ་འགྲོ་བ་སོ་སོའི་སྐད་དུ་བརྡའ་སྤྲོད་ལྟར། །ཆོས་སྟོན་ཚུལ་སྤྲུལ་སྐུའི་ཚིགས་དབྱངས་ལོ་ཀའི་མེས་པོའི་ཚངས་པའི་ངག་ལྟ་བུས། །མོས་པ་སྤྱོད་པའི་ས་ལ་གནས་པ་གྲོལ་བཞིན་བརྗོད་པ་ཡིས། །དེ་ཁོ་ན་ཉིད་ཀྱི་བརྡའ་སྤྲོད་ཡོངས་སུ་གྲོལ་བར་བྱེད་པའོ། །ལས་དང་པོའི་རྒྱུད་ལ་བློ་རིགས་ཐ་དད་ཕྱིར་ཐབས་ལམ་དང་། གྲོལ་ལམ་གང་མོས་ཀྱི་སྒོ་ནས་གྲོལ་བ་ཡོད་མོད་ཀྱང་། །འདིར་གྲོལ་ལམ་ཐོས་བསམ་དུས་ཚིག་གི་སྒྲ་སྒོམ་པའི་ཤེས་རབ་མཉམ་པ་ཉིད་ལ་སྦྱོར་ཞིང་རྟོགས་པའི་ཐབས་གྱིས། །འབྲས་བུས་རང་ལ་བྱུང་བར་ཀུན་ངམ་ཞིང་སྔོན་དུ་ངོ་མཚར་བ་འགྲུབ་པར་བྱེད་པའི་ཕྱིར། །སེམས་ཉིད་མི་དམིགས་ངང་ལས་གཏན་ཚིག་དམིགས་པ་ཡིས། །རིག་པ་ཆོ་འཕྲུལ་བརྗོད་པ་ཚིག་གིས་སྒོ་ནས་མཚོན་ཅིང་རྟོགས་པར་པར་བྱའོ། །སྐུ་ལྔ་ལས་གསུང་ལྔ་དངོས་སུ་ཐོས་པ་དངོས་ལྔ་དང་ཚུལ་མཐུན་པ་ཡང་མཐུན་པར་གོ་བས་ཚུལ་ལྔ་འབྱུང་སྲེད་ཅན་གྱི་གདུལ་བྱ་ལ་ཀྲི་དྲང་བརྒྱུད་པའི་དང་། ཞེན་ཆགས་ཅན་གྱི་གདུལ་བྱ་ལ་འདོད་པ་རང་རྐྱེན་གྱི་ཚིག་ཏུ་བཀའ་སྩལ་པའོ། །དེ་གཉིས་ཀྱི་རྗེས་སུ་ཚིག་གིས་མཚོན་པར་བྱེད་པ་ནི་བློ་གྲོས་ཅན་གྱི་གདུལ་བྱ་ལ་དོན་དམ་ངེས་པའི་ཚིག་ཏུ་དང་། རིགས་རྒྱུད་ཅན་གྱི་གདུལ་བྱ་ལ་ལྡེམ་དགོངས་མན་ངག་གི་དང་། ངོ་བོ་ཉིད་སྣང་བ་ནི་ངོ་བོ་ཉིད་གསུང་གསལ་སྟོང་ངོ་བོ་ཉིད་ཀྱིས་མཚོན་པའི་ཚིག་རང་སྣང་བའི་ཚིག་ལ་ཆོས་སྐུའི་གསུང་སྐྱེ་མེད་དོན་གྱི་གསུང་མཚོན་ནོ། །ལྡེམ་དགོངས་ཀྱི་ཚིག་དང་གི་ལོངས་སྤྱོད་རྫོགས་པའི་སྐུའི་གསུང་དགོངས་པ་བརྡའི་སྒོ་ནས་མཚོན་པ་སྟེ། རིག་རྒྱུད་ཅན་གྱི་གདུལ་བྱ་ལ་ལྡེམ་དགོངས་ཀྱི་ཚིག་ཏུ་བཀའ་སྩལ་པའོ། །གསུམ་པ་བཀྲི་དྲང་ཚིག་སྤྲུལ་སྐུའི་གསུང་ཚངས་པ་དབྱངས་ཀྱི་ཚིག་ཏུ་གསུང་བ་སྟེ་ལོག་སྲེད་ཅན་གྱི་གདུལ་བྱ་ལ་བཀྲི་དྲང་རྒྱུད་པའི་ཚིག་ཏུ་བཀའ་རྩལ་དུ་སྩལ་བའོ། །འདོད་རྐྱེན་ཚིག་གསང་བའི་སྐུའི་གསུང་བདེ་ཆེན་ཐབས་ཀྱི་གསུང་སྒོ་ནས་མཚོན་པ་སྟེ་ཞེན་ཆགས་ཅན་གྱི་གདུལ་བྱ་ལ་འདོད་པ་རང་རྐྱེན་གྱི་ཚིག་ཏུ་བཀའ་སྩལ་བའོ། །དང་རྡོརྗེའི་སྐུ་གསུང་གྲག་སྟོང་དབྱེར་མེད་དུ་བསྟན་པའི་ཚིིག་དང་། རང་རིག་མངོན་སུམ་རིག་པ་བྱིན་རླབས་ཀྱི་གསུང་མངོན་གསལ་ལོངས་སྤྱོད་རྫོགས་པའི་སྐུའི་གསུང་དགོངས་པ་བརྡའི་སྒོ་ནས་མཚོན་པ་སྟེ་ཚིག་གིས་མཚོན་པའོ། །བཞི་པོ་ནི་བློ་གྲོས་ཅན་གྱི་གདུལ་བྱ་ལ་དོན་དམ་ངེས་པའི་ཚིག་ཏུ་བཀའ་སྩལ་པའོ། །དེ་བཞི་ནི་ཚིག་གིས་མ་གསུངས་ཤིང་དོན་གྱི་སྒོ་ནས་གོ་ཞིང་མཇལ་བར་གསུངས་པའོ། །འཁོར་འདས་ཐམས་ཅད་གསང་སྔགས་ཀྱི་ངོ་བོ་ཉིད་རང་སྣང་བའི་ཕྱིར། །ངོ་བོ་ཉིད་ལ་མཐའ་དང་དབུས་མེད་ཆོས་ཉིད་དེ་བཞིན་ཉིད་དུ། དབྱེར་མེད་པའི་ངང་དུ་ཡེ་ནས་གནས་པ་ལ། །རང་བྱུང་གི་ཡེ་ཤེས་ལྔར་རྟོགས་པར་འདོད་པའི་དོན་བྱ་བའི་ཕྱིར། །ཕྱོགས་བཞི་དང་དབུས་སུ་དང་ལྔས་མཚོན་པ་ཡེ་ཤེས་ལྔ་གནས་པར་བྱོས། །དེ་བཞིན་དུ་ཁ་དོག་ལྔ་ལ་སོགས་པ་ཀུན་ལའང་དེ་ལྟར་ཡེ་ཤེས་ལྔར་སྦྱོར་བར་གྱིས། །ཡི་གེ་དང་ཚིག་དང་སྒྲའི་ཐ་སྙད་སྤངས་པས། །ཚིག་གིས་བརྗོད་མེད་ངང་དུ་གནས་པ་ནི་ཆོས་སྐུའི། གསུང་ཉིད་རང་བཞིན་སྐྱེ་བ་མེད་པ་ཡིས་དང་། ཆོས་རྣམས་ཐམས་ཅད་ཡེ་ནས་གཉིས་མེད་རང་སྣང་དུ་དག་པ། དེའི་ཕྱིར་ཆོས་རྣམས་ཐམས་ཅད་དབྱེར་མེད་དེ་ཐུགས་སུ་གྱུར་པས་ན། །སྒྲ་དང་ཚིག་ཏུ་གནས་པ་མིན། །མྱ་ངན་ལས་འདས་དང་མ་འདས་ཐམས་ཅད་ཀུན། །ཡང་དག་ཤེས་པས་རབ་ཏུ་བརྟགས་ན་སྒྲ་མཐུན་ཅེས་པ་གཏན་ཚིག །དོན་དཔག་ཅེས་པ་གྲུབ་མཐའ་དཔག་པར་འདོད་པ་སྟེ་དེ་ནི་དོན་མ་གོ་བའོ། །བདག་གིས་ནི་སྒྲ་མཐུན་ཅེས་པ་གཏན་ཚིགས་ཀྱིས་མི་མཐུན་པའི་དོན་དཔག་ནི་གྲུབ་མཐའ་ཨ་ཅང་ཞེས་གཏན་ཚིག་རང་གི་དོན་ལ་དཔག་པའོ། །དེ་ཅི་སྟེ་གཏན་ཚིག་དང་ངོ་བོ་གྲུབ་མཐའ་གཅིག་པའི་ཕྱིར་རོ། །རྣམ་བཀོད་ལས། དེས་ན་དོན་དང་གཏན་ཚིག་ཀྱང་། །ངོ་བོ་གཅིག་ལས་ཐབས་ཀྱི་དབྱེ། །ཞེས་སོ། །རང་བཞིན་ཕྱོགས་གཅིག་པ་གང་ཡང་མེད་པ་ལས་ཕྱོགས་མེད་ཅིར་ཡང་སྣང་། །སྣང་བའི་ཉིད་ན་མུ་མཐའ་མེད་པའི་ཆོས་ཀྱི་དབྱིངས་ཡིན་ཏེ། །དེ་ལྟར་རིག་ཅིང་རྟོགས་པའི་ཤེས་པ་ནི། །ཆོས་ཀུན་ལ་ཡེ་ཤེས་ངེས་དབང་སྒྱུར་ཞིང་རིག་པ་ལ་རང་དབང་ཐོབ་པ་འཁོར་བའི་ཆོས་ཀྱིས་བསྡུས་པ་དུས་གསུམ་གྱི་ཆོས་རྣམས་རང་དབང་ཅན། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཚིག་གི་མཚོན་པ་སྒྲ་ལྟར་དོན་རྟོགས་ཤིང་དེའི་ངང་ལ་གནས། །འདི་ནི་ཡེ་ཤེས་གསུང་མཆོག་ཡིན ། །འཁོར་འདས་ཆོས་རྣམས་བསམ་གྱིས་མི་ཁྱབ་སྟེ། །མཐའ་དང་དབུས་མེད་ཀུན་ཏུ་ཁྱབ་འོ་ན་ཁྱབ་བྱ་ཁྱབ་བྱེད་མེད་ལ་ཞེ་ན། ཁྱབ་བྱ་དང་ཁྱབ་བྱེད་གཉིས་སུ་མེད་པར་རྡོ་རྗེའི་སྐུ། །འབྱུང་བ་དང་སྐྱེ་འགྲོ་ལ་སོགས་པའི་སྒྲ་སྐད་སྣ་ཚོགས་གྲགས་པ་ཡང་། །དངོས་པོ་གྲུབ་པ་མེད་ལས་དངོས་པོ་སྣ་ཚོགས་པའི་སྒྲ་སྐད་འབྱུང་སྟེ། ཅི་ལྟར་དཔེར་ན་པི་ཝཾ་ལག་ཏུ་ཐོགས་པས་ན། །སྒྲ་ནི་སྣ་ཚོགས་པ་འབྱུང་བར་འགྱུར་ཡང་། །འདི་ལས་བྱུང་བའི་དངོས་པོ་མེད་དེ་དེ་བཞིན་དུ་རང་བཞིན་ཉིད་ལས་སྒྲ་རྣམས་མ་འགགས་འབྱུང་བའོ། །སྨིན་པ་རྒྱ་མཚོ་དང་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་གསུང་གོང་མ། དེ་བཞིན་འདིར་ཡང་གསུང་མཆོག་ཚིག་ཏུ་མི་སྨྲ་སྟེ། །སྐུ་ཡི་བརྡའ་ཆོས་རྣམས་འཇལ་བར་སྟོན། །དཔེར་ན་མེ་ལོང་ཉིད་ཆོས་ཀུན་ལ་གསལ་བཞིན་དུ་སྐུ་ལ་སྣང་བར་སྟོན་པའོ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །མིང་དང་ཚིག་ཏུ་བཏགས་ནས་སྟོན། །འཁོར་འདས་རྣམ་གྲངས་ཇི་སྙེད་མང་པོའི་དོན་དང་ཚིག་བརྗོད་ཀྱང་། །རྡོ་རྗེའི་གྲགས་སྟོང་དབྱེར་མེད་གསུང་ལས་སྤྲོས་པ་མེད། །སྤྲོས་མེད་དེ་ཉིད་མིང་དང་ཚིག་སྣ་ཚོགས་པ་རང་སྣང་ནས། འགྲོ་ཀུན་ལ་བརྡའ་འཇལ་བར་བྱེད་པས་ཡེ་ཤེས་ཀྱི་གསུང་། །ཡིན་ནོ། །དེ་ནི་དོན་སྒྲ་དང་མིང་ཚིག་ཀུན་ལས་འདས། །ཆོས་ཐམས་ཅད་པདྨ་ལྟར་གོས་པ་མེད་ཅིང་གང་ལའང་མེད་པའོ། །ཡབ་ཡུམ་ཀྱི་དབང་པོ་རྣམ་གཉིས་བསྲུབས་པ་ཡིས། །ཡབ་ཡུམ་གྱི་མཁའ་ལ་ཐིག་ལེ་དཀར་དམར་ཉི་ཟླ་དུས་གཅིག་ཏུ་བདེ་བར་ཤར། །དཔེར་ན་མི་འཇིགས་པའི་སེང་གེའི་ཚུལ་དུ་ཆགས་པ་ཟིལ་གྱིས་གནོན་ཅིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐོང་བར་བྱེད་པའོ། །དེའི་ཕྱིར་གཏན་ཚིགས་ཞེས་བྱ་སྟེ་དོན་རྟོགས་པར་བྱེད་པའི་ལས་ལ་ལས་ཞེས་མིང་དུ་བརྗོད་པའོ། །དེ་ལྟར་དབྱེ་ན་བདུན་ཡོད་མོད་ཀྱང་བསྡུ་ན་འོག་ནས་འབྱུང་བ་སྟེ་གཉིས། །སྐུ་བཞིའི་རྗེས་སུ་མི་དཔྱོད་གཅིག་སྤྲུལ་སྐུའི་གསུང་གི་རྗེས་སུ་དཔྱོད། །དེ་ཡང་དཔྱད་དུ་ཡོད་མེད་རྣམ་པ་གཉིས་ཀྱི་ཚུལ་གྱི་དོན་རྟོགས་ཤིང་མཐོང་བར་བྱེད་པའང་། ཤེས་རབ་ཀྱི་དབང་པོ་ཆེ་ཆུང་གཉིས་དང་མཐུན་པར་སྦྱར་བའོ། །དེ་ལ་སྔ་མས་དཔྱད་དུ་མེད་པར་གོ་བ་བྱ་བའང་། །འགྲོ་དྲུག་གི་སེམས་ཅན་མ་ལུས་ཐམས་ཅད་ཀྱིས་བསྡུས་པའི་ཆོས་རྣམས་ཀུན། །ཡེ་གདོད་མ་ནས་བྱང་ཆུབ་སྙིང་པོར་ལྷག་པའི་ཆོས་སྐུ་ཆེན་པོར་གནས། །དེའི་ཕྱིར་དཔྱད་པའི་དཔྱད་པར་བྱ་བའི་ཡུལ་དང་བྱེད་པའི་མཁན་པོ་གཉིས་མེད། །སྐུ་བཞིའི་གསུང་ལྟར་འདིར་ཡང་ཚིག་དང་ཡི་གེས་མི་མཚོན་ཏེ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཚིག་དང་ཡི་གེས་བསྟན་པར་དཀའ། །རྒྱལ་བའི་སྲས་པོས་འཁོར་ལྔ་ལ་སྐུ་བཞིའི་ཚིག་ཏུ་ཅང་མི་གསུང་། །ཚིག་ཏུ་མ་གསུང་པ་ཉིད་ཀྱང་དོན་འཇལ་ཞིང་རྟོགས་ནས་རྒྱ་ཆེར་བཤད། །སྟོན་པས་ཚིག་ཏུ་འཆད་པ་དང་འཁོར་གྱི་ཉན་པ་གཉིས་ཀ་མེད། །ཡིན་མིན་གྱི་དཔྱོད་པ་ཞུགས་ན་རང་ལ་གཞན་དུ་རྟོག་པའི་གཞི། །དེ་ལྟར་རྟོག་པ་ཞུགས་ན་ཡུལ་དུ་དམིགས་པའི་རྟེན་དང་། ཡུལ་དུ་དམིགས་པ་ཞུགས་ན་བདག་ཏུ་འཛིན་པའི་གཟུངས་དུ་གྱུར། བདག་ཏུ་འཛིན་པས་ཟིན་ཕྱིར་གྲོལ་མི་འགྱུར། །དེ་བས་དཔེར་ན་གསེར་ལྟ་བ་ལ་གསེར་རང་སྟོན་དགོས་པ་བཞིན་དུ། །ཆོས་ཀུན་རིག་པ་བདག་ཉིད་ཆེན་པོའི་ཕྱིར་དཔྱད་པར་བྱ་བ་དང་དཔྱོད་པ་བྱེད་པ་གཉིས་མི་དམིགས་པས། །རྟོག་པ་དང་དཔྱོད་པ་དང་དམིགས་འཛིན་གྱི་ལྟ་བ་མི་འཚོལ་བར། །གདམ་ངག་དེ་བརྗོད་པ་ཉིད་ཀྱིས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བར་བྱེད་པའོ། །འཆིང་བྱེད་སུས་ཀྱང་མ་བཅིངས་ངོ་སྤྲོད་པ་ཙམ་གྱིས་གོ་བའི་རྒྱུ་མཚན་དོན་ལ་བཅིང་གྲོལ་མེད་པ་ཡིན་ཏེ་བཅིངས་པའི་དངོས་པོ་མེད་དེ། །ཡེ་ནས་བཅིང་བར་བྱ་བའང་ཡོད་མ་ཡིན། །ཡེ་ནས་བཅིངས་བ་མེད་པས་གྲོལ་བའི་རྣམ་པར་གྲོལ་བའང་མེད་པའི་ཕྱིར། དེ་ལས་གྲོལ་བར་མི་འདོད་པར་རང་གྲོལ་དུ་རྟོགས་ནས་བཅིངས་དང་བྲལ་བའོ། །ཡུལ་སོ་སོར་འཛིན་པའི་ངེས་ཚིག་ཉིད་གང་ལའང་རྟོག་པ་དང་དཔྱོད་པ་མེད་པས། །ཡུལ་ལ་སོགས་པ་སོ་སོར་སྣང་བ་ཀུན་གཉིས་མེད་རང་སྣང་དུ་རྟོགས་པའི་ཕྱིར། །སོ་སོར་རྟོག་པའི་ཤེས་རབ་ཀྱི་མཆོག་སྟེ། །རྟོགས་དཔྱོད་ཀྱི་མིང་དུ་བརྟགས་པ་མེད་སོ་སོར་སྣང་བ་ཀུན་རྟོགས་པས་སོ་སོར་རྟོགས་པའི་བླ་དྭགས་ཡིན། །ཁ་ཅིག་ཕྱི་མས་སྤྱད་དུ་ཡོད་པའི་གཏན་ཚིགས་གིས་གྲོལ་སྟེ་གོ་བར་བྱེད་པ། །ཚིག་ཏུ་བརྗོད་པའི་གཞི་ཡུལ་དང་དངོས་པོའི་ཞེན་པ་སྤྱོད་ཡུལ་ལ། །སོ་སོར་རྟོག་པའི་ཤེས་རབ་དང་གཏན་ཚིགས་རྐྱེན་ཀྱིས་རྟོགས་པར་བྱེད་པའོ། །ཚིག་དོན་དང་མཐུན་པ་དང་ཚིག་དོན་མི་མཐུན་ལས་རྟོགས་པར་བྱེད་པའོ། །ཕྱི་མ་མི་མཐུན་མཚོན་པར་བྱེད་པ་ལྟར་ནམ་མཁའ་ལ་ཕྱོགས་རིས་མེད་དེ་ལུང་པའི་དབྱིབས་ཇི་ལྟར་ཡོད་པ་ལྟར་ནམ་མཁའ་སྣང་ལ་ཇི་ལྟར་སྣང་ཡང་ནམ་མཁའ་དེའི་ཕྱོགས་ལས་གྲོལ་བ་ལྟ་བུ་ལ་སོགས་པའོ། །འཁོར་འདས་ཀྱི་ཆོས་ཀུན་ཕྱོགས་གཅིག་པ་གང་ཡང་མཐའ་ལས་འདས་པ་ཡིན་ལས། །མཐའ་སྣང་སྟོང་ལ་སོགས་པར་རྣམས་གང་ཡང་དོར་བ་མེད་པས། །དཔེ་འདི་ལྟར་དོན་འདི་ཞེས་ཕྱོགས་གཅིག་ཏུ་བསྟན་དུ་མེད་པའོ། །ཆོས་ཉིད་རང་གི་ངོ་བོ་ཚིག་ཏུ་བསྟན་པ་དང་བློས་བརྟག་པར་དཀའ་བའོ། །འོན་ཀྱང་དེའི་དོན་རྒྱས་པར་མཚན་པ་ཅིར་ཡང་ཡིན་པས་མིན་པའི་འཛིན་པ་དང་མིན་པས་ཡིན་པའི་འཛིན་པ་དགྲོལ་བའི་ཕྱིར། །དེ་ཡང་མདོར་བསྡུ་ན་ཇི་ལྟར་མིང་བཏགས་པ་དང་བསམ་པ་བཞིན་དུ་སྣང་ཞིང་འགྱུར་བས་ཀུན་གྱི་ངོ་བོར་སྟོན། །དེ་མཚོན་པར་བྱེད་པའི་ཧེ་དུ་ཕྱོགས་རེ་ནས་གང་ཡང་མི་འགལ་ཞིང་ཅི་ཡང་ཡིན་པའི་ཕྱིར། །དོན་དམ་སེམས་ཀྱི་ཆོས་ཉིད་ཀྱི་ཕྱོགས་དག་ཅི་ཡང་མ་ཡིན་ནོ། །དེའི་ཕྱིར་ཕྱོགས་གཅིག་པ་མ་ཡིན་ཅིང་ཀུན་ཡིན་པས། །དོན་གང་ཡང་དོར་བ་མེད་པའི་ཆོས་ཉིད་ཅི་ཡང་ཡིན་ནོ་དེས་ནི་ཕྱོགས་བྲལ་ལྷུན་གྱིས་གྲུབ་པའོ། །མཐའ་ཀུན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཕྱོགས་དང་རིས་སུ་སུ་མ་ཆད་པའི་ཕྱིར། །མཐའ་དང་བྲལ་བའོ། །དེའི་ཕྱིར་ཕྱོགས་རེ་བའི་མཐའ་དང་བྲལ་བའོ། །དེས་ན་གང་ཡང་མ་སྤངས་མི་ལྡན་པས། །མ་བྲལ་བའི་ཕྱིར་ན་བྲལ་ཞེས་བྱ། །གང་ནས་ཕེབས་པ་རང་གི་ངོ་བོ་གཏན་ལ་ཕེབས་པར་གཏན་ཚིགས་ཀྱི་དོན་རྒྱས་པར་འགྱུར་རོ། །ཅིག་ཤོས་ཚིག་དོན་མཐུན་པར་བསྟན་པ་ཡང་། །བྱེ་བྲག་ཕྱེ་ན་བསམ་གྱིས་མི་ཁྱབ་ཀྱང་བསྡུས་པས་ཀུན་ཁྱབ་ཀྱི་གཏན་ཚིགས་ལུང་རིགས་མན་ངག་གསུམ་པོ། དེ་དང་ལྡན་པའི་གཏན་ཚིག་གི་རྣམ་གྲངས་བརྗོད་པ་བསམ་ཡས་པ་ཡོད་ནའང་། བསྡུས་ཏེ་ཆ་ཙམ་འོག་ན་འབྱུང་བ་བརྗོད་པ་འདི་ལྟ་བུ་མདོ། །ཙམ་སྨྲོས་ན། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་རང་བཞིན་ཡོང་གིས་དག་པའི་ཡིད་དོན་ཏེ་དག་པ་རྣམ་པ་བཞིའི་ཚུལ་གྱིས་དོན་གཉིས་མེད་རྟོགས་མངོན་སུམ་དུ། སྣོད་བཅུད་རྒྱུད་རྣམས་ཞེས་ཕུང་པོ་ལྔ་ཡབ་ལྔར་དག་པ་དང་འབྱུང་ལྔ་ཡུམ་ལྔ་རྣམ་ཤེས་དང་དབང་པོ་སེམས་དཔའ་དང་ཡུལ་དུས་སེམས་མ་དག་རྟོགས་ཤིང་། །མཉམ་གཉིས་ལས་འདིར་ལྷག་པའི་མཉམ་གཉིས་ཀྱིས། །སྤྱོད་ཡུལ་ཡོངས་སུ་དག་པ་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་ཞེས་བྱའོ། །དེ་ཡང་ལྷག་པའི་མཉམ་གཉིས་དཔག་ལ་ཡིན་ཏེ་ཐུན་མོང་བའི་དབུ་མ་པ་བདེན་པ་གཉིས་ལས་ཀུན་རྫོབ་ཏུ་ཆོས་ཀུན་སྒྱུ་མ་ལྟ་བུར་མཉམ། དོན་དམ་དུ་ཆོས་ཀུན་སྤྲོས་བྲལ་སྟོང་པ་ཉིད་དུ་མཉམ་པའོ། །དེ་ལྟར་ཐུན་མོང་གི་མཉམ་གཉིས་ལས་དཔག་པ་ཡིན་ཏེ། འདི་གོང་ལྟར་ཀུན་རྫོབ་ཏུ་སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་དུ་གསལ་བས་འཁོར་འདས་མཉམ་པའོ། །དོན་དམ་དུ་ཆོས་ཀུན་རང་བྱུང་ཡེ་ཤེས་གཅིག་ཅིང་རྟོགས་པས་འཁོར་འདས་མཉམ་པའོ། །དེ་ལྟར་ལྷག་པའི་མཉམ་པ་གཉིས་ཀྱི་ཆོས་ཀུན་རང་བཞིན་གྱིས་གྲོལ་བའོ་དེ་བཞིན་དུ་ཡིད་ཆོས་གཉིས་ཀུན་བཟང་ཡབ་ཡུམ་དང་། ལུས་ཀྱི་རེག་ཤེས་བཞི་དང་རྟག་ཆད་མུ་བཞི་སྒོ་མར་དག་པ་དང་། ཉོན་མོངས་པ་དྲུག་ཐུབ་པ་དྲུག་དག་པར་རྟོགས་ཤིང་གྲོལ་བའོ། །དེ་ལྟར་ཀུན་རྫོབ་ཏུ་སྣོད་བཅུད་རྒྱུད་ཡུལ་རྣམས་ཀྱིས་བསྡུས་པ་ཐམས་ཅད་ལྷའི་དལ་དུ་ཡེ་ནས་སངས་རྒྱས་པར་དག་པར་རྟོགས་ཤིང་དོན་དམ་དུ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་སྐྱེ་བ་མེད་ཅིང་དག་པར་རྟོགས་པ་ཐུན་མོང་གི་རིག་པ་བདག་ཉིད་ཆེན་པོའི་ངང་དུ་མཉམ་གཉིས་དོན་དམ་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་རང་བྱུང་གི་ཡེ་ཤེས་སུ་རྒྱུ་གཅིག་པ་དང་ཀུན་རྫོབ་ཏུ་ཡིག་འབྲུའི་ཚུལ་གྱིས་མཚོན་ནས་མ་འགག་པའི་ཐབས་ཀྱི་ཕྱག་རྒྱ་རིག་པ་སྒྱུ་མའི་ངོ་བོར་ཅིར་ཡང་སྣང་བ་དང་། དབྱེར་མེད་དམ་བྱིན་གྱིས་བརླབས་པས་རབ་སྣང་གཉིས་མེད་དུ་དང་མངོན་སུམ་དུ་རྟོགས་པའོ། །རབ་ཏུ་རྟོགས་པ་དེ་ལྟར་གཏན་ཚིགས་རྣམ་བཞི་ཡིས། །ཆོས་རྣམས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་ལྷག་མ་མེད་པ་རྫོགས་པས་རྒྱལ་པོ་ཆེ་བའོ། །ཆོས་ཀུན་རང་བྱུང་གི་ཡེ་ཤེས་ཉིད་ལ་དབང་སྒྱུར་ཞིང་རིག་པ་བདག་ཉིད་ཆེན་པོ་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་པར་དག་པས་བླ་ན་མེད་པའི་བྱང་ཆུབ་ཐེག་པའི་མཆོག་གི་དགོངས་པའོ། །རྣམ་པར་བྱང་བ་མྱ་ངན་ལས་འདས་པ་དང་མ་འདས་འཁོར་བའི་ཆོས་ཀྱིས་བསྡུས་པ་ཐམས་ཅད་ཀུན། །དང་པོའི་གནས་ལུགས་ཡང་དག་ཤེས་པའི་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན། །དངོས་པོ་ཕྱོགས་གཅིག་པའི་རང་བཞིན་མེད་པས་འཆར་ལུགས་ཅིར་ཡང་སྣང་ཞིང་ཅིར་ཡང་འགྲུབ། སྣང་བའི་དུས་ཉིད་ན་ཆོས་ཀྱི་དབྱིངས་ཉིད་དེ་ཡིན། དེ་ཡང་དེ་བཞིན་གཤེགས་པའི་སྐུ་སྒྱུ་མར་ལྟ་བུར་སྣང་བ་དང་། །སེམས་ཀྱི་ལོག་པར་རྟོག་པ་སྒྱུ་མར་སྣང་བ་གཉིས། །རིག་པ་ཡིན་པའི་ཕྱིར་གཞི་རྩ་མེད་དེ་རང་བཞིན་རྣམ་པ་མཆོག་ལྡན་གྱི་སྟོང་པ་ཆེན་པོས་སྟོང་། །དེ་ལ་འཁོར་འདས་རིགས་དང་ཕྱོགས་གཅིག་ཏུ་རྒྱུད་དུ་བརྟག་ཏུ་མེད། །རང་བྱུང་ཡེ་ཤེས་ལ་རིགས་སོ་སོ་དང་ཁ་དོག་དང་དབྱིབས་ལ་སོགས་པ་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་ལས། །ཕྱོགས་གཅིག་ཏུ་ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང་། །སྣང་བ་ཉིད་ན་རང་བཞིན་ཆོས་ཀྱི་སྐུ་དེ་ཉིད་སྣང་ཚུལ། ཐམས་ཅད་དེ་ཉིད་དུ་ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །ཉོན་མོངས་རང་གི་མཚན་ཉིད་དང་སྤྱི་བསྟན་པ་འདོད་ཆགས་རང་གི་མཚན་ཉིད་ནི་ཞེན་ཅིང་གདུང་བ། ཞེ་སྡང་རང་གི་མཚན་ཉིད་ཁྲོ་ཞིང་གཏུམ་པ། གཏི་མུག་གི་མཚན་ཉིད་ནི་ཀུན་ནས་རྨོངས་པ། ང་རྒྱལ་གྱི་མཚན་ཉིད་ནི་མ་ཞི་ཞིང་ཁེངས་པ། ཕྲག་དོག་གི་མཚན་ཉིད་ནི་བློའི་ཕྲག་ཏུ་གཞན་གྱི་ཡོན་ཏན་མི་ཤོང་བའོ། །སྤྱིར་བསྟན་པའི་སྡུག་བསྔལ་གྱི་ཉམ་ཐག་པའི་སེམས་མ་ཞི་ཞིང་ང་རྒྱལ་བར་བྱེད་པའོ། །ཉོན་མོངས་པ་རང་གི་མཚན་ཉིད་རང་བྱུང་གི་ཡེ་ཤེས་སྒྲིབ་གཡོག་མེད་པར་རང་གསལ་བ་མ་ནོར་བར་དོན་རྟོགས་ན། །ཡེ་ཤེས་ལྔ་དང་སྤྱིའི་མཚན་ཉིད་རང་སྣང་མཐའ་དབུས་མེད་དེ་དེ་ཉིད་མ་ནོར་དོན་རྟོགས་རྣམ་པར་བྱང་བའི་ལམ་དུ་འགྱུར། །དེ་ཕྱིར་སྤྱིའི་གཏན་ཚིགས་བརྟགས་པ་འདིར་གཅེས། །ཆོས་ཉིད་ལ་མཐའ་དང་དབུས་མེད་ཅིང་གཅིག་དང་དུ་མར་བྲལ། །མཐའ་ཕྱོགས་གཅིག་ཏུ་གང་ཡང་མིན་ཏེ་གནས་ལུགས་དེ་བཞིན་ཉིད་དུ་གཉིས་སུ་མེད་ཅིང་། དབྱེར་མེད་པ་ཡི་ཚུལ་དུ་རྟོགས་པའི་ཕྱིར། །དེས་ན་མཐའ་དང་བྲལ་བའི་དགོངས་པ་ཆོས་ཉིད་འང་དེ་བཞིན་ནོ། །གཞལ་བྱ་འབྱུང་བ་ཆེན་པོ་ལྔ་རྣམས་ལ། །དགོས་ཆེད་རང་བཞིན་མེད་པར་གཞིག་པའི་ཕྱིར། །གཏན་ཚིགས་འབྱུང་བ། གཅིག་ལའང་འབྱུང་ཆུང་ལྔ་ལྔར་དབྱེ་བ་བྱ་ཞིང་། །ཡི་གེ་མུཾ་གི་ས་མཚོན་ན་ཆོས་ཀྱི་དབྱིངས་སུ་གཉིས་སུ་མེད་པར་བསྟིམ་པར་བྱ། །ཆོས་ཀྱི་དབྱིངས་མུཾ་ཉིད་ངག་ཏུ་སྨྲ་སེམས་ཀྱི་བསམ་པའི་བརྗོད་ལས་འདས་ཏེ་གཉིས་མེད་རང་གྲོལ་བའོ། །དཔེར་ན་ནམ་མཁའ་བཟུང་དུ་མེད་པ་ལྟར། །སྣང་སྲིད་ཐམས་ཅད་ཀྱང་སེམས་ཉིད་རང་སྣང་བའི་ཕྱིར་དེ་དང་འདྲ། །དོན་སེམས་ཉིད་དེ་ཉིད་ཐམས་ཅད་ཀྱི་རྟེན་བྱེད་པ་ས་དང་འདྲ་གཉེན་འཁྲུ་བར་བྱེད་པ་ཆུ་དང་གཟུང་དུ་མེད་པས་ཡང་ཞིང་གཡོ་བ་རླུང་དང་། གསལ་ཞིང་མཚན་མ་སྲེགས་པས་མེ་ལྟར་ཤེས་པར་བྱ། །དེ་བཞིན་ཕུང་པོ་ལྔ་ཡབ་ལྔ་དང་དབང་ཡུལ་སེམས་དཔའ་དང་ཡུམ་ལྔ། །ཉོན་མོངས་པ་ལྔ་དང་ཁ་དོག་ལྔ་དང་དེ་བཞིན་ཕྱོགས་ལ་སོགས་པ་རིགས་ལྔ་ཡེ་ཤེས་ལྔ་ཤེས་པར་བྱ་སྟེ། བསྒྲུབ་བྱའི་དོན་དང་ངོ་བོ་རང་བྱུང་ཡེ་ཤེས་གཅིག་ལ་མཚོན་ཚུལ་མ་འདྲེས་པར་གཏན་ལ་འབེབས་པ། ཧེ་དུ་དེའི་ཕྱིར་དཔེ་དེ་ཡི་དོན་དེ་མཚོན་ཅིང་རྟོགས་པར་བྱེད་པའོ། །བསྒྲུབ་བྱ་གཏན་ལ་འབེབས་པ་སྔོན་བྱུང་གི་གཏན་ཚིགས་དང་རྗེས་འཇུག་གི་གཏན་ཚིགས་བརྗོད་ཅིང་གཏན་ལ་འབེབས་པ་རྣམས། །བསྒྲུབ་བྱ་གྲུབ་མཐའི་ངོ་བོ་གང་ཡིན་ཤེས་པའི་དོན་ལ། །གཏན་ཚིགས་ངེས་ཚིག་གི་སྒོ་ནས་ངོ་བོའི་སྒོ་ནས་དང་མཚན་ཉིད་ལ་སོགས་པའི་སྒོ་ནས། གཏན་ལ་གང་ནས་འབེབས་ཀྱང་དོན་རྒྱས་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །ཕྱོགས་མཚན་གྱི་ཞེན་པ་ཐམས་ཅད་འཇིག་པར་བྱེད་ཕྱོགས་མེད་སྣང་ལ་མི་འདའ་བའི་དམ་ཚིག་དང་། །རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ལས་མི་འདའ་བའི་དམ་ཚིག་ལྡན་པར་བྱོས་པའོ། །འཁོར་འདས་ཐམས་ཅད་གཏན་ཚིག་གི་མ་ལུས་པར་གཏན་ལ་འབེབས་ཤིང་གྲུབ་དོན་འབྱུང་བ། །ཚིག་གིས་མཚོན་དོན་ལས་གུད་ན་མེད། །སྒྲ་ཉིད་དོན་གྱི་དངོས་པོ་མིན། །དོན་ཉིད་ཚིག་སྒྲ་ལས་མཚོན་པ་གུད་ན་མེད་དོ། །དེས་ན་མིང་དང་ཚིག་ཏུའང་སྒྲ་ལ་མི་བརྟེན་པར་ཅི་བཞིན་ཡང་མི་རྟོགས་སྒྲ་ཙམ་མ་ཞེན་པའང་མ་ཡིན། དབྱེར་མེད་བློ་ཡི་གཏིང་དུ་དོན་གོ་བར་བྱོས་པ་གྲུབ་མཐའ་དང་། གསུམ་བཞིས་ནི་གོལ་སྒྲིབ་པ་བསྟན་པ་སྟེ་ལུས་རྣམ་བཞག་གི་དོན་བརྗོད་པར་བྱ་བ་ལ། གསང་སྔགས་མཆོག་བླ་ན་མེད་པ་ཡི་མ་ཧཱའི་དོན། མཚན་མ་ཕྱོགས་རེ་བ་ཀུན་དུ་མི་བརྟག་པ། །ཆོས་ཉིད་མཉམ་པའི་ཉིད་ཀྱི་ངང་དུ་ཐམས་ཅད་ཆོས་ཀུན་ཤེས་པས། འཁོར་འདས་ཀུན་ཀྱང་མཉམ་པ་ཉིད་ཡིན་པས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སོ་སོའི་ལྟ་བའང་རྣམ་པ་ཐ་དད་དུ་གཟུང་ཞིང་བརྗོད་པར་མི་བྱ། དེ་རྣམས་མི་ཉམས་པ་དགག་ཅིང་བླ་མར་བྱ་བ་མཉམ་པའི་ལྟ་བ་གཞན་ན་མིན། །སྤྱིར་ནི་དེ་མ་ཡིན་པ་ལྟ་དེར་འཛིན་པའི་ལོག་རྟོག་བསམ་ཡས་པ་ཡོད་ཀྱང་། གཞི་ཡེ་ནས་གནས་ལུགས་ལ་ཡོད་པ་གདོད་མ་ཉིད་ནས་ཡོད་ལ་རང་རྒྱུད་པ་གང་ཡང་མ་ཡིན་ཏེ། །སེམས་ཅན་སོ་སོའི་གཟུང་འཛིན་ལོག་པར་རྟོག་པའི་བག་ཆགས་ཀྱི། །ཕྱི་གཟུང་ནང་འཛིན་གྱི་དྲ་བས་བསྒྲིབས་པར་གྱུར་ཏེ། །སེམས་ཉིད་ལ་ཕྱོགས་རིས་ཅིར་ཡང་མིན་པ་ལས་ལོག་རྟོག་ལ་ཕྱོགས་རིས་ཅིར་ཡང་སྣང་སྟེ། བྱང་ཆུབ་སྙིང་པོའི་གཞི་ལས་གོལ་བ་སྟེ་གོལ་བཞིན། འཁྲུལ་པ་འདི་ཁོ་ན་ལྟར་བདེན་མིན་གཟུང་འཛིན་གྱིས་དེ་རྣམས་མི་ཉམས་པས་མ་གྲོལ་ཏེ་དམ་བཅའ་འཁོར་བ་ལ་བཅིངས་པའི་ཕྱིར་དང་། །སྐྱེ་རྒ་ན་འཆི་དུས་དགྲས་འཇོམས་པའི་ཕྱིར་དང་མི་བདེན་པ་བསླུས་པའི་ཕྱིར་དང་མི་རྟག་ཅིང་འགྱུར་བའི་ཕྱིར་དང་། །འཕགས་པའི་ལམ་དང་བྲལ་བའི་ཕྱིར་དང་ཐར་བཀའ་བ་འཁོར་བའི་བཙོན་རར་ཆུད་པའི་ཕྱིར། སྡུག་བསྔལ་མི་འཇིལ་ཏེ་སྡུག་བསྔལ་གྱི་དབའ་ལ་གཡེང་བ་དང་དགུ་ཡིས་ཕྱིར་འཁྲུལ་ལོ། །དེ་ལྟར་འཁྲུལ་པ་དེ་བས་ན་མཉམ་པ་ཉིད་མ་རྟོགས་པས། །དུག་ལྔ་ལ་འཇོལ་ཉོག་ཏུ་སྤྱོད་པས་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔར་འཁོར་བའོ། །མི་དགེ་བ་སྤོང་སྟེ་དགེ་བཅུ་དག་ལ་གཙོར་ལེན་ཅིང་། །དགེ་བས་མཐོ་རིས་དང་མི་དགེ་བས་ངན་འགྲོར་འགྲོ་བས་དགེ་སྡིག་རྒྱུ་འབྲས་མི་མཉམ་པས། །འདོད་ཁམས་ལྷ་དང་མི་ཡི་སྐྱེ་གནས་ཏེ། །གཉིས་མེད་མཉམ་ཉིད་ཀྱི་དོན་མ་རྟོགས་པས་འདོད་ཁམས་སུ་འཁོར་བའོ། །ཆོས་ཐམས་ཅད་རང་སྣང་བ་མཉམ་པའི་དོན་ཉིད་དང་བདག་མེད་མ་རྟོགས་ཤིང་། །བདག་གི་ཡུལ་དུ་བཟུང་ནས་སྙིང་རྗེ་སྐྱེ་བའོ། །དེ་ལ་སྙིང་རྗེའི་ཡུལ་དུ་དམིགས་ཤིང་། སྙིང་རྗེ་ཚད་མེད་པ་དང་། བྱམས་པ་དང་། དགའ་བ་དང་། བཏང་སྙོམས་དེ་ཚད་མེད་བཞི་སྐྱེ་ཞིང་བདེ་གསལ་མི་རྟོག་པ་ལ་གནས་པ་དང་བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ་གཉིས་པ་ན་དགའ་བདེ་ཆུ་ལྟ་བུ། གསུམ་པ་ན་དབུགས་རླུང་དང་འདྲ་བ་བཞི་པ་ན་རྟོག་དཔྱོད་མེད། མི་གཡོ་ངང་ལ་བདག་ཏུ་འཛིན་ཅིང་ཞེན་པ་བཞི། །བསམ་གཏན་དང་པོ་ན་བདེ་གསལ་གྱི་ངང་ལ་རྟོགས་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་གཉིས་པ་ན་སྤྱོད་པ་ཡོད་ལ། རྟོགས་པ་མེད་པ་དང་། གསུམ་པ་རྟོག་པ་མེད་ལ་དཔྱོད་པ་དང་བཅས་པ་དང་། བཞི་པར་རྟོག་དཔྱོད་གཉིས་ཀ་མེད་པར་མི་གཡོ་བར་གནས་པའོ། །དེ་ལྟར་རིམ་པར་བསམ་གཏན་བཞིའི་རིམ་པར་སོ་སོར་བདག་ཏུ་འཛིན་ཅིང་། །གཟུགས་སོགས་ཀུན་ལ་བདག་ཏུ་ཞེན་ཅིང་བདག་གིར་རྟོག །འདི་ནི་ཚངས་གནས་ཚངས་རིས་ལ་སོགས་པའི་བསམ་གཏན་བཞི་རིམ་པར་སྐྱེ། །དེ་ལ་བསམ་གཏན་དང་པོ་ན་ཚང་རིས་ཚང་༡རིས་ཚང་༢པ་འདུན་ན་འདོན་ཚངས་༣ཆེན་གསུམ། གཉིས་པ་ན་འོད་ཆུང་ཚད་མེད་འོད་འོད་གསལ་གསུམ། གསུམ་པ་ན་དགེ་ཆུང་ཚད་མེད་དགེ་དགེ་རྒྱས་གསུམ། བཞི་པ་ན་སོ་སོ་སྐྱེ་བོའི་གནས་གསུམ། འཕགས་པའི་གནས་ལྔའོ། །དང་པོ་ནི་སྤྲིན་མེད་འོད་བསོད་ནམས་སྐྱེ་འབྲས་བུ་ཆེ། གཉིས་པ་ནི་མི་ཆེ་བ་མི་གདུང་བ་ཤིན་ཏུ་མཐོང་བ་གྱ་ནོམ་སྣང་བ་འོག་མིན་ནོ། །ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་དང་གཟུགས་མེད་འཁོར་བའི་ཆོས་ཡིན་པར་མ་རྟོགས་ནས། །མིང་བཞི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་སྟེ་ཕུང་པོ་ལ་རང་བཞིན་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྣམ་ཤེས་མཐའ་ཡས། ཡོད་མིན་མེད་མིན་ཅི་ཡང་མེད་པའི་གནས། བཞི་ལ་གནས་པར་གྱུར་པ། །མཐོ་སྲིད་པའི་རྩེ་མོའི་ས་རུ་སྐྱེ་བར་འགྱུར། མུ་སྟེགས་ཀྱི་ལྟ་བ་རྟག་ཆད་གཉིས་ཀར་གང་ཟག་གི་བློ་ཞེན་པ། །དེ་གནས་ལུགས་དོན་གྱི་སྙིང་པོ་བླ་ན་མེད་པའི་བྱང་ཆུབ་ཉིད་ལས་གོལ་ཞིང་ལོག་བར་རྒྱལ་བའི་བཀའ་ལས་གསུངས་པ་དེ་མུ་སྟེགས་རྟག་པའི་ལྟ་བ་ནི་མེད་པ་ལ་སྒྲོ་འདོགས་པ་སྟེ། སྙིང་གི་སྐྱིལ་ན་བདག་རྟག་པ་པའི་ངོ་བོ་དཀར་ལ་འཚེར་བ། སྣུབ་ལ་འདྲིལ་བ་སྟེ། སེམས་ཅན་གྱི་ལུས་དང་སྦྱར་བ་སྲན་མ་ཡུང་འབྲུ་ལ་སོགས་པ་སྟེ་ལུས་ཀྱི་ཚོད་སྦྱར་བར་ཡོད་པར་འདོད་པ་དང་། ཡང་བརྗོད་དུ་མེད་པའི་བདག་རྟག་པ་ཡོད་པར་འདོད་པ་དང་། རང་བཞིན་རྟག་པར་དང་། ངོ་བོ་ཉིད་རྒྱུར་སྨྲ་བ་དང་། བྱེད་པ་པོ་རྟག་པ་ལ་སོགས་བདག་ཏུ་ལྟ་ཞིང་དངོས་པོར་འཛིན་པའོ། །ཆད་པ་ནི་ཡོད་པ་ལ་སྐུར་བ་འདེབ་པ་སྟེ། འབྱུང་བཞིས་འདུས་པ་འཇིག་ཅིང་ལུས་ཞིག་པ་དང་སེམས་ཀྱང་སྟོང་ནས་མེད་པར་ལྟ་བ་དང་གནས་སྐབས་ལ་རྒྱུ་འབྲས་བདེན་ལ། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མེད་པར་ལྟ་བ་སྟེ། མཐར་ཐུག་ཅི་ཡང་མེད་པའི་སྟོང་པ་ཆད་པར་ལྟ་བའོ། །འདོད་ཁམས་གཟུགས་ཁམས་བཞི་གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་ས་དགུ་དག་པའི་ཡེ་ཤེས་ནི། །ཆོས་ཉིད་མཉམ་པ་ཉིད་ཀྱི། ས་དགུ་མ་སྤངས་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་བཅོམ་ཞེས་བྱའོ། །བདེན་པ་གཉིས་མེད་རང་སྣང་གི་དོན་མ་རྟོགས་པ་ཐམས་ཅད་ལ། །བདེན་བཞིའི་དངོས་པོ་ཡོད་པར་ལྟ་ཞིང་། །དེ་ནི་སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་དང་། ལམ་གྱི་དང་། འགོག་པའོ། །སྡུག་བསྔལ་གྱི་བདེན་པ་ནི་འཁོར་བའི་གཤིས་སམ་རང་བཞིན་གཏན་ལ་འབེབ་པ་ཡིན་ཏེ། དེ་ལ་བཞི། མི་རྟག་པ། སྡུག་བསྔལ་བ། སྟོང་བ། བདག་མེད་པའོ། །མི་རྟག་པ་ནི། དུས་སྐད་ཅིག་མ་གཉིས་པར་མི་སྡོད་ཅིང་མི་རྟག་སྐྱེ་འཇིག་དང་བཅས་པའོ། །སྡུག་བསྔལ་བ་ནི། གསུམ་མམ་བརྒྱད་ཀྱིས་ཉམས་ཐག་པའོ། །སྟོང་པ་ནི་གཟུང་འཛིན་རག་པའི་སྣང་བ་སྟོང་པའོ། །ཀུན་འབྱུང་གི་བདེན་པས་འཁོར་བའི་རྒྱུ་འབྲས་སྟོན་པའོ། །རྒྱུ་ཀུན་འབྱུང་། རྐྱེན་གྱི་རྣམ་པ། རབ་ཏུ་སྐྱེ་བའོ། །རྒྱུ་ནི་མ་རིག་ཉོན་མོངས་ཏེ་འཁོར་བ་བསྐྱེད་པའི་རྒྱུའོ། །ཀུན་འབྱུང་ནི་རྒྱུ་རྐྱེན་རྟེན་འབྲེལ་ནས་འབྲས་བུ་འབྱུང་བར་བྱེད་པའོ། །རྐྱེན་ནི་ལས་དང་བག་ཆགས་ཀྱི་མཐུ་བརྟས་པ་འཁོར་བ་བསྐྱེད་པའི་རྐྱེན་ནོ། །རབ་ཏུ་སྐྱེ་བ་ནི་འཁྲུལ་བའི་འབྲས་བུ་སྨིན་ཏེ། སྔ་མའི་འབྲས་བུ་ལ་སྤྱོད་ཅིང་ཕྱི་མ་སྐྱེ་བར་བྱེད་པའོ། །ལམ་ནི་འཁོར་བ་སྤང་ཞིང་བསྒྲུབ་པར་བྱེད་པ་སྟེ། དེ་ལ་བཞི་སྟེ་ལམ་རིག་པ་བསྒྲུབ་པ་ངེས་པར་འབྱིན་པའོ། །ལམ་ནི་སོ་སོ་སྐྱེ་བོ་ལས་འཕགས་ཏེ་མྱ་ངན་ལས་འདས་པའི་སར་འགྲོ་བར་བྱེད་པའོ། །རིག་པ་ནི་འཁྲུལ་པའི་གཉེན་པོར་ཚད་མར་གྲུབ་པའམ། བསྒྲུབ་པ་ནི་ཡང་དག་པའི་དོན་ཉམས་སུ་ལེན་ཅིང་སྒྲུབ་པའོ། །ངེས་པར་འབྱིན་པ་ནི་ཕྱིན་ཅི་ལོག་སྤངས་ཏེ་རང་བདེ་འབྲས་བུ་ངེས་པར་འབྱིན་པའོ། །འགོགས་པ་ནི་ལམ་གྱིས་མཐོང་སྤང་སྒོམ་སྤང་ལ་སོགས་པ་འགོག་པ་དང་འབྲས་བུ་མངོན་དུ་བྱས་པའོ། །དེ་ལ་བཞི་སྟེ། འགོག་པ་ཞི་བ། གྱ་ནོམ་པ། ངེས་པར་འབྱིན་པའོ། །འགོག་པ་ནི་ལམ་ཉམས་སུ་བླངས་པས་ཀུན་བརྟགས་ཀྱི་ཞེན་པ་འགོག་པའོ། །ཞི་བ་ནི་ཉོན་མོངས་པའི་མེ་ཞི་བའོ། །གྱ་ནོམ་པ་ནི་ཡོན་ཏན་མངོན་དུ་གྱུར་པའོ། །ངེས་པར་འབྱིན་པ་ནི་འབྲས་བུ་ངེས་པར་མཐར་ཕྱིན་པ་དང་དགྲ་བཅོམ་པའོ། །དེ་བཞིན་ལམ་གྱི་མཐོང་སྤངས་དང་སྒོམ་སྤངས་དམིགས་ཤེས་པར་བྱའོ། །འཁོར་བའི་རྒྱུ་སྤོང་བ་དང་འདས་པའི་རྒྱུ་མི་སྤོང་བར་བྱེད་པར་གྱུར་ན། །འདི་ནི་ཉན་ཐོས་ས་པ་ཡིན། །ཆོས་ཐམས་ཅད་རྒྱུ་འབྲས་ལ་སོགས་པ་ལས་དང་ཉོན་མོངས་ཐམས་ཅད་ལ། །མཉམ་པའི་དོན་དུ་མི་ཤེས་ཤིང་། །རང་རྒྱལ་བའི་ལུགས་ཀྱི་རྟེན་འབྲེལ་དང་རྒྱུ་འབྲས་བུ་ཡོད་པར་འཛིན་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཐོབ་བོ། །དེ་ཕྱིའི་རྟེན་ཅིང་འབྲེལ་བ་བཅུ་གཉིས། ནང་རྟེན་ཅིང་འབྲེལ་ན་བཅུ་གཉིས་སོ། །ཕྱི་ནི་རྒྱུ་དང་འབྲེལ་བ་དྲུག་འབྲས་བུ་དང་འབྲེལ་པ་དྲུག །སྔ་མ་ནི་སས་བརྟེན་ཆུས་བསྡུས་མེས་སྨིན་རླུང་གིས་གཡོས། ནམ་མཁས་གོ་འབྱེད་དུས་ཀྱི་འགྱུར་བའོ། །གཉིས་པ་ནི་ས་བོན་སྡོང་བུ་ཡལ་ག་མེ་ཏོག་དེ་ལ་འབྲས་བུའོ། །དེ་ལ་རྟེན་འབྲེལ་ལུགས་ནས་བཟློག་པ་དང་ལུགས་ནས་འབྱུང་བ་མ་གྲུབ་པར་རྟོགས་པའོ། །ནང་གི་རོ་དུར་ཁྲོད་ཀྱི་ཀེང་རུས་ལ་བརྟེན་ནས་རྟོགས་པ་ཡིན་ཏེ་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། དེ་ཡང་རྟེན་འབྲེལ་ལུགས་ནས་བཟློག་པ་དང་ལུགས་ནས་འབྱུང་བ་འཛིན་པ་རང་བཞིན་མེད་པར་རྟོགས་ཤིང་སྐད་ཅིག་རང་གསལ་ཉན་ཐོས་དང་མཐུན་པའོ། །རྒྱུ་འབྲས་ལ་སོགས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་གཉིས་ཐ་དད་དུ་འབྱེད་པ་དང་། ཆོས་ཀྱི་བདག་ཏུ་གཟུང་ཞིང་ཆོས་དང་གང་ཟག་གཟུང་འཛིན་རགས་པ་སྣང་བ་དོན་དམ་པའི་བདེན་པའོ། །བདག་མེད་པར་དེ་ལྟར་རྟོགས་པས་ལམ་དྲངས་པར་བགྲོད་ན། །འདི་ནི་བྱང་ཆུབ་ས་སེམས་དཔའ་སྟེ་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པ་ཡིན་ནོ། །གསང་སྔགས་བླ་མེད་ཐེག་པའི་ནང་ནས་ནི་ཕྱི་པ་ཀྲི་ཡོག །དོན་དམ་དུ་དབྱིངས་ཡེ་ཤེས་ནི་དབྱེར་མེད་ཅིང་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བར་འདོད་དེ། །ཀུན་རྫོབ་ཏུ་ནི་ཆོས་ཐམས་ཅད་ལ། །དག་པ་སྐུ་དང་ཡེ་ཤེས་ངང་མ་དག་པ་ཕུང་པོ་ཁམས་དང་སྐྱེ་མཆེད་གཉིས་ཀར་འཛིན་ནས་ཡང་། གསང་སྔགས་ཐབས་མཁས་ཀྱི་ཐེག་པ་ཡང་ཆེན་པོ་མ་ཧཱ་ནི། །རྣམ་པར་བྱང་མྱ་ངན་ལས་འདས་པ་དང་སྡུག་བསྔལ་འཁོར་བ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །འོག་མ་དང་ལྟ་བ་མཐོ་དམན་གྱི་ཁྱད་པར་དེ་ཙམ་མོ། །ནང་པ་ཐབས་ཀྱི་ལྟ་བ་དང་སྤྱོད་པ་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ནོ་ངོ་བོ་ཉིད་ཀྱི་རྒྱུར་གནས་པས་འཕགས། ཀུན་རྫོབ་ཏུ་ནི་ཆོས་སྐུ་རིག་པ་སྒྱུ་མའི་ངོ་བོ་ལྷ་དང་ལྷ་མོར་མཉམ་ཞིང་རྫོགས་སོ། །དབྱེར་མེད་ཡང་དག་པའི་དོན་རྟོགས་པའི་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་པ་ཉིད་དུ་དབྱེར་མེད་བློའི་གཏིང་དུ་རབ་ཏུ་རྟོགས། །དགོངས་པ་མཉམ་ཉིད་རྟོགས་པའི་ངང་ལས་མ་གཡོས་བཞིན་སྟོངས་པ་དང་། སྤྱོད་པ་མ་འགག་པ་ཐབས་ཀྱི་ཕྱག་རྒྱ་ཆེན་པོ་སྟོན། །སྤྱོད་པ་ཐབས་དང་ལྟ་བ་ཤེས་རབ་གཉིས་སུ་མེད་ཅིང་རྣམ་པར་དག་འོ་ན་འདས་པ་ཕྱོགས་གཅིག་ཏུ་སོང་ངོ་ཞེ་ན། ཐམས་ཅད་དག་ཅེས་བྱ་བ་ཡང་། །མ་དག་པའི་དངོས་པོ་གཅིག་བསལ་ནས་དག་པར་བྱས་ནས་མ་ཡིན་ཏེ། །དེ་སྣང་བ་དང་སྤྱོད་པའི་དུས་ཉིད་ན་རྣམ་པར་དག་པའོ། །དེ་ཕྱིར་ཀུན་རྫོབ་ཏུ་ཡང་ཆོས་ཀུན་བྱང་ཆུབ་ཀྱི་སྙིང་པོ་གཉིས་སྣང་བས་རྫུན་པར་མི་བལྟ། །དོན་དམ་ཀུན་རྫོབ་གཉིས་མེད་ཅིང་བྱང་ཆུབ་མཉམ་པར་མ་ཤེས་པས། །དོན་དམ་དུ་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་དག་པ་ཆོས་ཉིད་ཙམ་དེ་ཉིད་སུ་སིདྡྷི་ཀ་ར་ལས། ཀུན་རྫོབ་རིགས་གསུམ་ས་ལ་ནི། །རང་བཞིན་ཉིད་དུ་བརྟག་བྱ་སྟེ། །དོན་དམ་དག་པའི་ཆོས་ཉིད་ཡང་། །མཚན་མ་མེད་པའི་ཆོས་ཉིད་དོ། །ཞེས་སྒོམ་མོ། །དེ་རྟོགས་པའི་ཡེ་ཤེས་རྐྱེན་གྱིས་བསྐྱེད་ནས་བཞི་ཡོན་ཀུན་རྫོབ་རིགས་གསུམ་ལྷའི་དལ་དུ་བསྒོམ་པ་ནི། མཚན་བཅས་དང་མཚན་མེད་རེས་མོས་སུ་བསྒོམ་ཞིང་ཡན་ལག་བཅུ་གཅིག་གི་བྱ་བ་ལས་ཀྱི་ས་ཀྲི་ཡོག་ཏུ་གོལ། དངོས་གྲུབ་རང་ལ་ལྷུན་གྲུབ་མཉམ་པ་མ་མཐོང་བས། །དོན་དམ་དུ་ཆོས་ཀུན་རྣམ་པར་དག་པའི་ཡེ་ཤེས་ཀྱི། །ཡོ་གའི་བྱིན་བརླབས་རྡོ་རྗེ་དབྱིངས་སྤྲུལ་ཅིང་ལྷའི་དལ་ཡིན་ཏེ། ཐམས་ཅད་གསང་བའི་རྒྱུད་ལས། ཤེས་རབ་གསང་བ་དམ་པ་ནི། །བུདྡྷ་ཡེ་ཤེས་བླ་མེད་ཡིན། །ཁམས་གསུམ་མ་ལུས་འདི་དག་ཀུན། །དཀྱིལ་འཁོར་ཆེན་པོའི་ངོ་བོ་ཡིན། །ཅེས་སོ། །པས། །སྤྱོད་པ་བླང་དོར་དང་ལྷ་ཡེ་ཤེས་སེམས་དཔའ་ལ་དངོས་གྲུབ་ཉེ་བར་བྱེད་པའི་རྣལ་འབྱོར་གྱི་ས་ལ་གོལ་པའོ། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ལྟ་བ་བྱ་ལམ་ནམ་མཁའ་གཅོད་བཞིན་གྱིས། །ཉོན་མོངས་འཛིན་ཆགས་མ་ལུས་ཐམས་ཅད་ཀུན། །ཐོགས་མེད་མཁའ་ལ་རླུང་ཆེན་འཕྱོ་བ་བཞིན། །བསྒོམ་པས་ཡིད་ཀྱི་རྟོག་ཆགས་མ་ལུས་པ། །ཉམས་ང་མེད་པ་ཆུ་བོ་ཉ་ཆེན་འཕྱོ་བ་ལྟར། །རྣལ་འབྱོར་ལྟ་བ་སྒོམ་པ་སྤྱོད་པ་དེ་ལྟར་ལྟོས། །ཧེ་རུ་ལ་སོགས་པ་དེ་ལྟར་དངོས་པོའི་གནས་ལུགས་བརྟགས་ཤིང་གཏན་ལ་ཕབ་གོལ་སྒྲིབ་ཀྱི་དམིགས་ཕྱེ་ནས། །མ་ནོར་དོན་གྱི་གྲུབ་མཐའ་ནི། །གོང་དུ་བསྟན་པའི་འདས་པའི་ཐེག་པ་མཐོ་དམན་ཐམས་ཅད་དང་། །འཇིག་རྟེན་པའི་ལྟ་བ་ནོར་བ་ཐམས་ཅད་ཀུན། །རང་བྱུང་གི་ཡེ་ཤེས་ཆེན་པོར་རབ་ཏུ་བརྟགས་ན། །རང་བཞིན་ཕྱོགས་གཅིག་པ་ཅིར་ཡང་མེད་ལས་ཅིར་ཡང་མ་འགགས་པ་སྣང་ཡང་། རང་བཞིན་མཉམ་པ་དབྱིངས་ཉིད་ལས་ཉམས་པ་མེད་དོ། །འོ་ན་མཉམ་པའི་ཉིད་ཀྱི་དོན་ཉིད་རང་ཇི་ལྟ་བུ། །ཞེ་ན། མཉམ་ཉིད་རང་བཞིན་གང་ཡང་མིན་པས། ཆོས་ཀུན་མཉམ་པ་ཉིད་ཡིན་ངོ་བོ་ཕྱོགས་གཅིག་ཏུ་འདི་འདྲར་མཚོན་དུ་མེད། །མཉམ་པ་ཉིད་དུ་འཛིན་པ་ཕྱོགས་འཛིན་དང་རྟོགས་པ་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ཞེས་ཐ་སྙད་བརྗོད་པ་ནི། །དང་པོ་གང་ནས་ཀྱང་མ་འོངས་ཐ་མ་གར་ཡང་མི་འགྲོ། །ད་ལྟར་གང་ནས་ཀྱང་མི་གནས་ཏེ། ཡུལ་ཅན་གྱི་རྟོགས་པ་གང་ཡང་མེད་པས་རང་རིག་པ་ཁོ་ན་ཙམ། །དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་ལ་གནས་པས་ཆུབ་པའོ། །བྱང་ཆུབ་སེམས་རྣམས་ཐམས་ཅད་ནི། །བློས་ཤིན་ཏུ་བརྟག་པར་དཀའ་ཞིང་གཏིང་ཟབ་པས། །ཡུལ་དང་ཡུལ་ཅན་དུ་འདས་པས་མ་དམིགས་ད་ལྟར་མི་དམིགས་མ་འོངས་པ་དམིགས་སུ་མེད། །པ་རྣམ་པར་དག་སྟེ་བྱང་བའོ། །སེམས་ཉིད་དེའི་དོན་ནི་ཇི་ལྟ་བུ། །ཞེ་ན། བྱང་ཆུབ་དེ་ནི་སེམས་ཡིན་ནོ། །དེ་ན་སེམས་དང་བྱང་ཆུབ་གཉིས་སུ་མེད་དབྱེར་མེད་པས། །ཁམས་གསུམ་གྱི་སེམས་ཅན་མ་ལུས་ལུས་པ་མེད་པ་ཐམས་ཅད་དང་། །དུས་གསུམ་གྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་རང་བྱུང་ཡེ་ཤེས་སེམས་ཉིད་རང་སྣང་བ་ཡིན་ནོ། །ཡོད་པ་ལས་བཙལ་ན་དངོས་པོར་སྒྲོ་བཏགས་པ་ཡིན་ཏེ། །སྒྲོ་འདོགས་བརྒྱད་དུ་ལྟུང་ཞིང་གོལ་བར་འགྱུར། །དེ་ལ་སྒྲོ་འདོགས་བརྒྱད་ནི། ཡུལ་ཤེས་སེམས་རིག་ཐ་དད་དུ་ཡོད་པར་འདོད་པ་ནི་སོ་སོ་སྐྱེ་བོ་ལྟར་སྒྲོས་བཏགས། བདག་རྟག་པའི་ངོ་བོར་འདོད་ན་མུ་སྟེགས་པ་དུས་གསུམ་རྫས་ཡོད་དུ་འདོད་ན་གཟུང་འཛིན་ཕྲ་བ་དོན་དམ་པའི་བདེན་པ་ཉན་ཐོས། གཟུང་བ་དོན་དམ་པ་དང་རྟེན་འབྲེལ་རྒྱུ་འབྲས་སུ་འདོད་པ་རང་རྒྱལ། གཟུང་འཛིན་ཕྲ་བའི་རང་རིག་སྐད་ཅིག་སྐྱེ་འགགས་ཅན་དུ་འདོད་ན་སེམས་ཙམ། སྣང་བ་སྒྱུ་མ་ལྟ་བུར་བདེན་པར་འདོད་ན་དབུ་མ། སྒྱུ་མ་ལྟ་བུར་ཀུན་རྫོབ་ལྷ་དང་ལྷ་མོར་བདེན་ཅིང་དོན་དམ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རིག་པ་བདེན་པར་འདོད་པ་ཀྲི་ཡ། ཀུན་རྫོབ་བྱིན་རླབས་ལྷའི་དལ་དུ་འདོད་པ་དོན་དམ་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་མཐའ་བྲལ་དུ་བདེན་པར་འདོད་ན་ཡོ་གར་སྒྲོ་བཏགས་པའོ། །དེ་རྣམས་གཉིས་མེད་ལ་གཉིས་སུ་འདོད་ཅིང་ཕྱོགས་འཛིན་དངོས་པོའི་མཐའ་དང་བྲལ་བས་ཡོད་པར་སྒྲོས་འདོགས་པའོ། །དོན་དམ་པའམ་ཡང་དག་པར་ན་ཅི་ཡང་མེད་པ་ལས་བཙལ་ན་སྐུར་པ་བཏབ་སྟེ། །བདེན་པ་ལ་བསྐུར། ཡང་དག་པ་ལ། ངེས་པ་ལ། སྤྱོད་ཡུལ་མེད་པ་ལ། ཕྱི་ནང་མེད་པ་ལ་ངོ་བོ་ཉིད་ལ་བླང་དོར་མེད་པ་ལ་ཡེ་ཤེས་ཆེན་པོ་ལ་བདག་ཉིད་ཆེན་པོ་ལ་བསྐུར་སྐུར་བཏབ་བཅུ་ཡི་གནས་སུ་གོལ་ཞིང་ལྷུང་། །བར་འགྱུར་རོ་དེ་ལ་བསྐུར་བ་བཅུ་ནི། ཆོས་ཉིད་སྟོང་པ་ཉིད་ལ་ཡུལ་ཤེས་དང་འཁོར་བའི་རྒྱུ་འབྲས་གཏན་མ་གྲུབ་སྟེ། ཅི་ཡང་མེད་པར་འདོད་པས་འགྲོ་དྲུག་གི་སྣང་བ་རྒྱུ་འབྲས་ལ་བསྐུར་པ་བཏབ། བདག་གཏན་མེད་པར་འདོད་པ་དང་། མུ་སྟེགས་རྟག་པའི་ལྟ་བ་དང་། གཟུང་འཛིན་ལ་ཕྲ་བའང་མེད་པས་ཉན་ཐོས་ཀྱི་ལྟ་བ་དང་། འབྲས་བུ་ལ། རྟེན་འབྲེལ་གྱི་སྣང་བ་དང་ནང་སྐད་ཅིག་ཙམ་ཡང་གཏན་མེད་པས་རང་རྒྱལ་བ་ལ། སེམས་ཀྱི་སྣང་བ་ཙམ་དང་གཟུང་འཛིན་བྲལ་བའི་རང་རིག་ཙམ་ཡང་མེད་པ་སེམས་ཙམ་པ་དང་། ཀུན་རྫོབ་ཏུ་སྣང་བ་སེམས་ཡིན་པ་དང་། དོན་དམ་རང་བཞིན་སྐྱེ་བ་མེད་པའི་སྣང་བ་སྒྱུ་མ་ལྟ་བུའང་གཏན་མེད་པས་རྣལ་འབྱོར་སྤྱོད་པའི་དབུ་མ་ལ། སྣང་བ་རང་ག་རྡུལ་ཕྲན་དུ་ལུས་པས་སྣང་བ་དང་ངོ་བོ་མཐའ་དང་བྲལ་བའི་རིག་པ་གཏན་མེད་པས། མདོ་སྡེའི་སྤྱོད་པའི་དབུ་མ་ལ། ལྷ་དང་ལྷ་མོའི་དལ་དང་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རིག་པ་ཙམ་ཡང་གཏན་མེད་པས་ཨུ་པ་ཡ་ལ། སྣང་བ་ལྷའི་དལ་དུ་མཐའ་བྲལ་གྱི་ཡེ་ཤེས་སུ་གཉིས་སུ་མེད་པ་ཙམ་ཡང་གཏན་ནས་མེད་པར་འདོད་པས་ཡོ་ག་ལ་བསྐུར་པས་བཏབ་བོ། །དེ་ནི་གཤིས་ཅི་ཡང་མ་གྲུབ་པའི་གཏན་མེད་ཆད་སྟོང་དུ་འདོད་པ་སོ་སོའི་རྒྱུ་འབྲས་དང་། བདེ་བར་གཤེགས་པའི་སྙིང་པོ་ལ་སོགས་ཏེ་ཤེས་བྱའི་དལ་སྣང་ཚད་ལ་བསྐུར་བས་བཏབ་པས་བསྐུར་འདེབས་ཀྱི་ལོག་ལྟས་དམྱལ་བའི་གནས་སུ་ལྷུང་བར་གསུངས་སོ། །དེ་ལྟར་མ་ཡིན་ཏེ་ཡོད་མེད་གཉིས་ལས་བཙལ་བར་བྱས་ན་སྒྲོ་སྐུར་དེ་སྙེད་དུ་གྱུར་ཏེ་མུ་ཐུག་ཁས་མི་ལེན་དུས། མུན་པའི་ལུང་དུ་མ་བསྟན་ཕྱིན་ཅི་ལོག །རིལ་པོའི་བྱིའི་སྦའི་ཕྱོགས་ལྟོས་གཅོད་པའི་རིག་པའི་མཐའ་སེལ་བའི་རྣམ་པར་སེམས་དཔའི་བྱ་བ་ལས་ཀྱི་རྣལ་འབྱོར་གྱི་ལུང་བསྟན་པའོ། །དེ་སྙེད་ལུང་དུ་མ་བསྟན་པར་འགྱུར་དེ་ལྟར་གཞན་དུ་བཙལ་ན་སྐྱོན་ཡོད་པས། དེ་ཕྱིར་ནམ་མཁའ་ཡོད་མེད་ཅེས། །བླུན་པོ་རྣམས་ནི་རྩོད་པར་འགྱུར། །གང་ཟག་མཁས་པས་ནམ་མཁའི་རང་བཞིན་ལ། །ཀུན་གྱི་གོ་སྐབས་འབྱེད་པས་མེད་པར་མི་འཛིན་དངོས་པོའི་རྫས་སུ་མ་གྲུབ་པར་ཡོད་པར་མི་འཛིན་ནོ། །དོན་སེམས་ཉིད་རང་སྣང་ཕྱོགས་མེད་ཀུན་ཏུ་འཆར་བས་ཡོད་པ་ཀུན་གྱི་ངོ་བོ་ཡིན་སེམས་ཉིད་ལ་དངོས་པོ་རྫས་སུ་མ་གྲུབ་པས་ཡོད་མེད་ཀུན་ཀྱི་ངོ་བོ། །དེས་ན་སེམས་ཉིད་སྒྲ་ཙམ་དུ་བརྗོད་དུ་རུང་གི་མོད་ཀྱིས། །ངོ་བོ་འདི་ཡིན་དཔེ་འདི་འདྲ་ཞེས་ཚིག་ཏུ་བསྟན་ཅིང་བློས་དཔག་དཀའ་ལ། །ཕྱོགས་སུ་འཛིན་པའི་ཡོད་དང་མེད་ཅེས་མཚོན་བྱའི་མིང་གྲངས་རྣམས་དང་འགལ་ལོ་ཞེ་ན་ཅི་བྱར་ཡོད་དེ་ཕྱོགས་མེད་ཅིང་མཉམ་པའོ། །སེམས་ཉིད་ཡེ་ནས་སངས་རྒྱས་ལ། །དེ་མིན་པར་འཛིན་པའི་བཟང་ངན་ལྟ་བ་ངན་པ་ལས་བཟློག་པའི་ཕྱིར། །ཆོས་ཀུན་བཟང་ངན་གཉིས་མེད་མཉམ་པ་ཉིད་དང་ཡེ་ནས་སངས་རྒྱས་དང་། །བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། བླ་ན་མེད་པའི་བྱང་ཆུབ་དང་ཆོས་ཉིད་སྟོང་པ་ཉིད་བསམ་ལས་འདས་པས། དེ་བཞིན་ཉིད་དང་སྐྱེ་བ་དང་འགག་པ་མེད་པ་དང་། །མཐའ་དང་བྲལ་བ་རང་མྱ་ངན་ལས་འདས་པ་དང་རང་གྲོལ་ཆེན་པོ་དང་རང་བྱུང་ཡེ་ཤེས་དང་ཕྱོགས་མེད་པ་སོགས་སུ་རྒྱུ་མཚན་ཕྱོགས་རེ་ནས་གང་ཡང་མི་འགལ་བས། བླ་དགས་ཙམ་དུ་བརྗོད་པ་ཡིན་པའོ། །དེ་ལྟར་བྱང་ཆུབ་དེ་ཡང་ཡེ་ནས་ཚིག་ཐམས་ཅད་ཀྱི་དངོས་གཞི་མ་ཡིན་པ་ཚིག་གི་ལམ་ཆད་ཅེས་བྱ། དེའི་ཕྱིར་སེམས་ཉིད་ཚིག་གི་མཐའ་ལ་མི་གནས་པའི་ཚིག་ནི་དེ་ཀུན་ཆོས་ཀྱི་ངོ་བོ་འམ་རང་བཞིན་ལ། །དེ་དག་ལ་སོགས་པ་སྒྲ་ཙམ་དུ་བརྗོད་དུ་རུང་གི་ཡོད་མེད་ལ་སོགས་པའི་ཐ་སྙད་གདགས་སུ་ཅི་ཡོད། །དེས་ན་བསྟན་ཅིང་བརྟག་པར་དཀའ་བར་རྒྱལ་བས་གསུངས་སོ། །དེ་གང་ཟག་གང་གི་བློ་ཡུལ་ཞེན་གྱི་མཐའ་ལ་མ་ཆགས་པདྨ་འདྲ་བ་ཡིས། །རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་རྟོགས་པ་ཅན་གྱི་སྤྱོད་ཡུལ་ཏེ། །ཐེག་འོག་ཀུན་དང་ཐུན་མོང་དེ་མ་ཡིན། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། །སྐྱེས་བུ་བློ་རྩལ་དང་ལྡན་པ་ཤེས་རབ་ཅན་ཀྱིས་རྟོགས་པའོ། །དེ་ཕྱིར་ཤེས་རབ་བློ་རྩལ་ཅན་རྣམས་ཀྱིས་བརྩོན་པར་གྱིས་ཤིག་རྒྱུ་ཤེས་པའི་མཚན་ཉིད་དངོས་མིང་གི་རྣམ་གྲངས། །ལྟ་བའི་ངོ་བོ་རིམ་པས་ཕྱེ་བ་ཡིན། །གང་ཟག་རྟོག་པ་ཅན་སྔ་མ་ཁ་ཅིག་དབང་པོའི་མངོན་སུམ་དུ་སྣང་བ་ལ། །རྣམ་ཤེས་ཚོགས་དྲུག་གམ་ཚོགས་བརྒྱད་ཉིད་ཡེ་ཤེས་ལྔར་གནས་འགྱུར་བའི་ཕྱིར། །འོག་ནས་སྟོན་པའི་ཤེས་རབ་ཀྱིས་མིག་ནས་གཟུགས་སྒྱུ་མ་ཙམ་དུ་མཐོང་འགྲེ་ཡང་ན་དད་པ་དང་ཏིང་ངེ་འཛིན་དང་བརྩོན་འགྲུས་དང་ཤེས་རབ་དང་མོས་པའི་ངང་དབང་པོ་དྲུག་གི་ཚུལ་ནས་ལྟ་བའི་ངོ་བོ་བརྗོད། །དོན་རང་གི་མཚན་ཉིད་ངེས་པར་མ་ནོར་ཅིང་ཡང་དག་པའི་ལྟ་བ་མཐོང་བ་ཡང་། །ཚོགས་བརྒྱད་ཡེ་ཤེས་ལྔ་རུ་གསལ་བའི་ཕྱིར། །ཚོགས་བརྒྱད་ཀྱི་ངོ་བོ་ཡང་རང་བྱུང་ཡེ་ཤེས་ལྔ་དེ་ཉིད་དེ་ཡིན། དབང་པོ་ལྔ་དང་ཡུལ་ལྔ་དམིགས་བྱ་དམིགས་བྱེད་མེད་པའི་ཕྱིར་ཏེ། །གཏན་ཚིགས་དེ་བས་སྒོ་ལྔ་ཡུལ་མེད་རང་གསལ་བར་རྟོགས་པ་ལྟ་བའི་ངོ་བོའོ། །ཤེས་བྱ་ཆོས་ཉིད་དབྱིངས་དང་ཤེས་བྱེད་རིག་པ་གཉིས་སུ་མེད་པར། །ཆོས་ཉིད་དེ་བཞིན་ཉིད་དུ་དབྱེར་མེད་ཅིང་འདུ་འབྲལ་མེད་པ་རྡོ་རྗེས་རིགས། །ཕྱི་གཟུང་བའི་ཡུལ་དང་ནི་ནང་འཛིན་པའི་སེམས་བྲལ་བའི་དེས་ན་རང་བྱུང་ཡེ་ཤེས་ཚོགས་གཅིག་པ་ཞེས་བྱ་རང་རིག་པའི་ཡེ་ཤེས་བྱང་ཆུབ་ཉིད་ཀྱི་སེམས། དམིགས་བྱ་དམིགས་བྱེད་མེད་པར་རང་སྣང་ཚུལ་དུ་དེར་རང་སྣང་བ་ལྟ་བའི་ངོ་བོའོ། །ཆོས་ཉིད་ལ་ཕྱོགས་རིས་མེད་པས་ཡངས་ཤིང་རྒྱ་མཐའ་དབུས་མེད་པ་ཆེ་རྩོལ་བ་མེད་པ་ལྷུན་ཀྱི་གྲུབ་པའི་ནི། །ཕྱི་ནང་སྣོད་དང་བཅུད་གཉིས་སུ་མེད་པར་ཡེ་ནས་ཀུན་གཞི་རང་སྣང་དུ་དག་པས་ལྟ་བའི་ངོ་བོ། །དེ་ལྟར་དག་པར་རྟོགས་པའི་རིག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་ཉིད་ཡིན། །འདི་ནི་དབྱེར་མེད་པ་རྡོ་རྗེ་བཟང་ངན་མེད་པར་མཉམ་པ་ཉིད་ཡིན་ནོ། །རྣམ་ཤེས་ཚོགས་དང་དེའི་སྤྱོད་ཡུལ་གཉིས་སུ་མེད་པས། །འཁོར་འདས་ཐམས་ཅད་མ་ལུས་རང་སྣང་དུ་གཅིག་པའི་ངང་ལུས་པ་མེད་པར་ཀུན་གཞི་ལ་རྫོགས་པ་ལྟ་བའི་ངོ་བོ། །ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་སྟོང་གཉིས་སུ་མེད་པའི་གཟུགས། །རང་སྣང་བ། ལྟ་བྱ་ཡུལ་དང་ལྟ་བར་བྱ་བྱེད་མཁན་པོ་གཉིས་སུ་མེད་པར། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་སྐྱེ་མེད་རང་སྣང་དུ་མཐོང་། །དེ་ནི་ཡུལ་ཡུལ་ཅན་གང་དུའང་མ་མཐོང་གཉིས་མེད་རང་གསལ་དུ་མཐོང་བས་སྤྱན་གྱི་མཆོག་གོ། །ཁྱབ་བྱ་ཁྱབ་བྱེད་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་ཁྱབ་ཅིང་རིག་པ་རང་གསལ་རང་བཞིན་གོ་བའི་སྒྲ། །ཐོས་པར་བྱ་བ་དང་ཐོས་པར་བྱེད་པ་གཉིས་མེད་པར་ཐོས་པའི་ཕུལ། །གཟུང་འཛིན་གྱི་དྲི་མ་མེད་ཅིང་དང་བས་ཤེས་རབ་ཀྱི་དབང་པོས་ཚིམ་པར་བྱེད་པས་ཆོས་ཉིད་ཀྱི་དྲི། །སྣོམ་བྱེད་མེད་པར་ཚོར་བའི་ཤངས། །རང་བྱུང་གི་ཡེ་ཤེས་དོན་བཅུད་གཉིས་སུ་མེད་པར་ཉམས་སུ་མྱོང་བའི་རོ། །མྱོང་བའི་བྱ་བ་དང་མྱོང་པའི་བྱེད་པ་གཉིས་སུ་མེད་པར་མྱོང་བའི་ཕྱིར་རོ། །ཡང་དག་པའི་དོན་ལ་རེག་པ་ཉིད་དེ། དེའི་རིག་པ་ཀུན་གྱི་དངོས་གཞི་སྟེ་རེག་དང་བྲལ་བར་བྱེད་པའོ། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཁམས་སྣ་ཚོགས་ཀུན་མཁྱེན་པ། །རང་རིག་པའི་ཡེ་ཤེས་ལ་དབང་བསྒྱུར་བའི་རྒྱལ་པོ་ཡུལ་མེད་རང་སྣང་བའོ། །དེ་བས་ན་བདག་ཏུ་འཛིན་པས་མ་བསྒྲིབ་པ་རང་གསལ་བའོ། །རིག་པ་བདག་ཉིད་ཆེན་པོ་བདག་བཅས་རིག་པ་གཞི་རྩ་མེད་པ་བདག་དང་བྲལ་བའི་ཡིད། །དངོས་པོ་གནས་ལུགས་དོན་དང་སེམས་ཅན་རྟོག་པ་མེད་ཅིང་ཡུལ་མེད་རང་གསལ་བས། རང་བྱུང་ཡེ་ཤེས་ཀྱི་ངང་དུ་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་མཁྱེན་པའོ། །ཡང་ནི་ལྟ་བའི་རིམ་པས་དོན་གྱི་རྣམ་གྲངས་བརྗོད་པ་ནི། དོན་དམ་དང་ཀུན་རྫོབ་གཉིས་སུ་མེད་པར་མཐོང་། །དེ་ལྟར་རྟོགས་པའི་རང་རིག་པའི་མངོན་སུམ་དུ་བྱས་ནས་རིམ་པས་ཕྱེ་བས་ནི་རྟོགས་དང་གོ་བའི་རིམ་པས། ཏིང་ངེ་འཛིན་ནི་ཚོགས་ཀྱི་རྣལ་འབྱོར་ཏེ་རྣམ་པ་བཞི་དེ་ཏིང་དོན་དམ་ཀུན་ཏུ་སྣང་ཀུན་རྫོབ་ཕྱག་རྒྱ་གཅིག་པ་དབྱེར་མེད་སྣང་འབྱེད་བདེན་པ་དབྱེར་མེད་དམ་སྤྱོད་ཡུལ་དང་བྲལ་བའོ། །ལམ་དང་སྒོ་བཞི་དང་རིམ་པ་བཞི་སྟེ། སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་དང་། མཚན་མ་མེད་པ། སྨོན་པ་མེད་པ་རང་བཞིན་གྱིས་འོད་གསལ་བ་རྣམ་པར་ཐར་པའི་སྒོའོ། །སྦྱོར་ལམ་བར་ཆད་མེད་པ་སྟེ་བསྙེན་སྒྲུབ་རྣམ་པ་བཞིས་ཟག་མེད་ལམ་གྲངས་སུ་ཕྱེ་ན་ཉམས་གཡོ་བའི་དང་ཐོབ་པའི་དང་། གོམས་པའི་དང་བརྟན་པའི་དང་མཐར་ཕྱིན་པའི་ཉམས་དང་ལྔ་ལྔས་རིམ་པར་གོང་དུ་འཕེན་ཞིང་འཕར། །ཆོས་ཉིད་མཉམ་ཉིད་ངང་ལས་མི་སྐྲག་པས། །མངོན་བྱས་ངེས་པའི་ཤེས་རབ་ལྟ་བ་དང་། །རྣམ་པ་ཀུན་ལྡན་སྟོང་པ་ཆེན་པོ་མཐོང་བའི་ངང་ལ་གནས་པ་དེ་བཞིན་ཉིད་དང་། རང་རིག་པའི་སྙིང་རྗེ་ཀུན་ལ་ཡེ་ཤེས་ཀྱིས་སྒྱུ་མ་ལྟ་བུ། ཀུན་ཏུ་སྣང་བའི་དང་ཕྱག་རྒྱ་གཅིག་དབྱེར་མེད་རང་གི་རིག་པའི་མངོན་སུམ་དུ་གསལ་ལ། སྐུ་འབྲས་བུར་ལྟ་བ་དང་། སྣང་བྱེད་རྟོག་ཚོགས་ཐམས་ཅད་ལྷ་དང་གཉིས་མེད་རང་གསལ་བའི་ལྟ་བ་དང་ལྔ། བར་ཆད་མེད་པའི་ཚོགས་ཆེན་གྲུབ་པའི་ལྟ་བ་མཐོང་བ་དང་། ཚེ་ལ་དབང་བསྒྱུར་མཐོང་ལམ་གྱི་ལྟ་བ་དང་་མཉམ་པ་ཉིད་ལ་མི་གཡོ་བ་སྒོམ་ལམ་མུ་ཏྲ་མ་ཧཱའི་ལྟ་བ་དང་། མཐར་ལམ་ལྷུན་གྲུབ་པ་ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ་དང་པོ་ལྟ་བ་ནི། ལྟ་བ་དེའི་རྒྱུ་གང་ལས་བྱུང་ཞེ་ན་ཐོས་བསམ་གྱི་སོ་སོར་རྟོགས་པའི་ཤེས་རབ་ལས་བྱུང་གོམས་པའི་ཨ་ཏི་དང་། །དེ་ཏིང་མན་ཆད་རྣལ་འབྱོར་རིམ་པའི་རྒྱུ་ལས་སྐྱེས། །དེ་བས་ཤེས་རབ་གསུམ་ལ་འབོད། །རྒྱུད་དོན་ཀྱི་དོན་རྣམས་ལྟ་བའི་གཟུངས་ཀྱིས་ཟིན་པ་ནི། །དམ་ཚིག་དམ་ཚིག་ཅེས་བྱ་བ་གུད་ན་ཡོད་པ་མ་ཡིན་ཏེ། རང་གི་ལྟ་བ་ལས་མི་འདའ་བ་དམ་ཚིག་ཡིན། །སྡོམ་པ་རྣམ་པ་བཅུ་གསུམ་ནི་རྩ་བའི་དམ་ཚིག་ལྔ་ཡན་ལག་གི་ཉེར་ལྔ་སྟེ་གསུམ་དང་། །ཐུན་མོང་སྤྱི་ཡི་དམ་ཚིག་མཐའ་ཡས་པ་ཡོད་ཀྱང་། ཆོས་ཉིད་ཐིག་ལེ་ཆེན་པོ་རྟོགས་པའི་ངང་དུ་ཐམས་ཅད་འདུས་ཤིང་གསལ། །དེ་ལས་མ་གཡོས་ནས་ཇི་ལྟར་སྤྱོད་ཀྱང་དམ་ཚིག་སྡོམ་པ་ལས་མི་འདའ། །སྤྱོད་པ་བདག་དོན་གཞན་དོན་རྣམ་པ་གཉིས་པོ་ཡང་། །ཐིག་ལེ་ཆེན་པོ་ལྟ་བ་རྟོགས་པའི་ངང་དུ་ངེས་པར་སྤྱོད་ན། མཐའ་ཅི་ལའང་མི་གནས་སྤྱོད་པ་ཀུན་ལ་སྤྱོད། །སྤྱོད་པའི་མཁན་པོ་དང་སྤྱད་པར་བྱ་བ་གཉིས་སུ་མེད་པར་མཐོང་བའོ། །ཕྲིན་ལས་བྱ་བྱེད་མེད་པའི་ཚུལ་གྱིས་སུ། །ལས་རྣམས་ཀུན་ལ་ཐོགས་པ་མེད་པའི་སྤྱོད། །ཕྲིན་ལས་བཞི་ཡི་ལས་རིགས་དང་ལྷུན་གྱིས་གྲུབ་པའི་གཅིག་པོ་ཡང་། །ཐིག་ལེ་ཆེན་པོ་ལྟ་བའི་ངང་དུ་གསལ་བས་བྱ་བྱེད་མེད་པར་གྲུབ་བོ། །འདོད་ཡོན་ལ་སོགས་པའི་མཆོད་པའི་རྒྱན་དང་ལོངས་སྤྱོད་ཀུན། །གཞན་ན་མེད་པ་རིག་པ་བྱང་ཆུབ་སེམས་ཆེན་པོའི། ཆོ་འཕྲུལ་ཆེན་པོའི་ངང་དུ་འདུས། །གཞན་དུ་ཕུལ་བ་མེད་པར་ཐམས་ཅད་མཆོད་པའི་ངང་དུ་མཆོད་པས་དེ་བཞིན་གཤེགས་པ་མཉེས། །གཞལ་ཡས་ཁང་དང་དཀྱིལ་འཁོར་དང་། །ཁྲོ་ཚོགས་འདུ་འཕྲོ་མང་པོ་ཡང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །དེ་བས་རྣམ་བདུན་རིག་པའི་ངང་། །དུ་འདུས་ཤིང་ངང་རྫོགས་པའོ། །དེ་ལ་དཀྱིལ་འཁོར་བདུན་ནི་རྒྱས་པ་ལས། འདིར་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་པ་རང་བཞིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དང་། ལྷག་པ་གཟུགས་བརྙན་གྱི་དང་ཏིང་ངེ་འཛིན་དང་། ལྷག་པ་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་སེམས་ཀྱི་དང་། ཚོགས་ཀྱི་དཀྱིལ་འཁོར་དང་བདུན་ནོ། །འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་བཞིན་ནམ་ངང་གིས་རིག་པ་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར། །ཕན་ནུས་གསང་ཡེ་ཤེས་བདེ་བ་ཆེན་པོའི་དབང་ལྔ་མ་བཙལ་བར་སེམས་ཀྱི་ངང་དུ་ལྷུན་གྱིས་གྲུབ་ཅིང་རྫོགས། །དེ་ནས་དབང་བཅོ་བརྒྱད་རང་རིག་པའི་ཆོ་འཕྲུལ་སུ་སྣང་ང་ོ། །འབྲས་བུ་རང་ལ་ཡོད་པ་ལ་ངོ་མཚར་ཞིང་ངམ་པ་ཨེ་མ་འོ་རྒྱུ་རྐྱེན་གྱིས་མ་བསྒྲུབས་པར་རང་བཞིན་ལྷུན་གྱིས་གྲུབ་ཆེན་པོའོ། །དེ་ལྟར་གྲུབ་པ་ཆེན་པོ་རང་བྱུང་ཡེ་ཤེས་ཆེ། །བསྒྲུབ་པའི་འབྲས་བུ་དོན་དུ་གཉེར་བའི་ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམ་གྲངས་ཀུན། །རང་རིག་བྱང་ཆུབ་ཀྱི་སེམས་ཆེན་པོ་ཡིན་ནོ། །ཏིང་ངེ་འཛིན་གྱིས་ལྟ་བའི་ངང་ལ་གནས་པ་བྱེ་བྲག་ཀུན་མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན། རང་རིག་སྣང་ཕྱིར་ཆུ་བུར་དང་། །མཚོན་མེད་ནམ་མཁའ་ལྟ་བུའི་རང་བཞིན་པས། །རང་རིག་པའི་ཡེ་ཤེས་ཉིད་ལས་གཞན་དུ་བསམ་ཞིང་བསྒོམ་པ་མིན། །སྔགས་དང་ཕྱག་རྒྱ་སྣང་བའང་སེམས་ཉིད་རང་སྣང་བ་ཡིན་པའི་ཕྱིར། །བྲག་ཆ་ལྟ་བུ་དང་ཆུ་ཟླ་འདྲ་བར་དབྱེར་མེད་དམ་ཤེས་ན། །ཕྱག་རྒྱ་བཅིང་བ་དང་སྔགས་བརྗོད་པའི་ལས་དང་ཉིད་གང་ལྟར་ཡང་མྱ་ངན་འདས་པའི་ངང་དུ་མཉམ། དེ་བས་ན་བྱ་བྱེད་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་དོན་རྟོགས་པར་གྱིས་ཤིག་པའོ། །དེ་ལྟར་ཐམས་ཅད་ལྟ་བ་ལ་འདུས་པས་ལྟ་བ་ལྟ་བ་གཙོ་བརྗོད་མོད། །ངེས་པའི་དོན་དུ་ཤེས་རབ་ཀྱི་ཆོས་ཀུན་མཉམ་ཉིད་དུ་རྟོགས་པས་ལྟ་བ་ཞེས་བྱ། དེ་ནི་དཔེར་ན་དེད་དཔོན་རིན་པོ་ཆེ་རཏྣའི་གླིང་ནས་ལེན་པ་ཅི་བཞིན་དུ། །ལམ་དུ་ཞུགས་པ་ནས་གདོད་མཐའི་བར་གྱི་བྱེ་བྲག་རྣམ་པར་ལྟ་བའི་སྐབས་འདིར་ཤེས་དགོས། །ཐོས་བསམ་བསྒོམ་གསུམ་ཤེས་རབ་རྟོགས་པའི་གཉེར་ཆུབ་ཚེ། །པར་བྱེད་པའི། བདག་དོན་དང་གཞན་གྱི་དོན་བྱ་བའི་ཕྱིར་བྱ་བ་རྣམས། །རྒྱུ་ཤེས་པས་ལྟ་བའི་གཞི་ལ་སྤྱོད་པ་ཀུན་ཀྱང་སྤྱོད། །དོན་དུ་ཐོས་བསམ་བཅུ་སྤྱོད་ནོར་དུ་གཉེར་བའོ། །སྤྱོད་པ་འདི་ཡང་དཔེའི་དབང་བསྒྱུར་གྱི་རྒྱལ་པོའི་སྤྱོད་པ་འཁོར་ལོས་བསྒྱུར་བའི་ཤེས་རབ་ས་ཁམས་འདུལ་ཞིང་ཆེ་ཆུང་དང་། །ཐབས་ཀྱི་སྤྱོད་པ་སྟོབས་ཅན་གླང་པོ་ཆུར་འཇུག་པའི་རྩལ་སྒྱིད་དྲག་ཞན་དང་། །བྱིན་རླབས་ཀྱི་སྤྱོད་པ་མཁའ་ཡུལ་ཆེ་ཆུང་ཇི་ལྟར་བར། །སྤྱོད་པའི་གཞི་གཅིག་ཀྱང་སྟོབས་ཀྱིས་ཁྱད་པར་ཡོད་པར་འགྱུར་རོ། །ཆོས་ཀུན་ཡེ་ནས་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས། །ཆོས་དབྱིངས་དེ་ལའང་ང་དང་བདག་མ་རྟོག །རང་བཞིན་རྣམ་པར་དག་ཅིང་གཉིས་སུ་མེད་པ་ལ། །གཙང་དང་དམེ་བའི་བློ་མ་བྱེད། །ཆོས་རྣམས་ཐམས་ཅད་ཡེ་ནས་བདེ་བར་གཤེགས་པའི་སྙིང་པོ་བས། །གློ་བུར་རྣམ་རྟོག་རྐྱེན་གྱིས་རྡུལ་གྱིས་གང་ལ་འགོ། །ཤེས་རབ་མཆོག་གི་ས་དེ་ལྟར་གོ་ཞིང་རྟོགས་པར་གྱིས། རྟོགས་པའི་ཆོས་རྣམས་མ་ལུས་ཀུན་འདུས་པས་ཆོས་ཀྱི་དབྱིངས་སུ་ཤེས་པར་བྱོས། །དེ་ལྟར་ཤེས་པ་ལ་ཡོན་ཏན་ཡོད་པ་བས་ན་རྒྱུ་ཤེས་པར་བྱ་བ་ལྟ་བ་རྟོགས་པའི་ཐབས་རྣམས། །དམ་ཚིག་སྡོམ་པའི་ངོ་བོར་བྱེད། །བདག་གི་དོན་དང་གཞན་གྱི་དོན་བྱ་བའི་ཕྱིར་སྤྱོད་པ་གཙོར་བྱེད་པའི་རྣལ་འབྱོར་ཀྱི། །དང་པོ་ཕོགས་པའི་སྡོམ་པའི་ཀུན་ཀྱང་སློབ། །ཤེས་རབ་ཆེན་པོ་ས་ལྟ་བ་རྟོགས་པའི་སྦྱིན་སྲེག་གི་གང་ལའང་ཞེན་པ་མེད་པས། །བསྲེག་རྫས་སྲིད་གསུམ་གྱི་མཚན་མ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་ཉོན་མོངས་སྲེགས་པའི་མེ་རུ་འབར་བས། ཡེ་ཤེས་ཀྱི་མེ་འབར་བས་འགྲོ་བ་ཀུན་ཀྱང་ཆོས་ཉིད་དབྱིངས་ཀྱི་ངང་དུ་བསྒྲལ། །མ་སེམས་སྐྱེ་བ་ནས་འབྲས་བུ་ཐོབ་བྱའི་བར་དུ་གདོད་མཐར་ལམ་དོན་དུ་གཉེར་ཐེ་ཚོམ་གྱིས་སྤྲོས་པ་གཅོད་ཅིང་། །འབྲས་བུ་རང་ལ་གྲུབ་པ་བགྲོད་པ་དང་གཞན་དོན་ལ་འཇུག་པ་ཡང་། །བདག་དང་གཞན་ཕྱིར་དམ་བཅའ་བས། །བདག་ཉིད་ཀྱི་དོན་ལ་བླ་མེད་ཡང་གཞན་དོན་ཤུགས་ཀྱིས་ཡོངས་སུ་རྫོགས་པའོ། །དེ་བས་ན་བྱིས་པ་ཉན་རང་པར་མི་མཚུངས་ཏེ། །ཀུན་ལམ་སྐབས་ལས་ཤེས་པར་བྱ། །རྣལ་འབྱོར་གང་གིས་སྐྱེ་མེད་ཀྱི་དོན་འདི་ལྟར་མཐོང་ཞིང་ལྟ་བ་རྟོགས་པས། །མཆོག་ཐུན་མོང་གི་དངོས་གྲུབ་བླ་མེད་མཆོག་གི་སྙིང་པོ་སྟེ། །ཆུ་སྲིན་ཕྱག་རྒྱ་ནི་ཆུ་སྲིན་གྱི་གྲེ་བར་རཏྣ་ཆུད་ན་མི་གཏོང་བ་ཅི་བཞིན་དུ། །དང་པོའི་ལྟ་བ་དོན་མངོན་དུ་རྟོགས་ནས་ལྟ་བའི་གཟུངས་ཀྱི་མཐར་འཁོར་བ་མི་གཏོང་ཞིང་བྱང་ཆུབ་ཐོབ་པའོ། །སྤྱོད་ཡུལ་མི་ཉམས་ཤིང་ལྟ་བ་རྟོགས་པའི་ཡོན་ཏན་ཀུན་ཏུ་ཚད་དང་དཔག་ཏུ་མེད། །ལྟ་བ་རྟོགས་ན་ཀུན་ནས་ཉོན་མོངས་པའི་སྤྱོད་པའང་གྲོལ། །ཐུན་མོང་གི་ལམ་མཚན་ཉིད་དང་སྔགས་ཕྱི་པ་གཉིས་ཏེ་དེ་བཞིན་དུ་ཐེག་དམན་པ་ལས་ཀྱང་གྲོལ་པས། །དགེ་སྡིག་རྣམ་སྨིན་གྱིས་མི་གོས་ཤིང་གཉིས་སུ་མེད་པའི་ཚོགས་གཉིས་ལ་རང་བཞིན་མེད་ཡེ་ཤེས་རྫོགས་པའོ། །རྣལ་འབྱོར་གང་གིས་དོན་དེ་ལྟར་ལྟ་བ་རྟོགས་པར་གྱུར་པ་ནི། སྒྲོ་དང་སྐུར་པ་དང་མཐའ་ལུང་མ་བསྟན་པ་གསུམ་ལས་གྲོལ་ཏེ། །འཇུག་པའི་དོན་ལམ་གྱི་གནས་སྐབས་རྣམས་མཐར་ཐུག་འབྲས་བུ་མངོན་དུ་འབྱིན་པར་བྱེད་དོན། དེ་བས་ན་ལྟ་བ་ལ་བདག་དོན་གཞན་དོན་ཆོས་དོན་རྣམས་ཡོངས་སུ་རྫོགས་པའོ། །དེའང་རྒྱ་ཆེ་བ་ས་གཞི་ལྟ་བུ་དང་ཟབ་པ་རྒྱ་མཚོ་ཡངས་ལ་བར་སྣང་ཤེས་རབ་རལ་གྲི་མྱུར་བ་གློག་ལྟ་བུའི། ཆོས་ཉིད་ཟབ་པའི་དོན་མངོན་སུམ་དུ་རྟོགས་འཁོར་བ་མི་ལྡོག་པ་ལ་དགོངས་པ་བདེ་བ་ལ་གནས་པ་སྟེའང་། །ང་དང་བདག་ཏུ་འཛིན་པ་མེད་པར་བློ་གྲོས་ཡངས་པ་བདེ་བའི་དོན་དང་ལྡན་པའོ། །རྣལ་འབྱོར་བརྩོན་འགྲུས་ཀྱི་ལྟ་བའི་དོན་པས་རྟོགས་པ་ལྷ྄ུར་བྱེད་ན། །དབང་ཐོབ་ཆོས་ལ་དབང་བྱེད་པའི་ལྟས་ཏེ་རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་མེ་ཏོག་དང་བདུད་རྩིའི་ཆར་འབབ་པ་དང་། རིན་པོ་ཆེའི་གླེགས་བམ་དང་གསེར་གྱི་འཁོར་ལོ་ལ་སོགས་པ་ལག་ཏུ་གཏད་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་པ་དང་། དུང་དང་རྔ་བོ་ཆེ་ལ་སོགས་པ་སྟོང་གསུམ་གང་བར་བསྒྲགས་པ་དང་། ཉི་ཟླ་ལག་ཏུ་ཐོགས་ཏེ་འཇིག་རྟེན་གྱི་མུན་པ་བསལ་བ་དང་དེ་ལ་སོགས་པ་རྨི་བ་ནི་ཆོས་ལ་དབང་ཐོབ་པའི་ལྟས་སོ། །བདེན་མཐོང་དང་བདེན་པ་མཐོང་བའི་ལྟས་ཏེ་སྔར་མ་མཐོང་བའི་ཡུལ་ཁམས་ཆེན་པོ་མཐོང་བ་དང་། བྱང་ཆུབ་ཆེན་པོའི་མཆོད་རྟེན་ལ་འཛེག་ཅིང་ཐམས་ཅད་མཐོང་བ་དང་། རི་བོའི་རྩེ་ནས་ཕྱོགས་ཐམས་ཅད་དུ་བལྟས་ཤིང་མཐོང་བ་དང་ནམ་མཁའི་ཁམས་ཀུན་མཐོང་བ་དང་། རང་ལས་འོད་བྱུང་ནས་སྣང་སྲིད་ཀུན་གསལ་བ་དེ་ལྟ་བུས་མཚན་མ་རྨི་ལམ་དུ་མཐོང་ཞིང་འབྱུང་ལ་གཞན་ཡང་སྒྲིབ་པ་དག་པ་ལ་སོགས་པ་འབྱུང་བར་གསུངས་ཏེ། སྒྲེན་མོར་བུད་ནས་ལུས་ཀྱི་དྲི་མ་ཐམས་ཅད་དག་པ་དང་། ཆུ་བོ་ཆེ་ལ་བརྐྱལ་ཞིང་ཁྲུས་བྱེད་པ་དང་རྣག་ཁྲག་དང་ནང་ཁྲོལ་ལ་སོགས་པ་ཐམས་ཅད་ཕྱིར་ལ་སངས་ཀྱིས་ཐོན་པ་དང་། ལུས་མེས་བསྲེགས་ཏེ་མི་སྣང་བ་ལ་སོགས་པའོ། །རྩ་བའི་དྲོད་ལས་དགོངས་པ་ཕྱོགས་རིས་མེད་པར་རང་བཞིན་གྱིས་བདེ་བ་དང་ཡན་ལག་ཀུན་གྱི་དྲོད་ནི་ཕྱིའི་དྲོད་ལུས་གྱི་བཟོད་པ་ཕྲ་མོ་ཐོབ་པ་དང་། ནང་གི་དྲོད་དབུགས་དལ་ཞིང་དབང་པོ་གསལ་བ་དང་། གསང་བའི་དྲོད་སེམས་རྣལ་དུ་ཕེབ་པ་ལ་སོགས་པའོ། །ངང་ངམ་ཤུགས་ཀྱིས་འབྱུང་བར་ཐེ་ཚོམ་མེད། །རྟགས་རྟོགས་པས་དེ་ལ་མཚན་མ་འབྱུང་བ་ནི། །ཤེས་རབ་ཀྱི་སྟོབས་ཀྱིས་རྟོགས་པའི་ངང་ངམ་རིག་པ་ཀླུང་དུ་འབེབས་ཤིང་རྟོགས་པའི་ལྡན་པས། །སྐྱེ་འཆི་མེད་པར་རྟོགས་པས་ན་གཞན་དོན་འཕོ་འགྱུར་མཐོང་ཡང་འཇིགས་མེད་ཅིང་ཉམ་ང་བ་མེད་པ་དང་། སྣང་སྲིད་ཆོས་སྐུར་ཤེས་པས་འཁྲུལ་པའི་ཁམས་ལ་སྐྱོ་བ་མེད། །སངས་རྒྱས་རང་ལ་ཡོད་པར་རྟོགས་པས་གྲུབ་པའི་མཐའ་དང་གནས་གཞན་ལ་སྨོན་པ་མེད་དེ། །འདོད་པའི་ལོངས་སྤྱོད་ལྔ་ལ་སྤྱོད་ཀྱང་ཆོས་ཉིད་མཉམ་པར་སྦྱོར། །ལུས་ལ་སྡུག་བསྔལ་དྲག་པོ་དང་ཉོན་མོངས་ཅི་སྐྱེས་ཀྱང་རང་ཤུགས་ཀྱིས་བཟོད་ཆེན་པོ་ཐོབ་ཏེ། །གཞན་དོན་ལས་རྣམས་ཀུན་ལ་ཁུར་དུ་མི་ལྟ། །ཏན་ཏྲའི་ལས་ཇི་ལྟར་འབྱུང་ཡང་ལུང་དང་འགལ་བ་མེད་པར་སྤྱོད། །ཐ་མལ་གཉིས་འཛིན་གྱི་སྤྱོད་པ་ལས་ཤིན་ཏུ་ཡང་ལྷག་པར་འགྱུར་ཏེ། སྒོ་གསུམ་གྱི་སྤྱོད་པ་རྒྱུན་གྱི་ཚོགས་གཉིས་རྫོགས། །མདོ་ཙམ་སྨོས་ཀྱི་ལྟ་བ་རྟོགས་པའི་རྟགས་ཀྱི་རྣམ་གྲངས་ཐ་དད་བརྗོད་ཀྱི་མི་ལང་ངོ་། །དཔེར་ན་རྒྱ་མཚོ་དྭངས་བའི་ནང་དུ་ཉི་ཟླ་གཟའ་སྐར་གྱི་གཟུགས་བརྙན་འཆར་བ། ལྟར། །ཚིག་གི་སྒྲ་བརྟེན་ལ་དོན་སྤྱིའི་རྣམ་པ་ཡིད་ལ་བྱེད་མིན་པར། །དོན་རང་གི་མཚན་ཉིད་རང་རིག་པ་མངོན་སུམ་རྟོགས་པས་དམིགས་པའི་ཡུལ་དང་བྲལ་བར། །ཡུལ་མེད་པར་རང་གསལ་སྒྲོ་སྐུར་ལུང་མ་བསྟན་གསུམ་དང་བྲལ་གྲུབ་མཐའ་གཞན་གྱི་རྐྱེན་གྱིས་མི་བརྒུལ་བར། །ངེས་པར་བློའི་གདེང་དུ་རྟོགས་ཅིང་ཆུད་པར་གང་བྱས་པ། །ཐོས་བསམ་ལ་བརྟེན་པའི་ལྟ་བ་བལྟ་བྱ་ཡུལ་དང་ལྟ་བྱེད་མཁན་པོ་གཉིས་སུ་མེད་པར་ལྟ་བའི་དངོས་པོ་མཐར་ཕྱིན་པའོ། །འོན་ཀྱང་ཐོས་བསམ་གྱི་ལྟ་བ་ཁུང་དུ་ཆུད་པ་གོམ་པ་ལྟ་བ་འཕེལ་པ་དང་ས་ཡི་རིམ། །དཔེར་ན་མིག་གི་དབང་པོ་དང་མའི་སྤྱོད་ཡུལ་ལ། །ཉེ་རིང་དྲུང་བཞིན་ཇེ་གསལ་ཇེ་གསལ་ལ་འགྲོ་བ་སྒོམ་པའི་ཤེས་རབ་སྟོབས་འཕེལ་བས། །སྔ་མ་སྔ་མ་རྒྱུ་ཕྱི་མ་ཕྱི་མ་རྒྱུ་རྐྱེན་གོང་འོག་འབྲས་བུར་འབྲེལ། །བ་སྟེ། རྟོགས་པ་གསལ་བའི་བྱེ་བྲག་གི་ལམ་ནས་གོང་དུ་གསལ་རིམ་པར་གྱིས་ཆོས་ཐམས་ཅད་ཇེ་གསལ་ཇེ་གསལ་ལ་འགྲོ་བས། ཡང་གོང་གི་རིམ་པ་དེ་བས་སྐབས་ལ་གསལ་བའི་མིང་བརྗོད་ཀྱི་དངོས་པོ་གཅིག །ལྟ་བས་གོང་གི་དོན་ལྟར་མ་རྟོགས་པའི། །བློ་ངན་མཉམ་པར་ཁུངས་ཕྱུང་ནས། །དོན་མ་རྟོགས་པར་དམན་པ་ལ་གྱུར་པའི་དང་ལེ་ལོ་སྙོམ་ལས་བྱས་པས། དོན་ཐར་པ་མ་གྲུབ་པར་སླར་ངན་སོང་དུ་འགྲོ་བས། དེས་ན་སེམས་ཀྱི་མཉམ་པ་མ་རྟོགས་ན། །ཁ་རྟོགས་ཚིག་གི་མཉམ་པས་སངས་མི་རྒྱའོ། །དེ་བས་དོན་ཚིག་ལྡན་པར་བྱོས། །ལྟ་བ་མངོན་དུ་མ་རྟོགས་འོན་ཏང་མོས་ཤིང་དོན་དུ་གཉེར་ན་ཐེ་ཚོམ་མེད་པར་འགྲུབ། །དཔེར་ན་སྤྱན་བཟང་དང་ལོང་བ་ལམ་ཞུགས་ཅི་བཞིན་དུ། །དོན་ལྟ་བ་མེད་ན། ལམ་ཀུན་ཟག་ཅིང་འཆིང་བར་འགྱུར། །བདག་གཞན་གྱི་དོན་དུ་མི་འགྱུར་ཕྱིར་ན་བརླག་སྟེ་འགྲོར། ལྟ་བ་མེད་ན་སྐྱོན་ཡོད་པ་དེ་བས་དོན་ལ་འགྲུབ་པར་གྱིས། །གོང་དུ་བསྟན་པ་དེ་ལྟར་ལྟ་བའི་དོན་མཐོང་བའི་མི་གང་ཞིག་གིས། །གཞན་དུ་ཅི་ལའང་མི་བསམ་ལྟ་བའི་དོན་དེ་ལ་ཡང་ནས་ཡང་དུ་འདྲིས་པར་གྱིས། །རྫོགས་པའི་སངས་རྒྱས་སྐྱེས་བུ་དམ་པ་མཆོག་འདོད་པས། །ལྟ་བ་དེ་ལ་དུས་རྟག་ཏུ་བརྩོན་འགྲུས་གསལ་བར་མཐར་ཕྱིན་གྱིས། །དཔེར་ན་ལམ་ཤེས་ནས་ལམ་དུ་འཇུག་པ་བཞིན་ཕྱིར། །འཇུག་པ་ཨ་ཏི་རྣམས་དང་ལྟ་བ་ནི་སྔ་ཕྱི་རྒྱུ་འབྲས་ཀྱི་ཚུལ་དུ་འཕེལ་བའོ། །རང་གནས་མཐོང་བའི་ལེའུ་གཉིས་པའོ།། ༈ །།ལེའུ་གཉིས་པ་ཆོས་ཀུན་རིག་པ་བདག་ཉིད་ངང་ཆེན་རྟོགས་པས་མོས། །དེ་ལྟར་རྟོགས་པའི་རྗེས་སུ་གོམས་པར་བྱེད་པའི་ས་མ་ཏི་བཤད་པར་བྱའོ། །ལམ་སྔ་མ་སྔ་མ་གང་དང་གང་། །ལམ་ཕྱི་མ་ཕྱི་མའི་ཐབས་དང་རྒྱུ། །དེ་བཞིན་ལམ་ཕྱི་མ་ཕྱི་མ་གང་། །ལམ་སྔ་མ་སྔ་མ་ལས་འབྱུང་འབྲས། །དེ་ལྟར་ན་རྒྱུ་དང་འབྲས་བུའི་འབྲེལ་བ་དང་ཐབས་དང་ཐབས་བྱུང་འབྲེལ་པ་ལམ་བགྲོད་པའི། །སྲིད་པ་རིམ་གྱིས་པའི་འཁོར་ལོའི་ཚུལ་བཞིན་དུ། །ཤེས་རབ་དབང་པོ་ཆེ་ཆུང་དང་དོན་དུ་གཉེར་བའི་བརྩོན་འགྲུས་བཟང་ངན་གྱིས། །རྣམ་པར་དབྱེ་བའི་ལུས་ཅིག་ཆར་རིམ་གྱིས་གཉིས་གཉིས་སུ་བསྟན། །སྲིད་པ་ཅིར་ཆར་བ་རྫོགས་པར་སྨིན་ཚུལ་ཏེ་བརྫུས་སྐྱེས་ཀྱི་ཚུལ་དུ་བསྒྲོད་པ་ནི། ལྟ་བ་ལྷག་པར་རྟོགས་ཤིང་གདེང་ལྡན་སྐྱེས་བུ་ཡིས། །དེ་ཏིང་ཀུན་ཏིང་གཅིག་པ་སྤྲོས་བཅས་གོམས་པ་རྣམ་བཞི་དོན་དམ་ཀུན་རྫོབ་དབྱེར་མེད་ཟུངས་ལྡན་པར། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་དང་། ཕྱག་རྒྱ་གཅིག་དང་སྤྲོས་བཅས་ལ་སོགས་པའོ། །དེ་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས། སྤྲོས་བྲལ་སྐྱེ་བ་མེད་པར་རྟོགས་ཤིང་བཅོས་བསླད་སྤྱོད་ཡུལ་མེད་པའི་ངང་ལ་གནས་པའོ། །ཀུན་ཏིང་ནི། ཆོས་ཀུན་རང་རིག་པའི་ཡེ་ཤེས་ཉིད་མ་འགག་པ་ཅིར་ཡང་སྣང་ཞིང་གཉིས་སུ་མེད་པར་ངང་གིས་གནས་པའོ། །ཕྱག་རྒྱ་གཅིག་པ་ནི། ཅིར་སྣང་རང་བྱུང་གི་སྐུ་དང་རིག་པའི་ཡེ་ཤེས་ལ་གཡོས་པ་མེད་པའོ། །སྤྲོས་བཅས་ནི་སྣོད་བཅུད་དག་པའི་ཡེ་ཤེས་རྒྱལ་བའི་དལ་དུ་མ་འདྲེས་པར་གསལ་བའོ། །དེ་ལྟར་སྒོམ་པ་རྣམ་བཞི་ཡང་། དུས་གཅིག་རྫོགས་པ་ཡིན་ཏེ། གདོད་མ་ཉིད་ནས་གོམས་པར་བྱེད། །རང་བྱུང་གི་ཡེ་ཤེས་མཐའ་དབུས་མེད་པ་ཐིག་ལེ་ཆེན་པོའི་རང་བཞིན་ལ། །སྒོམ་པ་རྣམ་དེ་ཏིང་ཀུན་ཏིང་རྒྱུ་ཏིང་གསུམ་དུས་གཅིག་རྫོགས། །ཐིག་ལེ་ཆེན་པོ་དེ་ནི་སྤྲོས་བྲལ་མཐའ་དབུས་མེད་པ་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ནི་ཅིར་ཡང་སྣང་བས་ཀུན་ཏུ་སྣང་གི་ངང་། །དེ་ནི་དབྱེར་མེད་ཅིང་ཡེ་ཤེས་ཆེན་པོའི་དལ་དུ་རང་གསལ་བ་རྒྱུ་ཡི་རིམ་པར་ལྡན། །རྣམས་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་པ་ཡིན་ཏེ་དེ་ཡང་བློ་ཆུང་བ་ལ་བྱེ་བྲག་སོ་སོར་ངོ་སྤྲོད་པ་ཡིན་ཏེ་བློ་ཆེ་བ་ལ་མཉམ་ཉིད་རང་གྲོལ་དུ་སྤྲོད་པའོ། །དང་པོ་ནི་སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས། ཡིད་སོ་སོར་རྟོགས་པའི་ཡེ་ཤེས། ཉོན་མོངས་པ་མཉམ་ཉིད་ཀྱི་ཡེ་ཤེས་ཀུན་གཞི་ལ་གཉིས་ལས་གཞི་དོན་གྱི་ཀུན་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས། སྦྱོར་བ་དོན་གྱི་ཀུན་གཞི་མེ་ལོང་ཡེ་ཤེས་སུ་རྟོགས་པའོ། །བློ་ཆེ་བའམ་དོན་གྱི་ངོ་བོ་ནི། ཚོགས་བརྒྱད་རང་སྣང་ཡུལ་མེད་རང་བྱུང་གི་ཡེ་ཤེས་སུ་རྟོགས་པས་ཡེ་ཤེས་ལྔའི་ངོ་བོ་གསལ་བས་ཡིན་ནོ། །ཚོགས་བརྒྱད་མ་བསྒྲིབས་རང་གསལ་དུ་རྟོགས་པས་མེ་ལོང་ལྟ་བུའི་ཡེ་ཤེས། ཡུལ་དང་ཡུལ་ཅན་མེད་པར་ཕྱོགས་མེད་རང་གྲོལ་དུ་རྟོགས་པས་སྟོང་པ་ཉིད་ཀྱི་ཡེ་ཤེས། དེ་ཉིད་གཉིས་སུ་མེད་ཅིང་མཉམ་ཉིད་རང་གསལ་དུ་རྟོགས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་ཉིད་མ་འདྲེས་ཤིང་ཡང་གསལ་བས་སོ་སོར་རྟོགས་པའི་ཡེ་ཤེས། དེ་ལ་བླང་དོར་རེ་དོགས་མེད་དེ་བརྩོལ་མེད་ལྷུན་གྲུབ་ཏུ་རྟོགས་པའི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །ཡེ་ཤེས་ལྔ་རུ་གསལ་བ་ཉིད། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བའོ། །ཆོས་ཉིད་མཉམ་པ་ལ་མཉམ་པར་སྦྱོར་བ་ཡིས། །འབྲས་བུ་མཉམ་པའི་དམ་ཚིག་ལ་གནས་ན། །འབྲས་བུ་མཉམ་རྫོགས་ཆེན་པོ་མངོན་དུ་འགྲུབ་པ་འགྱུར། །བས། མཉམ་པ་ཉིད་ལས་འདས་ནས་སངས་རྒྱས་ཐོབ་པ་མ་ཡིན་ནོ། །ཡང་ན་དེ་ལ་དམ་ཚིག་འདི་ལྟ་བུ། །ཆོས་ཀུན་མཉམ་པ་ཉིད་ལས་གཞན་པ་མེད་ཅིང་དེ་ཉིད་རྟོགས་པས་ཇི་ལྟར་སྤྱོད་ཀྱང་སྡོམ་མི་འདའ། །བྱེད་སྤྱོད་ཚོགས་ཆེན་གཉིས་སུ་འགྱུར། །སྤྱོད་ལམ་འགྲོ་དང་འདུག་དང་ཉལ་བ་ན། །རྟོགས་པའི་དོན་ལ་མ་ཉམས་པར་ཆོས་ཉིད་དེ་ཡི་དབྱིངས་སུ་གནས། །ཤེས་རབ་མཆོག་གིས་དང་ལྡན་པས་སྤྱད་བྱ་སྤྱོད་བྱེད་མེད་པར་རྟག་ཏུ་སྤྱོད། །དེ་ལྟར་རང་བྱུང་ཆོས་ཀྱི་དབྱིངས་ཉིད་ལ་ནི་ཡེ་ཤེས་དབྱིངས་ཉིད་སྤྱོད་ཕྱིར། །ཆོས་ཀྱི་དབྱིངས་ཉིད་ལ་ཤེས་རབ་མཆོག་གི་གནས་ལུགས་དོན་ལ་སྤྱོད། །དེ་ཉིད་མི་གནས་པའི་མྱ་ངན་ལས་འདས། །ལྟ་བ་རྟོགས་པའི་རང་བྱུང་གི་ཡེ་ཤེས་ཉིད་ཡོན་ཏན་རང་ལ་འབྱུང་བ་དེས་ཡིད་བཞིན་གྱི་ནོར་བུ་ལྟར་མི་ཟད་པའི་གཏེར། །ཆོས་ཐམས་ཅད་ལ་ཡང་དོན་མེ་ལོང་བཞིན། །བལྟས་ཀྱང་སེམས་ཀྱི་ཡོན་ཏན་གྱི་གཟུགས་བརྙན་གཞན་ནས་མི་སྣང་ངོ་། །རྒྱུ་རྐྱེན་ཅི་ཡིན་གང་གིས་ངོ་ཤེས་ཤིང་། །བསྒོམ་བྱ་བྱེད་ལས་འཕགས་རྩོལ་མེད་དུ་གྱིན་འདར་འདུ་བྱེད་པ། །གང་ཞིག་བློ་ལ་ཉམས་སུ་ལེན་ཅིང་སྤྱོད་པ་འབྲས་བུ་བྱང་ཆུབ་ཐོབ་པའོ། །རང་བྱུང་ཡེ་ཤེས་སེལ་མེད་པར་རྣམ་པར་དག་པའི་ལྟ་བ་འགྱུར་བ་མེད་པའི་གཡུང་དྲུང་ལྟར་ཡེ་ནས་སངས་རྒྱས་ལ། །ཐམས་ཅད་ཡེ་ནས་མཉམ་པར་གནས་པས་སྒོམ་བྱ་སྒོམ་བྱེད། རྣམ་པར་དག་ཅིང་། །ཡུལ་ཡུལ་ཅན་དུ་མི་རྟོག་ས་ལེར་གནས་པ་ལ་རྟོག་པར་མཛད་དོ། །ངོ་བོ་ཕྱོགས་གཅིག་ཏུ་བསྙད་དུ་མེད་པས་སྣ་ཚོགས་སུ་འབྱུང་བ་ཡིན། །བདག་ཏུ་རྟོག་པ་མེད་ལ་རང་བྱུང་ཡེ་ཤེས་ལས་མི་འདའ་བས་བདག་ཆེན་ཐམས་ཅད་དེའི་ཡོན་ཏན་འབྱུང་བའི་མིང་དག་གཏེར་མཛོད་ཆེན་པོའོ། །ཚོགས་དྲུག་མ་བཀག་པ་ལས་རྣམ་རྟོག་སྣ་ཚོགས་རྒྱུ་ཞིང་འབྱུང་མེད་པས། །རྣམ་རྟོག་སྐྱེས་པའི་དུས་ཉིད་ནི་རང་བྱུང་ཡེ་ཤེས་རང་བཞིན་ཏེ། །རྣམ་གསུམ་ནི་རྣམ་རྟོག་ཡེ་ཤེས་རང་གྲོལ་སྒོམ་གྱི་ངོ་བོ་གསུམ་གྱིས་སྣང་ཞིང་ངོ་བོ་རྣམ་པ་མཆོག་ལྡན་གྱི་སྟོང་ཉིད་ཡིན་པ་ལས། །རྣམ་རྟོག་ངང་མི་སྐྱེ་ཡེ་ཤེས་བརྗོད་དུ་མེད་དེ་གཉིས་མེད་རང་གྲོལ་བའོ། །ཆོས་རྣམས་ཐམས་ཅད་སེམས་ཀྱི་ངང་སྟེ་སེམས་ཞེས་ཕྱོགས་གཅིག་ཏུ་གདགས་སུ་མེད། །བྱེད་པ་པོས་མ་བཅོས་རྩོལ་མེད་ལྷུན་གྱིས་གནས་པ་འབྲས་བུ་ཡེ་ནས་བྱང་ཆུབ་སྙིང་པོ་ཡིན་ཅིང་། །དེ་ལ་འབྲས་བུ་གཞན་ནས་ཐོབ་རྒྱུ་མེད་པས་ཡེ་ནས་བདེར་གཤེགས་སྙི་པོ་ཡིན། །ནམ་མཁར་ལ་ཕྱོགས་སུ་བཟུང་བས་སྒྲིབ་བྱེད་སྤྲིན་གྱིས་ཁེབས་པར་འགྱུར། །ནམ་མཁའ་ལ་ཕྱོགས་བཟུང་དུ་མེད་པར་མཁས་པ་གང་གིས་ཤེས་པ་ནི། །ནམ་མཁའ་ལས་གཞན་སྤྲིན་ཞིག་འབྱུང་ཞིང་ཁེབས་པར་མི་སྲིད་བཞིན། །སྒོམ་པའི་སེམས་ཀྱང་སྒོམ་ལ་ཕྱོགས་སུ་བཟུང་བས་སྐྱོན་དག་འབྱུང་བར་འགྱུར་གྱིས་སྒོམ་པ་འཛིན་པ་མེད་ཅིང་ཐམས་ཅད་རང་བྱུང་དུ་ཤེས་པས་ཐམས་ཅད་སྐྱོན་དག་འབྱུང་བར་མི་འགྱུར་ཏེ་དེ་ལྟར་རྟོགས་ཤིང་ལྟ་བ་བྱ། །རྟོགས་པའི་དོན་ལ་མ་བཅོས་ལྷུན་མཉམ་ཇི་བཞིན་ཉིད་ཀྱི་ངང་བཞག་པ་དང་། །འབྲས་བུ་རྒྱུ་འབྲས་དབྱེར་མེད་ཡིན་ནོ་ལྷུན་གྱིས་གྲུབ་པའི་རང་ཆས་སུ་དཀྱིལ་འཁོར་འབྱུང་བའོ། །ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ལ་ཏིང་ངེ་འཛིན་གྱིས་གནས་པར་བཅས་ཤིང་སྒོམ་པ་ན་ཡོན་ཏན། ཉོན་མོངས་པ་དང་སྡུག་བསྔལ་མི་འབྱུང་སྟེ། །འབྲས་བུ་དུས་རྟག་ཏུ་ཆོས་ཉིད་བདེ་བ་ཆེན་པོའི་ངང་ལ་གནས་ཤིང་བླ་ན་མེད་པའི་བྱང་ཆུབ་ཅིང་། །ཆོས་སྐུ། ལོངས་སྐུ་དང་སྤྲུལ་སྐུ་མཚན་དང་དཔེ་བྱད་ཀུན་དང་ལྡན་པ་ཐོབ་པའོ། །སྲིད་པ་རིམ་གྱིས་མངལ་སྐྱེ་པར་སྨིན་ཚུལ་གྱིས། །རྐྱེན་ནི་དེ་ཏིང་འཇུག་པའི་ཡན་ལག་སྣང་འབྱེད་ཚོགས་སྒྲུབ་ལྔ་རུ་བཞག །གང་ཟག་ལམ་པ་གང་དག་དངོས་འཁོར་འདས་ཀྱི་ཆོས་ཀུན་རང་རིག་པ་ཡིན་པའི་ཕྱིར། །གང་ཤི་བའི་ཚེ་སྣང་བྱེད་སྟོང་པ་ལུས་ཀྱི་འབྲེལ་ཐག་ཆོད་པས་རིག་པ་བརྒྱལ་བ་ལྟར་ཕྱད་ཀྱིས་སོང་སྟེ་ཕྱི་ཡུལ་གྱི་སྣང་བ་དང་། ནང་སེམས་ཀྱི་འཛིན་པ་གཉིས་སུ་མེད་པར་རིག་པ་སྤྲོས་མེད་ནམ་མཁའ་ལྟ་བུར་གསལ་བ་ལ་རྟོག་པ་མེད་པ་ནི། དོན་དམ་པའི་བདེན་པ་ཞེས་བྱ་སྟེ། །དེ་ལ་ཕྱོགས་འདྲ་མཚོན་པ་ཡིན་གྱིས་དེ་ནི་སྣང་བྱེད་སྟོང་པ་ཡིན་གྱིས་དོན་དམ་ནི་རྣམ་པ་མཆོག་ལྡན་གྱི་སྟོང་པ་ཆེན་པོ་ཡིན་ནོ། །ཀུན་རྫོབ་ཀུན་ཏིང་དེས་སྐྱེ་བ་དེའི་ཚེ་གསང་བའི་མཁའ་ལྔ་ཞིག་ཏེ་བར་མའི་དུས་སུ་དེ་དེའི་དུས་གདོས་པ་ཅན་གྱི་ལུས་མེད་དེ་དྭངས་མ་ལས་བྱུང་བ་བག་ཆགས་ཀྱི་ལུས་རྫུ་འཕྲུལ་སྣ་ཚོགས་ཅིར་ཡང་སྟོན་ནུས་པས་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་ནི་བུ་ཆུང་སྐྱེས་མ་ཐག་པ་ཕྱག་རྒྱ་གཅིག་པའི་དཔེས་མཚོན་པའོ། །བྱིས་སྦ་ནི་སྣང་བྱེད་ཀྱི་དཔེ་དར་མ་ནི་ཚོགས་བསྒྲུབ་ཀྱི་དཔེ་དེའང་ཕྱོགས་རེ་ནས་དཔེར་མཚོན་གྱིས། གཉིས་སུ་མེད་ཅིང་ཐ་མི་དད་དོ། །དང་པོ་དོན་དམ་ཆོས་ཉིད་ལམ་ལ་རྟེན་བྱེད་པས། །དོན་དམ་ཆོས་ཉིད་དེ་བཞིན་ཉིད་དུ་གོམས་པར་བྱ་བའང་བཅོ་ལྔ་སྟེ། སྒོམ་གྱི་སྔོན་དུ་བྱ་བ་དང་དགོས་ཆེད་དང་བློ་བཞག་ཐབས་དང་ངོ་བོ་དང་སྒོམ་པའི། མི་མཐུན་པའི་སྐྱོན་དང་བཅོས་ཐབས་སྒོམ་པའི་ཉམས་དང་གཉིས་པ་ངོ་བོ་སྤྱོད་པ་དང་དམ་ཚིག་དང་། དྲོད་དང་རྟགས་དང་མཚན་མ་རྨི་ལྟས་དང་ཡོན་ཏན་དང་འདའ་ཀ་མ་དང་དགུའོ། །རང་གི་འབྲས་བུས་དང་དགོས་པ་རྫོགས་པར་འགྱུར་རོ། །སྐྱེས་བུ་དཔེ་སེང་གེ་བཞིན་རྒྱུ་བས་གཅིག་པུར་གནས་པ་འཇིགས་པ་བྲལ་བ་གཞན་ཟིལ་གྱིས་གནོན་པ་དེ་བཞིན་དུ་རྣལ་འབྱོར་པ་སྒོམ་པའང་། གཅིག་པུར་དང་བར་ཆད་ལ་སོགས་པའི་འཇིགས་པ་དང་བྲལ་བ་དང་ལྟ་བ་དམན་པ་དང་ཉོན་མོངས་ཟིལ་གྱིས་གནོན་པའོ། །སྔོན་དུ་རི་མོ་དལ་ལ་བརྟེན་ནས་དབང་རིམ་པར་རྫོགས། །སྟོན་པ་སློབ་དཔོན་ཡི་དམ་མཆོད་པ་དང་བརྩོན་ལེའུ་གཉིས་པ་ལྟ་བ་རྟོགས་པའི་དོན་གསལ། །དམ་ཚིག་མ་ཉམས་པ་དང་ཏིང་འཛིན་སྒོམ་པ་ཤེས་རབ་གསལ་བ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ཆེ་བ་དང་ལྔ་བསྟན་རྣམས། ལྷག་པའི་ཡོ་བྱད་གོང་མ་ལྔ་རྫོགས་བྱ། །དེ་ནས་སེམས་ཅན་ཐམས་ཅད་ལ་མ་ཡི་སེམས་དང་འདྲ་བའི་བྱམས་སྙིང་རྗེའི་ལྡན་པས། །འགྲོ་བ་གནས་དྲུག་ཐར་པར་མྱ་ངན་ལས་དས་པ་དགོད་དམ་བཅའ། །ཚངས་པའི་གནས་བཞི་སྔོན་དུ་སོང་བས། །རང་ཡིད་དུ་འོང་ཞིང་ངན་པའི་སྐྱོན་མེད་པའི་ས་བཙལ་ལ་བསླང་སྟེ་ཆོ་ག་བྱ། གནས་ཆེ་ཆུང་རན་བྱས་བྱི་དོར་ཞལ་བྱུག་པ་ལ་སོགས་པ་ལྡན་བྱས་ལ་དུག་སྦྲུལ་ལ་སོགས་པ་སྲུང་ཚེ། པི་ནང་ཚང་ཅན་པར་བསྟན་དང་ལྡན་པར་བྱས། །ཕྱི་ནང་གི་བར་ཆད་བསལ་ཞིང་ལམ་གྱི་ཡན་ལག་རྫོགས་པར་བྱ་བའི་ཕྱིར། །ཚོགས་འཁོར་དང་སྦྱིན་སྲེག་བསོད་ནམས་ཀྱི་དཔུང་ཚོགས་ཚ་ཚ་ཉེའུ་འདོན་འབད། །ཕྱི་ནང་འབྲེལ་ཆགས་ངག་གི་གྲུབ་མཐའ་གཞན་གྱི་གཡེང་བ་ལ་སོགས་ཐམས་ཅད་ཀུན། །གཞན་ཕྱིར་དུར་རྐུན་ཝ་དང་འདྲ་བར་སྡར་ཏེ་བུ་ལོན་དང་འབྲེལ་པ་ལ་འཛེམ་ཞིང་བག་ཡོད་སེམས་ཀྱིས་དོགས། །ཁམས་བརྟན་པའི་སྨན་སོགས་ཁ་ཟས་དང་ཏིང་འཛིན་གྲོགས་ཉམས་ཅན་དང་གདམ་ངག་ལ་སོགས་པས་རྐྱེན་བསྡུས་ལ། །ཕྱི་ནང་གི་བགེགས་ལ་སོགས་པ་བར་ཆད་བསྲུང་བ་སྔོན་དུ་རྫོགས་པར་བྱ་ནས། །གསང་བའི་ལོངས་སྤྱོད་གོང་གི་སེང་གེ་ལྟ་བུ་དང་འགལ་ལོ་ཞེ་ན་ལྟ་སྤྱོད་མཐུན་པ་མ་ཡེངས་ཤིག་ཅེས་པས་ལྟ་སྤྱོད་ཀྱི་གྲོགས་སུ་གྱུར་པས་མི་འགལ་ལོ། །རིག་མའང་ལྡན་བྱས་ལ། །དགྲ་བགེགས་ནད་གསུམ་གྱི་འཚེ་བཟློག་པའང་ཉེར་རྫོགས་སུ་བཞག །དེ་ལྟར་ཐུན་མོང་སྤྱི་ཡི་སྔོན་དུ་བྱ་བ་རྫོགས་ནས། །མཆོད་པའི་རྟེན་དངོས་གྲུབ་ཉེ་བའི་ཡི་དམ་ལྷའི་གཟུགས་བརྙན་ལུང་འབུར་རི་མོ་བཞུགས་ཏེ། ཡན་ལག་བརྒྱད་པའི་ཚུལ་བཟུང་ལ། །དཔང་པོའི་ལྷ་ཡོངས་སུ་གྱུར་ཏེ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བྱར་ཏེ་དེའི་རྗེས་སུ་ཏིང་ངེ་འཛིན་ལ་འཇུག །ལྔ་པ་དག་པ་བདེན་པ་རྣམ་གསུམ་མ་ནོར་ཞིང་། །རང་རིག་རྒྱལ་པོར་ཏིང་ངེ་འཛིན་ཉམས་སུ་བླངས་ཤིང་གོམས་པ་ཡིས། །བླ་ན་མེད་པ་བྱང་ཆུབ་རྣམ་ཀུན་མཆོག་ལྡན་གྱི་ཆོས་སྐུ་འདི་རྙེད་པར་འགྱུར། །དེ་ཕྱིར་ལྟ་བ་མཐོང་བའི་རྗེས་སུ་དེ་བཞིན་ཉིད་ཀྱི་ས་མ་ཏི་གོམས་པས། རང་བཞིན་ཡེ་ཤེས་སྒྱུ་མའི་ཨ་ཏི་འཆར་བས་དེ་ཏིང་སྙིང་རྗེ་འབྱུང་བའི་གཞི་རུ་བཞག །དེ་ནས་གོ་རིམ་འབྱུང་བའང་དེ་བཞིན་ངེས་སོ། །གང་དག་རྟོགས་པའི་སྐལ་ལྡན་ཅུང་དམན་པ་རིམ་གྱི་ས་པས། གཞན་སེལ་བའི་ཕྱིར་དང་དོན་དུ་གཉེར་བའི་ཕྱིར་བསྒོམས་པས། འཇུག་པའང་སྔ་མའང་བདག་གཞན་གཉིས་ཀྱི་དོན་དུ་སེམས་ཅན་མ་རིག་འཁྲུལ་པའི་འདོམ་དབྱིངས་སུ། །སེམས་རྟོགས་པའི་ཡེ་ཤེས་སྒྲོན་མའི་མ་དང་འདྲ་བ་མདའ་འཕངས་པས། །མ་རིག་གཏི་མུག་གི་མུན་པ་རྣམ་བསལ་ཏེ། །སེམས་རང་བཞིན་གྱིས་འོད་གསལ་བདེ་ཞིང་དགོངས་པ་བའི་མཆོག །དེ་ཡང་མདོར་ན་སྒྲིབ་ཚོགས་མུན་པའི་ནང་དུ་སྣང་བ་ཉི་མ ཤར་བའི་ཚུལ་བཞིན་དུ་མ་རིག་པའི་མུན་པ་སངས་ཞིང་ཡེ་ཤེས་གསལ་བའོ། །ཆོས་ཀྱི་དབྱིངས་ནམ་མཁའ་དཀྱིལ་ལྟར་མཐའ་དབུས་ཕྱོགས་རིས་མེད་ཅིང་ཡངས་པ་ལ། །ཤེས་རབ་ཀྱི་མྱུར་དུ་དོན་སངས་རྒྱས་ཀྱི་ས་ལ་འགྲོ་བ། །དོན་ལ་འགྲོ་བ་མེད་ཅིང་འོང་བ་མེད་དེ་འཁོར་འདས་ཀྱི་མཐའ་མི་གནས་ལ། །བདེན་གཉིས་དབྱེར་མེད་བྱང་ཆུབ་སེམས་མཆོག་ཨ་སྐྱེ་བ་མེད་པའི་རབ་བདེ། །དཔེར་ན་མུན་པ་ལ་སྣང་བ་འབྱུང་བ་དང་དུག་ཉིད་བདུད་རྩིའི་གྱུར་པ་ཚུལ་བཞིན་དུ། །རྟོགས་པས་དབང་ལ་བསྒྱུར་བར་བྱེད་པ་ཏིང་ངེ་འཛིན་ཡིན། །མཆོག་དང་ཐུན་མོང་གི་དངོས་གྲུབ་དོན་དུ་གཉེར་བ་གང་དག་ཀུན། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་འདི་ཡིས་བྱེད་པར་འགྱུར་རོ། །གལ་ཏེ་སྟོང་པ་ཆེན་པོའི་རྣལ་འབྱོར་འདི་མེད་ན། །ཕྱི་གཤེར་གཏིང་རྐམ་རྒྱ་མཚོའི་ཇིང་གི་ཕ་བོང་ལྟར་ལ། བསྐལ་པ་དཔག་ཏུ་མེད་པར་དཀའ་བས་ལམ་ལ་བརྩོན་བྱས་ཀྱང་། །གནས་ལུགས་ཀྱི་དོན་མེད་པར་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་སྐམ་པ་སྟེ་འབྲས་བུ་སངས་རྒྱས་མི་འབྱུང་ངོ་། །ཡིན། །དེ་ཕྱིར་ལྷག་མའི་ལུས་འདི་འབྱུང་བ་གཅིག་པ་གཅིག་ལྗིད་མི་འབོར་ཆ་སྙོམས་པས། །ལུས་བདེ་བ་དང་ལྡན་ཞིང་ཐར་པ་ལ་བྲོད་པས་བསམ་གཏན་གྱི་ཆོས་བདུན་རྐང་བ་མཉམ། ལག་པ་མཉམ། རྐེད་པ་བསྲང་། མགྲིན་པ་ཡིད་ཙམ་དགུ། མིག་སྣ་རྩེ། ལྕེ་རྐན་ལ། མཆུ་དང་སོ་ཐ་མལ་པ་ཚུལ། །ལྡན་པར་བྱས་རྗེ་བཙུན་རྣམ་པར་སྣང་མཛད་བཞིན། །ལུས་སེམས་གཉིས་འཛིན་རྩོལ་མེད་པའི་སེམས་ཀྱིས་འཇུག །དེ་ཡང་བླ་མའི་གདམས་ངག་དང་རང་གི་ཤེས་རབ་ཀྱི། །སྟོབས་ཀྱིས་བཞག་པས་གོམས་པར་བྱེད། །དང་པོ་སྔོན་དུ་བརྗོད་པ་ནི་སློབ་མ་བུ་དེ་དབེན་པའི་སར། །བླ་མ་ལ་རིན་པོ་ཆེ་ཁ་གསེར་དང་ཁ་ཤེས་ཤེས་ཙམ་ལྷབ་དར་ཟབ་ལྷུབ་དང་འདོད་ཡོན་གྱི་ལོངས་སྤྱོད་ཀྱིས། །མཉེས་པར་བྱས་ནས་སློབ་བུ་དེ་པང་གཡས་སུ་དུ་བཞག་ལ། བུའི་དེའི་བར་ཆད་ཀྱི་བགེགས་བསྐྲད་ལ་སྦུབས་པས་གཟུག་ལ་མཆུས་མན་ངག་རྣ་བ་གཡོན་པར་སློབ་དཔོན་ལ་ཤུབ་བུར་བསྟིམ། །དངོས་གྲུབ་མྱུར་དུ་འགྲུབ་འདོད་ན། །སྒོམ་བྱ་སྒོམ་བྱེད་ཤིན་ཏུ་མི་དམིགས་ཆོས་ཀྱི་དབྱིངས་སུ་བསྒོམ། །ནམ་མཁའ་ལ་ཉི་མ་མི་འདུག་པ་ཕྱི་མའང་སྤྱི་བླུགས་སུ་ལྟ་མཐོང་བའི་རྗེས་སུ་སྒོམ་པ་བཞག་སྟེ། བདག་དང་བདག་གི་ལ་སོགས་པ་གཞན་ཡུལ་ཡུལ་ཅན་རྣམས་ནི། །ཤིན་ཏུའང་མི་དམིགས་དབྱིངས་སུ་བསྒོམ། །རང་རིག་ངང་ཉིད་ལ་གནས་པ་ཡིས། །ཏིང་ངེ་འཛིན་ཅེས་བྱ་སྟེ་དེ། སུས་ཀྱང་མ་བྱས་རང་བྱུང་གི་ཡེ་ཤེས་རང་ལ་གནས་པ་ཡིན་ཏེ། །ཆོས་ཐམས་ཅད་དེ་བཞིན་ཆོས་ཉིད་དུ་སྦྱོར། །རྣམ་པ་མཆོག་ལྡན་གྱི་སྟོང་པ་གཉིས་མེད་ཆོས་ཀྱི་དབྱིངས་བདེན་པ་དབྱེར་མེད་ཀྱི་ངང་དུ་ཐིམ། །རང་བྱུང་ཡེ་ཤེས་རང་བཞིན་གྱི་དཀྱིལ་འཁོར་གྱིས། །ཆོས་རྣམས་མ་ལུས་ཆོས་ཉིད་དེ་བཞིན་ཉིད་དུ་དལ་དབྱིངས་སུ་སྡུད། །སྡུད་ཁྱད་དང་མི་སྡུད་པ་གཉིས་ཀ་མིན། །རྟོགས་པའི་དོན་ཡང་དག་ཁོ་ན་ཉིད་སྒོམ་པ་དུའོ། །བསྒོམ་པར་བྱ་བའི་ཡུལ་དང་སྒོམ་པར་བྱེད་པའི་མཁན་པོ་གཉིས་མ་སྐྱེས་ན། །ཆོས་ཉིད་སུ་བསྒོམ་པར་བྱ་བའི་ཡུལ་འང་མེད། །དེ་ལྟར་དོན་དམ་ལ་བསྒོམ་པར་བྱ་བ་མེད་པས། །ཡུལ་གང་ལའང་མི་འཇུག་པས་དེ་ཁོ་ན་ཉིད་ཞུགས་པའི་མཆོག །ཆོས་ཉིད་བསྒོམ་བྱ་བསམ་པར་བྱ་བའི་ཡུལ་གཅིག་ལ་བསམ་པར་མི་བྱ་སྟེ། །འོ་ན་མི་བསམ་གཅིག་ཀྱང་དམིགས་སུ་མེད་པར་ཡང་མི་བསམ་མོ། །བློས་ཕྱོགས་གཅིག་གང་ལའང་རྣམ་པར་མི་སེམས་པ་སྟེ། རིག་པའི་ཡེ་ཤེས་དེ་ཉིད་རང་རིག་མཉམ་པ་ཉིད་ཀྱི་དོན་ལ་གནས་པའི་ཏིང་ངེ་འཛིན་ཉིད་དོ། །བདེན་པ་གཉིས་དབྱེར་མེད་བྱང་ཆུབ་སེམས་ཀྱི་དེ་བཞིན་ཉིད་ནི། །ཤིན་ཏུ་མི་དམིགས་བློ་བརྟག་པར་དཀའ་བ་དེ་ཉིད་བློས། །ཀུན་ཤོངས་པ་ཡངས་ལ་ཁྱབ་པ་རྒྱ་ཆེ་གཏིང་ཟབ་པས། །ཤེས་རབ་ཟབ་པས་རྣམས་ཀྱི་སྐྱེས་བུས་རྟོགས་འགྱུར་ཏེ། །སེམས་དང་པོ་གང་ནས་ཀྱང་མ་འོང་ཐ་མ་གར་ཡང་མི་འགྲོ། །དེས་ན་འགྲོ་དང་འོང་བར་བྱ་བ་མིན། །རང་གི་ངོ་བོར་ཤིན་ཏུ་བརྟག་དཀའ་ཞིང་ཡུལ་དང་ཡུལ་ཅན་མི་དམིགས་པས། །མཐའ་དང་དབུས་ཕྱོགས་ཀྱང་རིས་སུ་འདི་ཞེས་བརྟག་ཏུ་མེད། །འོ་ན་ཅི་ལྟར་ཡིན་གཟུང་ཡུལ་འཛིན་སེམས་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་དེར་སྣང་ངོ་། །སྤྲོས་བྲལ་དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །རང་རིག་ཁོ་ན་ཙམ་དུ་ཟད། །གང་ཟག་བློ་ཆུང་བ་གང་ཞིག་དམིགས་ནས་འཇུག་པ་ནི། །སྲིད་པ་ཡོད་པ་དེ་སྲིད་འཇིག་རྟེན་རྒྱང་འཕེན་པ་དང་འདྲ་ལ། འཇུག་མེད་མདོ་སྡེ་ལས། གང་གི་དམིགས་མེད་མི་ཤེས་པ། །དེ་ཡི་ཆོས་ཀྱི་དབྱིངས་མི་ཤེས། །ཞེས་པ་དང་། དགོངས་འདུས་ལས། རང་བྱུང་ཡེ་ཤེས་ནམ་མཁའ་ཆེ། །ཡོད་མེད་གཉིས་སུ་དམིགས་སུ་མེད། །ཅེས་དམིགས་མེད་རང་སྣང་བསྒོམ་པ་སངས་རྒྱས་ཡིན་པར་ནི། །ཐུབ་པའི་དབང་པོ་ཉིད་དང་ཀུན་ཏུ་བཟང་པོ་ཉིད་གྱིས་གསུངས་སོ། །ཡིད་ཀྱི་ངེས་དོན་དམ་པར་བསམ་ཞིང་དམིགས་སུ་ཡོད་ན། །དཔེར་ན་ཕྲ་རབ་ཁབ་མིག་དུ་འཐོན་ཐག་རྐུད་པ་འཛུད་པ་ལྟ་བུས། །དོན་དེ་བཞིན་ཉིད་དམིགས་པ་དེ་མི་མཐོང་སྟེ། །འཐེན་ཐག་འཛུད་པས་ནམ་མཁའ་བཞིན་མི་མཐོང་བ་ནོ། །སྟོང་པ་ཆེན་པོའི་ཨ་ཏི་རྣལ་འབྱོར་མཉམ་པ་དེ་བཞིན་ཡིན། །ངོ་བོ་བཞིན་དུ་གྲངས་འཇུག་ཅིང་། །ངེས་ཚིག་རྣམ་པར་འབྱུང་བ་ཡིན། །དེ་བས་ན་ཀུན་སྣང་ལ་སོགས་པ་ཀུན་ལའང་ངོ་བོ་ངེས་ཚིག་རྣམ་གྲངས་འབྱོར་བར་གྱིས། །དབུ་མ་ལ་ལྟོས་ན་ཆེན་པོ་ཉན་རང་དམན་པས་སྤྲོས་པའི་མཐའ་བསལ་བའི། །མ་སྐྱེས་དེ་བཞིན་ཉིད་ངང་གི་སྟོང་པ། །གདོད་མ་ནས་སྟོང་པས་སྟོང་པའི་ཐ་སྙད་དང་བྲལ། །སྤྲོས་པའི་མཐའ་བརྒྱད་ནི་ཡོད་མེད་གཉིས་རྟག་ཆད་གཉིས་གཅིག་དུ་མ་སྐྱེ་འགགས་གཉིས་སོ། །བྲལ་འདོད་ལ་བྲལ་བ་ཙམ་དུའང་འཛིན་པ་མ་ཡིན་ནོ། །རང་གི་སེམས་ཉིད་དག་པ་མཐའ་བཞིའི་དྲི་མ་ཏེ། མེད་པ་དང་དེ་བཞིན་ཉིད་དག་པ་སྟེ་ཆོས་ཉིད་དང་། རྣལ་འབྱོར་ཡོ་ག་མཚན་མ་མེད་པའི་དེ་བཞིན་ཉིད་དང་། མ་ཧཱ་ཡོ་ག་སྣང་སྟོང་གཉིས་སུ་མེད་ཅིང་ཆོས་ཀུན་ལྷུན་གྱིས་གྲུབ་ཅིང་མཉམ་པ་དེ་བཞིན་ཉིད་དོ། །གྲངས་བཞིའི་ཐ་མ་རིམ་པ་ཉིད། །སྔ་མ་གསུམ་ལ་བྱིན་རླབས་ཀྱི་ཁྱད་པར་འཕགས་པ་ཡོན་ཏན་གྱི་ཁྱད་པར་དང་ངོ་བོའི་སྒོ་ནས་མེད་པའོ། །བླངས། །བླ་འང་ན་མེད་པའི་དེ་བཞིན་ཉིད་སྐབས་ཀྱིས་མིང་གི་རྣམ་གྲངས་ནི་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་གཅིག་པས་མཉམ་པ་ཉིད་དང་། །ལྷུན་གྱིས་གྲུབ་པ་དང་མཐའ་དང་བྲལ་ཐ་སྙད་མེད་པ་དང་། མ་ཧཱའི་དེ་བཞིན་སྟོང་པ་ཆེན་པོ་དང་མ་སྐྱེས་ཆོས་ཀྱི་དབྱིངས་ལ་སོགས་པ། ཡོན་ཏན་ཆ་རེ་ནས་མིང་དུ་བརྗོད་པར་ཟད་དོ། །མཉམ་པ་ཉིད་ལ་སོགས་པ་དེ་རེ་རེ་ལའང་མིང་གི་རྣམ་གྲངས་སྐབས་ཀྱིས་རང་གི་ངོ་བོ་དང་། །མཉམ་པ་ཉིད་ཀྱི་ངོ་བོ་ནི་མཉམ་པ་སྤངས་པའི་མཉམ་པ་ལ་སོགས་པའོ། །ངེས་ཚིག་ནི་བཟང་ངན་ཆེ་ཆུང་མེད་པར་མཉམ་པའོ། །གཏན་ཚིག་ལ་ལུང་མན་ངག་རིག་པ་གསུམ་མོ། །ལུང་ནི་རྒྱས་པ་ལས། མཉམ་པ་ལྔའི་དམ་ཚིག་ཅེས་པ་ལ་སོགས་པའོ། །རྩ་བའི་རྒྱུད་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཞེས་སོ། །མན་ངག་རྣམ་བཀོད་ལས། ཐམས་ཅད་མཉམ་པའི་ད་ལ་ལ། །རང་བྱུང་ཡེ་ཤེས་སྤྲོས་པ་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །དེ་བཞིན་ཉིད་དུ་རྡོ་རྗེ་རིགས། །ཞེས་སོ། །ཡང་། དོན་དུ་ཡེ་ནས་མཉམ་ཉིད་ལ། །མཉམ་བཞག་ཞེས་ནི་འདོད་བརྗོད་བྲལ། །ཅེས་སོ། །རིགས་པ་ནི་ལུང་མན་ངག་དང་མི་འགལ་བར་ངེས་ཤེས་སྐྱེ་བའོ། །མིང་དོན་གྱི་སྒོ་ནས་ངེས་ཚིག་བརྗོད་པ་ཡང་། །དེ་མཚོན་པའི་གཏན་ཚིགས་ཡན་ལག་ནི་ལུང་དང་མན་ངག་རིག་པ་གསུམ་དུ་ལྡན་པ། །དེ་ལྟར་དོན་རེ་རེ་ལ་རྣམ་གསུམ་ཕྲུག་པར་འབྱུང་བ་ཡིན། །ལྷག་པའི་མ་ཧཱའི་དེ་བཞིན་ཉིད་དོན་མཆོག་གང་ཡིན་པ། །དངོས་རྣམས་སྣ་ཚོགས་སུ་སྣང་བ་ཉིད་ན་དངོས་པོར་གྲུབ་པ་མེད་པས། །རྣལ་འབྱོར་རྟོག་པའི་སྨྲ་བསམ་གྱི་ཡུལ་ལས་འདས། །དེ་ཉིད་མ་ནོར་མི་འགྱུར་བས་དེ་བཞིན་ཉིད་དེ་ཉིད་མཐའ་དབུས་མེད་པར་ཆོས་ཀྱི་དབྱིངས་རང་གསལ་བའི་ཡེ་ཤེས་ཏེ། །དེ་ཉིད་རང་གསལ་བས་ལྷག་མཐོང་མི་གཡོ་བས་ཞི་གནས་ཏེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ། །ཆོས་རྣམས་ཐམས་ཅད་རྟོགས་པའི་ཤེས་རབ་དང་མུ་མཐའ་མེད་པ་དབྱིངས་ཉིད་དེ། །ཤེས་བྱ་ཆོས་ཀྱི་དབྱིངས་ལ་ཤེས་རབ་ཆོས་དབྱིངས་རྟོགས་པ་ནི་རྣམ་པར་སྦྱོར། །དེ་ལྟར་ཤེས་རབ་དང་དབྱིངས་ཉིད་གཉིས་སུ་མེད་པར་སྦྱོར་བ་ཡིས། །བླ་ན་མེད་པའི་བྱང་ཆུབ་དབྱེར་མེད་པ་སྤྲོས་དང་བྲལ་བས་རྡོ་རྗེ་ཐིག་ལེ་ཆེན་པོ་ཀུན་ལ་ཁྱབ་པ་ཡིན་ནོ། །ལྷར་བསྒོམ་པ་དེ་ཡང་སོ་སོར་རྟོགས་པར་ལྟའི་རྟོག་པའི་རྗེས་སུ་སྒོམ་པ་དང་། །དེ་ལ་གོམས་པ་ཡུལ་དུ་མི་དམིགས་པས་ཤིན་ཏུ་ཆོས་ཀྱི་དབྱིངས་ཙམ་དུའང་མི་དམིགས་པ་དང་། །རྗེས་སུ་སྒོམ་པ་རང་དུའང་མི་དམིགས་པའིརིམ་པ་ཡིས། །ཡུལ་ཡུལ་ཅན་དུ་མི་གནས་ཆོས་ཀྱི་དབྱིངས་ཙམ་དུའང་མི་རྟོག་ཨ་ཏི་དབྱེར་མེད་པ་བདག་རློམ་སེམས་མེད་པའི། རང་བཞིན་ངང་གིས་མ་སྐྱེས་མ་འགགས་པ་གཉིས་བདག་དང་བདག་གི་མེད་པས་སྒོམ་པ་ནི། །སྒོམ་བྱ་སྒོམ་བྱེད་གཉིས་ཀ་མི་དམིགས་པའི་ཕྱིར། །དཔེར་ན་ཤར་གྱི་ནམ་མཁའ་ནུབ་ཀྱི་ནམ་མཁའ་ཡུལ་གྱི་བྱ་བ་དང་བྲལ་བ་ལྟར་འདུ་བྱེད་སྒོམ་བྱ་སྒོམ་བྱེད་ཀུན་དང་བྲལ་བ་སྟེ། །བློ་ཡུལ་དུ་བསམ་དུ་མེད་དེ་རྟོགས་པའི་ངང་ལ་འདུག་པ་ལ་སྒོམ་ཞེས་བརྗོད་དོ། །སྒོམ་བྱ་སྒོམ་བྱེད་ཀྱི་འདུ་ཤེས་གང་དུའང་མ་བཞུགས་ན། །སྒོམ་དུ་འཛིན་པའི་འདོད་ཆགས་རང་ལ་གནས་པ་མེད་པས་རང་ལ་གནས་པ་སྒོམ་ལ་ཟེར་འདུ་འབྲལ་མེད་དེ་སྒོམ་ཞེས་བྱའོ། །དེ་ལྟར་གདམ་ངག་གི་སྟོབས་དང་དེ་ལྟར་ཤེས་རབ་ཀྱིས་སྟོབས་ཀྱིས་མཉམ་པར་བཞག་པའི་ཚེ། །ཏིང་ངེ་འཛིན་པའི་ངོ་བོ་ལ་གནས་པའི་སྐྱོན་དང་སྤྱོད་ལམ་གྱི་ཏིང་ངེ་འཛིན་ལ་སྒྲིབ་པའི་སྐྱོན་དང་ཁམས་ཀྱི་སྐྱོན་ལ་སོགས་པ་རྣམས། །མ་ནོར་བས་སྐྱོན་ངོས་ཟིན་ནས་ཏིང་ངེ་འཛིན་མི་འཕྲོག་པར། །བྱ་བའི་ཕྱིར་སྐྱོན་གྱི་རྣམ་གྲངས་མདོ་ཙམ་བརྗོད་པ་བྱ་སྟེ། ལྟ་བ་མ་རྟོགས་པར་སྒོམ་བྱ་ཡུལ་དུ་དམིགས་པ་བསྒོམ་བྱའི་དོན་ངོས་མ་ཟིན་ཏེ་བརྗེད་དང་བྱིང་བ་ནི་བྱིང་བ་དང་རྨུགས་པ་དང་འཐིབ་པའོ། །དེ་རེ་རེ་ལ་ཡང་རང་བཞིན་གྱི་བྱིང་བ་དང་རྐྱེན་གྱིས་བྱིང་བ་དང་། སྤྱོད་ལམ་གྱི་བྱིང་བའོ། །རྒོད་པ་ལ་ཡང་གསུམ་སྟེ། འཕྲོ་བ་དང། རྒོད་པ་དང་། གཡེང་བའོ། །དེ་རེ་རེ་ལ་ཡང་རང་བཞིན་དང་། རྐྱེན་དང་སྤྱོད་ལམ་གྱིས་རྒོད་པའོ། །དྲུག་ཅེས་རྩོལ་འདོད་ཀྱི་ཚུལ་དུ་དང་མི་རྩོལ་ཏེ་ལེ་ལོས་སྒོམ་ལ་མི་འཇུག་པ་དང་ལུས་ངག་ཡིག་གསུམ་ཆེད་དུ་འཆོས་པར་བྱེད་པ་དང་། །དོགས་འདོད་པའི་ཁམས་དང་གཟུགས་ཁམས་ཀྱི་བསམ་གཏན་བཞི་དང་གཟུགས་མེད་ཀྱི་སྙམས་འཇུག་བཞིའོ། །དང་ལོག་པ་གཉིས་ནི་མུ་སྟེགས་རྟག་ཆད་དོ། །བཅུ་གཅིག་དང་། །ཐུན་མོང་བདུན་ནི་ཉན་རང་སེམས་ཙམ། དབུ་མ་ཀྲི་ཡ། ཡོ་ག །ཨུ་པ་ཡ་དང་གོང་གི་བྱིང་རྒོད་ལ་སོགས་པའི་སྐྱོན་བདུན་ཏེ་ཉི་ཤུ་རྩ་གཅིག་གོ། །ཏེ་བཅོ་བརྒྱད་དོ། །དེ་བཞིན་དུ་གཡེང་བ་རྣམ་དྲུག་སྟེ་གང་ཞེ་ན། ངོ་བོས་འམ་རང་བཞིན་གྱི་གཡེང་བ་ནང་གི་རྣམ་ཤེས་ལྔ། །ཕྱི་རོལ་རྐྱེན་གྱིས་གཡེང་བ་ཡུལ་ལྔའི་རྗེས་སུ་ཡིད་ལྔར་འཕྲོས་པས་གཡེང་། །ཆེད་དུ་བྱ་བའི་བྱིང་རྒོད་དང་ཨ་ཏི་རོ་མྱོང་ནས་ནང་གི་གཡེང་བ་ཡིན་ཏེ། །གཞན་གྱི་དོན་བྱ་བའི་ཕྱིར་དགེ་སྦྱོར་བྱེད་པའི་མཚན་མ་ནི་གཡེང་བའོ། །ཏིང་ངེ་འཛིན་གྱི་སྙོམས་འཇུག་གཞན་ནམ་ཐེག་པ་གཞན་གྱི། དེ་ཡི་ལུགས་ལ་སེམས་འཕྲོ་བ་ནི་ལས་བྱེད་པའི་གཡེང་བ་ཡིན། །འཇིག་རྟེན་གྱི་དྲེགས་པ་ངའོ་སྙམ་པས་སྙོམས་པར་འཇུག་པ་ནི། གནས་ངན་ལེན་པར་མི་གཡེང་བའི་ཐེ་ཚོམ་མེད། །རྒྱན་འབྱུང་བྱུང་ཚོར་དབང་གིས་མར་མེ་རླུང་གིས་བསྐྱོད་པ་ལྟ་བུ་ནི་རྗེས་སུ་འབྲང་བ་དང་། །འཛིན་ཆགས་དབང་གི་འགོག་པ་ཉོན་མོངས་པས་ཞོ་ཆགས་པ་ལྟ་བུ་དང་ཐེར་ཟུག་དབང་གིས་འཐབ་པ་མི་འཇུར་བུ་ལྟ་བུ་དབང་ཆེམ་པ་ལྟ་བུ་དང་ཕྱལ་བའི་དབང་གི་བདེ་བ་འདྲའོ་ཁྱི་ལྟ་བུ་དང་། །ཆེད་དུ་ལུས་ངག་ཡིད་གསུམ་འཆོས་པ་དང་སྒོམ་བྱ་ཡིད་ལ་བྱེད་པ་དང་ཏིང་ངེ་འཛིན་གྱི། རོ་མྱོང་རེ་བ་དང་བདག་འདུ་ཤེས་པས་སྒོམ་ལ་གནས་ཤིང་ཡུལ་ལྔ་དམིགས་པ་དང་བཅས་པའི་ངང་། །ཤེས་པ་ནང་དུ་སྡུད་པ་དང་སྒོམ་བྱ་མངོན་བྱེད་ཏིང་ངེ་འཛིན་གྱི་ཡོན་ཏན་དང་འབྲས་བུ་ལ་རེ་བ་མང་བའོ། །ཏིང་ངེ་འཛིན་ལ་སྒྲིབ་པའི་སྐྱོན་ལ་ལྔ་བཅུ་ནི་རྩ་བའི་རྟོག་པ་ལྔ་ནི་རྟོག་པ་དང་། མཚན་མ་དང་། འགྱུ་བ་དང་། ཚོར་བ་དང་། བྱུང་ཚོར་རོ། །རྟོག་པ་བཅུ་ནི་རྟོག་པ་རགས་པ་ཚོར་བའི་རྟོག་པ་ལྟ་བུ་ཕྲ་བ་བུ་ཆུང་ལྟ་བུའོ། །མཚན་མ་ཆེ་བ་ལྟད་མོ་བའི་ཡི་གེ་ལ་སོགས་པ་དང་། ཆུང་བ་ལྟད་མོ་བའི་མི་ཕལ་བ་ལྟ་བུའོ། །འགྱུ་ཐུང་བ་ཞེ་སྡང་གི་འགྱུ་བ་རིང་བ་འདོད་ཆགས་ཀྱི་འགྱུ་བ་ལྟ་བུའོ། ཚོར་བ་རགས་པ་ངར་གདོང་ལ་རྡོ་བརྒྱབ་པ་ལྟ་བུ་དང་། མི་རགས་པ་རོ་སྟོད་དུ་ཁུ་ཚུར་བརྒྱབ་པ་ལྟ་བུའོ། །བྱུང་ཚོར་མྱུར་བ་འདོད་པ་སྐྱེ་བ་ལྟ་བུ་དང་། བུལ་བ་མ་བྱུང་བ་ལྟ་བུའོ། །དེ་ལ་རྩ་བའི་རྟོག་པ་དང་ཡན་ལག་གི་རྟོག་པ་རྟོག་པ་རགས་པ་སྐྱེ་བོ་ཕལ་པ་ལྟ་བུ་ཕྲ་བ་སྒོམ་ཆེན་པོའི་རྟོག་པ་ལྟ་བུ་མཚན་མ་ཆེ་བ་ལྟད་མོ་བའི་རོལ་ཆ་ལྟ་བུ་ཆུང་བ་ལྟད་མོ་ཕལ་བ་ལྟ་བུ་དྲན་པ་རིང་བ་འདོད་ཆགས་ལྟ་བུ་ཐུང་ངུ་ཞེ་སྡང་མཐའ་བྲལ། ཚོར་བ། གསལ་བ་ངར་གདོང་ལྟ་བུ་མི་གསལ་བ་མགོ། །བྱུང་ཚོར་མྱོང་གསལ་འདོད་པ་སྐྱེ་བ་ལྟ་བུ། མི་གསལ་བ་འདོད་པ་བུལ་བ་ལྟ་བུ། སེམས་སྒྱུ་མར་ཤེས་པས་འཕྲུལ་དགའ་དང་གཞན་འཕྲུལ་ལྟ་བུའོ། །འཇིག་རྟེན་འདོད་པ་དང་གཟུགས་ཁམས་ཀྱི་དང་པོའི་བསམ་གཏན་བཞི་དང་། གཟུགས་མེད་ཀྱི་སྙོམས་འཇུག་བཞིར་གོལ་བ་ནི་ཁམས་གསུམ་ས་དགུ་ཡིན་སྟེ། །མུ་སྟེགས་པ་ཐེར་ཟུག་རྟག་པ་དང་ཆད་པའི་ལྟ་བར་ཕྱིན་ཅི་ལོག་ཏུ་གོལ་བའོ། །ཡིད་བྱ་བ་མང་ལ་ཏིང་ངེ་འཛིན་འབྱུང་རྐྱེན་ཞིང་། །སྒོམ་པ་ངང་ཐུང་བ་དང་ཤེས་པ་འཁྲུག་པ་དང་ངུ་བ་དང་གཤང་གི་སྒྲ་ཐོས་དང་། མགོ་འཁོར་ཞིང་སྔོ་སྐྱ་རླུང་། སེར་སྐྱ་མཁྲིས་པ། དམར་སྨུག་བད་ཀན་ཁ་དོག་མཐོང་བ་ན། །ཁམས་ལོག་པ་ལས་གྱུར་པའི་ཆ་ཡང་བརྟགས་ཤིང་ཤེས་པར་བྱ། དེ་ཡིས་བསམ་གཏན་ལས། མཚན་མ་ཚིག་གི་རྣལ་འབྱོར་པ། །ཚིག་ལ་ཞིབ་ཅིང་དོན་ལ་བརྩི། །ཡང་དག་དོན་ལ་མ་འབྱོར་པ། །འདུག་ན་མཚན་མའི་བྱ་ར་བྱེད། །འགྲོ་ཚེ་མ་རབ་འཕྱོ་ཞིང་འགྲོ། །འགྲོ་ཉལ་འདུག་སྡོད་དང་། །ལོངས་སྤྱོད་ཚེ་ནའང་རྣལ་འབྱོར་བྲལ། །ཁྱི་བྱ་ར་ཡེང་ཚེ་ཝའི་དུར་རྐུན་འཁྱོན་མ་ཉ་ཐ་ཡེར་གླང་གཉིས་བྱེད། བརྐམ་ཆགས་ཚོང་སེམས་སྤྲེལ་སྤྱོད་སྐྱོན། །དེ་ལྟར་སྐྱོན་ཡོན་ཤེས་པའི་རྣལ་འབྱོར་པས། །སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ། །ས་སྐྱོན་དེ་དག་གྲོལ་བར་བྱེད་པའམ། ཡང་ན་མི་མཐུན་གཉེན་པོ་མེད་པར་རང་བྱུང་རང་ཞི་ཉམས་སུ་བླང་བའོ། །དེ་ལ་སྤོང་བའི་འདུ་བྱེད་བརྒྱད་ནི། དད་པ་དང་འདུན་པ་དང་། བརྩོན་འགྲུས་དང་། ཤིནཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་གཟེངས་བསྟོད་པ་དང་། བཏང་སྙོམས་སོ། །དེ་ལ་དད་པ་དང་། འདུན་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་བཞིས་ལེ་ལོ་དང་གཡེང་བ་དྲུག་ལ་སོགས་པའི་སྐྱོན་སེལ་ལོ། །དྲན་པས་དམིགས་པ་བརྗོད་པ་ལ་སོགས་པ་སེལ། ཤེས་བཞིན་གནས་པས་བྱིང་རྒོད་དང་དོགས་པ་ལ་སོགས་པ་བཅོ་བརྒྱད་དང་། བྱུང་ཚོར་དབང་གིས་གཡེང་བ་ལ་སོགས་པ་དང་སྒོམ་ཆེན་གྱི་སྐྱོན་དྲུག་ལ་སོགས་པ་སེལ་ལོ། །སེམས་གཟེངས་བསྟོད་པས་མི་རྩོལ་བ་དང་། བྱིང་རྨུགས་ལ་སོགས་པ་སེལ་ལོ། །བཏང་སྙོམས་ཀྱི་རྩོལ་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་སེལ་ལོ། །དམིགས་པ་བརྗོད་པ་ལ་དྲན་པ་བརྟེན། བློས་མ་ཟིན་རྟགས་པ་བརྟེན། རྒོད་ན་འཁོར་བ་ལ་སྐྱོ་བ་བསྐྱེད། དྲན་པའི་ཐག་པས་སྟོང་པར་གདགས། བྱིང་ན་ཤེས་བཞིན་གྱི་བྱ་ར་བ་བརྟེན་འཐས་ན་དམིགས་པ་གཏད་ལེ་ལོ་ན་དད་པ་དང་འདུན་པ་དང་བརྩོན་འགྲུས་བརྟེན། ལེ་ལོ་ན་བཏང་སྙོམས། མི་རྩོལ་ན་བརྩོན་འགྲུས་བརྟེན། ཡང་ན་སྤོང་བའི་སོ་སོར་ཅུང་ཟད་བལྟ་བྱས་པ་སྐྱོན་ངོས་བཟུང་སྟེ་རང་རང་གི་སྐབས་བཞིན་སྤང་བའམ། །ཡང་ན་སྐྱོན་ཅི་བྱུང་ཡང་རང་བྱུང་རང་ཞིར་བྱ། །དཔེར་ན་ཇི་ལྟར་བྱིས་པ་དོན་ལ་ཤེད་མ་བྱེད། །བྱ་བྱེད་ཀྱི་གཡེང་བ་ལྟར་བྱ་བྱེད་མང་པོས་གཡེང་བར་གནས། །བྱ་བྱེད་མང་པོས་བདག་མེད་པར་སྣ་ཚོགས་པས། ཏིང་ངེ་འཛིན་གྱིས་རིག་པ་རང་དབང་བསྒྱུར་ནས། །མཚན་མ་ཅི་བྱུང་ཡང་མཉམ་པའི་ངང་དུ་འགྲོ་ཞིང་དབྱིངས་སུ་མནན་པར་བྱ། དེས་ན་སྐྱོན་དགག་དང་ཡོན་ཏན་སྒྲུབ་པ་ག་ལ་ཡིན། །ཁམས་ཀྱི་སྐྱོན་ངོས་ཟིན་ནས་ཅུང་ཟད་ཁས་ཀྱི་ཆ་མཉམ་པས། །སྒོམ་བྱ་མི་གསལ་བ་དང་ཁ་དོག་མཐོང་བ་དང་ཏིང་ངེ་འཛིན་ལ་མི་འཇུག་པ་སོགས། །གང་གི་སྐྱོན་ངེས་ཟིན་ནས་སྤྱོད་ལམ་དགའ་བ་བརྟེན་པར་བྱ་བ་དང་། །ལོངས་སྤྱོད་གང་རང་གི་ཁམས་དང་མཐུན་པའི་ཟས་སྤྱོད་པ་དང་ཆོ་གས་གོས་བར་བྱ། །ལུས་ངག་གི་སྤྱོད་ལམ་ཏིང་ངེ་འཛིན་རྣལ་དུ་མ་འབྱོར་པ། །དེ་ཤེས་བཞིན་གྱི་བྱ་ར་བའི་སོ་མཐས་ཆོད་ནས་དོར་བར་བྱ། །རྟོགས་པའི་དྲན་པའི་ཐག་པས་བསྡམས་བྱས་ཏེ། །སྤྱོད་ལམ་རྣམ་པ་ཀུན་ཏུ་སྒོམ་པ་ལས་ཉམས་མི་བྱ། །དེ་ལྟར་རྐྱེན་བཅོས་ཤིང་ལྟ་སྒོམ་གྱི་དོན་ལས་མི་འདའ་བས་ནོགས་ཐུབ་པ་དང་བརྩོན་འགྲུས་ཆེ་བས་སྒོམ་པའི་དོན་ལ་ཡུན་རིང་པར། །གནས་པའི་ཉམས་གདོད་མཐར་རིམ་འཕེལ་བ་ཡང་། །གཡོ་བའི་ཉམས་དང་ཐོབ་པའི་ཉམས་དང་གོམས་པ་དང་བརྟན་པའི་དང་མཐར་ཕྱིན་པས་ཉམས་དང་། མུ་ལྔས་ཡོངས་སུ་འགྱུར་རོ། །གང་དག་ཨ་ཏི་ལ་གཟར་པོའི་ཆུར་འབབ་པ་ལྟ་བུ་དང་གནས་ཚེ། །ཀུན་བརྟགས་ཀྱིས་ཞེན་པ་ལ་གོམས་པའི་རྣལ་འབྱོར་པ་རྫ་མཁན་དེ་རྫའི་འཁོར་ལོ་བསྲུབ་པ་ལྟ་བུ་ཏིང་ངེ་འཛིན་གྱི་ངང ལ་རྣམ་རྟོག་གི་དབང་དུ། མི་སྡོད་སྐྱོ་བར་འགྲོ་བར་བྱེད། །དེ་ཚེ་དེས་མགོ་ལ་མེ་འབར་བ་གསོད་པ་ལ་བརྩོན་པ་བཞིན་བརྩོན་འགྲུས་ཀྱི་ཉམས་སུ་བླང་། ཏིང་འཛིན་ཅུང་ཟད་ཡོད་ལ་དེ་དག་ཉུང་། །དེ་ཚེ་དལ་བུས་སྒོམ་ཞིང་འབྱུང་འཇུག་ཐུན་ཡུན་བསྲིང་། །ཏིང་ངེ་འཛིན་དེ་གོམས་ཆེད་དུ་བྱེད་པའི་སྐྱོན་འབྱུང་སོགས་ན། །རྩོལ་བ་དང་བཅས་པའི་རྩོལ་བ་དོར་བའི་འདུ་བྱེད་བཏང་སྙོམས་དང་པོ་བླང་བར་བྱ། །ས་མ་ཏི་ལ་རི་བོ་ལྟ་བུར་ལ་རྣམ་རྟོག་རྐྱེན་གྱིས་མི་འགུལ་བ། །ཐུན་རྐྱང་ནས་སྒོམ་ནུས་ནས་ཏིང་ངེ་འཛིན་ལ་སུན་མི་བྱ་ཞིང་ཉམས་ཚོད་བཟུང་ཞིང་སྒོམ། ཏིང་ངེ་འཛིན་སྒོམ་རོ་མྱོང་དོར་བས་དེ་ཉིད་མཐར་ཕྱིན་པར་བྱ་སྟེ། ཤུགས་སྣང་བརྒྱད་ལ་སོགས་པ་མཐོང་བ་ལ་དགའ་བྲོད་མེད་པར་བཞག་གོ། །གཉིས་པར་གཡོ་བའི་ཉམས་ལ་བར་འགའ་སྐྱོན་དབང་དུ་འཆོར་ཐོབ་པ་སྟེ་ས་མ་ཏི་འོང་ལ། །ཁམས་དང་སྤྱོད་ལམ་ལ་སོགས་པའི་འཆོར་པའི་ས་ཏིའི་རྒྱུ་བརྟག་སྟེ་གོས་དོར། །སྒོམ་གྱི་ངང་ལ་ཤིན་ཏུ་ཡུན་རིང་ཞིང་བརྩོན་པ་ཡིས། །ཉམས་གོང་ནས་གོང་དུ་རིམ་བཞིན་དུ་འཕེལ་བར་འགྱུར་རོ། །བདག་དང་གཞན་གྱི་དོན་བྱ་བའི་ཕྱིར་བྱ་བ་སྤྱོད་པ་ཀུན། །དང་པོ་སློབ་པ་ན་གཡོ་ནས་བཟུང་སྟེ་ཉམས་མུ་ནས་མཐར་ཕྱིན་གྱི་ལྔ་ཡི་བར་དུ། རྣམ་པར་རྟོག་པ་མེད་པའི་ཚུལ་གྱིས་ནི། །སྤྱོད་ལ་སྤྱོད་ལམ་ཀུན་ལ་ཆགས་མེད་རོལ། །དེ་བཞིན་ཉིད་ཉམས་སུ་ལེན་པའི་ཚེ་སྤྱོད་དགུའི་སྤྲོས་པ་དོར་བའི་གཅིག་ཆ་ཡང་ཏིང་ངེ་འཛིན་དང་མཐུན་པའི་སྤྱོད་པ་ཞེས་བྱ་སྟེ། སྒོམ་པ་གཅིག་པུ་དོན་དུ་གཉེར་བའོ། །དེ་ལ་ཆོས་སྤྱོད་བཅུ་ནི། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་ནི། །ཆོས་སྤྱོད་བཅུའི་བདག་ཉིད་ཅེས་སོ། །དེ་ལ་འདིར་མཚན་མ་མེད་པའི་དེ་བཞིན་ཉིད་སྒོམ་པའི་སྐབས་སུ་ཆོས་སྤྱོད་དགུའི་འཚན་མའི་གཡེང་བ་ཡིན་པའི་ཕྱིར་དོར་སྟེ་མི་བྱའོ། །ཅིག་ཆར་སྒོམ་པ་ལའང་གཉིས་ལས་འདིར་མཚན་མ་མེད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྒོམ་ཞིང་ཉམས་སུ་བླང་བའོ། །མི་དམིགས་ཤིང་ཏིང་ངེ་འཛིན་དང་མཐུན་པར་བྱེད་པའི་སྤྱོད་པ་ཅེས་བྱ། །ཆོས་ཉིད་འགྲོ་བ་དང་འོང་བ་དང་མེད་པ་ལས་སྤྱོད་པ་འགྲོ་བ་དང་འོང་བའི་སྣང་བ་དང་ཡང་མི་འགག །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཏིང་ངེ་འཛིན་གྱི་ངོ་བོ་གནས་པ་མེད་པའི་ངང་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ལོངས་སྤྱོད་བྱེད་པ་མེད་པ་ལས་ཐམས་ཅད་སྤྱོད། །སྤྱོད་པ་ཉིད་ན་སྤྱོད་པ་མེད་པའི་ངང་ལས། ས་ཏིའི་དོན་ལ་ཉམས་པ་མེད་པར་སྤྱོད་ཅིང་དེ་ཉིད་ལ་ཡང་ཆགས་པར་མི་བྱའོ། །མ་འགགས་པ་ཐབས་ཀྱི་སྤྱོད་པ་གང་ཡང་མི་འགོག་པས་སེམས་ཉིད་གྱི་དོན་ལ་མི་འཛིན་ཏེ་ཞེན་ཆགས་མེད་པ་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཏེ། བདག་གི་དོན་ས་ཏི་ལ་གནས་པར་བྱ་བའི་ཕྱིར་ཀུན་སྤྱོད་ལ་གཉིས་སུ་མི་དམིགས་པའི་གོམ་པར་བྱས་ན། རྣལ་འབྱོར་པས་བྱང་ཆུབ་མྱུར་དུ་ཐོབ་པར་ཐེ་ཚོམ་མེད་པའི་མཚན་ཉིད། འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་ཚེ། །དེ་ལྟར་མི་དམིགས་པའི་ངང་དུ་སྤྱོད་པས་ཅི་སྤྱོད་ཐམས་ཅད་ཆོས་ཉིད་དུ་དེའི་ཚེ། བྱིན་གྱིས་རླབས་ཀྱིས་འགྲོ་བ་སྒྲོལ་བས་ཅིག་ཤོས་གཞན་དོན་ཡིན་ཏེ། །དེའི་རྒྱུ་མཚན་གང་ཡང་གཞན་གྱི་དོན་དུ་འགྱུར་བའི་ཕྱིར་སེམས་དཔས་བདག་དོན་ལ་གཞན་དོན་རྫོགས་པའོ། །རྒྱུད་གཞུང་ལས་གྲངས་པའི་སྤྱོད་པ་རྨད་དུ་བྱུང་བ་དང་ཕྲིན་ལས་གཞན་དོན་ལ་སོགས་པ་རྣམས། །དེ་རུ་རྟོགས་ཀྱང་སྐྱེ་བ་ལ་རང་དབང་མ་ཐོབ་པའི་སྐྱེ་བོ་ཀུན་གྱིས་སྤྱོད་གསུངས་པས། །མོས་པས་སློབ་པ་རྣམས་ལ་ཅི་སྨོས་རྐྱེན་མཐོང་ན་གཞན་དོན་བྱ་སྟེ། དེ་དག་ཏུ་ཤེས་སྒོམ་གཞི་ལ་སྤྱོད་པས་སློབ་ཤིང་། རྒྱུ་ཤེས་པའི་ལྟ་བ་དང་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཀུན་ཀྱང་གཞན་དོན་དུ་འགྱུར་ན། ཕྲིན་ལས་བཞི་སྤྱོད་ཅིང་སྒྲུབ་པ་བྱེད་པ་དང་དབང་བསྐུར་བའི་ཚེ། །ལྟ་དང་ཏིང་འཛིན་ལ་སོགས་པ་ལམ་ཀུན་སྐད་ཅིག་ཆས་བསྒོམས་ནས། །སྣང་བྱེད་སྤྲོས་པའི་འཁོར་ལོ་མོས་པས་བསྒོམ་བྱེད་ཅིང་ཟེར། དེ་ནས་ནམ་རང་བཞིན་ཆོས་ཀྱི་དབྱིངས་ན་སྙན་གསན་ཕབ་སྤྱན་དྲངས་བསྟིམ་བརྟན་པར་བཞུགས་སུ་གསོལ་རྫོགས་ནས་ཕྱི་ནང་གསང་བའི་མཆོད་པ་རིམ་བཞིན་དུ་འབུལ་བསྙེན་པར་བྱ་ནས་ཚོགས་དང་ལྷག་མ་ཡན་ཆད་བྱའོ། །ནུས་པའི་ཡེ་ཤེས་ལྔའི་དབང་བསྐུར་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་ལྡན་པར་རྫོགས་པར་བྱེད། །ས་ཏིའི་སྒོམ་པ་དེ་ཚེ་དམ་ཚིག་དང་སྡོམ་པ་ཐམས་ཅད་ཀུན། །མོས་པའི་སྒོ་ནས་སློབ་ཅིང་མི་གཏོང་བར་བསྲུང་མོད་ཀྱང་། །ཁྱད་པར་ཏིང་ངེ་འཛིན་གྱི་དམ་ཚིག་ལས་མི་འདའ་བར་བསྲུང་ཞིང་ལྡན་པར་བྱ། རྩ་བ་དམ་ཚིག་དང་ལྟ་བ་དམ་ཚིག་ཡན་ལག་ཅེས་བྱ་བ། །རང་རིག་ལས་ལོགས་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་ལས་མི་འདའ་བར་དམ་ཚིག་ཡིན། །ཟིན་ནས་འཁོར་བས་མི་གཏོང་བའི་ཕྱིར་ཡང་དམ་ཚིག་ཅེས་བྱ། །བླ་ན་མེད་པའི་བྱང་ཆུབ་ཀྱི་གཟུངས་སུ་གྱུར་པས་ཀྱང་དམ་ཚིག་ཅེས་བྱ། །ལྟ་བ་རྟོགས་པའི་དོན་སྔར་ལྡན་དེ་ཡང་འདིར་གོམས་པར་བྱེད་པའོ། །ལྟ་བ་དམ་ཚིག་མཆོག་ཡིན་པ་དེ་བས་རང་སེམས་ལྟ་བ་རྟོགས་བྱས་ཏེ། །དམན་པ་ལས་གྱུར་པའི་གཡེངས་བ་ལས་གྱུར་བའི་ལེ་ལོ་གཡེངས་བ་དྲུག་པོ་ལ་སོགས་པ་སྐྱོན་ཀུན་ཡོངས་སྤངས་ལ། །ང་དང་བདག་ཏུ་འཛིན་པ་མེད་ཅིང་མཉམ་ཉིད་ཀྱི་ངང་ལས་མི་འདའ་པར་བསྲུང་། །ཆོས་ཉིད་དེ་བཞིན་ཉིད་ཀྱིས་ཏི་ལས་འདའ་བར་མི་བྱེད་ཅིང་རྣལ་འབྱོར་པ། དེ་བཞིན་ཉིད་དང་ལྡན་པས་དམ་པའི་སྟེ། །དེ་བཞིན་ཉིད་ལས་འདའ་ན་རང་གི་རྒྱུད་ཚིག་པར་འགྱུར་རོ། །དེ་དང་སྔ་མ་སྔ་མ་རྫོགས་པར་བྱས་པས། །ལམ་གོང་མ་གོང་མའི་རྒྱུད་ལ་ལྡན་པས། །དེ་བཞིན་ཉིད་ལ་སོགས་པ་སྔ་མ་སྔ་མའི་དུས་ན་སྐད་ཅིག་སྤྲོས་པ་ལ་སོགས་ཕྱི་མ་ཕྱི་མ་ཡོངས་སུ་འཕར་གྱི་མངོན་སྤྱོད་མིན། །དེ་ཡང་ལམ་རིམ་པ་གོང་དུ་འཕར་བས་འོག་མ་འོག་མའི་སྒོམ་སྤྱོད་གོང་མ་གོང་མའི་ཀུན་མངོན་དུ་འགྲོ་བའི་རྒྱུ་ཡིན་ནོ། །ལྟ་སྤྱོད་ལ་རིམ་པ་ཡོད་པ་དེ་བས་ལམ་གོང་འོག་སོ་སོའི་ལྟ་བའི་གཞི་ལས། །ལྟ་བ་སྤྱོད་པ་ལ་སོགས་པ་ཀུན་ཁྱད་པར་ལུང་པ་ཆེ་ན་ནམ་མཁའ་ཆེ་མཁའ་ཡུལ་རྒྱ་ཆེ་ཆུང་བྱེད་པ་དང་འདྲ། །སྐུ་གསུམ་ཞིང་ཁམས་རྒྱ་ཆེ་ཆུང་བཤད་པ་དང་དབང་བསྒྱུར་གྱི་རྒྱལ་པོའི་འདུལ་ཞིང་ས་ཁམས་བཞིན། །ལྟ་སྒོམ་གྱི་སྟོབས་ཀྱིས་སྤྱོད་པ་ནི་སྟོབས་ཅན་གླང་པོ་རྩལ་སྒྱིད་འདྲའོ། །དེ་ལྟར་བ་སྒོམ་བྱ་སྒོམ་བྱེད་མེད་པར་ཡུན་བསྲིངས་ནས་དེ་སྒོམ་ན། ལུས་ངག་སེམས་ལ་དྲོད་འབྱུང་སྟེ། །ཕྱིའི་དྲོད་ལུས་ཀྱི་ན་ཚ་ཕྲ་མོ་མི་འཚོར་བ་ཏེ་བཟོད་པ་ཕྲ་མོ་ཐོབ་པ་དང་། །ནང་གི་དྲོད་འགྱུ་བའི་དབུགས་མི་ཚོར་བ་ལ་སོགས་ཏེ་དབང་ཐོབ་དང་། །གསང་བའི་དྲོད་ལ་སྒོམ་པར་དོན་ལ་སེམས་རྣལ་དུ་ཕེབས་པ་ནི། །ངེས་པར་ལུས་ངག་ཡིད་ཀྱི་དྲོད་གསུམ་མྱོང་བའོ། །དྲོད་ལས་གཞན་དུ་འབྱུང་ཚུལ་ནི་ཕྱི་རོལ་གྱི་སྣང་བ་རྡུལ་ཕྲན་གྱི་ཁེངས་པ་མཐོང་བ་དང་ཟླ་ཚེས་ལ་སྣང་བ་ཐམས་ཅད་སྐྱ་ལམ་མེ་བ་དང་སོགས་ཁུ་དུ་བུདྡྷའི་ཞིང་ཁམས་སོགས་མཚན་མ་མཐོང་བ་དང་། རིག་པ་ལ་སྒོམ་པར་ཏིང་ངེ་འཛིན་ཀློང་དུ་ཕེབས་པ་དང་། །འདོད་པའི་ཡུལ་འདོད་ཡོན་ལྔ་ལ་སེམས་མི་འགྲོ་ཞིང་། །སྐྱེ་འཆི་དང་འཕོ་འགྱུར་དག་ལ་ཉམ་མི་ང་བས་དང་། ཕྱི་དང་ནང་གི་ཆགས་ཡུལ་རྣམ་ཤེས་ལ་ཆགས་པ་དང་ཞེན་པ་ཆུང་། །སྔར་ལྟ་བའི་དུས་བས་དྲོད་ཁྱད་པར་དུ་དཔགས་པ་ཉམས་སུ་མྱོང་བ། སེམས་ཅན་གཞལ་ཡུལ་ཉམས་ཐག་མཐོང་ན་ཐུགས་རྗེས་སེམས་འཕྲོག་དང་། །ཆོས་བརྒྱད་རྣལ་འབྱོར་པ་གྲགས་དང་མ་གྲགས་བསྟོད་སྨད་བདེ་དང་སྡུག་མ་རྙེད་པ་དང་མ་རྙེད་འཇིགས་རྟེན་ཆོས་བརྒྱད་པོ། མཉམ་ཞིང་སྙོམས་པ་ལ་སོགས་ཕལ་ཆེར་འབྱུང་། །དེ་ཡང་ཉམས་དང་སྦྱར་ན་གཡོ་ཐོབ་བརྟན་རིམ་གྱིས། །རྣམས་ཀུན་ཏུ་དྲོད་འཁོར་བར་འབྱུང་བ་ཡིན། །བུ་ཁུ་རྗོ་སྨིན་པའི་རིགས་དེ་ལ། །ཕ་མས་ཁྱིམ་ཐབ་ལྟས་བསྟན་ན། །བྱིས་སྦ་དེ་བྲོད་པས་བསུ་ཞིང་རང་གི་ཟང་ཟིང་ནོར་ཟས་དག །དོན་དུ་གཉེར་བ་ལ་བརྩོན་པར་བྱེད། །དཔེ་དེ་བཞིན་དོན་རྣལ་འབྱོར་གཏན་གྱི་བདེ་བ་འཚོལ་བ། །དྲོད་རྟགས་མངོན་དུ་མཐོང་བའི་དགའ་ཞིང་བྲོད་པའི་ཚུལ་གྱིས། །ཤིན་ཏུ་ལམ་ཉམས་སུ་ལེན་པ་ལ་བརྩོན་པར་འགྱུར། །དེ་ཕྱིར་འདི་དག་ཡིས་རྗེས་སུ་བསྟན། །ཕྱི་མའང་ལམ་གྱི་ལྟ་སྒོམ་གྱི་སྟོབས་ཆ་ལས། །རྟགས་མངོན་རྫུ་འཕྲུལ་དང་སྣང་བར་འགྱུར། །དེ་ལ་སྔ་མའང་ཕྱིའི་རྟགས་དང་ནང་གི་རྟགས་སྟེ། །ཕྱི་རོལ་དུ་ཟད་པར་མེའི་སྐྱེ་མཆེད་དང་ཆུའི་སྐྱེ་མཆེད་དངོས་སུ། མེ་ཏོག་མཐོང་དང་པད་མོ་འོད་ཀུན་རྟའི་ཞིང་ཁམས་ལ་སོགས་པ་མངོན་དུ་མཐོང་བའོ། །ལུས་ངག་གི་ན་ཚ་ནང་དུ་བཟོད་པ་ཐོབ་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་ཤེས་པ་དང་། །ཁོར་བའི་ཆུ་ཉོན་མོངས་པ་ལྔ་རྒྱུན་ལམ་བག་ཀྱིས་བཅད་དེ་ཤས་ཆུང་ངུ་འགྲོ་བ་དང་། ཡེ་ཤེས་ལྷ་མོས་ཙནྡ་གྱི་ལྡེ་གུས་བྱུགས་པ་དང་དེ་ལ་སོགས་པ་བྱུང་ཡང་དེས་སེམས་ཀ༽ ང༽དེ་ལ་ཤུགས་སྣང་བརྒྱད་ནི་གྲུར་ཞུགས་ནས་འགྲོ་བ་དང་། ནམ་མཁའ་ལ་འཕུར་བ་དང་། མུན་པ་ལ་སྣང་བར་གྱུར་ཅིང་སྣང་བ་ལ་མུན་པ་དང་། ནམ་མཁའ་རྡུལ་གྱིས་གང་ཡང་། ནམ་མཁའ་འོད་དུ་འབར་བ་དང་། དངོས་པོའི་ནམ་མཁར་མེད་པར་སེམས་ཉིད་སྟོང་པ་ནམ་མཁའ་ལྟ་བུ་དང་། མེ་ལོང་སྐར་མདས་བརྒྱན་པ་དང་། བུདྡྷ་སྟེ་སངས་རྒྱས་ཀྱི་ཞིང་མཐོང་ཅ༽བའོ། །ཁ༽མི་འཕྲོག་མོས་པ་མེད་སྲིན་པོའི་རྒྱལ་པོ་སྟ་རེ་ཐོགས་པ་ལ་སོགས་པ་བྱུང་ཡང་སྐྲག་མེད་དགའ་མེད་ཏིང་ངེ་འཛིན་ཉམས་སུ་མྱོང་ཡང་བྲོད་པ་མེད། །སྒོམ་པའི་འདིའི་ངང་ལ་རང་བཞིན་གྱིས་ཤུགས་ལ་ཉམས་སྣང་བརྒྱད་པོ་མཐོང་བའང་འབྱུང་བར་གསུངས་སོ།ག༽ ཆ༽།བཅོ་བརྒྱད་ཀྱི་བདུད་ཀྱི་སྤྱོད་ཡུལ་ཆས་ཡང་འབྱུང་། །མངོན་པར་ཤེས་པ་རྣམ་པ་དྲུག །རང་བཞིན་གྱིས་འབྱུང་སྟེ། དྲུག་ནི་སྤྱན་གྱི་མངོན་ཤེས་དང་། རྣ་བ་དང་། ཕ་རོལ་གཞན་གྱི་སེམས་ཤེས་པ་དང་། འཆི་འཕོ་དང་། སྐྱེ་བ་ཤེས་པ་དང་། སྔོན་གྱི་གནས་ཤེས་པ་དང་། གདུལ་བྱ་དུས་ལ་བབ་མ་བབ་ཤེས་པའི་མངོན་ཤེས་སོ། །དེ་ལྟར་རྟོགས་ཤིང་ཉམས་སུ་མྱོང་བས་ལམ་གྱི་ཟག་པ་ཡོད་པ་དང་མེད་པའི་མངོན་ཤེས་འོ། །སྔོན་ལ་དེ་ཏིང་ཀུན་ཏིང་སྐབས་སུ་དམིགས་པའི་འགལ་འཕེལ་བ་མངོན་ཤེས་དང་། །གཅིག་པ་སྤྲོས་པའི་སྐབས་སུ་གྲངས་ཉེར་ལྔ་ཡོངས་སུ་རྫོགས་པའི་མངོན་ཤེས་དང་། །བར་ཆད་མེད་པར་ཚོགས་བསྒྲུབ་པའི་མངོན་ཤེས་སོ། །དེ་བཞིན་ཉིད་ཀྱི་སྐབས་སུ་དམིགས་པ་འགའ་བའི་མངོན་ཤེས་དང་ཀུན་ཏུ་སྣང་གི་སྐབས་སུ་འཕེལ་བའི་དང་། །ཕྱག་རྒྱ་གཅིག་པའི་སྐབས་སུ་ཉི་ཤུ་རྩ་ལྔ་རྫོགས་སོགས་པར་ཐོས་ཙམ་དུ་བྱུང་བ་དང་སྣང་བྱེད་ཀྱི་སྐབས་སུ་ཡུལ་ཁམས་མཐོང་། །བ་དང་། དེ་ནས་གླིང་གཅིག་ཚུར་ཆད་མཁྱེན་ནོ། །གྲངས་གཉིས་དང་གསུམ་བཞི་ཚུན་ཆད་མཐོང་ཐོས་ལ་སོགས་རིམ་པས་ཕྱེ། །ཕྱི་མ་ཚེ་དབང་སྟོང་གསུམ་གྱི་སྟོང་ཚུན་ཆད་མངོན་པར་ཤེས་བརྒྱ་ཡུལ་དུ་གྱུར་པ་དང་། །རྒྱ་ཆེན་ནི་སྟོང་གསུམ་སྟོང་ཆེན་པོ་སོགས་མཁྱེན་པའི་ཡུལ་འགྱུར་བ་ལ་སོགས་པ་སྟེ། སྟོང་གསུམ་སྟོང་ཕྲག་གསུམ་གྱི་སྟོང་ཆེན་པོ་བཅུ་རྡུལ་ཕྲན་དུ་གྱུར་པ་དེ་སྙེད་ཀྱི་གྲངས་དང་མཉམ་པ་དེ་ལྟ་བུ། གྲངས་མེད་པ་བཞི་རུ་བཞག་པའི་བརྒྱ་སྟོང་བཅུ་ཡི་རྡུལ་ཕྲན་དུ་གྱུར་པ། དེ་སྙེད་ཀྱི་གྲངས་དང་མཉམ་པའི་ཞིང་ཁམས་ཚུལ་ཆད་མངོན་ཤེས་ཀྱི་དང་པོ་ཐ་མ་ཡུལ་དུ་འགྱུར་བའི་ལྷུན་གྲུབ་རིག་འཛིན་ནི་རྒྱལ་བ་སངས་རྒྱས་དང་། །མངོན་ཤེས་ཀྱི་རྒྱ་མཉམ་པས་ལ་ཁོ་ན་ཁྱད་ཡོད་དམ་མེད་ཞེ་ན་བག་ལ་ཉལ་གྱི་དྲི་མ་ཡོད་པ་ལས་མེད་ཕྱེ་བས་ལྷུན་གྲུབ་མཐར་ལམ་རྫོགས་པའི་སངས་རྒྱས་ཀྱི་ཁྱད་ཡིན་ནོ། །དེ་བས་ནི་རྒྱུ་ཡི་བྱང་ཆུབ་སེམས་དཔའ་དང་། །དང་པོ་དང་མཉམ་ཕྱག་རྒྱ་ཆེན་པོ་དང་རྒྱུའི་ས་བརྒྱད་ལྷུན་གྲུབ་དང་རྒྱུའི་ས་བཅུ་བར་སྐལ་བ་མཉམ་ཕྱིར་ན་བརྗོད་ཀྱི་འོ་ན་ཚུལ་འདྲའམ་ཞེ་ན། ཁྱད་ཡོད་དེ་མངོན་པར་ཤེས་པའི་ཁྱད་པར་དང་དགོངས་པ་ཡི། །གཞི་ལྟ་བ་ཡིས་དབྱེ་བས་ལམ་དང་རྒྱུ་འབྲས་བུ་ལམ་དུ་བྱེད་པའི་ཁྱད་ཡོད་ངེས་སོ། །དེ་བཞིན་ཉིད་འདི་ཚེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་དང་། །ཆོས་སྣང་བའི་དང་ཀུན་བརྗོད་པའི་ཆོ་འཕྲུལ་ཅིག་ཆར་ལ་ཡོངས་སུ། རྫོགས་པར་འབྱུང་གི་ཀྱི་རིམ་གྱིས་ས་འདི་ཚེ་ཆོ་འཕྲུལ་འབྱུང་བའི་རྒྱུ་ཙམ་ཡིན་གྱིས། ལ་སོགས་བསམ་གྱིས་མི་ཁྱབ་སྟེ་ཉམས་མཐར་ཕྱིན་པ་ལ་བཞི་ཆ་ཙམ་འབྱུང་བའང་སྲིད་དོ། །རྣལ་འབྱོར་པ་དེ་བཞིན་ཉིད་ལ་གནས་པའི་རྨི་ལམ་ཡང་། །སྒྲིབ་པ་དག་པའི་ལྟས་ལུས་གཅེར་བུར་བྱུང་ཞིང་ལུས་ཀྱི་དྲི་མ་དག་པ་དང་། །བདེན་པ་མཐོང་བའི་ལྟས་བྱང་ཆུབ་ཆེན་པོའི་མཆོད་རྟེན་མཐོང་བ་ལ་སོགས་པ། དམ་པ་སངས་རྒྱས་མཆོག་དང་བྱང་ཆུབ་སེམས་དཔའ་དམ་པ་ཡི། །སྲས་དང་སྤུན་དགོངས་ནས་བྱིན་གྱིས་རློབ། །གཞན་ཡང་རྨི་ལམ་དང་མཚན་མར་ཉམས་སྣང་དུ་བླ་མ་དང་མགོན་གཅིག་བྱོན་ནས་མངོན་སུམ་དུ་སྣང་བས་དབང་བསྐུར་དང་བྱིན་གྱིས་རློབས་པ་དང་སོགས་ཁོངས་སུ་ལུང་སྟོན་ཁྲི་ལ་འཇོག་ཅིང་ཁམས་སྟོན། བྱིན་གྱིས་རློབས་ཆགས་ཤིང་གཏད་ནས་ཆོས་ཤོད་གཅིག་དང་། ལམ་དུ་འཇུག་པ་ལྔ་བྱེད་ཅིང་། །བར་ཆད་འབྱུང་མི་འབྱུང་དང་ལེགས་པའི་ཡོན་ཏན་དང་ཉེས་པའི་སྐྱོན་འབྱུང་བས་བརྩོན་ལུང་སྟོན་པའོ། །དེ་ཡང་བདུད་དང་ཆས་དབྱེ་དགོས་སྟེ། །བྱིན་རློབས་ལུང་སྟོན་ལྟར་སྣང་བ། །འབྱུང་བས་ཉེས་བྱེད་པར་བདུད་སངས་རྒྱས་དང་སློབ་དཔོན་ལོག་པར་སྤྲུལ་ནས་འབྱུང་ཕྱིར། །བདུད་དང་ཆ་བརྟག་པར་ཀུན་ཤིན་ཏུ་གཅེས་པས་བརྟགས་པར་བྱའོ། །དེའི་བར་ཆད་བསལ་དགོས་ཕྱིར་རྟགས་དེ་དག་ཀུན། །བླ་མ་ཉིད་ལ་ཞུས་པ་ལས་གཞན་དུ་མིན་ནོ། །ཆོས་ཉིད་དེ་བཞིན་ཉིད་དུ་ལྟ་བ་མཐོང་ནས་ཏིང་ངེ་འཛིན་གོམས་ན། །དགེ་སྡིག་ལས་ཀྱིས་མི་གོས་དགེ་དང་མི་དགེ་བ་གཉིས་སུ་མེད་པར་རང་གྲོལ། བདེ་སྡུག་ལ་སོགས་པ་གང་ལ་ཡང་རྣམ་རྟོག་མཚན་མར་ཡོང་མ་འཛིན། །ཆོས་རྣམས་ཐམས་ཅད་རང་བཞིན་ངང་གིས་ཡེ་ནས་སེམས་ཉིད་འོད་གསལ་བའི་ངང་དུ་རྟོགས་ཤིང་གོམས་པས། དགེ་སྡིག་གི་རྣམ་སྨིན་མེད་པས་ཤིན་ཏུ་འང་བདེ་བའོ། །དེས་ན་བདེ་དང་མི་བདེ་བའང་གཉིས་སུ་མེད་པས། །རང་བྱུང་གི་ཡེ་ཤེས་ལ་བདེ་སྡུག་གཉིས་འཛིན་གྱི་ཆགས་པ་མེད་པར་རྣམ་པར་དག །ཆོས་རྣམས་ཐམས་ཅད་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཡིན་ནོ། །སེམས་ཉིད་ལ་ཕྱོགས་འཛིན་གྱི་དྲི་མས་མ་གོས་ཤིང་དྭངས་ལ་ཕྱོགས་འཛིན་གྱི་དྲི་མས་མ་གོས་བས་ཨ་རབ་བདེ། །འདོད་པའི་ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ། །གཙང་དང་དམེ་བའི་བློ་མ་འཛིན། །དེའི་གཏན་ཚིག་ཐམས་ཅད་མཉམ་ཞིང་ཆོས་ཉིད་མ་རིག་མུན་པ་སེལ་བའི་རོ་གཅིག་པས། །གཙང་རྨེ་གཉིས་སུ་མེད་པས་ཤིན་ཏུའང་བདེ། །བློའི་ཤེས་རབ་ཆེ་ཆུང་དང་ཏིང་འཛིན་གྱིས། །ཐམས་ཅད་མ་ནོར་བར་རྒྱུད་གཞུང་ལུགས་བཞིན་དུ་རྟོགས་ཤིང་སྒོམ་ན། འཁོར་བ་མ་སྤངས་པར་རང་གྲོལ་བས་སྡུག་བསྔལ་མེད། །འཁོར་འདས་གཉིས་སུ་མེད་པར་རྟོགས་ཤིང་ཡིད་ཚིམ་ནས་སྐྱེ་བ་མེད་པའི་དོན་རྟོགས་པས་ཨ་རབ་ཏུ་བདེའོ། །འཁོར་འདས་ཐམས་ཅད་མ་ལུས་ཆོས་ཉིད་དེ་བཞིན་ཉིད་དུ་གཅིག་པའི་ངང་། །ལྟ་བར་བྱ་བའི་ཡུལ་དང་བལྟ་བར་བྱེད་བའི་མཁན་པོ་གཉིས་ཀ་མཚན་མ་མེད། །རྟོགས་པའི་ཡེ་ཤེས་སྒྲོན་མ་སྒྲེང་བས་ནི། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །ཚེ་འདི་དང་ཕྱི་མ་ཕ་རོལ་དེ་བཞིན་ཉིད་ལ་གཉིས་སུ་མེད་ཕྱིར། །འགྲོ་དང་འོང་བར་བྱ་བ་མིན། །ཡན་ལག་པའི་སྟོབས་ཆེན་གར་ཡང་མ་མཆོང་བར། །རིག་པ་མཐའ་དབུས་མེད་པས་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་གཉིས་སུ་མེད་པར་མནན། །དེ་བཞིན་ཉིད་འདི་སྒོམ་པའི་ཚེ་སྤྱོད་ཡུལ་འགྱུར་ཏེ་འཆི་བར་མཐོང་ན། །གཡེང་བའི་བསལ་པས་སྟོང་ཉིད་རྟོགས་ཤིང་གོམས་པའི་ངང་ལ་འདུག །བར་དོ་དྲན་པ་ལས་ལས་ངན་ཀྱི་རྒྱུན་བཅད་དེ། །གདོད་འབྲས་བུ་འདོད་ཁམས་ལྷ་མིའི་ཁྱད་པར་ཅན་དུ་སྐྱེས་ནས་ཐེག་པ་ཆེན་པོའི་ཆོས་དང་འཕྲོད་ཅིང་ཏིང་ངེ་འཛིན་ལ་སྦྱོར། །ཡང་མཚན་མ་མེད་པའི་འཕོ་བ་ལས་མཚན་བཅས་ཀྱི་འཕོ་བ་སྙིང་གི་དབུས་ན་གསང་བའི་གསེར་སྒྲོམ་དུ། །ཀུན་གཞི་ཚོན་གང་བ་འོད་དང་བཅས་པ་ཟླ་གཅིག་བསམ་ལ་ཟླ་བའི་དལ་དུ་ཧཱུྃ་སྔོ་སྐྱ། དབུགས་རིང་པོར་དང་ཟླ་བ་ཧཱུྃ་བརྩེགས་པའི་དམིགས་པ་ཐོབ་པར་སྒོམ་ནས། །རྒྱུ་བའི་དུས་ལྟ་བ་སྟེ། སྙིང་གི་དབུགས་ཡར་རྒྱུ་ཙམ་ན་ཧཱུྃ་ལས་ཡར་ནར་གྱིས་བྱས་ནས་སྤྱི་བོར་རྒྱངས་ཀྱིས་བྱུང་བར་བསམ། དབུགས་ཚུར་འདུས་ཙམ་ན་སྤྱི་བོ་ནས་སྙིང་གར་ལྷན་ཅིག་འདུས་པར་བསམ་མོ། །དེ་ཡང་སྟོབས་ཆུང་མི་གསལ་ནས་དབུགས་ཕྱིར་རྒྱུ་ཙམ་ན་ཧཱུྃ་ཡང་སྙིང་ཁ་ནས་ཡར་ལ་སྣ་བུག་གཡོན་པ་ནས་ཐོན་ཏེ། གྲུ་གང་ཙམ་དུ་དམིགས་པ་གཏོད་ལ་སྒོམ་མོ། །ཡང་ཚུར་རྒྱུ་ཙམ་ན་ཧཱུྃ་ཡང་སྙིང་གར་ལྷན་གྱིས་བྱུང་བར་སྒོམ་ཡང་མ་ཡེངས་པར་སྒོམ་ཞིང་དམིགས་པ་བརྟེན་ནས་འདྲིས་པར་བྱ། དེ་ནས་དབུགས་རྩེན་པ་ལ་ལིང་གིས་སོང་སྟེ་དབུགས་དང་བྲལ་ཁར་བར་དེ་བླ་མ་ཡི་དམ་གྱི་ཐུགས་ཀར་འཕང་པའམ་འོག་མའི་འབྲས་བུ་ནི་གོང་མ་ཡིན་པས་དེ་ཉིད་ལམ་དུ་འགྱུར། རླུང་གི་འཕྲོ་འདུས་རླུང་ཐུབ་ཚད་ཀྱིས་ནང་དུ་བཟུང་ལ། དེས་ན་མི་ཐུབ་ཙ་ན་རླུང་གི་སྟོབས་ཀྱིས་ཧཱུྃ་ཕྱིར་ལ་རྒྱངས་ཀྱིས་འཕང་། དེ་ཡང་སྔར་གང་འདྲིས་པ་སྟེ་སྟོབས་ཆེན་སྤྱི་བོ་ནས་འཕང་སྟོབས་ཆུང་ན་སྣ་བུག་གཡོན་ནས་རིག་པ་ཧཱུྃ་དུ་གནས་པ་དེ་འོད་དུ་ལམ་གྱིས་སོང་སྟེ་སྣང་སྲིད་ཐམས་ཅད་འོད་ཀྱི་ངོ་བོར་ཁྱབ་པར་ཝལ་གྱིས་དྲན་པར་བྱའོ་དེ་ཡང་ཞལ་གྱི་གདམས་པ་ངོ་སྤྲོད། དེས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འབྱུང་ངོ་། །བརྡལ་འདུག །གནས་སྐབས་འབྲས་བུ་སྣང་སྟོང་དབྱེར་མེད་རྣལ་འབྱོར་མཐའ། །མཐར་ཐུག་འབྲས་བུ་མངོན་བྱས་ལྷག་པའི་ཆོས་སྐུར་སྦྱོར། །དེ་ཅིའི་ཕྱིར་ཞེ་ན་རྒྱུ་འབྲས་གཉིས་སུ་མེད་པའི་ཕྱིར་འབྲས་བུ་ཉིད་ལ་ལམ་དུ་བྱེད་པའི་ཕྱིར་ཏེ། །དེ་བཞིན་ཉིད་དང་སྐུ་གཉིས་རྣམ་པ་མཆོག་ལྡན་གྱི་སྟོང་པ་ཆེན་པོར་ཕྱོགས་མཐུན་བརྗོད་ཀྱི་རིས་སུ་ཆད་པའི་འབྲས་བུ་མ་ཡིན། །སྟོང་པ་ཆེན་པོའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། ༈ །།དེ་ཏིང་ཆོས་ཀྱི་སྐུ་ལ་རྟོགས་གོམས་ཀྱིས་བརྡའ་འཇལ་བའི་ཕྱག་འཚལ་ཏེ། །དེའི་རྗེས་སུ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་བཤད། །ཀུན་སྣང་ཡང་དེ་བཞིན་ཉིད་དང་རྗེས་སུ་མཐུན་པའི་ལུས་དོན་བཅོ་ལྔ་ཉིད་ཀྱི་མདོར་བསྟན་པ། ཡན་ལག་རྒྱས་བཤད་ཀྱི་སྒོ་ནས་ཤེས་པར་གྱིས། །སྟོང་པ་ཆེན་པོའི་ས་ཏི་སྔོན་དུ་སྟོང་གོམས་རྣལ་འབྱོར་པས། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཐུགས་རྗེས་གཟུང་བའི་ཕྱིར། །ཡན་ལག་བརྒྱད་པ་སྔོན་དེ་ཏིང་བཞིན་དུ་བྱས་ནས། །དེའི་རྗེས་ལ་ཡེ་ཤེས་སྒྱུ་མའི་སྟེ་ཏིང་ངེ་འཛིན་གྱིས་སྙིང་རྗེ་བསྒོམ་པར་བྱའོ། །ཆོས་དང་གང་ཟག་བདག་གཉིས་ཀྱི་གཟུང་འཛིན་དྲི་མ་བསལ་བ་དང་། །དེ་བཞིན་ཉིད་སྟོང་པ་ལ་ཞེན་པའི་མདུད་པ་བཤིག་པ་དང་། །གདུལ་བྱ་རྣམ་ཤེས་ཚད་མེད་བཞི་ཡང་དག་པའི་ས་ལ་དགོད་པ་དང་། །ཕྱག་རྒྱ་གཅིག་པའི་རྒྱུར་སྔོན་དུ་ཐོབ་པ་བྱ་ཞིང་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ས་ཏི་ཉིད་ནི་གཉེར་བ་དང་། །བདེན་པ་གཉིས་སུ་ཕྱོགས་དང་རིས་སུ་མི་བཏང་ཕྱིར། །ཡེ་ཤེས་སྒྱུ་མའི་རྣལ་འབྱོར་འདི་ལ་གནས་པར་བྱས་ཏེ། །ཡེ་ཤེས་སྒྱུ་མ་ལ་འཇུག་པའི་གཡོ་བས་ཉིན་ཞག་དྲུག་གཅིག་གིས་དྲུག་ཅུ་རྩ་བཞིའི་ཆ་ཐུན་མོང་ཐོན་པ་བས་སོ་གཉིས་གོམས་པས་བཅུ་དྲུག་བརྟན་པ་བས་བརྒྱད་མཐར་ཕྱིན་པ་རབ་བཞི་ཆའམ་ཉིན་མོའམ་མཚན་མོའི་ཐུན་རྐྱང་ནུས་པའོ། །ཐུན་མཚམས་དུས་ཀྱི་བྱའོ། །རྣལ་འབྱོར་གང་གིས་ཁམས་གསུམ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས། །ཀུན་སྣང་ཐུགས་རྗེ་ཆེན་པོའི་ཡེ་ཤེས་སྒྱུ་མའི་ངང་དུ་མིག་གིས་གཟུགས་སུ། །མཐོང་བ་དང་རྣ་བས་སྒྲ་ཐོས་ལྕེས་རོ་མྱོང་ལུས་ཀྱི་རེག་བྱ་ཚོར་བའང་། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟག་པའི་རྒྱུས་སྒོམ་པའི་འམ་རྗེས་ལ་ཐོབ་ཅིང་སྒོམ་པའོ། །ཡེ་ཤེས་སྒྱུ་མ་དེ་ཡིས་ཐམས་ཅད་མ་ལུས་ཆོས་སོ་ཅོག །རགས་པ་ཐེར་ཟུག་པའི་སྙིང་པོ་ཡོད་པ་མ་ཡིན་ཏེ། །ལོག་རྟོག་སྣང་བ་ཡིད་ཚིམ་པས་སྒྱུ་མ་སྣང་བ་ངོ་བོ་མེད་པ་ཡང་དག་པ་མིག་ཡོར་སྤྲུལ་པ་དང་། །སྣང་ལ་མེད་པ་སྨིག་སྒྱུ་སྣང་ལ་རང་བཞིན་མེད་པས་འཇའ་ཚོན་གསལ་ལ་རང་བཞིན་མེད་པ་ཆུ་ཟླ་བཞིན་དུ། རྣལ་འབྱོར་བདག་དང་འགྲོ་བ་ཀུན་ཡེ་ཤེས་སྒྱུ་མར་ངོ་བོས་གཅིག །རྒྱུ་གཅིག་ཁོ་ནར་ཡང་མི་གནས་ཏེ་བདེ་སྡུག་ལ་སོགས་པ་ཐ་དད་བསལ་བའི་ཕྱིར་དང་བློས་བརྟགས་པའི་སྣང་བས་ཐ་དད་པའི་ཕྱིར་རོ། །དེས་ན་གཅིག་པ་དང་ཐ་དད་དངོས་པོ་གཉིས་མེད་ཅིང་ཐ་དད་ལས་གྲོལ་པས། །གཉིས་སུ་བྱ་མེད་ཅིང་གཉིས་སུ་བྱ་བའི་སྣང་བའང་འགོག་མེད་པར་པའང་། ལྟ་བའི་དོན་མཐོང་བའི་ངང་ལ་མ་ཤོར་ཙམ་དུ་བྱ། །ལྟ་བ་རྟོགས་པའི་རྗེས་སམ་རྟོག་དཔྱོད་ཀྱི་སྔོན་འགྲོ་གོམས་པར་བྱ། །དེ་བས་ན་ལྟ་བ་དེ་ཏིང་གཉིས་སྔོན་དུ་གོམས་ནས་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་རྒྱུ་གོམས་པས། །རིགས་པ་མཐའ་དབུས་མེད་པས་དྲན་པ་སྤྱི་བླུགས་ཡེ་ཤེས་སྒྱུ་མའི་ཏིང་འཛིན་ཕྱོགས་སུ་གསལ། །བློ་སྔོན་དུ་བཏང་བ་གང་ཡང་མེད། །དཔེར་ན་ནམ་མཁའ་ནམ་མཁའ་ལ་ཡུལ་དུ་དབྱེར་མེད་པ་རང་བཞིན་ཅི་བཞིན་ནོ། །ལུས་ངག་སེམས་དང་ཕྱི་ནང་ཆོས་ཐམས་ཅད། །ཕྱོགས་སུ་གང་ནའང་དངོས་པོར་ཡུལ་ཡུལ་ཅན་མི་གནས་ཡུལ་དུ་མི་དམིགས་པ། །ཡེ་ཤེས་སྒྱུ་མའི་ངོ་བོ་སྣང་ལ་རང་བཞིན་མེད་པ་མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་ལྟ་བུའི་བསམ་པ་བསྒོམ་སྟེ་སྒོམ་བྱ་སྒོམ་བྱེད་མེད་པའོ། །ཆོས་རྣམས་ཐམས་ཅད་མ་འགགས་པར་རང་སྣང་བ་ཐབས་ཀྱི་མཚན་ཉིད་དེ་ཡིན། ཐབས་མ་འགགས་པ། ལ་ཐབས་ཀྱི་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་གཉིས་སུ་མེད་པར་རྣམ་པར་སྦྱོར། །ཡེ ཤེས་སྒྱུ་མར་ཐབས་ཆེན་སྒོམ་པས་ཐབས་ལས་ཡེ་ཤེས་སྒྱུ་མ་མངོན་དུ་བྱུང་བ་ཡིན། །དེ་ནི་བླ་ན་མེད་པའི་བྱང་ཆུབ་ཡེ་ཤེས་སྒྱུ་མའི་ངོ་བོ་དབྱེར་མེད་པ་རྡོ་རྗེའི་ཐེག་པ་མཆོག་གི་དོན་ནོ། །ཕྱི་ནང་ཐམས་ཅད་དུ་ནི་ཡེ་ཤེས་གསལ། །ཡེ་ཤེས་མ་ཡིན་ཆོས་འགའ་ཡོད་མིན་པས། །མ་བུ་ལ་གདུང་བ་དང་འདྲ་བར་མ་བསྒྲལ་ཐམས་ཅད་ཡེ་ཤེས་སྒྱུ་མའི་ངོར་གཅིག་ཅིང་གཉིས་སུ་མེད་པར་རྟོགས་པས། དུས་གཅིག་བསྒྲལ། །ཞེས་བྱའོ། །དེ་གཉིས་སུ་མེད་པར་བསྒྲལ་བས་གསོད་ཆེན་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ། །བདག་གཞན་དུ་མི་འབྱེད་ཕན་རྫོགས་བྱམས་ཆེན་པོ། །འགྲོ་བའི་དོན་ལ་མི་འགྱོད་དགའ་བ་མཆོག་ཏུ་སྐྱེ་བ་དགའ་བས་འབྲལ་བ་མེད་ཅིང་འགྲོ་བ་ཀུན་ལ་སྙོམས་པས་བཏང་སྙོམས། དེ་ལྟར་ཚངས་པའི་རྒྱུ་ཚེ་ཆད་བཞི་དུས་གཅིག་རྫོགས། །ཐེག་པ་འོག་མ་པ་ལྟར་ཡུལ་ཡུལ་ཅན་གྱིས་མངོན་པར་གདུང་བ་དེ་ལ་མེད། །སྙིང་རྗེ་བ་དེ་ཕྱིར་རྒྱུ་འཁོར་བའི་རྐྱེན་ལས་དང་ཉོན་མོངས་པ་སྟེ་འབྲས་བུ་སྡུག་བསྔལ་ཞིང་ཉམས་ཐག་པ་དང་། །ཐོག་མཐའ་མེད་པ་དུས་དང་རང་བཞིན་མི་རྟག་སྐྱེ་འཇིག་འཁྲུལ་པ་དང་། །ཚུལ་གྱིས་ཉེས་པ་ནི་འཕགས་ལམ་དང་སྡུག་བསྔལ་མྱོང་བའི་ངོ་བོ་ཕྱི་ནང་སྣོད་བཅུད་དུ་སྣང་བ་དང་། །སྤྱི་བཙོན་ར་དང་འདྲ་བ་ཡུལ་ཡུལ་ཅན་ལྟ་བུ་དང་བརྒྱད་ལ་དམིགས་ནས་ཐུགས་རྗེ་སྐྱེ། དེ་ཡིས་ཡུལ་ཡུལ་ཅན་མེད་པར་ཀུན་གཅིག་པར་ཤེས་བཞིན་འབྱུང་བས། ཕ་རོལ་དུ་ཕྱིན་པ་ཀུན་རྫོབ་ཏུ་ཡུལ་ཡུལ་དུ་སྐྱེས་པ་དང་མཚུངས་པ་མ་ཡིན། །ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་དེ་དག་གི་ངོ་བོ་ཉིད་བསྟན་པའང་། །ངོ་བོའི་རྣམ་གྲངས་འདིར་ཡང་མིང་གི་རྣམ་གྲངས་བཞིན་དུ་གྲངས་ཀྱང་འཇུག་སྟེ། །སྒོམ་བྱ་དོན་གྱི་ངོ་བོ་དང་རྣལ་འབྱོར་ཏིང་ངེ་འཛིན་གྱི་ངོ་བོ་ཡིས། །ཕྱེ་བས་ཟུང་དུ་འགྱུར་ཞིང་ངེས་ཚིག་ཀྱང་འགྲུབ་པའོ། །དེ་མ་ཡིན་པ་ལ་ལོག་རྟོག་དེར་འཛིན་པ་སྒྱུ་མ་ནི། །ཕྲ་བ་ཆོས་ཀྱི་བདག་དང་གང་ཟག་བདག་དང་རག་པས་ཀུན་བརྟག་ཀྱི་དངོས་པོ་རྣམས། །ངོ་བོ་ཡོད་པ་ནི་བདག་དང་སྲོག་དང་བྱེད་པ་ལས་སོགས་བརྟགས་པས། །གཉིས་འཛིན་གྱི་རྟོག་པ་སྒྱུ་མའི་འཁྲུལ་པ་ཀླུང་དུ་གྱུར པ། །ལོག་རྟོག་གི་བློ་ངོ་ལ་སྐྱེས་དང་མི་བདེན་ཅིང་བདེན་པ་ལྟར་འཇུག་པ་ལ་བསླུ་བས་འགྲུབ་པའོ། །དཔེར་ན་རྟེན་ཅིང་འབྲེལ་པའང་ཤིང་རྟ་བཞིན་ཏེ། འཇིག་རྟེན་པའི་རྣམ་རྟོག་མི་བདེན་པར་གཟུགས་བརྙན་ཕྱིར། །སྒྱུ་མའི་གླང་ལ་སོགས་པ་ལྟ་བུར་འཁྲུལ་པའི་རྒྱུ་རྐྱེན་ལས་སྐྱེས། །མེས་བཙོ་བསྲེག་བྱ་སོགས་འཕྲལ་སྣང་བྱ་བ་ཀུན་བྱེད་པས་དོན་བྱེད་ནུས་འདི་རྣམས་ཀྱང་། །རྟོག་ཅན་རྣམས་ལ་ནི་ལས་དང་རྟོག་པ་མཐུན་པར་ཟད་པའི། གཟུགས་བརྙན་འདྲ་བའི་ཕྱིར་རིགས་པས་བརྟག་པས་དབེན་ཏེ་ངོ་བོ་གྲུབ་པ་མེད་པ། དེའི་ཕྱིར་ཐམས་ཅད་གཏན་ཚིག་འདུས་བྱས་རྫུན་པ་ཙམ་དང་། མིང་ཙམ་ལས་དངོས་མེད་འདོད་པ་མིན་ནོ། །ཡང་དག་ཉིད་དུ་བདེན་པར་གྲགས་སོ་ཅོག །གཉིས་སུ་སྣང་བའི་དུས་ཉིད་ན་ཕྱོགས་གཅིག་པ་གང་ཡང་མིན་པས། །སེམས་ཉིད་རང་སྣང་བའི་ཕྱིར་ཅི་ལྟར་སྣང་ཡང་རྒྱུ་རྐྱེན་མེད་པར་རང་འཆར་བས། རིག་པ་ཉིད་སྣ་ཚོགས་སུ་སྣང་ལ་རང་རིག་གི་ངོ་བོ་ཕྱོགས་གཅིག་གང་དུའང་ངེས་མེད་ཅིང་། །ཇི་ལྟར་བལྟས་པར་ལྟར་སྣང་བ་དང་། །སྣང་ཞིང་ཐེར་ཟུག་གང་ཡང་མེད་པ་རང་སྣང་བས་རྟག་པ་དང་ཆད་པ་དང་ཡང་བྲལ་བའོ། །རྒྱལ་བའི་སྐུ་ཡང་རྒྱུ་རྐྱེན་གཞན་གྱིས་མ་བསྐྱེད་པར། །རིག་པའི་ཡེ་ཤེས་སྒྱུ་མར་ཤར། །ཁམས་གསུམ་པའང་དེ་བཞིན་པས། །ཐབས་ཆེན་མ་འགགས་པ་སྒྱུ་མ་ཀུན་གྱིས་ངོ་བོའོ། །ཆོས་ཀུན་ཡེ་ཤེས་སྒྱུ་མ་ལ་ནི་ཡེ་ཤེས་ཉིད་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་ཐེར་ཟུག་གང་ཡང་མེད་པས་གསོག །རྒྱལ་བའི་སྐུ་མངོན་སུམ་དུ་བྱུང་ནས་འགྲོ་བ་སྐྱོབ་ཅིང་ཕན་འདོགས་པ་དང་། །བྱིན་གྱིས་རླབས་པ་དང་ཆོས་སྟོན་པ་ལའང་གོང་གི་དེ་བཞིན་ཏེ། དེ་རྣམས་ཀྱང་རང་བྱུང་ཡེ་ཤེས་རང་སྣང་བས་རྒྱུ་རྐྱེན་གཞན་ལ་རག་ལུས་མེད་པའི་ཕྱིར། །སྒྱུ་མ་རང་སྣང་ཉིད་ངོ་བོ་ལ་འཇིགས་འདྲལ་མེད་པ་སྣང་བ་རྡོ་རྗེ་མཆོག །དེ་ན་དོན་ནི་འདུས་མ་བྱས་ཉིད་ཀུན་རྫོབ་ཏུ་འདུས་བྱས་ལྟར་སྣང་། །འདུས་བྱས་སུ་སྣང་བའི་དུས་ཉིད་ན་དབྱེར་མེད་རྡོ་རྗེ་ཉིད། །ཡིན་པའི་ཕྱིར་རང་གི་ངོ་བོས་བདེན་གཉིས་ཐ་དད་མེད། །འོ་ན་བདེན་གཉིས་རེས་མོས་སུ་སྒོམ་པའམ་ཞེ་ན་བློ་དམན་པ་ལ་རིམ་པར་ལྟར་སྣང་བ་དེས་ས་ཏི་གོམས་པའི་ཐབས་བྱེད་ཙམ་དུ་སྨོས་པ་ཡིན་ནོ། །འགྲོ་ལ་སེམས་རྒྱུད་གཉིས་མི་ལྡན་ཅིང་སྐད་ཅིག་མ་གཅིག་ལ་རྟོག་པ་གཉིས་མི་འཇུག་པ། རྒྱུད་གཅིག་ལ་རྟོག་པ་སྔ་མ་འགགས་ཕྱི་མ་མ་སྐྱེས་ད་ལྟ་མ་འགགས་པས། །གཟུང་འཛིན་གཉིས་དང་བྲལ་བའི་རང་རིག་པ་ཉིད། །ཡེ་ཤེས་སྒྱུ་མ་མི་གཡོ་བས་ཞི་གནས་ལ་སྒྲིབས་པར་གསལ། །ཆུ་དང་ཟླ་བ་ཇི་བཞིན་དུ། །ཞི་གནས་ལྷག་མཐོང་མཚུངས་པར་གསལ་བ་ཡེ་ཤེས་སྒྱུ་མའི་ངོ་བོར་བརྗོད། །ཇི་ལྟར་སེམས་ལས་མ་གཏོགས་པའི་ཆོས་མེད་ཕྱིར། །ཡེ་ཤེས་སྒྱུ་མ་གཞན་ན་སྒོམ་དུ་མེད། །ཡེ་ཤེས་སྒྱུ་མ་ཉིད་ཀྱི་གཉིས་སུ་མེད་ཅིང་ཞེན་ཆགས་པ་བྲལ་བའི་ངང་ལ་གནས་པས། ཐ་སྙད་ཙམ་དུ་བསྒོམ་ཞེས་བྱའོ། །ཏིང་ངེ་འཛིན་དང་མི་མཐུན་པའི་སྐྱོན་སྒྲིབ་པའི་དམིགས་གཟུགས་བའི། སྐྱོན་གྱི་རྒྱུ་དང་ངོ་བོ་དང་ཉེས་པ་ནི། །ཡེ་ཤེས་སྒྱུ་མའི་ངང་ལ་མ་གོམས་པ་དང་ཆེད་དུ་བཅོས་ནས་བརྩོན་འགྲུས་བྱེད་པས་སྐྱོན་འབྱུང་བ་སྟེ། མེ་ཡོད་ན་དང་དུ་བ་ཡོད་པའི་ཚུལ་བཞིན་དུ། །མ་གོམས་པ་དང་འགྲུབ་བྱེད་ཀྱི་ཤུགས་ལ་སྒོམ་བྱ་སྒོམ་བྱེད་ཀྱི་བདག་ཏུ་འཛིན་པ་རྣམ་པ་གཉིས་ཀྱིས། །ཏིང་ངེ་འཛིན་ལ་སྒྲིབ་པའི་སྐྱོན་འབྱུང་བར་ངེས། །དེ་ལ་སྔོན་དུ་ཇི་བཞིན་ཉིད་བསྟན་མོད་ཀྱང་། རྒྱུ་གཅིག་དང་དེ་ཏིང་མཚམས་སྦྱོར་བའི་སྙིང་རྗེས་གཡུང་བའམ་སྔོན་དུ་གོམས་པ་མིན་པས། །ཀུན་སྣང་གི་སྐབས་སུ་ཡང་ཐུན་མོང་གི་བརྗོད་པ་ཀུན་འབྲིང་དང་ཉུང་བར་འབྱུང་། །སྐྱོན་གྱི་རྐྱེན་རྣམས་སྔར་སྤངས་ཤིང་དེ་བཞིན་ཉིད་གོམས་པས་ཐ་མལ་པའི་སྐྱོན་ཉུང་ཞིང་དཀོན་པའོ། །འོན་ཀྱང་འདི་ཉིད་ཀྱི་སྐབས་སུ་ཡང་འཕྲོ་བ་དང་རྒོད་པ་དང་སྡུད་པ་དང་བྱིང་བ། ཡུལ་མ་ངེས་པའི་ས་ཕྱོགས་ནི་མཁར་རྩེགས་བཅས་པ་ལ་སོགས་པ་མཐོང་བ་དང་། ཟད་པར་གྱི་སྐྱེ་མཆེད་མཐོང་བ་དང་མི་རྟགས་པས་མ་ངེས་པའི་ཁ་དོག་མཐོང་། །མཁྲིས་མེ་ཁྲག་ཆུ་རླུང་སའི་ཆ་བད་ཀན་འབྱུང་བ་བཞི་འཁྲུལ་བས། །ཏིང་འཛིན་མི་གསལ་མདོག་མཐོང་པ་ནི་ཁམས་འཁྲུག་པ་གང་ཡིན་ལྟར། །ས་གཡོས་མཐོང་བའང་བདུད་དང་ཆ་དབྱེའོ། །དེ་ཡང་ནམ་མཁའ་ལ་སྤྲིན་གྱིས་སྒྲིབ་པ་དང་མིག་ལ་ལིང་ཏོག་གིས་མུན་པ་འགྱུར་བ་བཞིན། །དོན་གང་དེ་གཞུང་ལས་གྲགས་པའི་སྐྱོན་རྣམས། ཐུན་མོང་གི་ཕྲ་རག་སྐྱོན་ཆ་ཡིས་ཁྱད་པར་གྱི་སྐྱོན་སྒྱུ་མའི་དོན། །ངོ་བོ་མི་གསལ་ཞིང་རྣམ་པ་སྐྱེ་བ་ཤིན་ཏུ་བུལ་བར་བྱེད། །དེ་ཏིང་ལྟར་སྔོན་བཞིན་རྟོག་པའི་ནད་སྐྱོན་བཅོས་པ་ནི། རབ་ལ་ཤེས་བཞིན་གྱི་བྱ་ར་བའི་སོ་མཐས་སྐྱོན་ཚོར་ལ་ཆོད་པར་བྱ། །དེ་ལྟར་ཚོར་བར་གྱུར་ན་རྐུན་པོ་མཐོང་བ་དང་བྲོས་པའི་ཚུལ་བཞིན་དུ། སྐྱོན་དེ་རྣམས་ཆེད་དུ་མ་བསལ་རང་བཞིན་གྱིས་ཤེས་པ་དང་སྟེ་མེད་པ་བར་གྱུར། །དེ་ལྟར་རྣམ་རྟོག་མཚན་མ་ཅི་སྐྱེས་ཀྱང་། །ཡེ་ཤེས་སྒྱུ་མ་རང་སྣང་བའི་ཕྱིར། །ས་ཏི་ལ་ཆགས་པ་དང་སྐྱོན་ལ་སྡང་བ་ཡོན་ཏན་ལ་རེ་བ་དང་སྐྱོན་ལ་དོགས་པ་མི་འབྱུང་སྟེ། །ཡེ་ཤེས་སྒྱུ་མ་གཞན་དུ་མིན་ནོ། །གང་དེ་ལྟར་མ་ལྡན་ན་བར་པ་གང་དག་གིས། །ཚོར་ན་སྐྱོན་དེ་གང་དུ་བྱུང་གང་བྱུང་ལོ་རྒྱུས་དཔྱད་པས་ཞི། །ཡང་ན་རྟོག་པའི་གནས་ཡུལ་བལྟ། །སྟེ་རྟོག་པ་དེ་རང་གང་ཡིན་ལྟས་པས་དེ་ཡི་རང་བཞིན་མཐོང་བས་སྐྱོན་མུན་པ་རྣམ་དག་སྟེ་སངས་བས་སོ། །འདོད་མིན་འབྱུང་བའི་ཁ་དོག་མཐོང་བ་ན། །འབྱུང་བ་བཞི་ཡི་གཉེན་པོས་གཞིལ། །དེ་བཞིན་ཉིད་སྔོན་བཞིན་སྔར་འདས་པའི་རྗེས་འབྲངས་ཕྱིས་མ་འོང་བའི་སྔོན་བསུ་བར་བྱེད། །དེ་ལྟར་གོང་གི་རང་བཞིན་གྱིས་རྐྱེན་གྱིས་འགྱེས་ཤིང་རྒོད་ན། ཤེས་བཞིན་གྱི་བྱ་ར་བས་ཚོར་ན་འཁོར་བ་ཐོག་མཐའི་ཉེས་པ་ལ་བསམ་སྟེ། །འཁོར་བ་སྐྱོ་བ་བསྐྱེད་ལ་སྐྱོན་རྣམས་དེར་དྲན་པའི་ཐག་པས་བཅིང་སྟེ་སྐྱོན་དབང་མི་གཏོང་། གོང་དུ་ཐིམ་ཞིང་བྱིང་ན་ཁྲུས་བཅག་པར་བྱ་ཁམས་བསང་། །སྒོམ་པའི་དྲོད་རྟགས་བྲོད་པས་ས་ཏི་ལ་འཇུག་ཅིང་སེམས་གཟེངས་བསྟོད་པར་བྱའོ། །དེ་ལྟར་སྒོམ་ཞིང་དེ་ལྟར་སྐྱོན་ངོས་བཟུང་བཅོས་པ་ལ་བརྩོན་གྱུར་པའི། །སྐབས་སུ་ཡེ་ཤེས་སྒྱུ་མ་རྣལ་འབྱོར་ཉིད། །སོགས་འཕེལ་བའང་གཡོ་བ་དང་ཐོབ་པ་དང་གོམས་པ་དང་། །བརྟན་པ་དང་མཐར་ཕྱིན་ཏེ་གོང་དུ་འགྲོ་བའི་ངོ་བོ་ཡེ་ཤེས་སྒྱུ་མ་ལ། །མེད་ཀྱང་རབ་རིབ་རིམ་པ་ཆས་དག་བརྗོད་པའོ། །སེམས་རྒོད་པ་འབོད་བྱིང་བ་དགྱེས་ཐིམ་པ་གོམ་པའི་ཉམས་ཀྱི་དཔེ་རླུང་དྲག་པོས་ཆུ་ལྟར་སྐྱོན་དུ་འགྲོ་ལ། ཅུང་ཟད་ཐུན་གྱི་སུམ་ཆར་སྒོམ་ཡོད་ལ། བཞི་ཆ་ལྔ་ཆར་རྟོགས་པ་དེ་མེད་ཅིང་ཏིང་ངེ་འཛིན་གྱི་ངོ་བོ་ལ་གནས་ཐོབ། །ཐུན་རྐྱང་ནུས་ཤིང་གསལ་བར་སྒོམ་པའི་དོན་དང་ལྡན་པ། །ཆུ་ཀླུང་དཔེར་ན་དལ་འབབ་ཚུལ་བཞིན་དུ་གནས་པ་ཡིན་ནོ། །དཔེར་ན་སྒོ་རྟེན་རྫས་རྐྱང་འདོན་གྱིས་གཏམ་པ་ལྟར་རྟོག་པ་རླུང་གིས། །མི་བ སྒུལ་བར་ས་ཏི་གཞི་ལ་གནས་པ་ནི་བརྟན་པའོ། །ཤེས་རབ་ཀྱི་དབང་པོའི་མངོན་སུམ་དུ་གང་ས་ཏི་བྱས་པ། །སྐྱེད་དུ་བྱ་བ་མེད་པའི་ཕྱིར་མཐར་ཕྱིན་པའོ། །སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པས། །སྲིད་གསུམ་ཡེ་ཤེས་སྒྱུ་མའི་ངོ་བོ་འདྲ་བར་ནི། །རྫོགས་པའི་བྱང་ཆུབ་ཏུ་ཐུགས་རྗེ་ཆེ་ཞིང་ཐབས་ལ་མཁས་པས་ཤེས། །འགྲོ་བ་དོན་བྱའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དྲུག་པོ་དེ་ལྟར་སྔ་མ་སྟེ་གདོད་མ་ནས་དེ་ལྟར་གནས་པ་ཤེས། །གཟུང་འཛིན་ལོག་པར་རྟོག་པའི་བློས་བརྟགས་པ་རྣམས་རང་བཞིན་གྱིས་རྣམ་པར་རྟོགས་པས་དག་ཅིང་། །ཡེ་ཤེས་ཆོས་དབྱིངས་ལས་མི་གཞན་པའི་ཕྱིར། །སེམས་ཅན་གྱི་ལས་དང་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །སྔོན་བྱུང་རྒྱལ་པའི་རྗེས་སུ་འཇུག་པའང་དེ་བཞིན་དུ་ཤེས་པར་བྱའོ། །གནས་ལུགས་དེ་བཞིན་ཉིད་དབྱིངས་སྣ་ཚོགས་མང་པོ་མ་འགགས་པའི་ཐབས་སུ་ཅི་ཡང་སྣང་། །མ་འགགས་པའི་ཐབས་ཉིད་རང་རྒྱུད་པ་གང་ཡང་མེད་དེ་སྒྱུ་མ་དང་མིག་ཡོར་དང་ཆུའི་ཟླ་བའི་གཟུགས་བརྙན་གྱི་ཚུལ་བཞིན་དུ་རང་བཞིན་མེད་པའོ། །སྣང་བ་དེ་ཉིད་རང་རིག་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱི་ངོ་བོར་སྣང་བས་གང་ལ་ཡང་ཆགས་པ་མེད་ཅིང་སྣ་ཚོགས་ཀུན་ཏུ་སྣང་བའོ། །ཐབས་དང་རང་བཞིན་མེད་པ་ཤེས་རབ་གཉིས་སུ་ལྡན་པ་དེ་ཉིད་ཆོས་ཀྱི་དབྱིངས་ཡོན་ཏན་མཆོག་གི་གནས་སུ་གྱུར་པས། །ཇི་ལྟར་སྤྱོད་ཀྱང་ཟག་མེད་འབྱུང་ཞིང་ཚོགས་གཉིས་གྱིས་བདག་གཞན་གྱི་དོན་གཉིས་འགྲུབ་སྒྲིབ་གཉིས་ཀྱི་གོས་པར་མི་འགྱུར་རོ། །ཤེས་རབ་དང་ཐབས་ཆེན་པོའི་ཐེག་པ་མཆོག་གི་དོན་ཡེ་ཤེས་སྒྱུ་མའི་ངང་ལ་ཡེ་ནས་རོལ་པ་ཡིན། །བྱང་ཆུབ་སེམས་སུ་རྒྱུ་གཅིག་པས། །བདག་དང་འགྲོ་ཀུན་གཉིས་སུ་མེད་པར་གཟུངས་ཀྱི་ཟིན་པའི་རྩ་བ་སྙིང་རྗེ་ཆེན་པོ་འབྱུང་། །སངས་རྒྱས་སེམས་ཅན་ཀུན་ཡེ་ཤེས་སྒྱུ་མའི་ངོ་བོར་གཅིག་པར་རྟོགས་ན། །རྩ་བའི་སྙིང་རྗེ་ཆེན་པོ་སྐྱེས་ཞེས་དེ་ལ་བྱ། །ཆོས་ཉིད་ལ་མཐའ་དབུས་མེད་པ་བརྡལ་ཆེན་བློ་ནི་ཡེ་ཤེས་སྒྱུ་མའི་ངོ་བོར་ཀུན་ཏུ་སྣང་། གདུལ་བྱ་འདུལ་བའི་ཐབས་མ་འགགས་པ་ཆེན་པོས་འགྲོ་བ་ཀུན་གྱི་དོན་མཛད་པའི་རིགས་འོད་གསལ་བྱམས། །འགྲོ་བ་ཐམས་ཅད་དགྱེས་པར་མཛད་ཅིང་ཕྱོགས་རིས་མེད་པས་དབྱིངས་མ་བུ་ལ་གདུང་བ་ལྟར་བརྩེ་བ་ཆེན་པོ་ནི། འགྲོ་དྲུག་གི་སེམས་ཅན་མ་ལུས་ཐམས་ཅད་ལ། །བརྩེ་བའི་སྙིང་རྗེ་ཐག་པ་དང་འདྲ་བ་མ་ཆད་པར། །འགྲོ་བ་ཉོན་མོངས་འཁོར་བའི་ལམ་ལས་མྱ་ངན་ལས་འདས་པའི་ལམ་དུ་གྲོལ་བར་བྱེད་ཅིང་། །བྱམས་པ་དག་གིས་ཕན་གདོགས་ཤིང་འགྲོ་ཀུན་སྐྱོབ་པའི་སྒོ་ནས་མཉེས་པར་གྱིས། །དེ་བཞིན་དུ་འཁོར་བའི་བཙོན་ར་དང་འདྲ་བའི་སེམས་ཅན་ལ། །བརྩེ་བའི་སྙིང་རྗེའི་ཞགས་པ་ཆེར་བརྐྱངས་ནས། །འགྲོ་བ་ཉོན་མོངས་འདམ་དང་འདྲ་བའི་ནང་ནས་ཐར་པའི་སྐམ་སར་འདྲེན་པར་བྱེད་པ་ལ། སྙིང་རྗེ་ཆེན་པོས་སྐྱོ་བར་མ་བྱེད་ཅིག །སྙིང་རྗེ་མི་སྐྱེ་དེ་བཞིན་དུ་སྐྱེ་བོ་ཕལ་རྣམས་ཐམས་ཅད་ལ། །ངན་སོང་ལས་ཀྱི་སྒྲིབ་པས་མི་གོས་ཤིང་། །སེམས་ཅན་ཐམས་ཅད་མངོན་པར་སངས་རྒྱས་པར་བྱེད་པའི་དོན་ལ་དགའ་པས། །དགའ་བ་དག་ལ་འགྱོད་པར་མ་བྱེད་ཅིག །ཁམས་གསུམ་གྱི་སེམས་ཅན་ཀུན་གཞི་ཆོས་ཉིད་ང་དང་བདག་མེད་ལ། །རྣལ་འབྱོར་པས་ཐུགས་དུ་དང་རྗེ་བདག་གཉིས་སུ་རྟོགས་པར་མི་བྱེད་དེ། །བུ་གཅིག་པ་ལ་མ་བྱམས་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་མ་བུའི་བློ་བཞག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་དྲི་མ་མེད་པར་སྙིང་རྗེ་སྙམས་པར་བྱ། །སྔོན་དེ་ཏིང་གི་སྐབས་སུ་ཡོད་པ་དེ་འདིར་རྫོགས་པར་བྱེད་པ་སྟེ་རྐྱེན་འཕྲད་ནས་སྔོན་དེ་ཏིང་བཞིན་ཏེ། །ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ཉིད་ལ་གཞན་དོན་རྫོགས། །དམིགས་པའི་ཡུལ་ནི་གོང་གི་འཁྲུལ་བའི་རྒྱུ་རྐྱེན་འབྲས་བུ་གསུམ་གཅིག་ཏུ་དྲིལ་བས་བདུན་དང་། ངེས་འབྱུང་གི་ཐེག་པ་བཞིའི་སྟེང་དུ་ཀྲི་ཡོག་སྡེ་གསུམ་བསྣན་པས་བདུན་ཏེ་བདུན་གཉིས་གདུལ་བྱ་དང་། །འདིར་ངོ་བོ་རང་བྱུང་ཡེ་ཤེས་ཡེ་ནས་སངས་རྒྱས་པའི་ངང་དུ་ཡུལ་དང་ཡུལ་ཅན་མེད་པས་དམིགས་པ་མེད་པའི་སྙིང་རྗེ་དང་ལས་ནི་ཕྲིན་ལས་རྣམ་པ་བཞིས་གདུལ་བྱ་གང་ཡང་དོར་བ་མེད་པར་གང་ལ་གང་འདུལ་གྱི་མཛད་པ་དང་ཕན་ཡོན་རང་བྱུང་ཐུགས་ཀྱི་མཛད་པས་བདག་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་པའོ། །ཕྱོགས་གཏད་མེད་དེ་ཐུན་མོང་གི། །ཐེག་པ་ཆེན་པོ་བྱང་སེམས་དང་ཀྲི་ཡོ་དག་ལས་བླར་འགྱུར་པ་ཡིན་ནོ། །བདག་དོན་བྱ་བའི་ཕྱིར་ཕྱི་ནང་སྤྱོད་ཡུལ་ཐམས་ཅད་ཀུན། །ཡེ་ཤེས་སྒྱུ་མ་རང་སྣང་བའི་ཕྱིར། །ཕྱི་ནང་གཉིས་སུ་འཛིན་པའི་སྒྲིབ་པ་མེད་པར་རིག་པ་རང་གསལ་བའི་ངང་། །ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ལ་བློ་བརྟན་ཤིན་ཏུ་བདེ། །འདོད་པའི་ཡོན་ཏན་ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ། །གཙང་དང་དམེ་བའི་བློ་མ་འཛིན། །དེ་རྒྱུ་མཚན་ཐམས་ཅད་ཡེ་ཤེས་སྒྱུ་མའི་ངོ་བོར་རོ་གཅིག་པས། །གཉིས་སུ་མེད་པས་ཤིན་ཏུ་བདེ། །དེ་བས་ན་སྤྱོད་པར་བྱ་ལྔ་དང་མི་སྤོང་བ་ལྔ་བ་དང་དུ་ལེན་པ་ལྔ་དང་། འདོད་ཡོན་ལྔ་སོགས་ཐམས་ཅད་ནི་ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ་དུ་ལོངས་སྤྱོད་པའོ། །ཐུབ་པ་ཆེན་པོ་སྟོན་པའི་པུ་ཏ་སྤྱོད་ཡུལ་ནི། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །དེ་བཞིན་དུ་ཆོས་རྣམས་ཐམས་ཅད་ཡུལ་ཡུལ་ཅན་དུ་དམིགས་སུ་མེད་པར། ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ཅིར་ཡང་སྣང་ཞིང་ཅིར་ཡང་འགྲུབ། །ཆོས་ཉིད་ཟག་མེད་ཟབ་པོའི་པས་དོན་རྟོགས་ན། །ཐམས་ཅད་དག་པར་མ་གྱུར་པ་གང་ཡང་མེད། །ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་མ་བཅོས་པར་ཕྱོགས་མེད་ཀུན་ཏུ་གསལ། །རང་བཞིན་ངང་གིས་རྣམ་པར་དག་པའོ། །དེའི་ཕྱིར་སྤྱོད་ལམ་རྣམ་བཞི་ལ་སོགས་དུས་རྣམས་ཐམས་ཅད་ཀུན་ཏུ། སྒྱུ་མའི་ཏིང་ངེ་འཛིན་ཡེ་ཤེས་ལས་འདའ་བར་མི་བྱའོ། །རྩ་བའི་དམ་ཚིག་ཡན་ལག་གི་དམ་ཚིག་ཐམས་ཅད་ཀུན། །སྤྱིར་སྔ་མ་དེ་ཏིང་སྟོང་པ་ཆེན་པོའི་སྐབས་བཞིན་ཏེ་ཁྱད་པར་དུ་སྟོབས་དང་ནུས་པ་འཕེལ་བར་བསྲུང་བའོ། །དེ་ལྟར་སེམས་སྒྱུ་མའི་ས་ཏི་རྟོགས་ཤིང་གོམས་པས། །འཁོར་བའི་ཆོས་སྡུག་བསྔལ་གྱི་ཕུང་པོ་ལ་ཚད་མེད་པའི་སྙིང་རྗེ། རང་དབང་མེད་པར་སྐྱེ་བའི་བྱང་ཆུབ་སེམས་ཀྱིས་སེམས་ཕྲོག་པར་འགྱུར། །སེམས་ཉིད་རང་སྣང་ལས་གཞན་མེད་པས་མ་འཁྲུལ་ངོ་མ་ཤེས་འཁྲུལ་པ་དེ་ལ་ངོ་མཚར་ཞིང་ཡ་མཚན་སྐྱེ་བའོ། །དོན་མེད་པར་ལོག་ལམ་དུ་འདུག་ལའང་དེ་བཞིན་དུ་སྙིང་རྗེ་ཏེ། །ཕྱི་ནང་གསང་བའི་རྣམ་གསུམ་སྔ་ལས་བརྟན་ཞིང་འཕེལ་བར་སྣང་། །དེ་ལྟར་ཉམས་རིམ་པར་འཕེལ་བའི་མཐའ་རྟགས་ནི། །ལུས་ཤིང་བལ་གྱི་འདབ་མ་ལྟ་བུར་ཤིན་ཏུ་ཡང་བ་དང་། །ལུས་ཀྱི་ན་ཚ་ལ་སོགས་པ་བཟོད་པ་ཕྲ་མོ་ཐོབ་ཅིང་ཏིང་ངེ་འཛིན་ལ་ཡུན་རིང་། །ཁམས་བདེ་མི་བདེ་སྙོམས་པ་དང་། །ཆོས་བརྒྱད་ཕལ་ཆེར་ཡོད་ཅིང་ཆོས་བརྒྱད་མགོ་སྙོམས་པའོ། །དེ་བས་ན་ལྟ་བའི་སྐབས་སུ་རིལ་མང་བ་དེ་ཏིང་དང་འབྲིང་ལ་འདིར་ཀུན་སྣང་བ་ལ་མགོ་སྙམས་མཉམ། །རྟགས་ཀུན་ཀྱང་སྔ་ལས་གྲངས་འཕེལ་ཞིང་། །ངོ་བོ་གསལ་ལ་ཡུན་རིང་བའོ། །ལྷན་ཅིག་དྲུང་ན་འདུག་པའི་ཕ་རོལ་གྱི་སེམས་ཤེས་པ་དང་དེ་ལ་སོགས་པ། མངོན་ཤེས་ཀྱི་གྲངས་འཕེལ་བ་དང་ངོ་བོ་ཅུང་ཟད་བརྟན། །དེ་བས་གཞན་ལའང་དམིགས་པ་འགའི་མངོན་པར་ཤེས་པ་ཅུང་ཟད་འབྱུང་། །དེ་བས་ན་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ལ་བརྟན་པར་བྱ། །ཀུན་ཏུ་སྣང་གི་སྐབས་སུ་འདི་ཚེ་ཕྱི་ནང་སྤྱོད་ཡུལ་ཐམས་ཅད་ཀུན། །རྨི་ལམ་དུ་ཡང་ཡེ་ཤེས་སྒྱུ་མརའི་ངང་དུ་མཐོང་བ་དང་། རྒྱུད་སྙིང་རྗེས་གང་བར་རྨི་ལམ་དུའང་སྙིང་རྗེ་འབའ་ཞིག་མཐོང་བ་དང་། །རྨི་ལམ་དུའང་བླ་མ་དང་སངས་རྒྱས་ཀྱི་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་ལ་སོགས་པ་མང་དུ་མཐོང་བ་དང་། །བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་མཚན་མར་མཐོང་བ་འབྱུང་ངོ་། །རྨི་ལམ་བཟང་པོ་དེ་སོགས་སྣང་བ་ཅི་བྱུང་ཡང་ཡེ་ཤེས་སྒྱུ་མའི་ངང་དུ་རྟོགས་པས་ཆགས་ཤིང་ཞེན་པ་མི་བྱ། །སྙིང་རྗེ་ཆེན་པོའི་རྣལ་འབྱོར་གོམས་པ་བྱས་ནས། །རྣལ་འབྱོར་པ་དོན་ཆེན་རང་སྣང་གཉིས་མེད་རྟོགས་པ་ཡིས། །འཕོ་བའི་དུས་མཐའ་མེད་པར་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་དེ་ལྟར་བསྒོམ། །དེའི་ཡོན་ཏན་ལ་ཚད་མེད་པ་ནམ་མཁའི་མཐའ་དང་མཉམ། །སྤྱོད་ཡུལ་སངས་རྒྱས་ཉིད་དང་ཡེ་ཤེས་སྒྱུ་མའི་ངོ་བོར་གཅིག །ཡེ་ཤེས་སྒྱུ་མའི་སྤྱོད་པ་བསོད་ནམས་ཀྱི་ཚོགས་ཆེན་ལྡན། །དེའི་མིང་དོན་ལའང་མ་ཆགས་པས་ཡེ་ཤེས་ཀྱི་ཚོགས་ཆེ་ལྡན། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཕྱི་མ་བཙལ་བ་མེད། །ཉི་འོད་ལས་གཡོས་པ་མེད་པར་ས་གཞི་ལ་སོགས་པ་ས་བོན་ལས་གཡོས་པ་མེད་པར་མྱུ་གུ་འབྱུང་བ་བཞིན་དང་སྐྱུར་སྒྲ་སྦྲང་རྩི་དང་ཆུ་ཉིད་ལ་འཕྲོས་པ་མེད་པར་སྤྲེལ་དང་བྱིས་སྦ་ལ་ཁ་སྐྱུར་འོང་བ་བཞིན། །ཆོས་ཉིད་རང་བྱུང་གི་ཡེ་ཤེས་དུས་གསུམ་དུ་འགྲོ་འོང་པ་གཞན་དུ་འཕོ་བ་མེད་ཀྱང་གོང་གི་དཔེ་བཞིན་འཁྲུལ་བའི་ངོ་ལ་འགྱུར་བ་ལྟར་སྣང་སྟེ་འཆི་བའི་ཚེ། །ཡེ་ཤེས་སྒྱུ་མར་བའི་ཏིང་ངེ་འཛིན་ལ་བརྟན་པར་བྱས་པའི་ངང་ལ་འདས་ན་ལས་རྒྱུན་གཅོད་དེ་ལྟར་མི་ཐོབ་ནས། འབྲེལ་བས་ཡང་དག་པའི་ལམ་དང་གསང་སྔགས་བཀོལ་མི་འགྱུར་ཏེ་འཕྲད་ན་གྲོལ་བར་འགྱུར་རོ། །སྐྱེ་བ་ཕྱི་མའམ་ལན་གྲངས་གཞན་དག་ལ། །འཁོར་བར་མི་ལྡོག་པར་ཚེ་ལ་དབང་བསྒྱུར་བའི་རིགས་སུ་ངེས་ཏེ་ཐོབ་བོ། །ལམ་འདིར་ཆ་རྐྱེན་ཚོགས་ཤིང་བསྒྲུབ་ན། །སྐུ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཀུན་ལྡན་པའི། །དབང་ཕྱུག་ཆེན་པོའི་ལོངས་སྐུ་གནས་འོག་མིན་ཉིད་དུ། །མངོན་དུ་འབྱུང་བར་ཐེ་ཚོམ་མེད། །དེ་ལྟར་མ་རྟོག་ཏེ་མིན་པ་ལས་གྱུར་པས་ལེ་ལོ་སྙོམ་ལས་བྱས་ནས། དོན་བླ་མེད་འབྲས་བུ་བྱང་ཆུབ་མ་གྲུབ་པར་སླར་ཡང་ངན་སོང་གསུམ་དུ་འགྲོ་བའོ། །སྙིང་རྗེ་ཆེན་པོའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་བཞི་པའོ།། ༈ །།སྙིང་རྗེ་དང་སྟོང་པ་གཉིས་སུ་མེད་པ་ཡེ་ཤེས་སྒྱུ་མའི་ངང་ལ་ཕྱག་འཚལ་ནས། །ཞི་ཁྲོ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཤད་པར་བྱའོ། །རྣལ་འབྱོར་པ་གང་དག་རྡོ་རྗེ་ཀ་ཝ་ཙ་གསུམ་སྒོམ་པས། །དེ་ཏིང་སྟོང་པ་ཆེན་པོ་དང་ཀུན་ཏིང་སྔ་མ་འདས་པའི་ལུས་ཀྱིས་ཏེ་དོན་བཅོ་ལྔ་ཤེས། །ཐུན་མོང་སྤྱི་ཡི་ལམ་སྔོན་དུ་འགྲོ་བ་ཐམས་ཅད་སྔར་བཞིན་རྫོགས་པ་ཡིས། །ཕྱག་རྒྱ་གཅིག་པ་འདི་ཉིད་སྒོམ་པའི་ཚེ་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་མཐར་ཕྱིན་པ་མངོན་དུ་བྱས་ཤིང་། །དེ་ནས་ལུགས་སྐུ་འབུར་མ་སོགས་མཚན་མ་ལྷའི་ཕྱག་རྒྱ་མདུན་དུ་བཞག །དེ་ལ་ཡན་ལག་བརྒྱད་པ་སྔོན་དེ་ཏིང་བཞིན་དུ་བྱས། དབྱེར་མེད་འབྲས་བུའི་ངོ་བོ་ཡིན་པས་དེ་ཡོངས་སུ་རྫོགས་པར་བྱ་ཞིང་བསླབ་པ་དང་། སྤྲོས་པའི་རྒྱུ་ཡིས་ཕྱག་རྒྱ་གཅིག་པ་ཐོབ་པར་བྱ་བའི་དང་། །སྙིང་རྗེ་སྒྱུ་མ་སྟོང་པ་དེ་བཞིན་ཉིད་ཀྱིས་རྟོག་ཞེན་དབྱེར་མེད་ཀྱི་དབང་དུ་བྱ་བའི་ཕྱིར་དང་། རྟོག་པའི་ཕུང་ལྔ་འབྱུང་ལྔ་ལ་སོགས་པ་ལྟར་གནས་སྒྱུར་བའི་ཕྱིར་དང་ཞིང་། །གདུལ་བྱ་གཞན་དག་སྨིན་པར་བྱ་བའི་ཕྱིར། །ལྷའི་སྐུ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་སྒོམ་པ་ཤིན་ཏུ་གཅེས་པའོ། །ཕྱག་རྒྱ་གཅིག་པའི་ས་ཏི་དེ་ལ་འཇུག་ཐབས་ལ་རྣམ་པ་གཉིས་ཏེ། །ཨ་ཧཱུྃ་ལ་སེམས་སྦྱངས་བ་དང་ལྷར་བསྐྱེད་པའོ། །སྔ་མ་གདམས་ངག་གི་སྟོབས་ཀྱིས་སེམས་སྦྱང་བ་དང་ཤེས་རབ་ཀྱི་སྟོབས་དང་ཀྱིས་སེམས་སྦྱངས་བ། འཇུག་པའི་གཞི་བོ་ཡི་གེ་འདི་ཉིད་དོ། །སྙིང་གར་ཨ་དཀར་པོ་གཅིག་རབ་ཏུ་བརྟན་པར་གྱུར་ཨ་དཀར་གསལ་བའི་ཚད་བཞི་ལས། །ཤིན་ཏུ་ཕྲ་བའི་ཨ་༼དོན་རྟགས་༽ རྣམས་སྤྲོ། །འཇིག་རྟེན་གྱི་ཁམས་ཕྱོགས་བཅུ་གང་བར་གསལ་གྱུར་ནས། །སླར་ཚུར་སཾ་ཧ་ར་བསྡུས་ཀྱང་འཕེལ་བ་མེད་ལ་སྤྲོས་ཀྱང་གཞི་མ་ཨ་དེ་འགྲིབ་པ་མེད་པར་བརྟན་པའོ། །ཨ་དེ་ལའམ་ཡང་ན་ཐུགས་ཀྱི་ཡི་གེ་ཧཱུྃ་གཅིག །ཨ་སྒོམ་པ་དེ་བཞིན་དུ་ཧཱུྃ་ལ་ཡང་དང་ཡང་དུ་གོམས་པར་བྱས་ནས་ནི། ཕྱི་ནང་སྣོད་བཅུད་ཐམས་ཅད་ཡི་གེ་ཧཱུྃ་༼དོན་རྟགས་༽དུ་བསྡུད། ཡན་ལག་ལྔ་དང་རྣམ་ཤེས་བརྒྱད་ཡེ་ཤེས་ཡིན་པའི་ཕྱིར། །རྟགས་ཡི་གེ་ཧཱུཾ་དུ་ཤིན་ཏུ་བསྡུ། །གསལ་བའི་ཚད་ནྲྀ་ཡི་མིག་གིས་བལྟར་ཡོད་ལྟར་སྒོམ་པར། །ཧཱུྃ་དེ་ལ་འདྲིས་ཞིང་སྒོམ་པར་ནས་བདག་དང་གཞན་གྱི་དོན་བྱ་བའི་ཕྱིར་སྤྲོ་བ་ལ། འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་རྫོགས་ནས་སླར་ཧཱུྃ་ཚུར་བཞི་པོ་ལ་བསྡུ་སྟེ། ཧཱུྃ་ཉིད་མི་དམིགས་ཆོས་ཀྱི་དབྱིངས་སུ་གསལ། །དེ་ལྟར་གོམས་པར་བྱ་བ་ཤིན་ཏུ་གཅེས་སོ། །ཕྱི་མ་ཚངས་པ་སྲིན་པོ་ཁྲོ་བོའི་ཚུལ་དུ། །སྐུ་རྫོགས་པར་བྱ་བས་ཐབས་ཤེས་རབ་ཟུང་དུ་འགྱུར། །ཞི་བའི་ལྷ་ཚངས་པའི་ཆ་ལུགས་རྫོགས་པར་བྱ་ཞིང་སྒོམ་བའང་། །ད་ལྟ་ལྷ་གང་བསྒྲུབ་རང་རང་གི་ཡི་གེ་ཧཱུྃ་ལ་སོགས་པ་ལྷ་སོ་སོ་སྟེ། །སྤྱིར་ནི་བདེ་གཤེགས་ཅིག་སྒོམ་རྒྱལ་བ་ཀུན་གྱི་ངང་ཡིན་པས་གང་བསྒོམས་ཀུན་ཏུ་འདྲ། །འདིར་ཐུགས་ཀྱི་སྒྱུ་འཕྲུལ་གྱི་སྐབས་ཡིན་པས་རྡོ་རྗེ་སེམས་དཔའ་ཉིད་དུ་འདུ། །འོག་ནི་འདི་ལྟར་དེ་ཉིད་རྡོ་རྗེ་སེམས་དཔའ་གོམས་བྱ་བའང་། སྔོན་དུ་ཆོས་ཉིད་མི་དམིགས་པའི་ངང་ཉིད་ལས། །སྙིང་གི་ཐད་ཙམ་དུ་ཨ་དཀར་པོ་གསུང་གི་ཕྱག་རྒྱ་འབར། །ཤིན་ཏུ་ཁ་དོག་འཚེར་ཞིང་བརྟན་བས་གསལ་བསྒོམས་ནས། །ཕྱོགས་བཅུ་ཐམས་ཅད་ཨར་ནི་གྱུར་པར་བསྒོམ། །དེ་བཞིན་ཉིད་དུ་འདྲིས་ཤིང་གོམས་པར་གྱུར་ནས། །ཡི་གེ་ཨ་ལས་མ་ཡི་དཀྱིལ་འཁོར་སྤྲོ། །ཨ་དཀར་པོ་མ་དམར་པོ་གསལ་བར་འབྱོར་འགྱུར་ནས། །མ་ལས་ཉི་མ་ཨ་ལས་ཟླ་བ་གང་བ་སྒྲིལ་མ་བརྩེགས་པར་བསྒོམ། །ཡི་གེ་ཧྲཱིཿགསལ་མལ་གདན་པདྨ་ཆགས་མེད་བསྒོམ། །བྷྲཱུཾ་ལས་རིན་ཆེན་འབར་བའི་གཞལ་ཡས་བསྒོམ། །དེ་ལྟར་ཉི་ཟླའི་གདན་སྤྲ་དང་གུར་བུམ་པ་ལྟ་བུའི་ཚུལ་དང་གཞལ་ཡས་ཁང་སྒོམ་པ་སྟེ། ཤིན་ཏུ་ཐམས་ཅད་བསྡུས་ཤིང་ཕྲ་བར་བསྒོམ། །གཞལ་ཡས་ཁང་གི་ནང་གདན་དེ་འི་དཀྱིལ་ཡི་གེ་ཧཱུྃ་གནས་པ་སྒོམ་སྟེ། ཁ་དོག་མཐིང་ག་འོད་ཟེར་འཚེར་ལ་རྣམ་པར་གསལ་བ་ཡི། །ཧཱུྃ་ལས་འོད་ཟེར་འཕྲོ་བ་མཆོད་བྱའི་རྣལ་འབྱོར་བསྒོམ། །ཧཱུྃ་ལས་འོད་འཕྲོས་དབྱིངས་སུ་སླར་ཧཱུྃ་ལ་ཚུར་བསྡུས་ནས། །ཤིན་ཏུ་ཐུགས་ཕྱག་མཚན་རྡོ་རྗེ་ཕྲ་བར་བསྒོམ། །རྡོ་རྗེའི་འོད་འཕྲོ་གསལ་བར་འབར་ནས། །ཚུར་དབྱིངས་སུ་སླར་ཡང་བསྡུ་ནས། ནི་རྡོ་རྗེ་ལ་བསྟིམ་པར་བྱ་རྡོ་རྗེ་འོད་དུ་ཞུ་བ་ལས། དེ་ཉིད་རྡོ་རྗེ་སེམས་དཔའི་སྐུར་གྱུར་པས། །སྐུ་ཤིན་ཏུ་ཕྲ་ཞིང་རྒྱན་དང་འདུས་པར་བསྒོམ། །དེ་བཞིན་སྐུ་ཕྲ་མོ་དེ་འཕྲོ་འདུས་པ་ལས་གཉིས་མེད་གསལ་གྱུར་ནས། །སྐུ་ཞལ་གཅིག་རྩ་བའི་ཕྱག་གཉིས་གཡས་རྡོ་རྗེ་གཡོན་དྲིལ་བུ་འོད་འབར་བསྒོམ། །དེ་བཞིན་ཉིད་དུ་གསལ་ཞིང་བརྟན་པར་འདྲིས་པར་གྱུར་པ་དང་། །དབུ་གསུམ་ཕྱག་དྲུག་ཉིད་དུ་བསྒོམ་སྟེ་གཡས་དང་པོ། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །གཡོན་བར་མ་རིན་ཆེན་པདྨ་ཐ་མ་དྲིལ་བུ་འབར། །ཡན་ལག་གི་ལྷ་ཕྲ་བའི་གཞལ་ཡས་གདན་དང་ལྡན་དང་བཅས་པར་སྒོམ་སྟེ། སྙིང་གར་གནས་གཅིག་ཡེ་ཤེས་སེམས་དཔའ་བསྒོམ། །སྤྱི་བོར་སྐུའི་ལྷ་དཀར་པོ་མགྲིན་པར་གསུང་དམར་པོ་ཙིཏྟ་ཐུགས་ཀྱི་ལྷ་མཐིང་ཀ་གནས་གསུམ་དུ། །དེ་ལྟར་བྱིན་རླབས་ཀ་ཝ་ཙ་རྡོ་རྗེ་གསུམ་བསྒོམ་པར་བྱ། །དབུ་ཡི་གནས་སུ་རིན་པོ་ཆེའི་ཁང་བུ་ལྔར་ཡི་གེ་ལྔ་རིགས་ལྔ ། ཡེ་ཤེས་ལྔའི་དབང་རྫོགས་པར་བསྐུར་བས་བརྒྱན་དབང་རྟགས་རིགས་ལྔའོ། །རྣལ་འབྱོར་པ་བློ་ཡི་ཤེས་རབ་ཆེ་ཆུང་གིས། །རིམ་གྱིས་པ་ལས་ཡང་ན་བློ་ཆེ་ན་ཕྱག་རྒྱ་ཆེན་པོའི་སྐུར་བསྒོམས་སྟེ། །སྙིང་པོ་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་ཇི་བཞིན་དུ། །རྣལ་འབྱོར་པ་བདག་ཉིད་ཕྱག་རྒྱ་ཆེན་པོ་སྟེ། །ཞལ་གསུམ་ཕྱག་དྲུག་ཕྱག་མཚན་གོང་དུ་མཐུན་པར་རྟག་ཏུ་བསྒོམ། །གཞལ་ཡས་གདན་སོགས་སྔ་མ་བཞིན་ཏེ་འདིར་ཙིཏྟ་དུ་སྒོམ། ཡན་ལག་ལྷག་པའི་ལྷ་དགུ་ཡང་གོང་གི་དེ་བཞིན་ལ་འདི་ཅི་ལྟར་དུ་བསྒོམ་པ་ཡིན། དེ་ལ་ཤིན་ཏུ་འདྲིས་ཤིང་བསྒོམས་པར་བྱ། །སྲིན་པོ་རཀྴའི་ཁྲོ་བོ་ཆ་ལུགས་འཛིན་པ་དང་། །རིམ་གྱིས་སྒོམ་པ་དང་ཅིག་ཆར་དུ་སྒོམ་པ་ཞི་བ་སྔོན་བཞིན་དུ་སྒོམ་ཏེ། །རྡོ་རྗེའི་ཆོ་ག་གསུམ་གྱི་བསྐྱེད་པ་ཁ་དོག་དང་། །གཞལ་ཡས་དང་སྟན་ལ་སོགས་ཞི་བ་ལ་ཁྲོ་བོར་བསྒྱུར་ཏེ་བསྒོམ། །དེ་ཡང་ཐུགས་ཀྱི་རིགས་བཛྲ་ཧེ་རུ་ཀ་ལས་གཞན་རིགས་བཞི་ལ་མོས་པའང་། །རིགས་བཞིའི་ཡི་གེ་འབྲུ་བཞིས་སྦྱངས་ཏེ་རིགས་བཞིར་སྒོམ་གདན་དང་གནས་གཞལ་ཡས་ཁང་གཅིག་བྱེ་བྲག་སོ་སོའི། རྡོ་རྗེ་སྟེ་ཆོ་ག་རྣམ་གསུམ་རང་རང་གི་རིགས་སུ་བསྒྱུར་ཅིང་། ཁྲོ་བོར་སྐུ་དང་ཡན་ལག་གི་ལྷ་བསྐྱེད་པའང་བསྒྱུར་བ་གོང་གི་དེ་བཞིན་ནོ། །རིམ་པས་བློ་ཆུང་བ་ཐོབ་པའམ་བློ་ཆེ་བས་ཅིག་ཆར་བ། །དེ་ལ་དང་པོ་ཡན་ལག་བརྒྱད་པ་བྱའི་མཐར་མཚམས་བཅད་བཤགས་པ་བྱ་དམ་བཅའ་བྱིན་ཕབ་དེ་ལྷར་བསྐྱེད་ལ། །ཕྱི་ནང་གི་མཆོད་པ་བྱིན་གྱིས་རླབས་དེ་ནས་ལྷའི་སྐུར་རིམ་པར་བསྒོམས་ཏེ། །ཡན་ལག་གི་ལྷ་དང་ལྡན་པར་ལྷའི་སྐུ་རྫོགས་པར་བསྒོམ་དེ་ནས་སྙན་གསན་དབབ་སྤྱན་དྲངས་བསྟིམ་བརྟན་པར་བཞུགས་སུ་གསོལ་བར་རིམ་པར་བཞིན་མཆོད་བསྟོད་བྱ། །སྔགས་ཀྱི་ཡན་ལག་མ་ཉམས་པར་སྔགས་བཟླས་པའང་། །སྐྱོན་བཅུ་སྒྲ་ཆེ་བར་མ་ཡིན། ཆུང་བར་མ་ཡིན། མགྱོགས་པར་མ་ཡིན། བུལ་བར་མ་ཡིན། ཞན་པར་མ་ཡིན། དྲག་པར་མ་ཡིན། ཡན་ལག་ཉམས་པར་མ་ཡིན། གླལ་བར་སོགས་པས་བར་དུ་ཆོད་པ་མ་ཡིན། གདུག་པའི་སེམས་རྣམ་པར་སྤང་བའོ། །ཡང་ན་ཡིག་འབྲུ་མ་ཉམས་པ་མིང་ཚིག་གིས་བར་མ་ཆོད་པས། དབུགས་ཀྱི་མ་འདེབ་པ་སེམས་གཞན་དུ་མ་ཡེངས་པའོ། །སྤངས་ཏེ་རྣམ་གསུམ་ཕྱི་ནང་གསང་བ་སྟེ་འོག་ཚོགས་སྒྲུབ་ན་སྟོན་གྱིས། །བཟླས་པ་གྲངས་དམ་བཅས་པ་བཞིན་རྫོགས་པར་བྱ། །ཏིང་ངེ་འཛིན་གྱི་སྤྲོ་བསྡུས་བདག་དང་གཞན་གྱི་དོན་རྫོགས་པར་བྱའོ། །ཕྱི་ལྟར་དང་ནང་ལྟར་གསང་བ་ལྟར་གང་མོས་སུ་ལྷ་དང་བདག་དབྱེར་མེད་རྡོ་རྗེ་སེམས་དཔའ་ལ་བསྒྱུར་རོ། །བཟླས་པའི་ཚད་རྟགས་དང་གྲངས་ཀྱི་ཚད་དུ་ཕྱིན་སྐྱོལ་བར་བྱ། །ལྷ་སྒོམ་དུབ་ན་ཐུགས་རིན་ཆེན་ཟུར་བརྒྱད་ཀྱི་ནང་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐུགས་ཀྱི་ས་བོན་ཐིག་ལེ་ལ་བལྟ། །རིག་པ་གཏད་ལ་བཞག །ནུབ་མོ་དེའི་ངང་ལ་ཉལ་བས་ནང་པར་ལངས་པ་དང་དེ་ཉིད་ལས། །ཡེ་ཤེས་ཐིག་ལེ་ཡི་གེ་འབྲུ་ཧཱུྃ་སོགས་ཆོ་ག་གསུམ་གྱི་བསྒྱུར་ཏེ་ལྷའི་སྐུར་རྫོགས་པར་བསྒོམ་པས་ནི། སྔོན་གོང་དུ་བརྟེན་པ་བཞིན་བརྩོན་འགྲུས་བྱས་ཤིང་བསྒོམ་པས་འདྲིས་པར་བྱའོ། །གཞལ་ཡས་ཁང་དང་ལྷ་ཡི་དཀྱིལ་འཁོར་སྒོམ་པ་ཡང་། །རང་སེམས་ཀྱི་ཆོ་འཕྲུལ་རིག་པ་རང་སྣང་ཡིན་པའི་ཕྱིར། །ལྷ་ཡང་ཡུལ་དུ་དམིགས་ནས་མེད་དེ་རང་རིག་པར་ཉིད། །ཕྱག་རྒྱ་གཞི་རྫོགས་པའི་རྒྱལ་བའི་སྐུ་དེར་རིག་པ་རང་སྣང་བའོ། །ཐུན་མོང་གི་རྒྱལ་བའི་ཐུན་མོང་མ་ཡིན་པ་རྒྱལ་བ་རྣམས་ཀྱི་སྐུ། །དུས་དང་གནས་སྐབས་ཀུན་ཏུ་ནོར་བུ་རིན་ཆེན་ལྟ་བུ་སྟེ། །ཡོན་ཏན་ཐམས་ཅད་ལྷུན་གྱིས་རྫོགས་སུ་ཡོད་པ་འདི་ལ་ཕན་གདགས་འདི་ལ་ཕན་མི་གདགས་ཅེས་རྟོག་པ་མེད་པར་གདུལ་བྱའི་རེ་བ་སྐོང་། །ཡོན་ཏན་ཟད་པ་དང་འཕེལ་བ་མེད་དེ་འགྲོ་འོང་མེད་པ་དང་ཐུགས་རྗེ་ལ་ཉེ་རིང་མེད་པའོ། །ལྷའི་སྐུ་ཕྱག་རྒྱ་བསྒོམ་པའི་ཚེ་རེས་འགའ་གསལ་བར་ཡོད་རེས་མེད་རེས་སྐྱོན་ལས་གྲོལ་རེས་མ་གྲོལ། །ཅི་ལྟར་རིག་པ་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་དགོངས་པ་ལ་ཕྱོགས་རིས་མེད་ཅིང་སྤྱོད་པ་ལ་བླང་དོར་མེད་དོ། །བྱིང་བ་དང་རྒོད་པའི་དབང་དུ་མ་སོང་བར་སྙོམས་ཙམ་སྟེ་དགོངས་པའི་ངང ལ་མཉམ་པར་བཞག་པ་སྟེ་དོན་དམ་ངེས་པའི་ཚིག་ཏུའོ། །མི་མཐུན་པའི་སྐྱོན་གཅིག་པ་འདི་བསྒོམ་པའི་ཚེ་དམིགས་གཟུང་བ། །དང་པོ་ཡི་གེ་ལ་སེམས་སྦྱང་བ་ནས་བཟུང་སྟེ་ལྷའི་སྐུ་རྫོགས་པར་བསྒོམ་པའི་བར་དུ། །ཐུན་མོང་གི་སྐྱོན་རྣམས་ཀུན་ཏུ་འབྱུང་ཡང་འདི་ན་མི་འབྱུང་སྟེ་རགས་ཕྲ་ཙམ་འབྱུང་། ཐ་མ་ཕྱག་རྒྱ་གཅིག་པ་འདི་ལ་ཤེས་བཞིན་གྱི་བྱ་ར་བ་དང་སོ་མཐས་བཅད་པའོ། །ཁྱད་པར་རབ་རིབ་མོག་མོག་གྲིབ་ཁ་དོག་མ་གསལ་བ་ལྟ་བུ་སྟེ་མི་གསལ་ནག་ཐམ་མེ་བ་དང་། གང་དུ་ཆེད་དུ་དམིགས་ལ་ཆེ་ཆུང་གི་ཚད་འགྱུར་བ་དང་བཞུགས་ཚུལ་འགྱུར་བ་དང་། ལྷ་གྲངས་འགྱུར་བ་དང་ཞི་ཁྲོ་ལ་སོགས་ཆ་ལུགས་མདོག་དབྱིབས་འགྱུར་བ་དང་། །དང་པོ་ལམ་གྱི་གསལ་ནས་ཁ་དོག་འབའ་ཞིག་ཏུ་རིམ་པར་ནུབ་སྟེ་མི་གསལ་བའོ། །དེ་ལྟར་འགྱུར་བ་ཐུན་མོང་གི་སྐྱོན་དབང་དུ་སོང་བ་རྣམ་ཤེས་བཞིན་བྱ་ར་བ་དང་ཚོར་བར་བྱས་ཏེ། །འདུ་བྱེད་རྣམ་རྟོག་གི་རླུང་གིས་བསྐྱོད་པར་མི་བྱའོ། །དེ་ལྟར་ཁྱད་པར་གྱི་སྐྱོན་ངོས་ཟིན་པས་དེ་དག་ཀུན་ནི། ཁྱད་པར་གྱི་སྐྱོན་གསུམ་ལའང་ཡེ་ཤེས་སྒྱུ་མ་དང་དེ་ཉིད་སྟོང་པའི་ངང་ལ་འདུག་གོ །དེའི་རྗེས་ལས་བསྒོམ་ཐོབ་པར་བྱ་སྟེ། མ་སུན་པར་འདུག་ཚར་ཚུལ་གྲངས་མདོག་དབྱིབས་ཆ་ལུགས་དྲུག་ལ་རི་ལྟར་གཏོས་ཆེ་གདོས་ཆེར་བྱ་སྟེ་དངོས་པོའམ་བེམ་པོ་ལྟར་བསྒོམ་པས་སེལ་ལོ། །བདུན་པ་ཁ་དོག་མ་གསལ་ན་དབྱིབས་ནི་རང་གི་ལུས་དང་བསྲེ་བར་བྱའོ། །རིམ་ཀྱང་བརྒྱད་པ་ནུབ་ལ་སྤྱི་མིན་བྱེ་བྲག་གསལ་བ་ལ། གནས། །ཕྱག་རྒྱ་གཅིག་པའི་སྐབས་འདིར་བྱ་བ་མིན་པའི་ལས་ཀུན་དོར་བར་བྱས་ཏེ་སྤངས་ལ། སྤྱོད་ལམ་གྱི་སྐྱོན་རྣམས་ངོས་ཟིན་པར་བྱས་ལ་གཏང་བར་བྱ། །དེ་ཏིང་སྟོང་པ་དང་ཡེ་ཤེས་སྒྱུ་མ་གཉིས་ལ་སེམས་ཞུགས་ཤིང་ཉམས་སུ་མྱོངས་མེད་ཀྱི་ཕྱག་རྒྱ་གཅིག་པ་ལ་ཡང་། གོམས་པས་འཕེལ་བའང་སྔ་མ་བཞིན། །གཡོ་བ་ལ་ནང་རྟགས་སྨིག་སྒྱུ་ལྟ་བུ་ཐོབ་པ་ལ་དུ་བ་ལྟ་བུ་སྒོམ་པ་ལ་སྲིན་བུ་མེ་ཁྱེར་ལྟ་བུ། བརྟན་པ་ལ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུར་མཐར་ཕྱིན་པ་ལ་མཁའ་ལ་ཉི་མའི་ཚུལ་དང་སྦྱར། །གཡོ་ཐོབ་ལ་བརྩོན་པ་དང་བཅས་པའི་གོམས་པ་བརྟན་ལ་རྩོལ་པ་དོར་བའི་མཐར་ཕྱིན་པའི་བཏང་སྙམས་སྟེ་བཏང་སྙོམས་རིམ་དང་བརྩོན་པ་དག །སྐབས་ཀྱིས་བླང་དོར་གོང་ལྟར་ཉམས་ལས་ཤེས་པར་བྱའོ། །ཡི་གེ་འབྲུ་ཧཱུྃ་ལས་ཁྲོ་བོ་བཞིར་བསྐྱེད་ལ་དུས་བཞི་རྟག་ཏུ་མཚམས་ལྟེ་བར་ཧཱུྃ་ལས་གཤིན་རྗེ་གཤེད་སྨུག་ནག་ཞལ་གཅིག་ཕྱག་གཡས་བེ་ཅོན་ཎི་མགོས་མཚན་པ་གཡོན་དགྲ་སྟྭ་སྙིང་གར་ཧཱུྃ་ལས་སྟོབས་ཆེན་དུད་ཁ་རྡོ་རྗེ་ཐོ་གཏུན་མགྲིན་པར་ཧཱུྃ་ལ་རྟ་མགྲིན་དམར་ནག་སྤུ་གྲི་ཞགས་པ་སྤྱི་བོར་ཧཱུཾ་ལས་བདུད་རྩི་ལྗང་ནག་རྒྱ་གྲམ་མོ། །བཅད་དེ། །ཆོས་ཀུན་རང་བྱུང་ཡེ་ཤེས་ལ། བདག་ཉིད་ཆེན་པོའི་ལོངས་སྤྱོད་ཚོགས་མཆོད་བྱ་རང་ལུས་ལྷའི་དལ་དུ་ཆོས་ཉིད་ལ་ཆོས་ཉིད་རོལ། ནང་གི་སྦྱིན་སྲེག་ལ་སོགས་ཚོགས་ལུང་གི་གཞུང་ནི་བླང་བར་བྱ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སོགས་གཉིས་མེད་ཐིག་ལེའམ་ཡང་ན་འདོད་ཡོན་གྱི་ལྷ་མོ་དྲུག་རོལ། དབང་པོ་རྣམས་བཞི་སེམས་དཔའ་དང་ཡུལ་དུས་སེམས་མ་དང་ཐབས་ཤེས་གཉིས་སུ་མེད་པའི་སྦྱོར་བ་བྱ། །ཞི་ཁྲོ་གང་ཡིན་གནས་སྐབས་ཀྱིས་བསྒྱུར། །བདག་ཉིད་ཆེན་པོའི་མཆོད་པ་ཡིས། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །སྤྱོད་ལམ་འགྲོ་བ་དང་འདུག་པ་དང་ཉལ་བ་དང་སྡོད་པ་དང་ལོངས་སྤྱོད་དང་། །ཉོན་མོངས་ལ་སོགས་པའི་སྤྱོད་ལམ་ལ་ཆགས་པ་སྡུག་བསྔལ་བྱུང་བའི་ཚེ་ན་ཡང་། །ཐེག་ཆེན་ལྷའི་སྐུ་ཕྱག་རྒྱ་མི་སྤངས་ཏེ། །སྔོན་བཞིན་ལྷ་བསྒོམས་ཞིང་དབང་པོ་ཡུལ་དུས་ཀྱི་སྦྱོར་བས་ལྷ་མྱུར་དུ་འགྲུབ། །དེ་ཏིང་ཀུན་ཏིང་གཉིས་རྒྱུ་འབྲས་མཚམས་སུ་བརྟགས་ཀྱི་སྦྱོར་བར་བྱེད་པའི་བར་སྐབས་ཀུན་ཏུ་ཕྱག་རྒྱ་གཅིག་པའི་སྐབས་སུ། སྒོམ་པ་མིན་པ་ཆོས་སྤྱོད་ལ་སོགས་པའི་སྤྱོད་ལམ་དགུ་ཡི་སྤྲོས་པ་དོར་བར་འགྲོ་བས། ཤེས་ཤིང་རྒྱུད་ལ་ལྡན་ཡང་བླང་བྱ་མིན་དེ་ཅིའི་ཕྱིར་ཞེ་ན། མཚན་མའི་གཡེང་བ་ཡིན་ཕྱིར་རོ། །སྐུ་གསུང་ཐུགས་རྡོ་རྗེ་གསུམ་བསྒོམ་པ་དེས་དམན་པ་རྣམས་ལ། ཕྱག་མི་བྱ་གལ་ཏེ་འཚལ་དགོས་ན་བླ་མ་ཡི་དམ་མདུན་དུ་བསྒོམ་མོ། །གཅིག་པ་ཕྱག་བྱའི་རྣལ་འབྱོར་སྤྱོད་པ་ལ། །ལྟ་བ་དང་ཏིང་འཛིན་དོན་དང་ལྡན་ཞིང་དམ་ཚིག་མ་ཉམས་དག་བྱས་ནས། །བརྩོན་འགྲུས་ཆེར་བསྐྱེད་དེ་བསྒོམ་ན་འབྲས་བུ་མྱུར་བར་འགྲུབ། །སྤྱོད་ལམ་ཐམས་ཅད་ལྷ་ལ་ལྷ་རོལ་བས་བསོད་ནམས་ཀྱི་ཚོགས་ཏེ། །སྤྱོད་ལམ་ཆགས་ཤིང་གཉིས་སུ་མེད་པ་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །གཞན་གྱི་དོན་བྱ་བའི་ཕྱིར་འཕྲོ་འདུ་རིམ་པར་རྫོགས་པར་བྱ་ཞིང་། གདུལ་བྱ་རྐྱེན་དང་འཕྲད་པས་ཐུགས་རྗེས་ཡལ་བར་མི་འདོར་ཏེ། །སྤྲོས་པ་བསྒོམ་པའི་དུས་མིན་ཀྱང་གཞན་དོན་བྱ་བའི་ཕྱིར་སྤྲོས་པའང་མོས་པའི་སྒོ་ནས་ལེན། །གདུལ་བྱ་གང་དང་མཚམས་པར་དེའི་དོན་རྫོགས་པར་བྱེད་པའོ། །བདག་གི་དོན་བྱ་བའི་ཕྱིར་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་རྣམས། །འདི་རྒྱ་གཅིག་ལ་བརྟེན་ནས་དངོས་གྲུབ་ལ་སྦྱོར་བས་ཐེ་ཚོམ་མེད། །ཕྱག་རྒྱ་གཅིག་པ་འདིའི་ཚེ་ལ་ས་གཞི་དང་འདྲ་བའི་དམ་ཚིག་ཀུན་རྒྱུད་ལ་ལྡན་མོད་ཀྱང་། ཁྱད་པར་གསུང་གི་སྒོ་ལ་ལྷག་པར་སྔགས་གསུམ་ཕྱག་རྒྱ་བཞི། ལྷུར་བྱ་ཞིང་། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ། །སྤྱོད་ཡུལ་ཐམས་ཅད་དུ་ཕྱག་རྒྱའི་ངང་ལས་མི་འདའ་བར་བསྡམ་པར་བྱ། །ཕྱིའི་དྲོད་དང་ནང་གི་དྲོད་དང་གསང་བའི་དྲོད་ཤིན་ཏུ་འཕེལ་བ་སྟེ། དེ་ཏིང་དང་ཀུན་ཏིང་ལ་ཐོབ་པ་དང་གོམ་པ་འདིར་བརྟན་པའི་ཆར་འགྱུར་པ་ཏེ། །ཕྱི་འདོད་ཡོན་ལོངས་སྤྱོད་ལ་ཞེན་པ་མེད་པ་དང་། །དབང་པོ་ཡུལ་དུས་ཀྱི་སྦྱོར་བ་ལ་སོགས་པ་ལྷ་རུ་གོམས་པ་དང་། །དབུགས་ཀྱི་རྒྱུ་བ་ཆད་དང་གསང་བ་བསྒོམ་གྱི་ཐུན་མཚམས་བྲལ། །དྲོད་ཀྱི་བྱེ་བྲག་ཀུན་དང་ལྡན། །རྟགས་ཆེན་གོམས་མཐར་མཚན་མ་སྨིག་རྒྱུ་དུ་བ་སྲིན་བུ་མར་མེ་ཉི་མ་ལྔ། །དངོས་སུ་མཐོང་བ་དང་རྡོ་རྗེ་ཀ་བ་ཙ་གསུམ་མཐོང་བ་དང་། ཟད་པར་གྱི། སྐྱེ་མཆེད་མཐོང་བ་མཚན་མ་སྟེ། །དངོས་གྲུབ་ཐོབ་པ་ནི་དང་པོའི་རྟགས་ཞེས་བྱ། །དམིགས་པ་རྒྱ་ཆེ་བའོ་མངོན་ཤེས་ཀྱང་། །གཡོ་ཐོབ་འབྱུང་བར་ཐེ་ཚོམ་མེད། །ལུས་དང་ངག་དང་སེམས་ཀྱི་མཐུ་སྟོབས་སུ་གྱུར་པའི་རྟགས་རྣམས་ཀྱང་། །འབྱུང་སྟེ། སྣང་ཀུན་བརྗོད་མེད་ཆོ་འཕྲུལ་བཞི་བྱུང་བའི་ཚུལ་གཡོ་བ་དང་ཐོབ་པར་བྱེད་པའོ། །གཞན་ཡང་སྔོན་བས་ཏིང་ངེ་གཉིས་གསལ་ལ་ངོ་བོ་བརྟན་པ་ནི། རྣལ་འབྱོར་ལྷག་པའི་དབྱེར་མེད་བསྒོམ་པ་སྟོབས་ཀྱིས་འཐོབ། །རྨི་ལམ་སྤྱོད་ལམ་ཉིད་དུ་དགེ་བ་དང་མི་དགེ་བ་ལེགས་ཉེས་ཀུན། །སྔོན་ནས་གསལ་བར་ཐེ་ཚོམ་མེད་པར་འབྱུང་ཞིང་ཤིན་ཏུ་བརྟན་པ་སྟེ། ལྷའི་བསམ་གཏན་ལ་བརྩོན་འགྲུས་ཀྱིས་འབད་པས་དང་བཟླས་པ་ཡིས། །སྒྲུབ་པ་པོས་ནི་རྟག་ཏུ་མཐོང་བ་སྟེ། རྣལ་འབྱོར་བདག་སངས་རྒྱས་ཀྱི་སར་མཐུ་དང་མཚུངས་པར་མཐོང་བ་དང་གཅིག །ཡང་དག་པར། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ། །བདག་ཏུ་འཛིན་པ་མེད་པར་ནི་མྱུར་དུ་མཐོང་བ་དང་གཉིས། སེམས་དཔའ་ཆེན་པོ་ཁམས་གསུམ་ན་གནས་པས། །བདག་ལ་མཆོད་པ་བྱེད་པར་དེས་མཐོང་ངོ་། །ཡེ་ཤེས་ཆེན་པོའི་འོད་དང་འདྲ་བའི་གཟུགས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །བདག་ལ་དུས་རྟག་ཏུ་མཆོད་པ་བྱེད་པར་མཐོང་བ་དང་བཞི། དཔལ་རྡོ་རྗེ་སེམས་དཔའ་གཟུགས་ཆེན་དང་། །སྲིད་པ་གསུམ་དུ་གྲགས་པ་ཆེན་པོར་གྱུར་པ་གསང་བདག་ཕྱག་ན་རྡོ་རྗེ་མཆོག་གི་གཟུགས་དག་ཏུ། །རྨི་ལམ་དག་ན་རང་གཟུགས་ཀྱང་དེ་དང་མཚུངས་པ་མཐོང་། །སངས་རྒྱས་ཀྱི་ཞིང་དུ་གྲགས་ཆེན་ཕྱག་ན་རྡོ་རྗེ་གསང་བ་དང་ལྷུན་གྱིས་གྲུབ་པའི་རིག་འཛིན། ས་བཅུའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཅན། །སངས་རྒྱས་ཆེན་པོ་རྣམས་ཀྱིས་བདག་ལ་ཕྱག་བཙལ་བའི། །རྨི་ལམ་འདི་འདྲ་མཐོང་བར་གྱུར་པ་དང་ལྔ་ལུས་ངག་སེམས་ཀྱི་མཐུ་ལས་སྐྱེས་པ་དྲུག །དབུ་རྒྱན་ལ་སོགས་པ་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའི། །ལྷ་ཡི་བུ་མོ་ཡིད་འོང་དང་། །ཁྱེའུ་དང་བུ་མོ་མཛེས་པ་དག་མཐོང་ན། །དེ་ནི་དངོས་གྲུབ་པར་འགྱུར་བའི་རྟགས་ཏེ་བདུན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་རྣམས། །རང་གི་ཞིང་ཁམས་ན་གནས་པ་ངེས་པར་མཐོང་བ་དང་། ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། །ཆོས་མཛོད་ཅིག་ཅེས་པ་དང་ཡིད་དུ་འོང་བའི་གདམས་པ་མཐོང་བ་དང་བརྒྱད་ལས་སོགས། །སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་སྒྱུར་བའི་སྤྲུལ་པའི་སྐུ། །སེམས་ཅན་ཀུན་གྱིས་ཀྱང་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བ། །སྒྲུབ་པ་པོ་བསམ་གཏན་རྡོ་རྗེ་ལ་གནས་པའི། །དམ་ཚིག་སྦྱོར་བས་མཐོང་བར་འགྱུར་བས་དགུ། སྣ་ཚོགས་ནོར་བུ་ཀུན་གྱི་དགའ་བའི་སྐྱེད་མོས་ཚལ་དང་། ལྷ་ཡི་བུ་ལ་སོགས་པས་བརྒྱན་དང་། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ས་བདག་ལ་བྱིན་གྱིས་རླབས་ལས། །བསམ་གཏན་ཏིང་ངེ་འཛིན་དམ་ཚིག་ཅན་གྱིས་མཐོང་བ་དང་བཅུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིས། །དེ་ནི་བདག་ལ་མངོན་པར་དབང་བསྐུར་རོ། །རིག་འཛིན་བཞི་དང་རྒྱལ་པོ་ཆེན་པོ་བཞི་ཡིས། །བདག་ལ་མཆོད་པ་བྱེད་པར་དེས་མཐོང་ངོ་བཅུ་གཉིས། རྡོ་རྗེ་ཀ་བ་ཙ་ལས་བྱུང་བའི་མཐོང་སྣང་སྣ་ཚོགས་པའི། །རྨི་ལམ་དྲི་མེད་དག་མཐོང་ན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །སྐྱེས་པ་བླ་ན་མེད་པའི་དངོས་གྲུབ་འགྲུབ་བཅུ་གསུམ། གདོལ་པ་ཁྱི་ཡི་ཟོས་པའམ་སྦྱོར་བ་བྱེད་པ་ནང་ན་འདུག་པ་ཞེན་པ་བརྩེ་བ་ལྷན་ཅིག་ཟ་བ་ལས་སོགས། །རྣལ་འབྱོར་པ་རྡོ་རྗེ་འཛིན་པས་མཐོང་ན་ནི། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡི། །སེམས་ཀྱི་གནས་ནི་འགྲུབ་བར་འགྱུར། །རྨི་ལམ་དུ་བདག་གི་ལུས་ཡི་གེ་དང་ལྷའི་སྐུ་ཕྱག་རྒྱ་རྣམ་གཉིས་ཀྱིས། །སྐྱེ་མཆེད་ཐམས་ཅད་གང་བར་མཐོང་བའང་དེ་བཞིན་ནོ། །ཏེ་དོན་འགྲུབ་པར་འགྱུར་བ་དང་བཅུ་བཞི། ལྷ་ཡི་སྐུ་ནི་གསལ་བསྒོམ་ན། །བསོད་ནམས་ཚོགས་ཆེན་རྫོགས་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་རྫོགས་པར་འགྱུར། །བདག་ཉིད་ངོ་བོ་ཡེ་ནས་ལྷ་དང་མཉམ་པའི་དོན་ལ་བསྒོམ་ཞིང་སྦྱོར་བས། །ཐུན་མོང་གི་ཡོན་ཏན་སྐྱེ་ཆུང་ཡང་ཐུན་མོང་གི་དངོས་གྲུབ་འགྲུབ་པར་འགྱུར། །དེ་ཡང་ཡེ་ནས་བདག་དང་ལྷར་མཉམ་པ་དེ་ཉིད་བསྒོམ་ན་དངོས་སུ་སྦྱོར་བས་སུ། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ལྷ་གཅིག་བསྒོམ་ན་བདེ་གཤེགས་ཀུན་དང་མཉམ་སྦྱོར་བས། །ཉེ་བའི་དཀྱིལ་འཁོར་ཀུན་དང་མཉམ་པར་འགྱུར། །ཉེ་བའི་དཀྱིལ་འཁོར་ཀུན་དང་མཉམ་པའི་ཕྱིར། །འབྲས་བུའི་རྒྱལ་བའི་སྐུ་ལྔ་དང་གསུང་ལྔ་དང་ཡེ་ཤེས་ཐུགས་ལྔ་རྫོགས་ཤིང་འགྲུབ་པར་འགྱུར་རོ། །ཡི་དམ་ལྷ་ཡི་མཚན་ཉིད་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་རྡོ་རྗེའི་བདག་པོའི་ཕྱིར། །ཡི་དམ་ལྷ་སྤངས་དགེ་སྤྱོད་དོན་མེད་འགྱུར། །དམ་ཚིག་བསྲུང་དང་སྔགས་བཟླས་དང་། །ཕྱག་རྒྱ་རྒྱུན་མི་གཅོད་པ་དམ་ཚིག་ལས་དང་ཆོས་དང་ཕྱག་རྒྱ་ཆེན་པོ་བཞི། །དེ་ལྟར་དམ་ཚིག་པ་བསྲུང་ཞིང་ལྷ་བསྒོམ་པ་ལ་བརྩོན་འགྲུས་ཆེ་ཞིང་བརྟན་པར་བྱས་ལ་བཟུང་བའོ། །དེ་ལྟར་མ་ཡིན་ཏེ་རྣལ་འབྱོར་བརྩོན་འགྲུས་ཆུང་བ་ན། །འབྲས་བུ་མི་འགྲུབ་སྟེ་སླར་ངན་སོང་དུ་འགྲོ་བའི་ཉེན་ཡང་ཆེ་བར་གསུངས། །ཇི་ལྟར་རལ་གྲིའི་སོ་ལ་འཇུས་པའི་ཚེ་ནན་ཏན་དུ། །ཡུ་བ་ནས་ལེགས་པར་མ་བཟུང་ན་ལག་པ་གཅོད་པར་འགྱུར་བ། དེ་བཞིན་ནན་ཏན་མེད་པའི་གསང་སྔགས་པ། །འདི་ལ་ཕུང་སྟེ་ངན་སོང་དུ་འགྲོ་བའམ་ཡང་ན་ཕྱི་མ་བསྒྲུབ་པའི་འབྲས་བུ་མེད་པར། །སྐྱོན་དེ་བས་ན་ལྷ་བསྒོམ་པ་དང་སྔགས་ལ་བར་ཆད་དེ་བརྩོན་མེད་ན། །དཔེ་ན་ས་བོན་ཚིག་པ་ལས། །འབྲས་བུ་འདོད་པ་དང་འདྲ་སྟེ། །བསྒྲུབས་པའི་འབྲས་བུ་མཆོག་དང་ཐུན་མོང་ཡང་མེད་པར་འགྱུར་བ་དང་། མི་ཁོམས་པའི་གནས་བརྒྱད་ལ་སོགས་པ་འཁོར་བར་བརྒྱུད་པར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་ཡི་དམ་ལྷའི་ཞལ་མཐོང་བའི་ལྷ་ལ་མོས་པ་བྱས་པ་ཡིས། །ལྷ་ལ་བསྙེན་བསྐུར་བྱས་པ་དང་མཆོད་པ་བྱས་པའི་བསོད་ནམས་ཀྱིས། །མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལྔ་སྟེ་བཅོ་ལྔ་སོགས། །ལས་ངན་ཐམས་ཅད་རྩད་ནས་སྦྱངས་ཏེ་རིག་འཛིན་ལ་སྦྱོར་རོ། །རྣལ་འབྱོར་པ་ཕྱག་རྒྱ་གཅིག་བ སྒོམ་པ་གང་གིས་རང་མི་རྟག་སྟེ་འཆི་བར་མཐོང་ན་ཡང་། །ལྷའི་སྐུ་ཕྱག་རྒྱ་བསྒོམ་པའི་སྒོམ་པའི་ངང་ལས་མ་ཉམས་པར་ལྟ་བར་དང་ཏིང་ངེ་འཛིན་གསལ་བར་བཟུང་སྟེ་འདའ་བ་ནི། སྐུ་སྒོམ་པས་ལས་ཀྱིས་ངན་སོང་ལ་སོགས་སུ་མི་འཁེལ་བར་ཞིང་ཁམས་གང་འདོད་པའི་ཞིང་དུ་སྐྱེའོ། །སྙིང་ག་གསང་བའི་གསེར་སྒྲོམ་དུ་ཨ་ལས་རླུང་གི་ཡང་སྟོབས་ཀྱིས་བསྐུལ་བར་བྱ་སྟེ་སྤྱི་བོ་ནས་འོག་མིན་གྱི་གནས་སུ་རྡོ་རྗེ་སེམས་དཔའ་ཉིད་བཞུགས་པར་བསམ་ལ་ཐུགས་ཀར་འཕང་ངོ་། །ཐོད་རྒལ་བ་རྣམ་སྨིན་གྱི་རིག་འཛིན་ཐོབ་པ་ལ་ཐེ་ཚོམ་མེད། །འབྲས་བུ་འོན་ཏེ་ནའམ་འདི་ལ་མ་ཐོབ་ན་རིམ་པ་ཡིས། །རྣལ་འབྱོར་པ་དེ་ཉིད་ཀྱི་རྣམ་སྨིན་བར་དོ་ཕྱི་མའི་ལན་གྲངས་གཞན་ལ་ཐོབ་པར་ངེས་སོ། །ཚེ་ལ་དབང་བོ་ཡང་ཚེ་ཕྱི་མའི་དུས་ལ་ཐོབ་པའམ་ལན་གྲངས་གཞན་ལ་ཐོབ་པར་ངེས་སོ། །རྣལ་འབྱོར་ཞི་ཁྲོ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ལས་སུ་རུང་རྣམས་ཀྱིས། །ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རྫོགས་པར་འགྱུར་ཞིང་། །ཏིང་ངེ་འཛིན་གསལ་བའི་ཡིད་གཉིས་ཐེ་ཚམ་མེད་པར་འགྱུར་ན། །དཀྱིལ་འཁོར་ཆེན་པོ་འབར་བ་ཡི་གེ་འཁོར་ལོའི་ས་ཐོབ་པར་འགྱུར། །འདི་ལྟར་བཤད་པ་བཞིན་དུ་བསྒོམས་ཤིང་བསྒྲུབས་བྱས་ན། །འབྲས་བུ་ཚེ་འདི་ལ་མངོན་དུ་མ་བྱུང་ཡང་། །ཚེ་རབས་སྐྱེ་བ་ཐམས་ཅད་དུ། །ལྷ་མི་མཚན་བཟང་པོ་ཁྱད་པར་ཅན་རྫོགས་ཤིང་འཁོར་བའི་སྡུག་བསྔལ་སེལ་བར་བྱེད། སྤྲུལ་སྐུ་བདེ་གཤེགས་འཇིག་རྟེན་དུ་འབྱུང་བ་དང་མི་བཀོལ་བར་འགྱུར་ཞིང་འཕྲད་ལ། ཐེག་པ་དམན་པར་འཇུག་པར་མི་འགྱུར། །ཐེག་པ་མཆོག་གསང་སྔགས་བླ་ན་མེད་པ་བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །དེ་བས་ལམ་འདི་འབྲལ་བར་མི་བྱའོ། །ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ།། ༈ །།རང་གི་ཡིད་དམ་གྱི་ལྷ་ལ་ཕྱག་འཚལ་ཏེ། །ཕྱག་རྒྱ་གཅིག་པ་སྤྲོས་པའི་རྣལ་འབྱོར་ལྷ་དུ་མ་བཤད་པར་བྱ་སྟེ། ཕྱག་རྒྱ་གཅིག་སྤྲོས་པའི་གཞི་བོ་རང་ལུས་མདོ་བཅོ་ལྔར་བསྡུས་དེ་ལྟ་བུར། །བཞག་པས་དེ་རྒྱས་པར་དགྲོལ་བའི་ཕྱིར་ཡན་ལག་རྒྱས་པར་བཤད་པ་ལ། རྣལ་འབྱོར་པ་དེ་ཏིང་ཀུན་ཏིང་རྒྱ་གཅིག་པ་རྣམ་གསུམ་སྔོན་རྫོགས་ནས། །ས་ལས་སོགས་པ་ལ་ཕྱག་རྒྱར་བཅས་སྟེ། །དེ་ཡང་རི་མོ་དང་རུས་པ་ཤིང་ས་རཏྣ་སྟེ་རྒྱུ་བཞིའམ་རས་ཁང་ངོས་ཤོག་བུ་ཤིང་ལེབ་སོགས་ལ་འབུར་རམ་དངུལ་ཟང་ལྕགས་རཏྣས་བླུགས་པ་དང་། །འཇིམ་པ་ལས་བྱས་པ་ལ་སོགས་པའི་དཀྱིལ་འཁོར་ནི། །མཆོད་རྫས་ཕྱི་ནང་གསང་བ་ལྷག་པའི་གཟུགས་བརྙན་ཁང་བུ་དངོས་དལ་དང་བདུད་རྩི་བྷ་ལིང་རཀྟ་ལ་སོགས་པ། ཡེ་ཤེས་ཀྱི་བྱིན་རབ་གནས་ལྡན་པ་རྟེན་པར་བྱས། །མ་ཧཱ་ཆེན་པོ་བ་ལིང་གཏོར་མ་ཨ་མྲྀ་ཏ་བདུད་བརྩི། དམར་ཆེན་རཀྟ་ཕྱི་ནང་དུག་གསུམ་གསང་བའི་མཆོད་པ་རྣམས་དགྲམ། །རྔ་དུང་པི་ཝཾ་དྲིལ་བུ་རོལ་མོ་མཆོད་རྫས་འདོད་ཡོན་སོགས་རྒྱ་ཆེན་གཞལ་ཡས་ཀྱི་རྒྱན་དང་རྣལ་འབྱོར་ཡོ་བྱད་རྣམས། །ཇི་ལྟར་འོས་པ་བཞིན་བསྡུ་བར་བྱའོ། །ཐམས་ཅད་ཀྱི་སྔོན་དུ་མཚམས་བཅད་ཕྱི་མཚམས་ནི་རྒྱལ་པོ་ཆེན་པོ་བཞི་ཕྱོགས་བཅིང་བརྒྱད་ཀྱི་རིམ་པའི་ཆ་རྣམས་རྫོགས་པར་བྱས་ནས། །རང་ཉིད་ལས་ཀྱི་ལྷ་ཡི་མོས་པ་ཙམ་རྣལ་འབྱོར་གྱིས། །མཆོད་རྫས་བྱིན་གྱིས་བརླབ་པར་བྱ། །བདུད་བརྩི་ཆུས་བསངས་གཏོར་བྱ་ཞིང་བགེགས་བསྐྲད་སྟན་ལ་འདུག །རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ནི་ཕུང་ཁམས་ལྷར་ཡོངས་སུ་རྫོགས་པར་བྱ་ཞིང་། །སྤྱོད་ཡུལ་ལྷའི་དལ་དུ་བྱིན་གྱིས་བརླབ་པ་དང་། །ཡི་གེ་འཁོར་ལོའི་ཚོགས་ཆེན་གྱི་ས་མཐར་དབྱུང་བ་དང་། །ཚོམ་བུ་ཚོགས་སྒྲུབ་ལ་སྤྲོས་པ་མཐར་ཕྱིན་པའི་དུས་ཀྱིས་ཚོགས་བསྒྲུབ་དགོས་པའི་ཕྱིར་བསྒོམ་པ་དང་། དགུག་པ་ནི་དབང་དུ་བསྡུ་བ་སྟེ་དགྲ་བགེགས་དགུག་པ་དང་ཡུལ་ཁམས་དབང་དུ་བསྡུ་བ་དང་གཟུགས་ལ་སོགས་པ་དགུག་པ་དང་བཏང་བ་ནི་དགྲ་ལ་ལྟས་བཏང་བ་དང་བགེགས་ལ་སོགས་པ་གཞན་དུ་མི་མཐུན་པའི་སྐྱོན་ལ་སོགས་པ་ཐམས་ཅད་ཕྱིར་བཏང་བའོ། །བཅིང་བ་ནི་གཅན་ཟན་གྱི་ཁ་གཅིང་བ་མ་མོའི་འཇིགས་པ་སོགས་པའོ། །དགྲོལ་བྱད་དུ་བཅུད་པ་དགྲོལ་བ་སྟེ་ཕྱི་རོལ་གྱི་གདུག་པའི་མཐུ་ཐམས་ཅད་དགྲོལ་བའོ། །གསོ་བ་ནི་ཕ་རོལ་གྱི་ནད་དང་རྨ་དང་རིམས་དང་མཛེ་ལ་སོགས་པའོ། །གསད་བ་ནི་དགྲ་བགེགས་ལ་སོགས་པ་གསད་པའོ། །དང་། །ཕ་རོལ་གྱི་གཡུལ་དང་བདུད་ཀྱི་དཔུང་ཕམ་པར་བྱེད་པའོ། །ཕམ་རྒྱལ་བ་ནི་རང་གི་ལུས་དང་དགོས་པ་ཐམས་ཅད་རྒྱལ་བར་བྱེད་པ་སྟེ་སྣང་བྱེད་ཀྱི་ཏིང་འཛིན་འདིས་བྱེད་ཕྱིར། །རྣལ་འབྱོར་པ་གང་དག་གདུལ་བྱ་ཇི་སྙེད་པ་རྣམས། སྤྲོས་པ་སོ་སོའི་ཕྲིན་ལས་ཀྱིས་གདུལ་བྱ་འཁོར་བ་ནས་འདོན་དགོས་པའི་ཕྱིར་རོ། །ཕྱག་རྒྱ་གཅིག་པ་བརྟེན་ནས་སྤྲོས་བཅས་ལ་བསླབ་པའང་རྣམ་པ་གཉིས་ཏེ། །རྗེས་སུ་མཐུན་པར་ཞི་བ་དང་ཁྲོ་བོར་སྤྲོས། དེ་གཉིས་རེ་རེ་ཡང་རིམ་ཅིག་ཆར་ཚུལ་གཉིས་ཀྱིས། །བློ་ཆེ་བ་ཅིག་ཆར་ཆུང་བ་རིམ་གྱིས་དང་ལྡན་པར་མཚམ་པར་སྟོན་པ་ཡིན། །སྔ་མ་རིམ་དང་ཅིག་ཆར་བར། །ཕྱེ་བས་ཕྱི་མ་བཞིན་འཇུག་པ་ནི། ནམ་མཁའ་ཉི་ཟླ་གཟའ་སྐར་དུས་གཅིག་ཏུ་གསལ་བ་དེ། ཆུ་དཀྱིལ་རྒྱ་མཚོ་དྭང་བར་གཟའ་སྐར་གསལ་བ་བཞིན་གྱིས། སྐུ་ཕྱག་རྒྱ་གསལ་བ་དེ་ཡང་སྐད་ཅིག་གིས་འོད་བཅས་པར་ལྷག་པར་གསལ་ཞིང་འོད་དུ་འབར། །དེ་ཡང་སྙིང་པོ་བརྗོད་པ་ཙམ་གྱིས་ལྷ་ཞི་བ་དྲན་རྫོགས་སུ་འཁོར་ལོར་ཤར། །དེ་སྔོན་བསྟན་པ་བཞིན་དུ་སྤྲོས་བཅས་ལ་རིམ་གྱིས་འཇུག་པ། །ལྟ་བ་མཐོང་བ་དང་སྔ་མའི་རྣལ་འབྱོར་སྟོབས་ཀྱིས། ཏིང་ངེ་འཛིན་སྔོན་དུ་ཐོབ་པས་ཤེས་བྱ་བཟོའི་རྣམ་པ་ལ་སློབ་པའི་ཚུལ་དུ། །ལྷ་དུ་མ་གཅིག་གིས་གོམ་པས་གསལ་བར་བྱེད་པའང་། །ཁྲོ་བོ་མ་བསྒྱུར་རྣལ་མ་ཞི་བའི་དཀྱིལ་འཁོར་ལ། །འཁོར་ལོ་སྤྲོས་པ་དང་ཚོམ་བུ་སྤྲོས་པ་དང་རྣམས་གྲངས་སྤྲོས་པ་དང་ཞལ་ཕྱག་སྤྲོས་པའོ། །དང་པོ་དལ་བསྡུས་པ་ལྷ་བཅོ་བརྒྱད་ནི་རིགས་ལྔ་ཡབ་ཡུམ་བཅུ་སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །འབྲིང་པོ་ལ་བཞི་བཅུ་གཉིས། །རྒྱས་པའི་དཀྱིལ་འཁོར་ལྷ་བརྒྱ་བཅུ་རྩ་གཉིས་ཀྱི་རིམ་པར་སློབ། །རིགས་ལྔ་རེ་རེ་ལ་རིགས་ཀྱི་གཙོ་བོ་བྱས་པས་ཡབ་ཡུམ་བཅུ་སྟེ་ལྔ་བཅུ་ཐམ་པའོ། །སེམས་དཔའ་སེམས་མ་བཅུ་དྲུག་སྟེ་དྲུག་ཅུ་རེ་དྲུག་དང་སྒོ་བ་ཡབ་ཡུམ་བརྒྱད་དེ་དོན་བཞི་ཀུན་བཟང་ཡབ་ཡུམ་ཐུབ་པ་དྲུག་སྟེ་བརྒྱད་ཅུ་རྩ་གཉིས་སོ། །གཉིས་པ་ཚོམ་བུ་ལ་བསླབ་པ་ནི་བདག་ཅག་རིགས་ཀུན་གྱི་བདག་པོ་རྡོ་རྗེ་སེམས་དཔའ་ཡུབ་ཡུམ་གཉིས་བསྒོམ་ལ། གནས་པའི་འཁོར་ལོ་གཞལ་ཡས་ཁང་གསལ་བར་བྱས་ཏེ། །དེའི་དཀྱིལ་དུ་གདན་སེངྒེའི་ཁྲི་དང་པདྨ་ཉི་ཟླ་གདན་གསུམ་བརྩེགས་གདན་དང་ལྡན་པར་བསམ་པ་དབུས་ན་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གནས་པའོ། །དེ་ལ་སེམས་དཔའ་ཡབ་ཡུམ་བཞི་སྒོམ་སྒོ་བ་ཡབ་ཡུམ་བཞི་སྟེ་ལྷ་བཅོ་བརྒྱད་དེ་ཐུགས་ཀྱི་རིགས་རྡོ་རྗེ་སེམས་དཔའ་ལ་ཐུགས་རིགས་ཀྱི་སེམས་དཔའ་བསྐོར་ཏེ་ཤར་དུ་རྡོ་རྗེ་སེམས་དཔའ་དང་སེམས་མ། ལྷོར་རིན་ཆེན་དང་རིན་ཆེན་འབར་མ། ནུབ་ཏུ་རྡོ་རྗེ་ཆོས་རྡོ་རྗེ་སྡུད་མ། བྱང་དུ་རྡོ་རྗེ་ལས་དང་བསྐྱོད་མ་རྡོ་རྗེ་དང་ཁྲོ་བོ་སྒོ་བ་ཡབ་ཡུམ་བརྒྱད་ཀྱིས་བསྐོར། །ཚོམ་བུ་གཅིག་པ་བརྟན་ནས་གསུམ་པ་ནི་མདུན་དུ་སྐུའི་རིགས་རྣམ་སྣང་ཡབ་ཡུམ་ལ། ཤར་དུ་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་སྒེག་མོ། ལྷོར་རྡོ་རྗེ་རྒྱལ་པོ་དང་བཛྲ་པུཥྤེ་མ། ནུབ་ཏུ་རྡོ་རྗེ་ཆགས་པ་དང་ལྕགས་ཀྱུ་མ། བྱང་དུ་རྡོ་རྗེ་ལེགས་པ་དང་རྡོ་རྗེ་ཕྲེང་བ་མའོ། །ངོ་ནུབ་ཕྱོགས་རྒྱབ་སྐུ་གསུང་གི་རིགས་སྣང་མཐའ་ཡབ་ཡུམ་ལ། ཤར་དུ་རྡོ་རྗེ་ཆོས་དང་གིརྟི། ལྷོར་རྡོ་རྗེ་རྣོན་པོ་དང་བཛྲ་ཨ་ལོ་ཀེ། ནུབ་ཏུ་རྡོ་རྗེ་འཁོར་ལོ་དང་ལྕགས་སྒྲོག་མའོ། །བྱང་དུ་རྡོ་རྗེ་སྨྲ་བ་དང་རྡོ་རྗེ་གསལ་བཀྲ་མའོ། །དེའི་ཁ་ལ་ཐུབ་དྲུག་།ཀུན་བཟང་ཡབ་ཡུམ། སྒོ་བ་བཞི། ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་བཅུ་དྲུག་སྟེ་ལྔ་བཅུ་རྩ་བརྒྱད་དོ། །ཐུགས་ཀྱི་རིགས་རྡོ་རྗེ་སེམས་དཔའ་དབུས་ནས་ཞལ་ཤར་དུ་གཟིགས་པའོ། །དེ་ལྟར་གྲངས་འཁོར་ལོ་རྫོགས་པ་ནི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་འབྲུ་གསུམ་གྱི་ༀ་ཨཱཿཧཱུྃ་བརྡའ་ལས་སྐྱེད་པའོ། །མི་ཡི་དབང་དུ་ལུས་ངག་ཡིད་གསུམ་གྱི་ཚོམ་བུ་གསུམ། །ཤིན་ཏུ་གོམས་ཤིང་འདྲེས་པར་བྱ་བ་ཡིན། །ཚོམ་བུ་གསུམ་པ་ལ་བརྟན་ནས་རྡོ་རྗེ་སེམས་དཔའ་ཡབ་ཤར་དུ་གཟིགས་པའོ། །གཡས་དང་གཡོན་ཉིད་དུ། །ཡོན་ཏན་ཀྱི་རིགས་རིན་འབྱུང་ཡབ་ཡུམ་ལ་ཤར་དུ་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་ཕྲེང་བ་གཉིས། ལྷོར་རིན་ཆེན་གཟི་བརྗིད་དང་རྡོ་རྗེ་མེ་ཏོག་མ། ནུབ་ཏུ་རྡོ་རྗེ་རྒྱལ་མཚན་དང་རྡོ་རྗེ་ཞགས་པ་གཉིས། བྱང་དུ་རྡོ་རྗེ་བཞད་པ་དང་རྡོ་རྗེ་བདེ་བ་མའོ། །ཕྲིན་ལས་ཀྱི་རིགས་དོན་ཡོད་གྲུབ་པ་ཡབ་ཡུམ་ལ་ཤར་དུ་རྡོ་རྗེ་ལས་དང་རྡོ་རྗེ་གར་མ། ལྷོར་རྡོ་རྗེ་བསྲུང་བ་དང་རྡོ་རྗེ་དབྱུག་པ་མ། ནུབ་ཏུ་རྡོ་རྗེ་གནོད་སྦྱིན་དང་དྲིལ་བུ་མ། བྱང་དུ་རྡོ་རྗེ་ཁུ་ཚུར་དང་རྡོ་རྗེ་འབེབ་མའོ། །དེ་ལྟར་ལྔ་བཅུ་ཐམ་པ་དེའི་སྡེང་དུ་ཐུབ་པ་དྲུག་ཀུན་བཟང་ཡབ་ཡུམ་གཉིས་སྒོ་བ་ཡབ་ཡུམ་བཞི་ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ་བརྒྱད་ཅུ་རྩ་གཉིས་པོ་དེ་ལྟར་དཀྱིལ་འཁོར་བཞག །རྣལ་འབྱོར་དབང་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་བསྒྲུབ་པའི་ཚོམ་བུ་ལྔ། །ཤིན་ཏུ་གཡོས་ཤིང་འདྲིས་ནས་དུས་ཚོད་སྦྱར། །གསུམ་པ་རྣམ་གྲངས་སྤྲོས་པ་ནི་རྩ་བའི་སྐུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཉིད་དུ། །བརྟན་པས་སྐུའི་རིགས་རྣམ་སྣང་གསུང་གི་རིགས་སྣང་མཐའ་འཁོར་མེད་པའི་གཙོ་བོར་གསལ་བར་འབྱུང་། ལྷ་གསུམ་གསལ་ཞིང་ཏིང་ངེ་འཆོར་བ་མེད་ན་ཡོན་ཏན་གྱི་རིགས་རིན་འབྱུང་ལས་ཀྱི་རིགས་དོན་གྲུབ། ལྷ་ལྔ་རྫོགས་པར་ཡབ་ཡུམ་ཟུང་ལྡན་དུ་བསྒོམ་ལ་བརྟན་ནས། །རིགས་ལྔ་པའི་དོན་ཡན་ལག་སྤྲོས་པ་བཞི་བཅུ་རྩ་གཉིས་བསྒོམ། དེ་ཡང་ཡེ་ནས་རྟོགས་ཚོགས་ལྷའི་ངོ་བོ་ཡིན་པས་དེ་སུས་ཀྱང་མ་བཅོས་རང་བཞིན་ངང་གིས་གནས་པ་ལ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ལྷག་པའི་དཀྱིལ་འཁོར་བསྒོམ། །གོང་རྩ་བའི་ལྷ་རྡོ་རྗེ་སེམས་དཔའ་ལ་ཡན་ལག་བཞི་བཅུ་རྩ་གཉིས་ལྡན་པར་བསྒོམ་སྟེ་མི་བསྐྱོད་པ་ཡབ་ཡུམ་གྱི་རྟོག་པའི་གནས་སུ་ཡབ་ལྔ་སེམས་དཔའ་བརྒྱད་སྒོ་བ་ཡབ་བཞི་ཐུབ་པ་དྲུག་སྟེ་རྩ་གསུམ་དང་ཡུམ་གྱི་བཅུ་བདུན་དུ་བསྒོམ་བྱེ་བྲག་ཏུ་ཡན་ལག་གི་ལྷ་བཞི་བཅུ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་སྟེ་བརྒྱ་ཉི་ཤུ་ཡེ་ཤེས་སེམས་དཔའ་རེ་རེ་སྟེ་བཞི་བཅུ་ཐམ་པ་བསྣན་པས་བརྒྱ་དྲུག་ཅུ། དེ་ཉིད་ཡན་ལག་སྤྲོས་པའི་རྩ་བའམ་བདག་པོ་ཡིན་སྟེ། །བཞི་བཅུ་རྩ་གཉིས་གཞི་མ་ཐབས་ཀྱི་ལྷ་བཞི་བཅུ་སྟེ་གཉིས་བརྒྱའོ། །གསུམ་ཀྱི་ཡན་ལག་གི་ལྷ་བཞི་བཅུ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་ལ་སྐུ་གསུང་ཐུགས་ལྷ་འཕྲོ་བར་འགྱུར། །དེ་ལྟར་སྟངས་དཔྱལ་གཉིས་ཀྱི་མི་ཟད་པའི་རྒྱན་གྱི་ལྷ་ནི་ཐུགས་ཡེ་ཤེས་ཀྱི་ལྷ་མ་ཡིན་པ་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་བརྩིས་པས་སངས་རྒྱས་སྟོང་གི་དལ་དུ་འགྱུར་རོ། །དེ་ཡང་ཐུགས་ཡེ་ཤེས་སེམས་དཔའ་བཞི་བཅུ་ལ་དབུ་རྒྱན་མེད་བརྒྱ་དྲུག་ཅུ་ལ་དབུ་རྒྱན་རིགས་ཀྱི་ལྷ་ལྔ་ལྔ་བརྩིས་པས་བརྒྱད་བརྒྱའོ། །གཞིའི་གཉིས་བརྒྱ་སྟེ་ཡན་ལག་གི་ལྷ་སྟོང་ངོ་། །ཕྱག་རྒྱ་དང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། །རི་རབ་ཐམས་ཅད་ཀྱི་ཆོ་འཕྲུལ་ཡིན་པས་གཞལ་ཡས་ཁང་ཏིལ་འབྲུའི་ཚུལ་བཞིན་དུ་རྩ་བའི་ལྷ་ཆེར་མ་སོང་ཡན་ལག་གི་ལྷ་ཆུང་དུ་མ་སོང་། དཔེ་བྱད་མཚན་གྱིས་རྒྱན་པར་སྤྲས་ཏེ་བཞུགས་པའོ། །དེ་ལྟར་གཙོ་མཆོག་ལ་སྟོང་དང་ལྡན་པར་བྱས་ནས། །དེ་བཞིན་བྱ་བྱེད་དང་རིགས་བཞི་སྟོང་སྒོམ་སྟེ་ཀུན་བཟང་ཡབ་ཡུམ་དང་རིགས་བཞི་ལ་སྟོང་སྟེ་སྟོང་དྲུག་བསྒོམ་པར་བྱ། །སེམས་དཔའ་ཡབ་ཡུམ་ཟུང་བརྒྱད་སྒོ་བ་ཡབ་ཡུམ་ཟུང་བཞི་དང་བཅུ་གཉིས་ལ་སྟོང་ཚོ་བཅུ་གཉིས་ཐུབ་པ་དྲུག་གི་སྟོང་དྲུག་འོད་འཕྲོ་འབར། །དེ་ལྟར་བརྩིས་པའི་ཉི་ཁྲི་བཞི་སྟོང་དུས་གཅིག་ལ་གསལ་བའོ། །ཕྱོགས་བཅུ་མ་ལུས་པ་རྣམས་གཞལ་ཡས་ཁང་དུ་གསལ། ཉི་ཟླ་གཟའ་སྐར་གདན་དང་བརྒྱན། །བདེར་གཤེགས་དཀྱིལ་འཁོར་མ་ལུས་བསྒོམ། །བསམ་ཡས་ལྷུན་གྲུབ་ཉིད་ལ་སློབ། །བཞི་པ་ཞལ་ཕྱག་ལ་བསླབ་པ་ནི་དང་པོ་ཚོམ་བུ་གཅིག་ཞལ་གསུམ་ཕྱག་དྲུག་བསྒོམ། གཅིག་པ་ལ་བརྟན་ནས་ཚོམ་བུ་གསུམ་པའང་དེ་བཞིན་ཏེ་ཞལ་གསུམ་ཕྱག་དྲུག་ཏུ་བསྒོམ། དེ་ལ་བརྟེན་ནས་ཚོམ་བུ་ལྔ་པའི་རྗེས་སུ་མཐུན་པར་ཞལ་གསུམ་ཕྱག་དྲུག་དེ་ལ་གོམས་ཤིང་བརྟན་ནས། །རྣམ་གྲངས་སྤྲོས་པའི་ལྷ་རྣམས་ཀྱང་རིམ་པ་བཞིན་ཞལ་གསུམ་ཕྱག་དྲུག་རྫོགས་པར་གསལ་བར་བསྒོམ་པའོ། །ཞི་བ་ལ་ཁྲོ་བོར་དོན་བཞི་བཞི་ཞི་བ་བཞིན་བསྒྱུར་བའི་འཁོར་ལོའང་དཀྱིལ་འཁོར་ཚོམ་བུ་རྣམས་གྲངས་ཞལ་ཕྱག་སྤྲོས་པ་དེ་བཞིན་ཏེ། དང་པོ་ཁྲོ་བོ་བསྡུས་པ་ལྔ་བཅུ་རྩ་བརྒྱད་བསྒོམ་སྟེ་གོམས་ཤིང་བརྟན་ནས། །དེ་ལ་ཁྲོ་བོ་བཅུ་བསྣན་ཏེ་དྲུག་ཅུ་རྩ་བརྒྱད་དེ་བཞིན་ཏེ། །ཞི་བ་ལྟར་དཀྱིལ་འཁོར་རྒྱས་པ་ལ་བརྒྱ་རྩ་བརྒྱད་སྒོམ་སྟེ་རེ་རེ་ལ་རིགས་ཀྱི་གཙོ་བྱས་པའི་བཅུ་བཅུ་བསྒོམ་པའི་ལྔ་བཅུ་གནས་ཡུལ་སྒོ་བ་ཉི་ཤུ་བསྣན་པས་བདུན་ཅུ་ཁྲོ་བོ་བཅུ་སྟེ་བརྒྱད་ཅུ་དབང་མོ་ཉེར་བརྒྱད་དེ་བརྒྱ་རྩ་བརྒྱད་དོ། །དེ་ནས་དང་པོ་ཚོམ་བུ་གཅིག་པ་ལ་དབུས་ཀྱི་ཧེ་རུ་ཀ་བཞི་པོ་ལ། །རིགས་ཀྱི་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་བཅུ་དང་། དབང་མོ་ཉེར་བརྒྱད་ཡན་ཆད་བསྣན་པས་ལྔ་བཅུ་རྩ་བརྒྱད་དེ་དེ་ལ་བརྟན་ནས་ཚོམ་བུ་གསུམ་པ་ལ། སྐུའི་རིགས་བྷུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱི་གཙོ་བྱས་པའི་ཁྲོ་བོ་ཡབ་ཡུམ་བཅུ་གསུང་གི་རིགས་པདྨ་ཧེ་རུ་ཀ་ཡབ་ཡུམ་གྱིས་གཙོ་བྱས་པའི་ཁྲོ་བོ་ཡབ་ཡུམ་བཅུ་སྟེ་སུམ་ཅུ་ཐམ་པའོ། །དེ་ལྟར་མདུན་དུ་རྒྱབ་ཁྲག་འཐུང་གསལ་བར་བསྒོམ། དེ་ལ་བརྟེན་ནས་འཁོར་དབང་མོ་ཡན་ཆད་དང་བཅས་པར་བཛྲ་ཧེ་རུ་ཀས་ཤར་དུ་གཟིགས་པ་བསྒོམ། །དེལྟར་ཚོམ་བུ་གསུམ་པ་སྐུ་གསུང་ཐུགས་ལ་བརྟན་བྱས་ནས། །གཡས་སུ་དང་གཡོན་དུ་ཡོན་ཏན་ཀྱི་རིགས་ཁྲོ་བོ་རཏྣ་ཧེ་རུ་ཀས་གཙོ་བྱས་པའི་ཁྲོ་བོ་ཡབ་ཡུམ་བཅུ་ལས་རིགས་ཀརྨ་ཧེ་རུ་ཀས་གཙོ་བྱས་པའི་ཁྲོ་བོ་ཡབ་ཡུམ་བཅུས། དེ་ལྟར་ཡབ་ཡུམ་རྣམས་གསལ་ནས་འཁོར་ལོའི་ལྷ་ཚོགས་རྣམས་བསྒོམ་སྟེ་གནས་ཡུལ་སྒོ་མ་དབང་མོ་ཉེར་བརྒྱད་དེ། རྫོགས་པར་བསྒོམ་པ་རིམ་བཞིན་དུ་དགུ་ཅུ་གོ་བརྒྱད་ཁྲོ་བོ་བཅུ་སྟེ་བརྒྱ་རྩ་བརྒྱད་དེ་ལྟར། གསལ་བྱས་མ་སུན་པར་ཇེ་གསལ་ཇེ་གསལ་དུ་གྱེན་དུ་འཕར་བར་བརྟེན་པར་བསྒོམ་པར་བྱའོ། །ཞི་བ་དང་རྗེས་སུ་མཐུན་པར་འཇིགས་བྱེད་ཁྲོ་བོའི་རྣམ་གྲངས་ཀྱང་། །བཛྲ་གཅིག་ནི་རྡོ་རྗེ་རིགས་དང་གཉིས་བྷུདྡྷ་དང་གསུམ་གསུང་པདྨ་བཞི་རཏྣ་ཡོན་ཏན་ལྔ་ཀརྨ་ལས་ཀྱི་རིགས། ཡབ་ཡུམ་གསལ་བ་མཐར་ཕྱིན་འཁོར་ལོའི་ཆས་ཕྱེ་བས། ཕོ་བྲང་གི་ལྷ་ལྔ་བཅུ་ཚོམ་བུ་དང་གནས་ཡུལ་ཀོ་རི་བརྒྱད་སིདྷ་བརྒྱད་དང་། །སྒོ་མ་དང་སླས་དབང་མོ་དང་ཧཱུྃ་ཆེན་ཁྲོ་བོའི་དཀྱིལ་འཁོར་རྒྱས་པ་བཅུ་སྟེ་བརྒྱ་རྩ་བརྒྱད་དོ། །ཡན་ལག་གི་ལྷ་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱད་དང་། །དགུ་བཅུ་ལྷ་རྣམས་ཡན་ལག་ལྡན། །ཞེས་པས་དེ་ལས་འཕྲོས་པས་སྟོང་བཞི་བརྒྱ་ལྔ་བཅུ། དེ་ལ་གཉིས་བརྒྱ་དགུ་བཅུ་ནི། རྩ་བའི་ལྷ་ལྔ་བཅུ་རྩ་བརྒྱད་ལ་སྐུ་གསུང་ཐུགས་ཀྱི་ལྷ་སོ་གསུམ་བརྩིས་པས་མི་ཟད་རྒྱན་གྱིས་འཁོར་ལོའི་བརྒྱ་དང་བདུན་ཅུ་དོན་བཞི་ཐབས་ཀྱི་ལྷ་ལྔ་བཅུ་རྩ་བརྒྱད་ལ་ཐུགས་ཡེ་ཤེས་སེམས་དཔའ་རེ་རེ་སྟེ་ལྔ་བཅུ་རྩ་བརྒྱད་དེ་གཉིས་བསྡམ་པ་ལ་བརྒྱ་དང་བཅུ་དྲུག་གོ། །དེ་ལྟར་བརྒྱ་ཕྲག་གཉིས་པོ་ཡར་བཞག་སྟེ། ལྔ་བཅུ་རྩ་བཞི་དང་། བཅུ་དྲུག་ལ་དགུ་བཅུའོ། །དེ་ལ་སྟོང་བཞི་བརྒྱ་ལྔ་བཅུ་ནི། ལྷ་གཉིས་བརྒྱ་དགུ་བཅུ་ལ་ཡེ་ཤེས་སེམས་དཔའ་མ་གཏོགས་པ་གཉིས་བརྒྱ་སུམ་ཅུ་རྩ་གཉིས་ལ་དབུ་རྒྱན་གྱི་ལྔ་ལྔ་བྱས་པས་གཉིས་བརྒྱ་ལ་དབུ་རྒྱན་གྱི་ལྷ་གཅིག་སྟོང་། སུམ་ཅུ་སོ་གཉིས་ལ་དབུ་རྒྱན་གྱི་ལྷ་གཅིག་བརྒྱ་དྲུག་ཅུ་དེ་ལ་གོང་གི་ལྷ་གཉིས་བརྒྱ་དགུ་བཅུ་བསྣན་པས་བཞི་བརྒྱ་ལྔ་བཅུ་སྟེ་གཅིག་སྟོང་བཞི་བརྒྱ་ལྔ་བཅུའོ། །དེ་བཞིན་དུ་རིགས་ལྔ་གནས་ཡུལ་སྒོ་མ་ཉི་ཤུའོ། །དབང་མོ་ཉེར་བརྒྱད་དེ་ལྔ་བཅུ་རྩ་གསུམ་ལ་སྟོང་བཞི་བརྒྱ་ལྔ་བཅུར་བརྩིས་པས་བདུན་ཁྲི་དང་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ཐམ་པ་ཡོད་དོ། །ཞལ་ཕྱག་སྤྲོས་པ་ནི་དང་པོ་ཞལ་གཅིག་ཕྱག་གཉིས་དེ་ལ་ཞལ་གསུམ་ཕྱག་དྲུག་དང་། །དེ་ནས་དབུ་དགུ་དང་ཕྱག་བཅོ་བརྒྱད་ཀུན་དང་ཕྱག་མཚན་ལྡན། །དེ་ནས་དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས། །དབུ་དགུ་ཕྱག་བརྒྱ་སྟོང་བརྒྱད་བརྒྱ་དེ་ལྟར་ཞབས་ཕྱག །གྲངས་མེད་པའི་བར་དུ་སློབ་པར་བྱེད་པ་ནི། བློའི་རིམ་པའི་ཐབས་སུ་བརྗོད་ཀྱི་སྤྲོས་བཅས་དང་པོ་སྤྱོད་ཡུལ་དུ་སློབ་པ་ནི། །དབུ་ཉི་ཤུ་རྩ་གཅིག་ཚེ་དབང་དང་། དགུ་བརྒྱ་ཕྱག་ཆེན་དང་། །གྲངས་མེད་ལྷུན་གྲུབ་མཐར་ཕྱིན་ཟག་མེད་རིམ་པར་ལྡན། །དེ་ལྟར་གསལ་བའི་ཏིང་འཛིན་རིམ་གྱིས་བསྒོམ་པ་ནི། དངོས་པོ་ཞུགས་བར་དུ་སློབ་པ་མཐར་ཕྱིན་པའི་སྐབས་སུ། ཡེ་ཤེས་ལྷ་རྣམས་རང་བཞིན་ཡུལ་ནས་སྙན་གསན་དབབ་སྤྱན་དྲང་པར་བྱ་སྟེ། །གཉིས་སུ་མེད་པར་གཞུག་བཅིང་བརྟན་པར་བཞུགས་སུ་གསོལ་བ་སོགས་ལྡན་པར་བྱས་ཏེ། །དེ་ནས་ཕྱག་ལ་སོགས་པའི་མཆོད་པ་དང་རྫས་དང་ཏིང་ངེ་འཛིན་གྱིས་རིམ་བཞིན་དུ་མཆོད་པར་བྱས་ནས། བསྟོད་པ་བྱ་སྨོན་ལམ་གདབ་པ་དང་ལྡན་ནས་འཛབ་བསྙེན་པ་དང་ཚོགས་བྱ་བའོ། །བར་སྐབས་སུ་ལྷག་མ་ལ་དབང་བའི་གནས་རེ་བ་བསྐང་ནས། །དང་པོའི་དམ་བསྒྲགས་ཕྲིན་ལས་བཅོལ་ཞིང་རང་བཞིན་གྱི་གནས་སུ་སོ་སོའི་ལས་ལ་དགྱེ། །འདི་ལ་འཁོར་ལོ་བསྡུ་ཞིང་ལུས་བསྲུང་གོ་བགོ་སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ཀུན། །ཁྲོ་ཞིའི་མན་ངག་གི་གཞུང་བཞིན་དུ་བྱ། །ཕུང་ལྔ་ལ་སོགས་པ་ས་ཏིའི་དཀྱིལ་འཁོར་རིག་པ་ལྷར་སྣང་བ་ལ། རྒྱ་མཚོའི་ནང་ན་ཉི་ཟླའི་གཟུགས་བརྙན་སྣང་བ་ཇི་བཞིན་དུ། །ཀུན་ཕྱི་ནང་གི་དངོས་རང་རིག་པའི་ལྷར་གསལ་བ། །གཅིག་དང་དུ་མ་ཡོད་ཀྱིས་མེད། །རྟོགས་ཚོགས་ལྷའི་དལ་དུ་གསལ་བས་ལྷག་མཐོང་ལ་ཡུལ་དང་ཡུལ་ཅན་གཉིས་མེད་མི་གཡོ་བ། །རྣལ་འབྱོར་བསྒོམ་པའི་ཏིང་ངེ་འཛིན་གྱིས་ངོ་བོར་རྒྱལ་བས་སངས་རྒྱས་ཀྱིས་གསུངས་བའོ། །རང་བཞིན་གྱིས་སྤྲོས་པས་རང་བཞིན་གྱི་སྣང་བྱེད་དང་རྣལ་འབྱོར་སྤྲོས་པས་སྣང་བྱེད་ཏིང་ངེ་འཛིན་གྱི་སྣང་བྱེད། དེ་ཡང་གདུག་འདུལ་ཁྲོ་བོ་སྤྲོས་པ་དང་ཞི་བ་གཉིས་སྤྲོས་པ་སྟེ་རེ་རེ་ལའང་། འཁོར་ལོ་སྤྲོས་དང་ཕྱག་རྒྱ་སྤྲོས། །ཚོམ་བུ་སྤྲོས་དང་ཞལ་ཕྱག་སྤྲོས་པའོ། །ཀུན་ནས་སྤྲོས་པའི་ཕྱིར་དང་འབྲས་བུའང་དབྱེར་མེད་པ་སྤྲོས་པའོ། །དེ་ལྟར་སྤྲོས་པས་ཉམས་སུ་མྱོང་ཞིང་གསལ་བ་ནི་རྣལ་འབྱོར་ཏིང་ངེ་འཛིན་གྱི་སྒྲའོ། །དོན་ཏེ་ངོས་འཛིན། སྤྲོས་པའི་བསྒོམ་པ་འདི་ཚེ་དམན་པའི་དང་ཉན་ཐོས་ལས་ཀྱི་ལེ་ལོ་རྣམ་པ་གཉིས་དང་། །དུ་བ་སོགས་མཚན་མ་ལྔ་དངོས་སུ་མཐོང་བ་ལ་བདེན་པར་འཛིན་པ་དང་། །རྣལ་འབྱོར་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་མཐོང་བའང་འབྱུང་སྟེ། སངས་རྒྱས་ཀྱི་སྤྲུལ་པ་གྲངས་མེད་པའི་འཇིག་རྟེན་དུ་འགྱེད་པ་མཐོང་བ་དང་གཅིག །བདག་གཞན་གྱི་ནང་ནས་དམ་པར་འདུན་པར་མཐོང་བ་དང་གཉིས། བདག་ལ་བྷུདྡྷ་བྷོ་དྷི་སཏྭ་ཐམས་ཅད་ཀྱིས་དམ་པར་བསྟོད་ཅིང་སྨྲ་བར་མཐོང་བ་དང་གསུམ། རྒྱལ་བས་གསུངས་པའི་ཆོས་ཀུན་མངོན་དུ་གསལ་བར་མཐོང་བ་དང་བཞི། དུས་གསུམ་གྱི་ཆོས་ཀུན་སྐད་ཅིག་མ་ལ་གསལ་བ་ཤེས་ཤིང་མཐོང་བ་དང་ལྔ། རྒྱུད་དྲུག་གི་ལམ་དང་གནས་ཀུན་མཐོང་བ་དང་དྲུག །དེ་ལ་སྙིང་རྗེ་ཤུགས་འབྱུང་དང་བདུན། སྣོད་བཅུད་ཀུན་ཀྱང་ཉིན་མཚན་མེད་པ་གསལ་བར་མཐོང་བ་དང་བརྒྱད། རི་བྲག་ལ་སོགས་པ་ཅི་ལའང་ཐོགས་པ་མེད་པར་འགྲོ་བ་དང་དགུ །ནམ་མཁའ་ལ་བྱ་བཞིན་དུ་འགྲོ་བ་དང་འདུག་པ་དང་བཅུ། རྒྱལ་བས་ཕྱག་བརྐྱངས་ནས་བདག་གི་མགོ་ལ་བྱུགས་ཏེ་ལུང་སྟོན་པ་དང་བཅུ་གཅིག། འགྲོ་བ་ཀུན་གྱི་སྐད་དུ་ཆོས་སྨྲ་བ་དང་བཅུ་གཉིས། ཕྱི་སྣོད་ནང་བཅུད་བསྟི་གནས་སུ་མཐོང་བ་དང་བཅུ་གསུམ། སྟོང་གསུམ་ལག་མཐིལ་ལྟར་མཉམ་པར་བཀོད་པ་དང་བཅུ་བཞི། དེ་ཉིད་རང་བཞིན་སེམས་ཉིད་དུ་གསལ་བར་སྣང་བ་དང་བཅོ་ལྔ། ས་ཏི་ལས་སུ་རུང་བའི་སེམས་ཅན་གྱི་དོན་ཐོགས་པ་མེད་པ་དང་བཅུ་དྲུག །དམ་པའི་དོན་ཐར་པའི་ལམ་ལ་བསྒོ་བ་བྱེད་པ་དང་བཅུ་བདུན། འཇིག་རྟེན་གྱི་གཙོ་བོ་ལྷ་སྲིན་སྡེ་བརྒྱད་ཀྱིས་བདག་ལ་མཆོད་པ་འབྱུང་བ་རྣམས་ཏེ་བཅོ་བརྒྱད་དོ། །སེམས་ཉིད་རང་སྣང་དུ་རང་བཞིན་རྟོགས་ན་དམ་པའི་རྟགས། །དེ་ལྟར་མི་ཤེས་པར་སེམས་དགའ་བྲོད་ཕྱོགས་འཛིན་བྱེད་པ་བདུད། །འཇིག་རྟེན་གྱི་ཁེ་དང་གྲགས་པས་སེམས་ཕྲོགས་པ་དང་། །འཇིག་རྟེན་པས་བསྔགས་པ་ཐོབ་པས་ན་དེའི་རྗེས་སུ་འདུ་འཛི་དང་མཚན་མས་སེམས་གཡེང་བ་དང་། འབྲས་བུ་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་ཅུང་ཟད་ཡོད་པ་དང་། ང་ལྟ་བུ་མེད་སྙམ་པའམ་ང་ཆེ་བ་ཞེས་ཆེ་བས་ང་རྒྱལ་འཕེལ་བ། ཐ་མལ་པ་ཡང་གྲངས་ཉུང་ལ་ངོ་བོ་ཕྲ་བ་ལས་མི་འབྱུང་། དབུགས་རྒྱུ་བའི་དང་གཟུང་འཛིན་གྱི་དབང་དུ་སོང་མ་སོང་དང་ཏིང་ངེ་འཛིན་བྱེ་བྲག་ཤེས་པར་བྱའོ། །རྒྱུ་ཤེས་པ་ལྟ་བ་དང་འཇུག་པ་རྐྱེན་ཏིང་ངེ་འཛིན་ལ་འབྱོར་པས་ས་ཏི་འགོ་སྤྲོས་བཅས་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཐོབ་ཅིང་། །ཟུང་དུ་འབྲེལ་པས་ཉམས་ལེན་བསྐྱེད་མཐར་ཕྱིན། །འབྲས་བུ་ལམ་དུ་ཤེས་ཤིང་ཏིང་ངེ་འཛིན་བརྟན་པ་ཡིན། །ཆེད་དུ་བྱ་བ་མེད་པའི་བརྩོན་འགྲུས་བླངས། །མཚན་མ་ལྔ་ལ་སོགས་བཅོ་བརྒྱད་རང་རིག་པའི་ཆོ་འཕྲུལ་ལས་བྱུང་བ། །སེམས་ཉིད་ཡིན་པའི་ཕྱིར་ཡོན་ཏན་མཐོང་ལ་རེ་དོགས་མེད་དོ། །དཔེར་ན་ནམ་མཁའི་དྭངས་བ་རང་བཞིན་ལ། །ཉི་ཟླ་གཟའ་སྐར་གློག་འགྱུ་དང་། །འཇའ་ཚོན་སྤྲིན་མང་འཁྲུག་འགྱུར་ཡང་། །ནམ་མཁའ་དབྱིངས་ལ་གཞན་དུ་འགྱུར་ཞིང་སྙམ་པ་མེད་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཉིད་བསམ་ཡས་པར། །སྐུ་དང་གསུང་དང་ཡོན་ཏན་ཕྲིན་ལསོགས་པ་རྨད་དུ་བྱུང་བའི་ལྟས་ངོ་མཚར་དང་། །བདུད་ཀྱི་སྤྱོད་ཡུལ་མཚན་མ་སྣ་ཚོགས་པ་ཇི་ལྟར་སྣང་བར་གྱུར་ཡང་། །ཆོས་ཉིད་དེ་བཞིན་ཉིད་ལ་ཉམས་པ་དང་གཞན་དུ་འགྱུར་བ་མེད། །རྣལ་འབྱོར་པའི་ཏིང་ངེ་འཛིན་སྟོབས་ཡོན་རྫོགས་འགྱུར་ཡང་། །བདག་གཉིས་མེད་པར་ཞེས་ཤིང་རྟོགས་པ་ང་རྒྱལ་མེད། །མདོར་ན་བདུད་ཀྱི་སྤྱོད་ཡུལ་དང་མཚན་མ་སྣ་ཚོགས་གང་མཐོང་ཡང་། །རང་བྱུང་གི་ཡེ་ཤེས་རང་སྣང་ཉིད་དུ་རྟོགས་ཤིང་སྦྱར་བར་བྱའོ། །སྣང་བྱེད་སྤྲོས་པའི་ཉམས་འཕེལ་བའི་རིམ་པ་ནི། སྤྲོས་པ་བསླབ་པའི་ཚོམ་བུ་ལ་སོགས་རིམ་པ་ཇི་བཞིན་ཏེ། །རྒྱ་གཅིག་ལ་སྔོན་བརྟན་མོད་ཀྱང་འདིར་སྣང་བྱེད་སློབ་པས། །མ་གོམས་པའི་དབང་གིས་ཉམས་རྣམ་པ་ལྔའོ། །དལ་ལ་ཚོམ་བུ་གསུམ་པ་དང་ལྔ་པའི་ལྷ་གསལ་བར་ཅུང་ཟད་ཙམ་ཡོད་པ་གཡོ་བའི་ཉམས་ཏེ། དེ་ལ་རྐྱེན་གྱི་བར་ཆད་འབྱུང་བའང་དང་པོའོ། །དེ་ལྟར་ལྷ་གསལ་ཐུན་གཅིག་ལ་བཞིའི་རེ་བཅད་པ་ཆ་གསུམ་ཏིང་ངེ་འཛིན་གསུམ་དུ། །གསལ་བ་མི་གཡོ་བ་གཉིས་པ་སྟེ་ཐོབ་པའི་ཉམས། ཐུན་བརྐྱང་ན་ཐུན་དུ་བསྒོམ་ནུས་ཤིང་གསལ་བར་གྱུར་པ་གསུམ་པའོ། །དེ་ཉིད་མི་མཐུན་པའི་རྐྱེན་དབང་དུ་མི་འགྲོ་བར་གསལ་བ་ནི། བཞི་པའོ་བསྟན་པའི་དུས་ཁྱད་པར་བསྒོམ་པའི་ངང་ལ་གང་གནས་པ། །ཤིན་ཏུ་གསལ་ཞིང་མི་འཕྲོག་པ་ནི་ལྔ་པ་མཐར་ཕྱིན་པའི་ཉམས་སྟེ། །དེ་ཡང་གྲངས་ལ་ཉམས་ཀྱིས་དངོས་སུ་སྦྱར་ན་མཐར་ལམ་པར་ཐལ་བར་གྱུར་ཏེ། སྐྱོན་དེ་བས་ན་རྣམ་གྲངས་ལ་སོགས་པའི་ཉམས་ཚོད་ཟིན་པ་གཅེས་ཏེ་ཚོམ་བུ་ལྔ་པ་མན་ཆད་བསྒོམ་ནུས་པའོ། །རྣལ་འབྱོར་ཆེན་པོའི་སྤྲོས་བཅས་བསྒོམ་པའི་ལྟ་སྤྱོད་ནི། །ཇི་ལྟར་སྤྱད་ཀྱང་སྤྱོད་པའི་དུས་ཉིད་ན་རང་བཞིན་མེད། །དཔེར་ན་མཁའ་ལ་བྱ་ཆེན་ལྡིང་བ་གཡང་མི་ཟ་བ་བཞིན། །ཆུ་ལ་རྐྱལ་ཆེན་འཕྱོ་བ་ཉམ་མི་ང་བ་བཞིན། །རྣལ་འབྱོར་སྣང་བྱེད་ཀྱི་ལྟ་བ་དེ་ལྟར་ལྟ་བ་དང་སྤྱོད་པ་ཉམ་ང་བ་མེད་པར་ལྟ། །རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །ཆོས་རྣམས་ཐམས་ཅད་ཀུན་ལ་སྤྱོད་བྱ་སྤྱོད་བྱེད་དབྱེར་མེད་པ་དེ་ལྟར་སྤྱོད། །ཏིང་ངེ་འཛིན་བདེ་བའི་རོ་མཆོག་མྱོང་བར་འགྱུར་ཏེ། །མྱོང་བ་དེ་ལ་སུ་ཞིག་ཆགས་པར་བྱེད། །སྤྱོད་བཞིན་མ་ཆགས་པས་ཡེ་ཤེས་ཀྱི་ཚོགས་ཆེན་རྫོགས་པ་ཡིན། །ཏིང་ངེ་འཛིན་གྱི་བདེ་བའི་མཆོག་མ་འགགས་པ་ཉིད་བསོད་ནམས་ཀྱི་ཚོགས་ཆེན་ཡིན། སྤྱོད་པ་ཅི་སྤྱོད་དེ་ལྟ་བུ་ཡི་ངང་དུ་སྤྱོད། །འདི་ནི་སྤྱོད་པ་རླབས་ཆེན་ཡིན། །ལྟ་བ་དང་སྤྱོད་པ་ཡ་ཆར་ཏེ་ལྟ་སྤྱོད་འབྲེལ་མ་གྱུར་པར། །སྔགས་འཆང་རྣམས་གྱིས་དུས་རྟག་ཏུ་སྤྱོད། །མི་སྤང་ལྔ་དང་དུ་བླང་བ་ལྔ་ཁྱད་པར་བྱ་བ་ལྔ་འདོད་ཡོན་ལྔ་ཏེ་ལྔ་ཚན་བཞི་འོག་མ་སྤང་བྱ་དང་སྨད་སྤྱོད་པ་ཀུན། །ལྟ་བ་དང་ཐབས་ཀྱིས་ཟིན་པའི་རྣལ་འབྱོར་པ་བདག་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་འཇོལ་ཉོག་སྤྱོད་སྟེ། །སྤྱོད་པ་ཡན་གང་ཡང་བྱས་ལ་སྐྱོན་གྱིས་མ་ཐོགས་ཤིང་སླར་ལ། ཚོགས་གཉིས་རྫོགས་པར་འགྱུར་ཞིང་དཔེར་ན་འདམ་སྐྱེས་བཞིན་སྤྱོད་པའི་དུས་ཉིད་ན་གང་གིས་ཀྱང་མ་གོས་པ་ཐབས། །ལག་ལྔ་དབང་པོ་བཞི་དང་རྣམ་ཤེས་བཞི་པ་དང་ཀུན། །རྣམ་སྨིན་གྱི་རྟོག་པ་ཡི་གེ་ༀ་དུ་ཤེས་པར་བྱ་སྟེ། ཞི་བ་རྫོགས་པའི་དཀྱིལ་འཁོར་རྣམས་ཉིད་དུ་བསྒོམ། །ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ། །གཟུགས་མཛེས་པ་སྒྲ་དྲི་རོ་རེག་ལས་མཆོད་པའི་ཡུམ་སོགས། །རྣམ་སྨིན་ལས་སོགས་པ་མུཾ་དུ་ཤེས་པར་བྱ། །ཞི་བ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་རྣམས་བསྒོམ། །ཕྱི་ནང་གིས་སྤྱོད་ཡུལ་ཀུན་ལྷ་དང་ལྷ་མོ་རོལ་ཅིང་སྤྱོད། འདོད་པའི་ཡོན་ཏན་རྣམས་ལྔ་པོ་ཐམས་ཅད་དང་། །ཕྱི་ནང་གི་སྣ་ཚོགས་སྣང་བ་ཐམས་ཅད་ཀུན། །དེ་བཞིན་གཤེགས་པའི་ཡང་ན་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་དང་། །གཟུགས་ལ་སོགས་མཛེས་མཆོད་པའི་ཡབ་ལྷ་དང་ཡུམ་ལྷ་མོར་བརྟག་ཤེས་པར་བྱེད། སྣང་བ་སྤྱོད་ཡུལ་ཐམས་ཅད་ཀུན་ཏུ་བཟང་པོ་ཡི་ངང་ལས་མ་གཡོས་པར། འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཐོགས་པ་མེད་པར་རང་སྣང་དུ་སྤྱད་པར་བྱ་སྟེ། །དེ་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་རྫོགས་པའི་ལམ་ཡིན་པར་བརྟག །དེ་བཞིན་གཤེགས་པའི་ངོ་བོ་རང་བཞིན་ལྔར་ཡང་བརྟག་ཅིང་ཤེས་པར་བྱ། གཞན་ཡང་སྟོང་གསུམ་འཇིག་རྟེན་ཁམས་ཐམས་ཅད་ན་སྲིད་ཚད། རང་གསལ་བས་ཤེས་རབ་ཡེ་ཤེས་མཐའ་དབུས་མེད་པ་དབྱིངས་དང་འདོད་པའི་ཡོན་ཏན་ལྔ་རྣམས་ལ། སྣང་བྱེད་བློ་རབ་འབྲིང་ཐ་མ་ཐམས་ཅད་ཆོས་ཉིད་དང་ལྷ་ལ་རོལ་ཞིང་སྤྱད། །དང་དུ་བླང་བ་ལྔ་དང་མི་སྤངས་བ། །རྣལ་འབྱོར་པ་ཡིས་རྟག་ཏུ་སྤྱོད། །འདོད་ཡོན་ལྔ་ལ་སྤྱོད་པའི་དུས་ཉིད་ན་ཆགས་པ་མེད་པར་གྱུར་པ་དང་། །དངོས་གྲུབ་ཡ་མཚན་ཐུན་མོང་མཆོག་ཆེན་པོ་ནི། །དམ་ཚིག་མདོ་རྩ་བ་བཅོ་ལྔ་བཤད་ནང་ནས་འབྱུང་། །ཕྱི་ནང་གི་སྤྱོད་ཡུམ་མཐོང་བ་དང་ཐོས་པ་ཐམས་ཅད་ཀུན། །དང་། འགྲོ་བ་དང་འཇུག་པ་དང་ཉལ་བ་ན། །ལྷའི་དཀྱིལ་འཁོར་ཞི་ཁྲོ་གཉིས་ཀྱི་རྣལ་འབྱོར་ལས་ལྟ་བ་དང་ཏིང་ངེ་འཛིན་ལས། མ་ཉམས་པར་ཆོས་ཉིད་དེ་ཡི་དབྱིངས་ན་གནས། །ཤེས་རབ་མཆོག་གིས་རྟག་ཏུ་སྤྱོད། །ཡང་ན་ཅིག་ཆར་བའི་དམ་ཚིག་བསྲུང་བ་ལས་འདི་ལྟ་བུ། །སྣང་བྱེད་གོལ་པའི་རྣལ་འབྱོར་པས་ཇི་ལྟར་སྤྱད་ཀྱང་སྡོམ་པ་ལས་མི་འདའ། །ཆོས་ཐམས་ཅད་མ་ལུས་ཡེ་ནས་སངས་རྒྱས་ལ། །བསྒྲུབ་ཅིང་བསྲུང་བར་བྱ་བའང་མེད། །དགེ་དང་མི་དགེ་གཉིས་སུའང་མེད། །དེ་ལ་བསྲུང་དུ་རྡུལ་ཙམ་མེད། །གཞན་གྱི་དོན་བྱ་བའི་ཕྱིར་གྲགས་པའི་བསྲུང་བྱ་ཀུན། །གདུལ་བྱ་གང་ལྟར་མཚམ་པར་བསྲུང་སྟེ་འདའ་བར་མི་བྱེད་པའོ། །སྟོན་པ་རྡོ་རྗེ་སེམས་དཔའི་བཀས་བཤད་པའི། །སྡོམ་པའི་རྩ་བ་དང་ཡན་ལག་དམ་ཚིག་ཐམས་ཅད་ཀུན། །ཇི་ལྟར་གསུངས་པ་དེ་བཞིན་དུ་ནི་མ་བསྲུངས་པ་ན། །སྐྱོན་ནི། དབང་བསྐུར་བའི་དུས་མནའ་བོར་བ་བཞིན་ཡཀྴ་ཁྲོ་བོ་མེ་དབལ་བྱེད། །སྙིང་ནས་དྲངས་ཏེ་ཁྲག་འཐུངས་ནས། །ཚེ་ཕྱི་མ་ལ་ངན་སོང་གསུམ་དུ་སྐྱེ་བར་འགྱུར། །སྐྱེས་ནས་དེ་ཡི་སྡུག་བསྔལ་བཟོད་བླགས་མེད། །དེ་ཕྱིར་ལམ་སྟོང་པ་སྒྱུ་མ་ཕྱག་རྒྱ་གཅིག་པ་སྣང་བྱེད་བཞིར་ལྡོག་པ་དང་ཟག་པ་ཡོད། །ཕྱིའི་དྲོད་ལུས་ཤིང་བལ་ལྟ་བུར་ཤིན་ཏུ་ཡང་བ་དང་། ནང་གི་དྲོད་དབུགས་ཀྱི་རྒྱུ་བ་ཡུན་རིང་བྲལ། །གསང་བའི་དྲོད་རྣལ་འབྱོར་དཔེར་ན་མཁའ་ལ་གཟའ་སྐར་བཞིན་དུ། ཏིང་ངེ་འཛིན་གསལ་ལ་མི་གཡོ་སྤྱོད་ཡུལ་བྱེད། །ཞར་ལས་བྱུང་བའི་ཕྱི་ནང་གི་དྲོད་རྟགས་ཀུན་རྫོབ་ཡིན་པའི་ཕྱིར། །དྲོད་དང་ཡོན་ཏན་འདི་ཞེས་གྲངས་ཀྱི་ཆ་ལས་འདས་ཏེ་དཔག་མེད་པའོ། །སྣང་བྱེད་ཀྱི་ས་ཏི་ལས་སུ་རུང་བའི་རྟགས་རྣམས་ཀྱང་། །རྒྱ་གཅིག་སྐབས་སུ་སྔོན་བྱུང་བས་འདི་རུ་སྟོབས་སུ་འཕེལ་བ་དང་། །ཁམས་བདེ་མི་བདེ་སྙོམས་ཞིང་རང་རང་གི་ལུས་ཏིང་ངེ་འཛིན་གྱི་བདེ་བ་རྒྱས་པ་དང་། ནད་འདུ་བ་བཞི་དང་བྲལ་ཡུལ་གྱི་བཟོད་པ་རེ་ཐོབ་པའི་ཚེ། །མངོན་པར་ཤེས་པ་དྲུག་དང་ཉི་ཤུ་རྩ་ལྔ་རྫོགས། །ཏིང་ངེ་འཛིན་རབ་འབྲིང་གི་ཆ་ཡིས་ཡུལ་ཁམས་རབ་ཀྱིས་གླིང་། །ཚུན་ཆད་མངོན་ཤེས་ཀྱིས་གསལ་ཞིང་དགོངས་པས་འདུལ་བར་བྱེད། །རྣམ་པར་ཤེས་པའི་ཚོགས་དྲུག་དག་པའི་སྟོབས་ལས་གྱུར་པའོ། །རྫུ་འཕྲུལ་ཉི་ཤུའི་ཆ་རེ་ཙམ་དུ་གཡོ་བ་དང་ཐོབ་པ་ཙམ་དུ་འབྱུང་བ་དང་། འགྲོ་བ་ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་ཀྱི་སྐད་དང་མཐུན་པར་ཆོས་སྟོན་པར་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། གླིང་གཅིག་ཚུན་ཆ ད་ས་གཡོས་ཤིང་ལྟས་འབྱུང་བས་ཆོས་སྣང་བར་བྱེད་པའི་ཆོ་འཕྲུལ་དང་། །དངོས་ཀུན་ཡི་གེ་སྒྲར་བརྗོད་པར་བྱེད་པས་ཀུན་བརྗོད་པའོ། །ཆོ་འཕྲུལ་ལོ། །ཆོ་འཕྲུལ་འདི་དག་མཐོང་དང་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དང་། །གྲུར་ཞུགས་པ་ལ་སོགས་པ་ཤུགས་སྣང་གོང་དུ་བསྟན་པ་བརྒྱད་ཀྱང་དངོས་གྲུབ་མཐོང་ན་འབྱུང་ངོ་གང་མཐོང་ཡང་འབྲས་བུ་ཐོབ་ཏུ་རེ་བ་དང་བདུད་འབྱུང་གི་དོགས་པ་ལ་སོགས་པ་བཞག་གོ། །རྨི་ལམ་དུ་ཡང་ཕྱག་རྒྱ་གཅིག་པ་དང་ཆོས་མཐུན་པར། །འབྱུང་བའང་རྣམས་པ་གསལ་བ་དང་ངོ་བོ་བརྟན་པའི་ཁྱད་པར་གྱིས་ཕྱེ། །རྨི་ལམ་བཟང་པོའི་ལྟས་སུ་ལུང་བསྟན་ཀུན་སྣང་བྱེད་ཀྱི། ལམ་འདིར་ཟག་བཅས་ཀྱི་ལམ་ཡང་རྫོགས་པར་འབྱུང་བ་ཡིན་ནོ། །སྒྲུབ་པའི་རིག་འཛིན་སྤྲོས་བཅས་ཀྱི་ལམ་འདི་ཉིད། །མཐར་ཕྱིན་རིག་འཛིན་ཐོབ་པའི་གི་རྒྱུ་ཡིན་ཕྱིར། །རྨི་ལམ་གྱི་ལྟས་བཟང་པོའི་མཚན་མ་འབྱུང་བའི་ས་ཡིན་ཏེ། །བར་ཆད་མེད་པར་ཚོགས་སྐབས་རྨི་ལམ་སུའང་འདིའོ་འབྱུང་བ། ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས། །འབྱུང་བ་ལྔ་ནི་རིགས་ཀྱི་ཡུམ། །དབང་པོ་བཞི་དང་རྣམ་ཤེས་བཞི་བྱང་ཆུབ་སེམས་དཔའ། ཡུལ་བཞི་དང་དུས་བཞི་བྱང་ཆུབ་སེམས་དཔའ་མ་ཆེན་མོ་ཡིན། །བདག་རྟོག་རྣམ་བཞི་ཁྲོ་བོ་སྒོ་བ་བཞི་ཡིན། རྟག་ཆད་མུ་བཞི་སྒོ་མ་ཁྲོ་མོ་བཞི་ཡིན། མཆོག་ལ་བྱང་ཆུབ་དེ་སེམས་རང་རིག་ཉིད་ཡིན་ཅེས་བྱའོ། །དེ་བཞིན་དུ་ཐམས་ཅད་མཉམ་ཉིད་རྫོགས་པའི་དཔལ་ལྷུན་གྱིས་གྲུབ་པའི་ངང་སྟེ། དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔ་ལ་སོགས་པ། རང་བྱུང་ཆེན་པོའི་དཀྱིལ་འཁོར་བསྒོམ་པས། བཟང་ངན་གྱི་རྟོག་པ་གཉིས་དང་བྲལ་བའི་ཤེས་རབ་དང་མི་འགག་པའི་ཐབས་མཁས་ཀྱིས། །རྟོགས་ཚོགས་ལྷ་གསལ་དངོས་པོའི་རང་བཞིན་མེད་པར་བསྒོམས་ན། །མིག་གི་གཟུགས་མཐོང་བ་དང་རྣ་བས་སྒྲ་ཐོས་པ་ལ་སོགས་ལ་ཡུལ་དང་ཡུལ་ཅན། མེད་པའི་ཚུལ་གྱིས། རང་རིག་པའི་ཡེ་ཤེས་ལྷར་གསལ་བའི་ངང་ལ་བསྒོམས་ན། ཕྱོགས་རིས་དང་རང་བཞིན་མེད་ལས་ཕྱོགས་མེད་ཅིར་ཡང་འགྲུབ་པའོ། །རྐྱེན་གྱིས་འགྱུར་བའི་དུས་ཅི་ལྟ་བ་བྱུང་ན། །སྤྲོས་པ་ས་ཏི་གང་ཡིན་དྲན་པས་བཟུང་བའི་ཕྱིར། །དེའི་ངང་ལས་འདས་ན་ལས་ངན་གྱི་རྣམ་སྨིན་ལམ་གྱི་ཞེན་པ་རྒྱུན་བཅད་ནས། །སྲིད་པ་བར་མའམ་སྐྱེ་བ་ཕྱི་མར་ཚེ་དབང་རྣམ་སྨིན་གཉིས་ལ་སྦྱོར་ནས་རིག་པ་འཛིན་པ་ཐོབ་པའོ། །གང་ཞིག་སྣང་བྱེད་མ་གོམས་པ་ས་ཏི་ནུས་པས་འདའ་ཀ་མ་བསྒོམ་སྟབས་ཞན་སྐབས་མེད་པའང་། །ཏིང་ངེ་འཛིན་གྱི་འཕེན་པའི་སྔོན་གྱི་འབྲེལ་བ་དང་སྤྲོས་བའི་ས་བོན་གྱིས། །ཚེ་རབས་ཀུན་དུ་མཐོ་རིས་ལྷ་མའི བདེ་བ་ཁྱད་པར་ཅན་ཐོབ་ནས། །རཏྣ་གསུམ་དང་མི་བཀོལ་བར་ཆོས་སྔར་གྱི་མུ་སྤྱོད་པས་རིག་འཛིན་འབྲས་བུ་ཐོབ་པའོ། །སྙོམས་ལས་སུ་གྱུར་པའི་ལེ་ལོ་མེད་པར་བརྩོན་པར་བྱས་ནས། །ལམ་དུ་འབྲས་བུ་རིག་འཛིན་ཐོབ་པ་ཡང་། །ཆོས་ཉིད་རྫོགས་པའི་དམ་ཚིག་མ་ཉམས་པར་བསྲུངས་བའི་སྨོན་ལམ་བཏབ་པའི་མཐུ་དང་། །སྒྲུབ་པའི་ཡན་ལག་རྫོགས་པས་རིག་འཛིན་ཐོབ་པར་འགྱུར། །ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་རྒྱུན་ཆགས་པའི། །བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ལ་ལོངས་སྤྱོད་ཀྱིས། །མུན་པ་ལས་སྣང་བ་དུག་ལས་བདུད་རྩིར་འགྱུར་བ་ཇི་བཞིན་དུ། །འབྲས་བུ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་མཆོག་གིས་བརྙེས་པའོ། །སྤྲོས་པའི་རྣལ་འབྱོར་ལ་བསླབ་པའི་ལེའུ་སྟེ་དྲུག་པའོ།། ༈ །།ཞི་ཁྲོ་དཀྱིལ་འཁོར་གཉིས་ལ་ཕྱག་འཚལ་ནས། །སྐྱོན་གྱི་བར་ཆད་མེད་པར་འབྲས་བུ་རིག་འཛིན་སྦྱོར་བ་ཡི། །སྤྲོས་པ་མཐར་ཕྱིན་སྒྲུབ་པ་དུས་ཀྱི་ཚོགས་བཤད་པར་བྱ། །བར་ཆད་མེད་པའི་ལམ་ཚོམ་བུ་ཚོགས་སྒྲུབ་པའང་། །བསྙེན་པ་དང་ནི་ཉེ་བའི་བསྙེན་པ་དང་། །སྒྲུབ་པ་དང་ནི་སྒྲུབ་པ་ཆེན་པོས། །ཚོགས་རྫོགས་པའང་བར་ཆད་མེད་པར་ཚོགས་བསྒྲུབ་པའི་སྐབས་འདིར་ཤེས་པར་བྱ། །འདིར་ཡང་ལམ་གྱི་བསྙེན་སྒྲུབ་བཞི་སྒྲུབ་པའི་བསྙེན་སྒྲུབ་བཞི་དང་སྦྱོར་བ་ཡི་བསྙེན་སྒྲུབ་བཞི་དང་། གསུམ་གྱི་ཆ་ཡི་དང་པོ་ལམ་རིམ་གྱི་བསྙེན་པ་ནི། །བྱང་ཆུབ་སེམས་ལྟ་བས་རྟོགས་ནས་བརྩོན་འགྲུས་བྱེད་པ་ནི། །ལམ་གྱི་བསྙེན་པའི་དམ་པ་ཡིན་པའི་ཕྱིར། །བྱང་ཆུབ་ཀྱི་སེམས་རྟོགས་ཤིང་ཏིང་ངེ་འཛིན་ཆས་ཕྱེ་བས་ལྟ་བ་དེ་ཏིང་ཀུན་ཏིང་སྟེ་སྙིང་རྗེ་མན་ཆད་དོ། །ཉེ་བསྙེན་ནི་ཕྱག་རྒྱ་གསལ་བ་ཉེ་བར་བསྙེན་པ་ཡིན་ཏེ། དེའི་ཕྱིར་ཕྱག་རྒྱ་གཅིག་པ་དང་ཕྱག་རྒྱ་སྤྲོས་པའོ། །སྒྲུབ་པ་ཉིད་ནི་བར་ཆད་མེད་པར་ཚོགས་བསྒྲུབ་པའོ། །དུས་ཀྱི་ཚོགས་མཐས་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་སྒྲུབ་པ་ཆེན་པོས་ལེན། །རྣམ་སྨིན་དང་ཚེ་དབང་དང་ཕྱག་རྒྱ་ཆེན་པོ་དང་མཐར་ལམ་གང་ཐོབ་གྲུབ་པའོ། །གསུམ་པ་སྦྱོར་བའི་བསྙེན་སྒྲུབ་བཞིའམ་གསང་བའི་བསྙེན་སྒྲུབ་བཞི་མཆོད་པའི་ཁྲོ་བོའི་སྐབས་སུ་ཤེས་སོ། །གཉིས་པ་བསྒྲུབ་པའི་བསྙེན་བསྒྲུབ་བཞི་གཙོ་བོར་འདིར་བསྟན་པ་ནི། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བ་དང་བསྙེན་སྒྲུབ་བཞིས་གཞུང་གིས་རྫོགས་པར་འགྱུར་ཏེ། ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་ལ། །བསྙེན་སྒྲུབ་བཞི་ཡིས་བསྒྲུབ་པའི་ལས་ཀྱི་གཞུང་བསྲང་བའང་། གདུལ་བྱ་གང་དག་མོས་པ་ཇི་བཞིན་ཕྱིར། །ཞི་བའི་ཚོགས་དང་ཁྲོ་བོའི་ར་ཚོགས་བསྒྲུབ་པར་བྱའོ། །དེ་ལའང་སྔ་མ་ནི་གནས་ཕུན་སུམ་ཚོགས་པ་དང་དུས་དང་། ཡོ་བྱད་དང་སྟོན་འཁོར་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་དང་། སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ལྔ་ཡིས་གཞི་བཟུང་སྟེ། བསྙེན་བསྒྲུབ་བཞི་དང་སྦྱར་བས་སྒྲུབ་པའི་གཞུང་རྫོགས་པར་བྱའོ། །དེ་ལ་དེ་ལྟར་ཚོགས་སྒྲུབ་པ་ནི་སྤྲོས་པའི་ས་ཏི་སྣང་བྱེད་མཐར་ཕྱིན་པས་སྒྲུབ་པ་སྟེ། ཆོ་ག་ལྔ་ནི་དེ་བཞིན་ཉིད་ཀྱི་སྐབས་སུ་ཤེས་རབ་དང་མཐུན་པའི་སྤྱོད་པ་ཀུན་ཏུ་སྣང་བའི་སྐབས་སུ་ཐབས་དང་མཐུན་པའི་སྤྱོད་པ་སྟེ་དེ་ལྟར་སྔོན་དུ་རྫོགས་པར་བྱས་ཤིང་། །གཞན་ཡང་ཡོ་བྱད་ལྔ་ནི་བགོ་བ་རྒྱན་གྱི་ཡོ་བྱད་གླུ་ཚིག་སྒྲའི་ཡོ་བྱད་བྲོ་གར་འདུ་འཕྲོའི་ཡོ་བྱད་ཨཱ་ལི་ཀ་ལིའི་ཡོ་བྱད་སྒྲུབ་རྫས་ཀྱི་ཡོ་བྱད་དོ། །དེ་རྣམས་གོང་ནས་གསལ་ཏེ་དེ་ལྟར་ཆ་རྐྱེན་རྫོགས་པར་ལྡན་པ་དང་། གཞན་ཡང་ཡིད་སྐྱོ་བ་དང་བྱིན་རླབ་ཆེན་པོ་འབྱུང་བའི་ཕྱིར་སྔགས་ཞེས་བྱ་སྟེ་དབུ་རྒྱན་ཀ་པ་ཙ་ཡེ་ཤེས་སེམས་དཔའ་སྟེ་ཐུགས་ཡེ་ཤེས་སེམས་དཔའ། སྐུ་གསུང་ཐུགས་ཀྱི་ལྷ་གསུམ་དབུ་བརྒྱན་གྱི་ལྷ་གཅིག་ཏུ་དྲིལ་བས་ལྔ་པོ་དེ་ཚོམ་བུ་གང་བསྒོམ་གྱི་ལྷ་ལ་རྫོགས་པ་སྟེ་རིག་པ་ལ་མངོན་སུམ་དུ་གསལ་བས་སྔགས་ཀྱི་ཡན་ལག་ལྔ་རྫོགས་པའི། །རྣལ་འབྱོར་འཚོགས་པའི་དཀྱིལ་འཁོར་གྱིས་བསྒྲུབ། ངེས་པར་ལེགས་པའི་དགོས་པ་ཟག་མེད་ཀྱི་རིག་འཛིན་འགྲུབ། །སྟོན་པ་ལྟ་སྤྱོད་དམ་པའི་མཛོད་གསུམ་ལྡན་པ་དབང་གི་ཆུ་བོ་རྫོགས་པ་སྟེ་མཛོད་གསུམ་ནི་ལྟ་བ་ཏིང་ངེ་འཛིན་དམ་ཚིག་སྟེ་ལྟ་བ་ནི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རང་རིག་པའི་མངོན་སུམ་རྫོགས་པའོ། །ཏིང་ངེ་འཛིན་ནི་སྤྲོས་བཅས་མཐར་ཕྱིན་པའོ། །དམ་ཚིག་ནི་སྤྱིར་དམ་ཚིག་དང་ལྡན་ཞིང་ཁྱད་པར་དུ་བསྒྲུབ་པ་ལས་མི་འདའ་བའི་དམ་ཚིག །ཆུ་བོ་ནི་དབང་དང་བྱིན་རླབ་ཀྱི་ཆུ་བོ་དང་ལྡན་ཞིང་རྫོགས་པ་སྟེ་ཡི་དམ་ལྷའི་དབང་ཐོབ་པ་ཀུ་ཀུ་རཱ་ཙ་ལྟ་བུ་དང་། པོ་ཏི་དང་གླེགས་བམ་གྱི་དབང་ཐོབ་པ་རྒྱལ་པོ་ཛ་ལྟ་བུ་དང་། རིག་པ་རྩལ་གྱི་དབང་ཐོབ་པ་པདྨ་འབྱུང་གནས་ལྟ་བུ་དང་། ཐམས་ཅད་ཀྱི་དབང་ཐོབ་པ་བི་མ་ལ་ལྟ་བུ་དང་ཅེས་སོ། །གཞན་འཇིག་རྟེན་པའི་གཉེར་དང་ལྡན་པའི་རྒྱུད་ཀྱི་དོན་ཁྲོལ་བ་དང་སྙན་ནས་སྙན་དུ་བརྒྱུད་པའོ། །དང་སྒྲུབ་པའི་ལས་ལ་མཁས་ཤིང་། །མན་ངག་གི་དྲོད་དང་ཉམས་མྱོང་དང་བཅས་པའི་མི་འབྲལ་ཞིང་སློབ་དཔོན་མཉེས་པ་དམ་མ་ཉམས་པ་ཡི་དམ་བསྒྲུབ་པ་ལ་བཙོན་པ། སྒྲུབ་པ་ལ་ལུང་ནོས་ཏེ་མན་ངག་དང་ལྡན་པ་ཕོག་པ་བརྟུལ་ཞུགས་ཆེ་བ་བསྒྲུབ་ལ་བརྩོན་པ་བརྒྱད་པ་དེ་ཡང་གོང་གི་མཛོད་གསུམ་ཕྱེ་བས་འཆང་བའོ། །སྤྲོས་བཅས་རྣལ་འབྱོར་མཐར་ཕྱིན་ཅིང་དགོངས་པ་དང་ལྡན་ཤིན་ཏུ་ཡང་གཅེས་པར་བསྟན་པའོ། །སྟོན་པ་མཆོད་པ་ལ་བརྩོན་པ་ལྟ་བ་རྟོགས་པ་ལྡན་ཞིང་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །དེ་ལྟ་བུའི་འཁོར་གྱིས་འགྲུབ་པར་འགྱུར་དོན་དེ་དང་མི་ལྡན་ན་མི་འགྲུབ་སྟེ་བརླག །དགྲ་བགེགས་སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །རྡོ་རྗེ་ལས་རིམ་ནས་འབྱུང་བ་བཞིན་ཕྱོགས་མཚམས་ཀྱི་དགྲ་བཅིང་ས་དང་བར་སྣང་ཤེས་པ་དང་། །ཆོས་དང་གཙུག་ལག་གི་ལོ་རྒྱུས་རྣམ་གཉིས་མཐུན་པར་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པ་དང་། །གནས་རྣལ་འབྱོར་པའི་ཡིད་དུ་འོང་བའི་ས་ལེགས་པར་བཙལ་བསླང་བརྟགས་ལ་སོགས་པ་རྒྱས་པར་བྱ། །གནས་ཆོས་མཐུན་རྙེད་ནས་ཚོམ་བུ་རྒྱས་འབྲིང་གསུམ་མམ་ལྔའི་གྲངས་བཞིན་དུ། །གནས་ཁང་ཆེ་ཆུང་རྣལ་འབྱོར་པ་རྐྱེན་དུ་འཚམ་པར་བྱ། །འཁོར་ཁང་ཕྱི་ནང་གསང་མཆོད་བར་བསྒྲུབ་པ་བྱེད་པའི་ཡོ་བྱད་དང་ལྡན་པ། །གནས་བརྩེགས་ཏེ་རིན་པོ་ཆེན་ལ་སོགས་པ་ལེགས་པར་བྱུག་པས་བདུད་རྩི་ལྔ་སོགས་དང་ཙནྡ་གླ་རྩི་དང་གུ་གུལ་ལ་སོགས་པ་བསྲུང་བ་དང་། །རིན་པོ་ཆེའི་རྒྱན་སྤྲས་པས་སྒྲུབ་གནས་གཞལ་ཡས་ཁང་། །རྣལ་འབྱོར་པའི་ཡིད་འོང་བྱ་བ་ཤིན་ཏུ་གཅེས། །ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །དེ་ཡང་ཤིན་ཏུ་སྐར་མ་བཟང་པོ་རྒྱལ་ལ་སོགས་པ་རྣམས་ལ་འཇུག་སྟེ་དེ་ལ་དགོས་པ་ཅི་ཡོད་ཅེ་ན། བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པའོ། །གསང་སྔགས་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །ཚེས་གཟའ་དང་སྐར་མ་བཀྲ་ཤིས་པ་སྟེ་བླང་བར་བྱའོ། །རབ་ཀྱིས་ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་རབ་འོག་གི་ཏེ་ལོ་གཅིག་དང་ཟླ་བ་གཉིས་སྟེ་བཅུ་བཞི་ཐ་མ་ཡང་ཟླ་བ་བཅུ་དྲུག་གིས། །ཚེ་ལ་དབང་བསྒྱུར་བའི་རིགས་འཛིན་ཀྱི་མཆོག་བསྒྲུབ་པའི་ཕྱིར། །རྣལ་འབྱོར་ཤེས་རབ་དང་བརྩོན་འགྲུས་ཆེ་ཆུང་གི་ཆས་ཕྱེ་བས་རིམ་བཞིན་འགྲུབ། །བགོ་བ་གོས་ཀྱི་རྒྱན་གྱི་དང་བཟའ་བཏུང་གིས་དང་གསང་བ་ཨཱ་ལི་ཀཱ་ལིའི་དང་། །སྒྲུབ་པའི་ཡོ་བྱད་སྟོད་གཡོགས་སྨད་གཡོགས་ཕྱག་རྒྱ་ཕུ་དུང་གསང་བ་བོ་གསང་ནན་ལྔ་རྣམས་དང་། །ཆགས་པ་རལ་གྲི་ལ་སོགས་པ་དཀྱིལ་འཁོར་རྒྱན་གྱི་ཡོ་བྱད་དང་ཕྱི་ནང་གསང་བའི་མཆོད་པའི་རྫས་དང་། བྲིས་སྐུ་ཐོད་སྐུ་རྡོ་རྗེ་དྲིལ་བུ་ལ་སོགས་དངོས་གྲུབ་རྟེན་དང་དགྲ་བགེགས་དང་ནད་ཀྱི་བར་ཆད་བཟློག །པའི་རྫས་དང་། ཡོ་བྱད་ཉམ་པ་ཅན་དང་མ་འདྲེས་པར་དག་པ་བསྡུ་བར་བྱ་སྟེ། །ཚོ་གཅིག་པུ་ཙར། ཚོ་གཅིག་རྣལ་འབྱོར། ཚོ་གཅིག་མཆེད་མགྲོན་དང་པོ་དཀོན་མཆོག་རྫས་གཉིས་པ་རྣལ་འབྱོར་པའི་ལོངས་སྤྱོད། ཐ་མ་ལྷག་མའི་མགྲོན་རྫས་དང་ཚོ་གསུམ་བཅད་ལ་བྱིན་གྱིས་བརླབས། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ནི་བསྙེན་བསྒྲུབ་ཡན་ལག་བཞི་དང་སྦྱར་བ། །དགྲ་བོའི་རྒྱུ་སྲང་མེད་བགེགས་ཀྱི་འགྲིམ་སྲང་། མིས་དབང་མ་བྱས་པར་བར་ཆད་མེད་པའི་གནས་དང་ལོངས་སྤྱོད་ཅི་བདེ་དང་དེ་ལྟར། དམ་ཚིག་མ་ཉམས་ལྟ་བའི་ཏིང་ངེ་འཛིན་བློ་ནི་རབ་ཏུ་ལྡན་པས། །དང་པོ་ཚོམ་བུ་གཅིག་གསུམ་ལྔ་པ་དམ་མནོས་བཞིན་དུ་བྱ། །འབྲས་བུ་ཐོབ་པར་དམ་བཅའ་དུས་བསྒྲུབ་པ་དང་ལྡན་པས་རྣལ་འབྱོར་ཕོ་མོ་འདུས་ཏེ་བསྒྲུབ། །བསྒྲུབ་པའི་དལ་དུ་ཁྱད་པར་དུ་ལྷག་པ་ས་ཏིའི་དལ་ནི་ཡང་ན་དཔག་ཚད་རྒྱང་གྲགས་ཙམ་དུ་སམ། །ཚོམ་བུ་སོ་སོ་གང་བྱེད་དང་འཚམ་པའི་གཟུགས་བརྙན་བྲི། །དཀྱིལ་འཁོར་གྱི་རྒྱན་དང་ཕྱི་ནང་གསང་བའི་མཆོད་པ་ལ་སོགས་པ་དལ་གྱི་མཐའ་འཁོར་བ་དང་། །ཕྱི་རོལ་དུ་ཆ་གསུམ་བཏང་ལ་མཆོད་པའི་ལས་རྫོགས་པར་བྱ་ཏེ། །རྒྱལ་ཆེན་ཕྱོགས་སྐྱོང་གིས་ཕྱི་མཚམ་བཅད་དམ་སྲི་མནན་བསྲུང་བའི་སྒོ་བྱང་གདག་ཅིང་མཚམས་ཐོ་རིམ་པ་བཞིན་བྱའོ། །གྲངས་ཀྱི་རྟགས་དུས་བྱ་བ་ལས་ཀྱི་དང་བཞི་ལས་འདིར་བྱ་བ་ལས་ཀྱི་བསྙེན་པའི་དོན་དུ་སྔོན་དུ་བྱ་བ། །རྫོགས་པའི་ཚོགས་བསགས་སྒྲིབ་པ་སྦྱངས་བའི་ལས་རྣམས་ཟིན་པར་བྱ། །གང་དུ་རྣལ་འབྱོར་པ་གྲལ་ཕྱག་ཚུལ་ཕྱག་འདུས་པས་ཕྱོགས་བསྲུང་འཁོར་གྱིས་བཅིང་ཕྱི་ནང་གི་མཆོད་རྫས་བྱིན་གྱིས་བརླབས་ནས། །རྣལ་འབྱོར་པ་སྤྱིའམ་ཡང་ན་རེ་རེ་ཞིང་བསྒོམ་པ། ཚོམ་བུའི་འཁོར་ལོ་གཅིག་གམ་གསུམ་མམ་རིམ་བཞིན་བསྒོམ། །རྣལ་འབྱོར་ཐབས་ཡབ་དང་ཤེས་རབ་ཡུམ་ཀྱིས། །དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། །སེམས་དཔའ་སེམས་མ་ཉིད་དུ་བསྒོམ། །སོ་སོའི་རིགས་དང་ཕྱག་རྒྱ་དང་། །ཏིང་འཛིན་ཡང་དག་སོ་སོར་གསལ་བར་བསྒོམ་ལ། རིགས་ཀྱི་རིགས་ཏེ་ཐུགས་སྒྱུ་འཕྲུལ་ནི་དབུས་སུ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་སྟོང་ཉིད་ཡེ་ཤེས་ཐུགས་ཀྱི་མཆོག་ལ་རྡོ་རྗེ་རིགས་ཀྱི། རྡོ་རྗེ་སེམས་དཔའ་ཡབ་ཡུམ་བརྒྱད་ཁྲོ་བོའི་ཚོགས་ཡབ་ཡུམ་བརྒྱད་དང་ལྡན་པ་ཡི། །ཚོམ་བུ་གཅིག་པའི་སྟེ་ལྷ་བཅོ་བརྒྱད་རྣམས་བསྒོམ། །མདུན་དུ་དེ་བཞིན་རིགས་དང་དབུས་རྡོ་རྗེ་རིགས། །རྒྱབ་པདྨའི་རིགས་ཏེ་སྐུ་གསུང་ཐུགས་ཀྱི་ཚོམ་བུ་གསུམ་ལ། ཕྱོགས་མཚམས་ཀྱི་ཁྲོ་བོའི་ཡབ་ཡུམ་བཅུ་དྲུག་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གསུམ་གྱི་ལྷ་ཞེ་དྲུག་རྣམས་བསྒོམས། །རིགས་ལྔ་དང་རིགས་ལྔ་ཡེ་ཤེས་རེ་རེ་ལ་རིགས་ཆུང་གི་འཁོར་གྱི་ལྔ་ཡི་སྦྱོར་བ་ཡི། །ཚོམ་བུ་ལྔ་ཡི་ཕོ་བྲང་གི་ལྷ་ལྔ་བཅུ་བཀོད་ལ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ་སྟེ། ལྷ་བདུན་ཅུ་འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །ཀ་བ་ཙ་བྱིན་གྱི་རླབས་པ་དང་ཡེ་ཤེས་ལྔ་དབང་བསྐུར་དང་ལྡན་བྱས་ནས། །རང་བཞིན་འོག་མིན་གནས་ནས་སྙན་གསན་དབབ་སྤྱན་དྲངས་བར་བྱ་སྟེ། །གཉིས་སུ་མེད་པར་གཞུགས་བཅིང་བརྟན་པར་བཞུགས་སུ་གསོལ་བར་བྱས་ཕྱག་ཞབས་ལ་སྟེ་ཕྱི་ནང་གསང་བའི་པུ་ཙ་རིམ་པར་མཆོད། །མཆོད་པ་རྫོགས་ནས་གླུ་ཡེ་ཤེས་ཀྱི་བསྟོད་དེ་རོལ་མོ་ཡེ་ཤེས་ཀྱི་ཡུལ་སྨོན་ལམ་བཏབ་ནས། བསྙེན་པ་བྱ། །བཟླས་པ་ཟིན་ནས་དལ་བསྡུས་ཏེ་རྣལ་འབྱོར་པས་ཚོགས། །ཚུལ་བཞིན་དུ་མཆོད་པའི་ཕྲིན་ལས་བྱ། །དེ་ནས་ནང་ནུབ་མཁའ་འགྲོར་རྣམས་མཆོད་ཕྱིར་ལྷག་མ་གཞུང་བཞིན་སྦྱིན། །ཉུལ་ལེ་མའི་བར་ཆད་བཟློག་ཅིང་བསྙེན་པར་བྱ། །ཟླ་བ་ཕྱེད་ཀྱི་ཕྱེད་ཞག་བདུན་དུ་ཉེ་བའི་བསྙེན་པ། །ལྷ་གསལ་ཁ་དོག་དཀར་པོ་ཕར་འཕྲོ་མཆོད་ཚུར་འདུས་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱས། ཞག་བཅོ་ལྔ་མར་ཕྱེད་སྒྲུབ་པ་བྱ་སྟེ། །ཁ་དོག་དམར་པོ་ཕར་འཕྲོས་ཐུགས་དམ་བསྐུལ་ཚུར་འདུས་ཏེ་དངོས་གྲུབ་ཐོབ་པའི་བསྣོལ་མས་བསྒྲུབ་པར་བྱ། །སྒྲུབ་པའི་ཞག་གྲངས་ཚང་ནས་དངོས་གྲུབ་ཀྱི་རྟགས་བྱུང་ན། །ལྷ་ཡེ་ཤེས་སེམས་དཔའ་བདག་དམ་ཚིག་པ་ལས་དངོས་གྲུབ་གྱི་བཟླས་པ་དང་དངོས་སྒྲུབ་བླང་སྒྲུབ་པ་ཆེན་པོ། །དེ་བཞིན་ཟླ་ཕྱེད་ལ་སོགས་པས་ཆོག་གམ་ཞེ་ན་མི་ཆོག་སྟེ་བསྙེན་བསྒྲུབ་ཀྱི་ཡུན་ཆ་བརྩིས་ལ་རྒྱུན་གྱི་ཞག་གྲངས་སུམ་ཅུ་ཕྲག་དྲུག་ལ་སོགས་བཞིན། །བར་ཆད་མེད་པར་ཚོགས་བསྒྲུབ་པར་བྱའོ། །སྤྱོད་ལམ་དུ་ཡོ་བྱད་ལྔ་སྤྱོད་ཅིང་། །དངོས་སུ་མཆོད་པ་སྦྱོར་སྒྲོལ་རྣམ་གཉིས་སོ། །གཙོ་རུ་དགོངས་པ་སྦྱོར་སྒྲོལ་གང་ཡིན་པ་ནི། ཁྲོ་བོའི་སྐབས་སུ་ཕྱི་མ་གདུག་པ་འདུལ་བར་ཤེས་པར་བྱའོ། །སྔ་མ་སྤྱོད་ལམ་དུ་སྤྱོད་ལ་སྤྱད་ཐབས་རྒྱས་པར་བཤད་བྱ་བ། །གོས་རྒྱན་གྱི་དང་བཟའ་བཏུང་གི་དང་གླུ་གར་རྣམས། །ཧཱུྃ་གི་མཚོན་པའི་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པས་རབ་སྤྱོད་ན། །དངོས་གྲུབ་ངོ་མཚར་ཅན་འབྱུང་བའི་ཚོམ་བུའི་དཀྱིལ་འཁོར་མཉེས་པར་བྱའི་ཕྱིར། །གསང་བ་ཨ་ལི་ཀ་ལི་ལ་སོགས་པ་ཡོ་བྱད་ལྔ་པོ་རྣམས། །རིག་པ་རང་སྣང་ཡེ་ཤེས་ཀྱི་ཆོ་འཕྲུལ་ཡིན་པའི་ཕྱིར་རྒྱུ་ལས་མ་སྐྱེས་རང་བྱུང་ཡེ་ཤེས་རང་གསལ་བའི་ངང་དུ་རྒྱལ་བའི། ཆོས་ཉིད་ཆོས་ཉིད་ལ་ཡེ་ཤེས་རོལ་པའི་ཚུལ་དུར་བསྒོམ་སྟེ། ཅིག་ཤོས་ཁྲོ་བའི་ཚེ་ནའང་དེ་བཞིན་དུ་བསྒོམ་པ་ཡིན་ནོ། །ལྷག་པ་ཏིང་ངེ་འཛིན་ཕྱོགས་བཅུ་མཐའ་ཡས་དུས་བཞིས་བསྡུས་པ་ཡི། །ཆོས་རྣམས་ཐམས་ཅད་རང་བཞིན་པའི་ངང་དུ་དབྱེར་མེད་པའི་མ་དྷ་ལ་རྒྱན་དང་གདན་དུ། ཉི་ཟླ་ཤར་བའི་གཞལ་ཡས་ལ། །པདྨ་ཆགས་མེད་གདན་བཏིང་ནས། །དགོས་འདོད་རིན་ཆེན་ཟད་མེད་རང་ལས་བྱུང་བའི་ཕོ་བྲང་ས། །ཆེ་ཆུང་གི་ཚད་འདི་ཙམ་དཔག་ཏུ་མེད་པ་ཡི། །བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྤྲོས་པའི་ཟུག་རྔུ་མེད་པའི་བདེ་ལྡན་རྒྱལ་བའི་དཀྱིལ་འཁོར་ལ། །བདེ་ལྡན་བྱང་ཆུབ་ས་ཏིའི་ལྷ་རབ་ཏུ་བཀོད་ནས། །སྣོད་མ་ལུས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྡུས་ནས། །ལུས་བསྐྱོད་ཡན་ལག་བསྒུལ་གསིགས་རྐྱང་ནས། །དབང་པོ་སྒོ་ལྔ་ལ་སོགས་ལྔ་ཡི་དཀྱིལ་འཁོར་ཐམས་ཅད་ཀུན། །འདིའི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པར་བཤད། །ལྷག་པའི་ཏིང་འཛིན་གྱི་དཀྱིལ་འཁོར་འབའ་ཞིག་བསྒོམ་པའམ་གམ། །བྲོ་གར་ལ་སོགས་པའི་ཚེ་ན་བསྒོམ་པ་ཡི། །བྷྲཱུཾ་ལས་གཞལ་ཡས་ཁང་དང་ཙཀྲའི་དཀྱིལ་འཁོར་དུ། །ཉི་འོག་ཟླ་ཁ་ཕྲུགས་པའི་ས་གཞི་ལ། །པདྨ་ཆགས་མེད་གདན་བཏིང་ནས། །ཡབ་ཐབས་དང་ཡུམ་ཤེས་རབ་དབྱེར་མེད་ཆགས་མེད་ཚུལ་དུ་བསྒོམ་པའོ། །མགོ་ལ་སོགས་པ་ཡན་ལག་དབང་པོ་ཐམས་ཅད་ཀུན། །རང་བཞིན་སྣང་ཡོང་གིས་རིགས་ལྔའི་དལ་དུ་དག་པ་དང་། །ཏིང་འཛིན་གྱིས་ཀྱང་དེ་བཞིན་གཤེགས་པ་ལྔ་བསྒོམ་པའོ། །དེ་ལྟར་ཡེ་ནས་གནས་པ་མ་བཅོས་པ་དེ་ལ་རང་བཞིན་ཡོང་གིས་དག་པ་ཡིན་ཏེ། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་གྱིས་བསྒོམ་པ་ནི། དབུ་ལ་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ཀྱིས་གཙོ་བྱས་པའི་ལག་པ་གཡས་པ་རྡོ་རྗེའི་རིགས་གཡོན་རིན་ཆེན། རྐང་པ་གཡོན་པདྨ་གཡས་ལས་ཀྱི་རིགས་འཁོར་དང་བཅས་པ་བསྒོམ་པ་སྟེ། ཡན་ལག་བཞི་ལ་རིགས་བཞིའི་འཁོར། །ཁ་དོག་རིགས་ལྔ་དབྱིབས་སོ་སོ་དང་ཕྱག་རྒྱ་སོ་སོ་དང་། །ཐབས་ཡབ་དང་ཤེས་རབ་ཡུམ་གཉིས་སུ་མེད་པར་གསལ་བར་བསྒོམས་ཏེ། ལྷ་ལས་འོད་ཟེར་ཕྱོགས་བཅུར་སྤྲོ་ཞིང་ངན་སོང་གསུམ་ལ་སོགས་སྒྲིབ་པ་སྦྱོང་། །དེ་ནས་སླར་རང་གི་གནས་སུ་བསྡུ་ཞིང་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བསྟིམ། །འདས་པ་སངས་རྒྱས་དང་མ་འདས་འཁོར་བ་ཐམས་ཅད་ཀུན། །བདེ་བར་གཤེགས་པ་རྒྱལ་བའི་དལ་ལ་ཞིང་ལྷག་པ་ཏིང་ངེ་འཛིན་གྱི་དལ་དུ་རྣམ་པར་སྦྱོང་། །རྣལ་འབྱོར་ཡན་ལག་ཆེན་པོ་ལྔ་བསྐྱོད་ན། །རིགས་ལྔའི་དཀྱིལ་འཁོར་མ་ལུས་གཡོ། །ཞིང་བཀོད། འགྲོ་བ་ལྔ་བྱང་ཆུབ་ཀྱི་ལམ་དུ་འདྲེན་ཅིང་འཛུད་ལས་ཉོན་ཚེ་དུས་སེམས་ཅན་གྱི་སྙིགས་མ་ལྔ་ཡང་རང་བཞིན་རྣམ་པར་དག་པའི་ཞིང་དུ་སྦྱོར་བའོ། །རྒྱུ་བཟང་ཞིང་དབྱིབས་ཁ་དོག་མཛེས་ལེགས་པའི་གོས་བགོས་ན། །ཏིང་ངེ་འཛིན་གྱི་ཡེ་ཤེས་ལྔས་འོད་ཟེར་སྣ་ཚོགས་འཕྲོ་བར་འགྱུར་རོ། །དུས་དེ་ནས་མཐར་ཐུག་མེད་ཀྱི་བར། །ཡེ་ཤེས་ལྔ་ཡིས་རྒྱན་གྱིས་རྒྱན་པར་འགྱུར་རོ། །དབུ་རྒྱན་མཆོག་མགུལ་ཆུན་ལ་སོགས་པ་བརྒྱན་མཛེས་པས་ལུས་བརྒྱན་ནས། །ཏིང་འཛིན་གྱི་ཚོམ་བུའི་ལྷ་ཚོགས་འོད་ཟེར་འབར་ཞིང་གསལ་བར་བསྒོམས་ཏེ། །དེ་ལས་ཕྱོགས་བཅུ་གང་བར་དཀྱིལ་འཁོར་ལ་འོད་ཟེར་སྤྲོ། །སྤྱོད་ཡུལ་ཐམས་ཅད་རང་རིག་པ་བདག་ཉིད་ཆེན་པོའི་ངང་ལས་མ་གཡོས་པའི་དཀྱིལ་འཁོར་ལ། །མི་དམིགས་དབྱིངས་ནས་དཀྱིལ་འཁོར་ཐམས་ཅད་རང་བཞིན་ཏིང་ངེ་འཛིན་གྱིས་མཆོད། །འདོད་པའི་ཡོན་ཏན་ལོངས་སྤྱོད་ལྔ་མ་འགགས་པ་ཐབས་དང་མི་དམིགས་ཤེས་རབ་གནས། །དགོངས་པ་ཟག་མེད་བདེ་བ་མཆོག་གི་རོ་ཡང་མྱོང་བར་བྱེད་པས་བསོད་ནམས་ཀྱི་ཚོགས། བདེ་བ་ལ་མ་ཆགས་པས་ཡེ་ཤེས་ཀྱི་ཚོགས་ཆེན་ཏེ་ཚོགས་གཉིས་དང་ལྡན་པའོ། །རྐང་པའི་བྲོ་གར་ཐབས་ཀྱི་ལག་པའི་ཕྱག་རྒྱ་དང་། །ངག་གི་གླུ་དབྱངས་ཚིག་གི་སྒྲ་བསྒྲགས་ནས། །ཕྱོགས་བཅུའི་སྐྱེ་གནས་བཞི་མ་ལུས་ཀུན། །ལྷུན་གྱིས་གྲུབ་པའི་རིག་འཛིན་རྡོ་རྗེའི་སྐུར་མཐོང་ཞིང་། །ཐེག་པ་ཆེན་པོའི་ཆོས་ཀྱི་དུང་ཆེན་སྒྲ་ཡང་ཐོས། །ཉོན་མོངས་ཤེས་བྱའི་སྒྲིབ་པ་གཉིས་བྱང་ནས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འགྲུབ། །བྲོས་བདེན་པ་མཐོང་གླུའི་སྐད་སྙན་པའི་གྲགས་ཐོབ་སྟེ་མ་འགགས་པ་བསོད་ནམས་ཀྱི་ཚོགས་ཆེན་པོ་འགྲུབ། །བདེན་པ་མཐོང་བས་ཆགས་པ་མེད་པ་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ། །ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད་ཀུན། །དབུས་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ། །སེང་གེའི་སྟབས་ཆེན་གྱིས་མཆོང་བར་བྱ། །མིག་ལ་ༀ། རྣ་བ་ཧཱུྃ། སྣ་ལ་ཏྲཱཾ། ལྕེ་ལ་ཧྲཱིཿ ལུས་ལ་ཨ་སྟེ་མིག་སོགས་དབང་པོ་ལྔ་ལ་ཡི་གེ་ༀ་སོགས་ལྔ། །གསལ་བའི་ཡི་གེ་འཕྲོ་འདུས་མངོན་རྫོགས་ཤེས། །འདོད་པའི་ཡན་ཏན་ལྔ་ལ་ཆགས་པ་མེད་པར་རོལ་པའི་ཡོན་ཏན། དེས་བདག་གི་དོན་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད། །ཚོམ་བུ་གཅིག་པ་གསུམ་པ་ལྔ་པའི་རྒྱས་འབྲིང་བསྡུས་པ་གསལ་བའི་ཡབ་ཡུམ་རྣམས། །ཕན་ཚུན་འོད་ཟེར་འཕྲོས་འདུས་ཤིང་བདག་ལ་བསྟིམ་བསྒོམ་བྱས་ཏེ། །ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འོད་འབར་བ་དང་ཁ་དོག་གསལ་བར་བསྒོམ་པ་གྱུར་ནས། །རྣལ་འབྱོར་པ་བདག་དང་ཕྱོགས་བཅུའི་བྷུདྡྷ་རྣམས་དགོངས་པ་གཉིས་སུ་མེད་པར་བསྒོམ། །རིགས་བཞི་རང་རང་གི་ཕྱོགས་ཕྱོགས་སུ་རིམ་བཞིན་ཁ་བལྟས་ཏེ། །ཐུགས་རྡོ་རྗེ་རིགས་ཀྱི་སྐུ་དེ་བཞིན་རིགས་གསུང་པདྨའི་དང་ཡོན་རིན་ཆེན་གྱི་རིགས་ལས་ཀྱི་རིགས་དོན་གྲུབ་པའོ་གླུ་བྲོ་ཚིག་བརྗོད་པ་དང་ཡེ་ཤེས་ཀྱི་རྒྱན་གྱིས་བརྒྱན་པ་ནི་པའི་བྲོ་དང་ངག་གི་གླུ་རིགས་ལྔའི་སྤྱིའི་གླུ་བྲོ་ཏེ། རྣམ་པ་ལྔ་སེང་གེ་གླང་རྟ་ཁྱུང་རྨ་བྱ་ཤང་ཤང་གི་སྟབས་རིགས་ལྔའི་གླུ་ཚིག་ལྡན་པར་བྱས། །ཏིང་ངེ་འཛིན་སྲོག་དང་ལྡན་པའི་བྲོ་གླུས་བདག་གཞན་གྱི་དོན་གཉིས་རྫོགས་པར་བྱེད་པའོ། །བཟའ་དང་བཅའ་བ་དང་མུར་བ་བཏུང་བ་རྣམས། །མ་འགགས་པ་ཐབས་དང་རང་བཞིན་མེད་པ་ཤེས་རབ་ཉིད་གྱི་ངང་ལ་གནས་ཤིང་། །བདག་ཉིད་ཆེན་པོའི་མཆོད་པ་བྱས་པ་ཡིས། །ཡོན་ཏན་སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །རང་བཞིན་གྱི་དགའ་བ་ཆེན་པོས་ཁྱད་པར་འགྲུབ། །ཟས་ཉིད་བདུད་རྩིར་བཅུད་དུ་འགྱུར་ཞིང་ཐུན་མོང་གི་ཡོན་ཏན་འབྱུང་བ་དང་། །ནད་བཞི་བརྒྱ་རྩ་བཞིའི་ལ་སོགས་པ་ནད་རྣམས་སེལ་ཞིང་། །འདོད་པའི་ལོངས་སྤྱོད་འབྱུང་ཞིང་ངན་སོང་རྣམས་སྦྱོང་བ་དང་། ཅི་ཡང་བདག་དང་གཞན་གྱི་དོན་དུ་འགྱུར་བའི་འབྲས་བུ་འགྲུབ་བོ། །གོང་གི་དེ་ལྟར་སྤྱོད་བཞི་དང་ལྡན་པ་ཡིས། །ཐབས་ཡབ་དང་ཤེས་རབ་ཡུམ་དང་ལྡན་འགྱུར་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷར་བྱིན་གྱིས་བརླབས་པ་དང་རྒྱན་ཆ་རྣམས་རྫོགས་པར་བྱ་བ་སྟེ། བསྙེན་སྒྲུབ་གསང་བའི་ཕྱག་རྒྱ་བཞི་ལ་རོལ་ཞིང་བདེ་བ་མྱོང་བའི་རིམ་པས། །རྟོགས་པ་ཐམས་ཅད་ལྷན་སྐྱེས་གཉིས་མེད་དབྱིངས་སུ་སྦྱོར་བར་བྱེད། ཡབ་ཡུམ་གཉིས་མེད་དབྱིངས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འབར། །ལུས་ལས་འོད་ཟེར་འཕྲོ་ཞིང་བདེ་བར་འབར་བས་ཏིང་ངེ་འཛིན་གྱི་ཕྱོགས་བཅུར་གསལ། །ཆགས་པའི་ཐིག་ལེ་བདེ་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་ཆས་ཐབས་ཆེན་པོ་ཐབས་ཀུན་ཀྱི་མཆོག་གོ། །ཤེས་རབ་ཡེ་ཤེས་ཀྱི་དབང་དང་བདེ་མཆོག་ཤིན་ཏུ་བདེ་བ་ཆེན་པོའི་དབང་དང་བརྟན་པའི་དབང་རྣམས་དང་ལྡན་ཞིང་རྫོགས་པའོ། །ཡབ་ཀྱི་རྡོ་རྗེ་དང་ཡུམ་གྱི་དྲིལ་བུ་སྟེ་པདྨ་ཡང་དག་དོན་དང་ལྡན། །ཕྱག་རྒྱ་བཞི་ལྷ་མོ་བཞི་ཛཿཧཱུྃ་བཾ་ཧོ་བཟུང་བ་ནི་ལྕགས་ཀྱུ་མ་འཁྱུད་པ་ཞགས་པ་མ་སྡོམ་པ་ལྕགས་སྒྲོག་མ་འབེབས་པ་དྲིལ་བུ་མ་དང་ཕྱི་ནང་གི་མཆོད་པའི་ལྷ་མོ་བརྒྱད་ནི་ཆས་ཀྱིས་སྒེག་པ་བཛྲ་ལ་སྱ་མ། །བྱང་སེམས་སྤྲིང་པ་མ་ལྱ་མ། །བདེ་བའི་སྒྲ་སྒྲོགས་གིརྟི་མ། །སྦྱོར་བའི་གར་བྱེད་ནིརྟི་མ། །བདེ་བའི་དྲིས་ཚིམ་དྷུཔྤེ་མ། །བྱང་སེམས་འཐོར་བ་པུཥྤེ་མ། །བདེ་བ་གསལ་བྱེད་མར་མེ་མ། །བདེ་བ་ཁྱབ་བྱེད་གནྡྷེ་མའོ། །རྫོགས་པར་གཉིས་སུ་མེད་པར་རོལ་ཞིང་མཁའ་ལ་ཉི་ཟླ་དུས་གཅིག་ལྡན། །ཐབས་ཤེས་རབ་གཉིས་མེད་ཟུང་དུ་འབྲེལ་གྱུར་ན། །འབྲས་བུ་བདེ་བར་གཤེགས་པའི་དཀྱིལ་འཁོར་མ་ལུས་མངོན་དུ་འབྱུང་ཞིང་འཆར་བའོ། །ཐིག་ལེ་བྱང་ཆུབ་སེམས་དཔའི་འཇིགས་མེད་པ་རྡོ་རྗེའི་གཟུགས་སུ་ཆགས། །བྱང་ཆུབ་སེམས་ཀྱིས་མཆོད་ཚེ་ཐམས་ཅད་མཉེས་ཤིང་ཐུན་མོང་གི་དངོས་གྲུབ་མཁའ་འགྲོ་འདུ་བ་དང་ཁ་དོག་ས་ཏི་གསལ་བར་འགྱུར་ཚེ་ལ་དབང་བའི་རིག་འཛིན་ཐོབ་པས། སྒྱུ་འཕྲུལ་གྱི་དཀྱིལ་འཁོར་པར་བཞི་བཅུ་རྩ་གཉིས། །ལྷ་ཡུམ་དྲ་བའི་དཀྱིལ་འཁོར་རང་རིག་པའི་ངང་དུ་མངོན་སུམ་རྫོགས་པས། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །དཀྱིལ་འཁོར་ཐམས་ཅད་དེ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་འགྲུབ་པར་འགྱུར། །སྒྱུ་འཕྲུལ་དྲྭ་བའི་ཏིང་ངེ་འཛིན་བརྟན་པ་ཡིས། །ཕྱོགས་བཅུ་དུས་བཞིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིས། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །ཁམས་གསུམ་འགྲོ་རྣམས་རང་རིག་པའི་མངོན་སུམ་དུ་འགྱུར་ཏེ་ཡེ་ཤེས་བླ་མའི་ས་ཐོབ། སྒྱུ་འཕྲུལ་དྲྭ་བས་མངོན་དུ་རྫོགས་པའི། །དཀྱིལ་འཁོར་ཚོམ་བུ་ལ་གོམས་ཤིང་བརྟན་པའི་ཏིང་ངེ་འཛིན་གྱིས། རྐང་པ་བྲོ་གར་ཕྱག་རྒྱ་བཞིའི་ས་ཏི་འདུ་འཕྲོ་ཡིས། །རི་བྲག་ལ་འཛུལ་ལམ་ནམ་མཁར་ལ་འགྲོ་བར་སྟེ་རྫུ་འཕྲུལ་ཐོབ་པ་འགྱུར་རོ། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་འབྱུང་སྟེ་ཆོས་ལ་དབང་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །མཚན་དང་དཔེ་བྱད་འབར་བའི་སྐུ་རྒྱལ་པོ་བདུད་ཀྱི་དཔུང་བཞིའི་མི་ཚུགས་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཐུན་མོང་གི་དངོས་གྲུབ་ཡིད་བཞིན་རཏྣ་ལྟ་བུ་དང་སྐུ་སངས་རྒྱས་པ་དང་ཟག་པ་མེད་པའི་བདུད་རྩི་འགྲུབ་པའོ། །ཡུམ་ཨ་ལི་ཡབ་ཀ་ལའི་ཕྱག་རྒྱ་ཡིས། ། ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་མཆོག་གི་དངོས་ཐམས་ཅད་འགྲུབ་པར་འགྱུར་རོ། །གདུག་པའི་འདུལ་བའི་ཚོགས་ཁྲོ་བོའི་དལ་རྣམས་བསྒྲུབ་པར་བྱ་བའང་། བསྒྲུབ་པའི་གནས་དང་ཟླ་ཡུམ་རྫས་དང་དུས་དང་བསྒྲུབ་པའི་ཆ་རྐྱེན་རྣམས་ནི། ཚོགས་ཀྱི་བསྒྲུབ་པའི་ཆ་རྐྱེན་མཆོག་ཏུ་དམིགས་པས་བཞག་གོ། །གནས་ནགས་ཚལ་དང་དུ་ཁྲོད་ཆེན་པོ་ལ་སོགས་པ་མི་དང་བགེགས་ལ་སོགས་པར་བར་ཆད་ཀྱིས་དབེན་པའི་སར་ཁྲོ་བོ་བསྒྲུབ་པའི་གནས་རྒྱུད། གཞུང་དང་མཐུན་པ་ཡི་དགོངས་པ་ལྟར་རྙེད་ནས་ནི། །ཕྱི་ནང་གི་གནོད་བྱེད་བགེགས་རྣམས་བསྐྲད་པ་དང་ཁྲོ་བོ་རྡོ་རྗེ་ལས་རིམ་ནས་འབྱུང་བ་ལྟར་ས་འོག་ཏུ་མནན་པ་དང་བྱིན་གྱིས་བརླབས་པ་ལ་སོགས་བྱ། ལས་རིམ་ལྟར་ས་གཞི་བསྙམས་པའི་གནས་སུ་བརྩིགས་པ་ལ་སོགས་རྒྱས་པར་བྱ། །སྒྲུ་འཕྲུལ་དྲྭ་བས་མངོན་རྫོགས་པས་སངས་རྒྱས་པའི། ཁྲོ་བོའི་དཀྱིལ་འཁོར་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་བསྒོམ་པ་ས་ཏི། བརྟན་པའི། །ཆོ་ག་ལྔ་སྔགས་ཀྱི་ཡན་ལག་རྫོགས་པ་ལོངས་སྤྱོད་ལྔ་ཡི་འབྱུང་བ་བཞིན་དུ་སྦྱང་སྦྱིན་ལ་སོགས་པ་དང་། རྣལ་འབྱོར་འཁོར་འདུས་པ་ངེས་པར་ཚོགས་འགྲུབ་པའོ། །སྟོན་པ་རྡོ་རྗེ་རྒྱལ་པོ་དམ་པའི་མཛོད་གསུམ་དང་ལྡན་པ་དབང་གི་ཆུ་བོ་ཅན། །རྒྱལ་ཐེབ་རྡོ་རྗེ་རྒྱལ་པོར་དང་དགོངས་པ་མཉམ་པ་མཚུངས་པ་དང་། །ལས་མཁན་ཀར་མ་སྐད་ཀྱི་གདངས་ཆེན་ཞིང་ལས་ཀྱི་རིམ་པའི་ཕྲིན་ལས་ཕྲེང་བར་ལྡན་པ་དང་། ལྗོན་ཤིང་མ་ནི་ཁ་དོག་དཀར་ཞིང་མཚན་དང་ལྡན་ཅིང་སྲིན་ལག་གི་རྩ་བ་ལ་སོགས་ཏེ་རི་མོ་འཁོར་ལོའི་ཚུལ་དུ་ཡོད་པ་སྟེ་ཞི་བ་དང་། ལྕུག་ཕྲན་མ་ནི་ཁ་དོག་དཀར་སེར་མཚན་དང་ལྡན་པ་ལ་རི་མོ་རིན་པོ་ཆེའི་གཟུགས་སུ་ཡོད་པ་སྟེ་རྒྱས་པའིའོ། །སྡོང་གཅིག་མ་ནི་ཤ་མདོག་དཀར་ལ་དམར་བ་རི་མོ་པདྨའི་དབྱིབས་སམ་གཟུགས་སུ་ཡོད་པ་སྟེ་དབང་གིའོ། །རེག་མ་ནི་ཁ་དོག་ནག་གམ་སྔོ་ལ་རི་མོ་རལ་གྲི་གཟུགས་སུ་ཡོད་པ་སྟེ་དྲག་པོའི་འོ། །དེ་ལྟར་མཚན་དང་ལྡན་ཞིང་ཡོན་ཏན་རྫོགས་པའི་གཟུངས་མ་དང་། །གཞན་ཡང་རྡོ་རྗེ་བྱ་རོག་དང་གིང་དང་རྡོ་རྗེ་བྱན་པོ་དང་རྡུལ་ཕྱགས་སྐྱེས་བུའི་འཁོར་ལ་སོགས་པ་རྣལ་འབྱོར་མི་སྲིང་བརྩེ་གདུང་ཆེ་ཞིང་དམ་ཚིག་དང་ལྡན་པ། ཚོམ་བུ་ལྔའམ་ཟུང་གིས་བསྒྲུབ་པར་བྱའོ། །དཀར་རྩི་བྱང་སེམས་དམར་རྩི་རཀྟ་དྲི་ཆེན་དྲི་ཆུ་ཤ་ཆེན་དང་། རྡོ་རྗེ་དུང་ཆེན་ཐོད་པ་རཀྟ་དམར་གྱིས་དགང་པ་དང་། མི་རྐང་ལ་སོགས་དུང་དང་སྲོག་སྒལ་ཚིག་སྙིང་ཤིང་གསར་རྙིང་དང་། །ལྷའི་རྟེན་སྐུ་གཟུགས་བྲིས་སྐུ་དང་ལུགས་ཆེན་ཐོད་སྐུ་དུང་མཆོག་ཚལ་བུའི་སྐུ་དང་། །དུར་ཁྲོད་ཀྱི་རྒྱན་བརྒྱད་དང་དཔལ་གྱི་ཆས་བརྒྱད་དེ་བཅུ་དྲུག་ཚང་བ་དང་། །སྒྲུབ་པ་པོ་འཚོ་བའི་ཡོ་བྱད་དང་། །ཐོད་སྐུ་དང་མར་མེ་ལ་སོགས་སྒྲུབ་པའི་རྫས་དང་དངོས་གྲུབ་ཀྱི་ཡོ་བྱད་དང་སྐྱེ་བ་བདུན་པའི་བམ་མཚན་ལྡན་ནི། ཞིང་གྱུར་མཆོག་དང་མཆོག་ཕྲན་ཞིང་བཅུ་དང་། །བགེགས་ཀྱི་རྐྱེན་བཟློག་པའི་རྫས་ནི་ཉུང་ཀར་ཕུར་བུ་ལྕེ་གུལ་གུལ་བོག་གནག་ལ་སོགས་པ། ནད་ཀྱི་རྐྱེན་བཟློག་པ་སྨན་དང་སྨན་པར་བཅས་པ་དང་། །དགྲ་བཟློག་པ་རྡོ་རྗེ་གོ་མཚོན་མཁར་ལེན་དང་བཅས་པ་དང་། །གཞན་ཡང་ཁྲོ་བོ་བསྒྲུབ་པ་ལ་དགོས་པའི་ཇི་སྙེད་པ་ཡི་རྫས་རྣམས་ཀུན། །འཇིགས་བྱེད་ཁྲོ་བོ་དཔལ་ཆེན་པོའི་ཏིང་འཛིན་དང་། །ཉམས་ང་བ་དང་ཐེ་ཚོམ་པ་མེད་པའི་སེམས་ཀྱིས་སྤྱོད། །རྫས་དེ་དག་བསྡུས་ཏེ་དགོས་ཆེད་ཚོགས་སུ་བྱ་བའི་ཕྱིར། །རང་དངོས་གྲུབ་ཅི་འདོད་པའི་བསྒྲུབ་རྫས་སྣང་བར་བདག་གིས་དགོད། །ཐ་མས་ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །རབ་ཞག་དྲུག་ཅུ་འབྲིང་གིས་ཞག་དགུ་བཅུ་རྩ་དྲུག་ཏུ། །འཇིགས་བྱེད་ཆེན་པོའི་ཏིང་འཛིན་བསྒོམ། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ། །ལྟ་བ་བསྒོམ་པ་གདེང་དང་བཅས་པའི་བསམ་པ་ཡིས། །འབྲས་བུ་གཞན་ནས་རེ་བ་དང་མི་ཐོབ་དོགས་མེད་པར་རབ་ཏུ་བསྒྲུབ། །གླུ་དང་གར་དང་ལག་གི་ཕྱག་རྒྱ་དང་། །གང་ཡང་ལྟ་བ་ལ་དམིགས་པའི་ཤེས་རབ་སྤྱོད་པ་མ་འགགས་པ་ཐབས་སུ་ཤེས་པ་དང་། །ཡབ་ཡུམ་རོལ་པའི་གསང་བ་བྱང་ཆུབ་སེམས་ཀྱི་མཆོད་པ་དང་། །ལུས་ངག་གི་བརྡའ་ལ་སོགས་པས་བྱས་པའི་ཡོན་ཏན་དངོས་གྲུབ་ཐོབ་པ་དང་། །བཟའ་བ་དང་བཅའ་བ་དང་བཏུང་བ་དང་བགོད་པ་ལ་སོགས་པ། འདོད་པའི་ལོངས་སྤྱོད་ལྔ་ལྡན་ཡབ་ཡུམ་གྱིས། །མདོར་ན་ཁྲོ་བོའི་ཚོགས་རྣམས་མངོན་དུ་བསྒྲུབ་པར་བྱའོ། །སྤྱིར་ལམ་རིམ་གྱིས་ཡི་བསྙེན་སྒྲུབ་སྔོན་ཞི་བའི་སྐབས་བཞིན་དུ་ཤེས་པ་དང་། སྒྲུབ་པའི་ཐབས་ཀྱི་བསྙེན་སྒྲུབ་བཞི། །དང་པོའི་ཚེ་ན་གནས་ཆེན་དེར། །བློ་རབ་འབྲིང་གི་ལྷག་པའི་ཏིང་ངེ་འཛིན་གྱི་དལ་རྒྱང་གྲགས་དཔག་ཚད་ལས་སོགས་དང་། །གཟུགས་བརྙན་གྱི་ཚོམ་བུ་གཅིག་པ་ལ། ལུས་གང་ལུས་དེ་གསུམ་གྱི་ཚད་ཚོམ་བུ་གསུམ་པ་བཞི་པ་ལྔ་པ། རང་གི་རིགས་པས་ཅི་ཙམ་བསྒོམ་ནུས་པ་བྱ། །རྣལ་འབྱོར་པ་ཕྱག་རྒྱ་ལྷའི་གཟུངས་དང་སྙིང་པོ་རྣམས། །ཐལ་ཆེན་ལ་སོགས་པ་ཁ་དོག་ལྔ་ཡི་ཚོན་གྱི་ཁ་བསྒྱུར་ཏེ་བྲི་བར་བྱ། །བསྒྲུབ་པའི་ཡོ་བྱད་རྣམས་སྔོན་ཞི་བ་བཞིན་བྱིན་གྱིས་རླབས་ནས། །རྡོ་རྗེ་སེམས་དཔའ་ལ་ལྷ་མོ་བཅུ་དྲུག་གི་བསྐོར་བ་འཕགས་རྒྱལ་མཆོད་ཅིང་ཕྱི་རོལ་པ། །ཕྱོགས་བཅུ་རྒྱལ་ཆེན་བཞི་མཉེས་པ་དང་གཉིས་པོ་ལན་ཆགས་སྙིང་རྗེ་མགྲོན་ལ་ཡང་། །སྦྱིན་པས་འགྲོ་དྲུག་ཚིམས་པར་བྱས་ལས་རྣམས་བཀའ་བསྒོ་བར་བྱ། །ཞེ་སྡང་རྡོ་རྗེ་འཇིགས་བྱེད་དབང་དུ་བདག་ཞུགས་ནས། །ཁྲོ་བོ་བཅུ་ངང་ཁྲོ་མོ་བཅུ་འཁོར་མོ་བྱ། །གདན་དུ་ཕྱོགས་སྐྱོང་བ་བཅུ་གཟིར་ཞིང་ཕྱོགས་མཚམས་སུ་ཕུར་བས་གདབ། །རང་བཞིན་གྱིས་གནས་ནས་སྙན་གསན་ཕབ་ལ་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ་མཆོད་བསྟོད་དེ། །བགེགས་ཀྱི་བར་ཆད་ཏིང་འཛིན་མཆོག་གིས་བཟློག་སྟེ་དམ་སྲི་མནན། ཕྱི་མཚམས་ནང་མཚམས་ཐུན་མོང་བསྲུང་བའི་འཁོར་ལོ་བྱ། །དེ་ནས་གཉིས་པར་ཉེ་བསྙེན་ནི་རྒྱན་རྣམས་དགོད་པ་དང་། །བསྒྲུབ་རྫས་དང་མཆོད་པའི་རྫས་རྣམས་དགྲམ་པ་རྫོགས་ནས། །ཕྱི་མཚམས་བདུད་རྩི་འ ཁྱིལ་པ་དང་ནང་མཚམས་ཁྲོ་བོ་བཅུ་གསང་བའི་མཚམས་བཅད་བར་ཆད་བསྲུང་བར་བྱ་སྟེ། །མ་ཏྲང་སྲིན་པོའི་རྒྱལ་པོ་ཚུལ་བཞིན་གནན། །དེ་ནས་རྟགས་ལྡན་པར་བྱ་སྡིག་སྒྲིབ་བཤགས་སྦྱོང་དང་བྱིན་དབབ་ལྡན་པར་བྱ། །དེ་ནས་ཕྱི་ནང་གི་མཆོད་རྫས་རྣམས་བྱིན་གྱིས་བརླབས། །སྔོན་འགྲོ་རྫོགས་པ་དེ་ནས་འཁོར་ལོ་ཚོམ་བུ་གཅིག་པའམ། །ཚོམ་བུ་གསུམ་པ་དང་ཚོམ་བུ་ལྔ་རུ་བློའི་རིམ་པ་གོང་ལྟར་བསྒོམ་པར་བྱ། །ཕོ་བྲང་གི་འཁོར་ལོ་བར་འཁྱམས་དུའང་སྒོ་རྣམས་སུ། །འཇིགས་བྱེད་བཛྲ་ཧེ་རུ་ཀ་འཁོར་ལོའི་རིགས་ཀྱི་གཙོ་མཛད་པའི། བཙུན་མོའི་ཚོགས་དང་ལྡན་པར་བསྒོམ། །སྟེ་བྷུདྡྷ་ཧེ་རུ་ཀ་ཞི་དང་དྲག་པོ་བྱང་དུ་ཀརྨ་དབང་ནུབ་ཏུ་པདྨ་དང་རྒྱས་ལྷོ་རུ་རཏྣ་ཧེ་རུ་ཀའོ། །འཇིགས་པར་བྱེད་པའི་རིགས་བཞི་ཚོགས་ཆེན་བསྒོམ་པའི་དེ་དབུས་སུ། །ཞི་བ་ལ་བདག་ཉིད་དྲག་པོ་བཛྲ་ཧེ་རུ་ཀས་བཅོས་ཚུལ་དུ། །ཡོངས་སུ་རྫོགས་པ་སྐུ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་ཀྱི་དཀྱིལ་འཁོར་བསྒོམ། །ཆོ་ག་གསུམ་གྱིས་བསྐྱེད་པ་ནི་དེ་བཞིན་རིགས་དང་རྡོ་རྗེའི་དང་པདྨའི་རིགས་དང་། །རིན་ཆེན་རིགས་དང་རལ་གྲི་ཀརྨ་ཧེ་རུ་ཀ་སྟེ་རིགས་ལྔའི་ཚོམ་བུ་བསྒོམ། །ལྷ་གཅིག་པའི་ཚོམས་བུ་ལའང་རྡོ་རྗེ་གསུམ་པོ་མོས་སོ། །སྐུ་བྷུདྡྷ་གཙོ་བྱས་ལྔ་གསུང་པདྨས་གཙོས་བྱས་ལྔ་ཐུགས་ཀྱི་རྡོ་རྗེ་ཧེ་རུ་ཀས་གཙོས་བྱས་པ་སྟེ་འཇིགས་བྱེད་དོ་དཀྱིལ་འཁོར་འཁོར་དང་བཅས་པ་བསྒོམ། དེའི་སྟེང་དུ་རཏྣ་ཧེ་རུ་ཀ་དང་ཀརྨ་བསྣན་པས་འཇིགས་བྱེད་ལྔ་རྫོགས་དཀྱིལ་འཁོར་ནི། །འདུས་པའི་ཚོམ་བུ་ལྷ་ཡི་རིགས། །ཡབ་ཡུམ་བསྡོམ་པས་ཉི་ཤུ་རྩ་ལྔ་སྐུའི་གསུང་གི་ཐུགས་ཀྱི། ཡོན་ཏན་གྱི་ཕྲིན་ལས་ཀྱི་རིགས་ལྔ་འཁོར་དང་བཅས་པ་རྫོགས་པར་བསྒོམ། །དུར་ཁྲོད་ཀྱི་རྒྱན་དང་དཔལ་གྱི་ཆ་ལུགས་དང་འབར་བའི་གར་དགུ་ལ་སོགས་པ། །འཇིགས་པའི་ཚོགས་ནི་རུ་ཏྲའི་ཁྲོ་བོའི་དཀྱིལ་འཁོར་ཇི་བཞིན་པར། །སྤྱིའམ་ཡང་ན་མི་རེ་རེ་ལྷ་རུ། །ཚམ་རྔམ་ཆེན་པོ་འཇིགས་བྱེད་གཏུམ་པ་ཁྲོ་བོའི་ཆ་ལུགས་བསྒོམ། །ལྷག་པའི་དཀྱིལ་འཁོར་དགུ་ཡན་ལག་གི་ལྷ་དགུར་ལྡན། །སྐུ་གསུང་ཐུགས་བྱིན་གྱིས་བརླབས་དབུ་རྒྱན་རིགས་གྱི་ལྷ་ལྔས་དབང་བསྐུར་ཐོབ་པའི་ཐུགས་ཡེ་ཤེས་སེམས་དཔའ་དང་དགུའི་འཁོར་ལོ་བདག་དཀྱིལ་ལ་བསྒོམ། རང་བཞིན་གྱི་གནས་ནས་སྙན་གསན་ཕབ་སྤྱན་དྲངས་བཀུག་གཉིས་མེད་དུ་རྒྱ་བཞིས་དགུག་ཅིང་བརྟན་པར་གཞུག་ཅིང་། དགྱེས་ནས་ཕྱག་གི་པུ་ཙ་ན་མར་རིམ་བཞིན་མཆོད་པ་བྱ། །ༀ་ཨཱཿཧཱུྃ་ཀ་བ་ཙ་སུ་ར་ཏོ་བདེ་བ། མ་ཧཱ་ཆེན་པོ་པཉྩ་ལྔ་ཨ་མྲྀ་ཏ་བདུད་རྩི་ཤྲཱི་དཔལ་ཧེ་རུ་ཀ་དགྱེས་སུ་ཆགས་པ་མན་སྔགས་ཏྲ་ཛྭ་ལ་འབར་མ་མ་ཧཱ་ཆེན་པོ་མ་དྷ་ལ་དལ་ཀ་ཡ་བཀྐ་ཙིཏྟ་སྐུ་གསུང་ཐུགས། ༀ་ༀ་ༀ། སྐུའི་ཀ་བ་ཙ། ཧཱུྃ་ཧཱུྃ་ཧཱུྃ་ཐུགས་ཀྱི་ཀ་བ་ཙ། ཡོན་ཏན་གྱི་སྐུ་གསུང་ཐུགས་སྭཱཾ་སྭཱཾ་སྭཱཾ། གསུང་གི་ཀ་བ་ཙ་ཨཱཾ་ཨཱཾ་ཨཱཾ། ལས་ཀྱི་སྐུ་གསུང་ཐུགས་ཧཱཾ་ཧཱཾ་ཧཱཾ། བཛྲ་རྡོ་རྗེ། མ་ཧཱ་ཆེན་པོ་ཀ་པ་ལ་ཐོད་པ་ཁརྐ་སྙིང་པོ་དྷ་ན་སྦྱིན་པ་ཛྭ་ལ་འབར་མ། སིདྡྷི་དངོས་གྲུབ། མ་ཧཱ་ཆེན་པོ། དཔལ་ཤྲཱི་ཧེ་རུ་ཀ་ཁྲག་འཐུང་། ཨ་མེ་མེ་ཏོག་དྷུ་མེ་སྤོས། སིདྡྷོ་གྲུབ་པར་བྷ་བ་ཏུ་གྱུར་ཅིག །སཾ་ཧ་ར་ཎ་སྲུང་གཅིག་ཧཱུྃ་ཧཱུྃ་ཧཱུྃ་སྡུང་པ། མ་ཧཱ་ཆེན་པོ་ཡོ་ག་རྣལ་འབྱོར་ཨནྟ་ར་ནང་པ་མ་ཧཱ་ས་མ་ཡ་དམ་ཚིག་ཆེན་པོ། རུ་ལུ་རུ་ལུ་ཧུབ་གསུམ་བཏུང་ངོ་། །ཨ་ལ་ལ་ངོ་མཚར་ཧོ་དགྱེས་པའོ། །གཏོར་མ་ༀ་ཨཱཾཿཧཱུཾ་ཀ་བ་ཙ་སུ་ར་ཏཿ བདེ་བ་འབུལ་བ། ཀ་མ་ལ་འདོད་པ། མ་ཧཱ་ཆེན་པོ། སུ་ཀ་བདེ་བ། མཱ་ལེ་ཕྲེང་བ། མ་ནུ་ཡིད་སེམས། ས་མ་ན་དམ་ཚིག །གསང་ནན་འབུལ་བ་ཛྭ་ལི་ནི་འབར་བ་དྷ་དྷ་ཎ་སྦྱིན་པ། ཨ་ཝ་མཆོད་སྦྱིན་ཡོ་ག་རྣལ་འབྱོར་ཁཱ་ཧི་གསོལ་ཅིག །ཨ་ལ་ལ་རྟོགས་པ་ཧོཿ དེ་ཤེས་པ། དེ་ལྟར་མཆོད་པའི་རིམ་པ་དང་བསྟོད་པ་དང་སྨོན་ལམ་བཏབ་རྫོགས་ནས་བསྙེན་པའི་ས་ཏི་ནི། །ལྷ་ཡེ་ཤེས་སེམས་དཔའ་འཛབ་ཁང་མདུན་དུ་ལྷགས་པ་ལ། །ལྟ་བ་དོན་ལ་གནས་པ་བཟླས་ལ་བདག་དམ་ཚིག་པ་ཕར་འཕྲོས་པ་གསལ་ལྷ་ཡེ་ཤེས་སེམས་དཔའ་མདུན་དུ་གསལ་བ་གསུམ་གྱིས་བྱ། །གང་བསྙེན་གྱི་ༀ་ཡབ་ཀྱི་ཁྲོ་བོ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ །ཡུམ་གྱི་ཁྲོ་མོ་བཛྲ་ཀྲོ་ཏཱི་ཤྭ་རི། དབྱིངས་ཕྱུག་མ་སརྦ་ཐམས་ཅད་དུཥྚཱ ན་སྟོང་པ་ཧཱུྃ་ཕཊ་སྒྲོལ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ༔ ཐུགས་དམ་གནད་ལ་དབབ་པ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དེ་ལྟར་འཛབ་རྫོགས་པའི་བཟླས་པ་ནི་རིགས་བཞི་བསྙེན་དང་འཕྲོ་འདུ་ཡིས། །ཞག་བདུན་གྱི་པར་ཕར་འཕྲོས་པས་ཐམས་ཅད་བསྐུལ་བ་དང་སྣོད་དུ་རུང་བ་བྱེད་པའོ། །བསྒྲུབ་པའི་དུས་སུ་འདི་བཟླ་ན་བསྙེན་པའི་དཀྱིལ་འཁོར་རྫོགས་པའོ། །དེ་བསྙེན་པའོ་དེ་བཞིན་དུ་བསྒྲུབ་པའང་། །ཡར་འཕྲོ་བས་བྱིན་རླབས་ཚུར་འདུས་དངོས་གྲུབ་བསྐུལ་དང་དངོས་གྲུབ་རྩོལ་བ་སྡུད་པའོ། །གོང་ལྟར་བཟླས་པའི་སྐྱོན་བཅུ་སྤང་སྟེ་བསྒྲུབ་པ་ནི། །བསྒྲུབ་པ་བྱེད་པའི་དུས་སུ་ཤེས་པར་བྱ། །བསྙེན་སྔགས་གཅིག་ནི་བསྒྲུབ་པ་ཆེན་པོ་ལ་རྫས་དང་པུ་ཙ་ལྟར་བཤམ་པར་མི་སྤྲོ་བར་ཚུར་བདག་ལ་བསྡུ་བ། །བསྒྲུབ་པ་ཆེན་པོ་ཡིན་པར་ཤེས་པར་བྱ། །བསྒྲུབ་པས་ཤེལ་ལྟར་ཁ་དོག་དཀར་པོ་དང་བྱི་རུའི་བུང་བ་ལྡིང་བ་ལྟར་ཁ་དོག་དམར་པོ་དང་། །མཐིང་ནག་གི་བུང་བ་མང་པོ་ལྟར་བསྒྲུབ་པ་ཆེན་པོ་དག་ཚུར་འདུ་བའོ། །བསྙེན་བསྒྲུབ་ཏུ་བསྙེན་པ་དང་སྒྲུབ་པ་ལ་བཅུད་སྡུད་པ་རིམ་བཞིན་བུང་བ་མེ་ཏོག་འཇིབ་ཅིང་ཚང་དུ་གསོགས་པའི་ཚུལ་དང་། །བསྒྲུབ་ཆེན་མཚོ་ལ་སེར་ཆེན་འབབ་པ་བཞིན་ཕར་སྤྲོ་ཚུར་ཐིམ་པ་ཡིན་ནི། །འདོད་མི་བརྟེན་ཞིང་མི་ལེགས་པ་བར་ཆད་ཀྱི་རྟགས་དང་། འོད་དྭངས་ཤིང་གསལ་བ་བརྟན་པ་དངོས་གྲུབ་ཀྱི་རྟགས་སོ། །དང་དྲི་དྲི་མི་ཞིམ་པ་བསེའི་དྲི་ལ་སོགས་པ་བར་ཆད་ཀྱི་རྟགས་ལ་དྲི་ཞིམ་ཞིང་ལྡང་བ་དངོས་གྲུབ་ཀྱིའོ། །དང་སྒྲ་སྒྲ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དང་གཟུགས་ལྷའི་གཟུགས་ལ་སོགས་པ་རྣམ་པ་འགྱུར་ཞིང་མི་བརྟན་ཞིང་ཤེས་པ་མཐོ་དམན་ཆེ་བ་བདུད་ཀྱི་དང་། གཟུགས་བརྟན་ཞིང་ཤེས་པ་རང་བཞིན་གྱིས་གནས་པ་དངོས་གྲུབ་ཀྱིའོ། །འོད་ལ་སོགས་པ་སྒྲུབ་པ་པོ་ལ་འཁོར་བ་དང་མར་མེ་རྟ་མགོ་ཙམ་དུ་འབར་དང་རཀྟ་བདུད་རྩི་སྨན་ཁོལ་བ་ལ་སོགས་པ་རྟགས་བྱུང་ན་ལྟ་དགོངས་དང་ལྡན་པ་ནི་སྔགས་དང་མུ་དྲས། བར་ཆད་ཡིན་ནམ་དངོས་གྲུབ་ཡིན་གྱི་ཆ་རྣམས་དངོས་པོ་དུས་མཚན་མ་བརྟག་པར་བྱ་སྟེ། །བར་ཆོད་ཡིན་ན་བསྐྲད་དེ་བདག་སྲུང་བར་བྱ་ལ་སྒྲུབ་པའི་ཞག་གྲང་ཚང་ཞིང་དངོས་གྲུབ་ཀྱི་རྟགས་བྱུང་ནས་ཡིན་པར་འདུག་ན། དཀྱིལ་འཁོར་དང་མཐུན་པ་ཉིད་དུ་སྦྱར་ཏེ་སྐུ་གསུང་ཐུགས། ཡིན་ན་དངོས་གྲུབ་གནས་སུ་བསྟིམ་ཞིང་བརྟན་པར་བྱ་བ་ཉིད། དེས་ན་སྔོན་ཞི་བ་བཞིན་ཀ་བ་ཙའི་སིདྡྷི་རྣམ་གསུམ་ཐོབ་པའོ། །བསྙེན་སྒྲུབ་གསང་མཆོག་རྒྱས་པར་བཤད་པར་བྱ་བ་ནི། གདུལ་བྱའི་ཞིང་གྱུར་ནི་བཀྲ་ཤིས་མཚན་ལྡན་མ་སྐྱེ་བ་བདུན་པ་ལ་མཆོག་དང་ཐུགས་རྗེ་འབྱུང་བའི་ཞིང་ངན་སོང་རྒྱུ་མཆོག་ཕྲན་བསྒྲལ་བའི་ཞིང་དུ་གྱུར་པའི་མི་དང་། །ཡུམ་ཉི་ཡབ་ཟླའི་སྟེང་དུ་བསྒྲལ་བའི་ཐབས་ལ་མཁས་པས་བཞག །དེ་ལྟ་བུའི་མཁས་པ་རང་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས་ལག་གི་ཌཀི་ར་ཙའི་ང་རྒྱལ་བར་བྱ་སྟེ་འདུ་བྱེད་བསྒོམ་པ་ནི་ལག་པ་གཡས་པའི་སོར་མོ་ལ་དཔའ་བོ་འབྲུ་ལྔ། གྲི་འཇམ་དཔལ་བསྒྲལ་བྱ་རུ་ཏྲར་བསམས་ལ། གང་གི་བསྒྲལ་བྱའི་བག་ཆགས་ས་བོན་ཨ་ཎི་སུ་ཏྲི་པྲེ་དུའི་ཡིག་འབྲུ་རྣམས་དང་བསྒྲལ་བྱའི་ཤེས་པ་ཉིད། ཧཱུྃ་དུ་གྱུར་ཏེ་གསལ་བར་བྱ་པས་རྣམ་པར་དག་ཉི་ཟླའི་སྟེ ང་དུ་མཁས་པས་བཞག་པ་ནི་དེ་ནས་ཧཱུཾ་དེ་ཡུམ་གྱི་མཁའ་གསང་ཉི་ཟླའི་སྟེང་དུ་མཁས་པས་བཞག་པའོ། །འོད་དུ་ཞུ་སྟེ་ཆོས་ཀྱི་དབྱིངས་སུ་ཐིམ་ནས་ཕྱག་རྒྱར་རྟགས་རྡོ་རྗེ་རྩེ་ལྔ་འབར། །དེ་ལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ་འོད་ཟེར་སྣ་ཚོགས་འཕྲོ་བས་བརྗིད་དང་ལྡན་པར་བསྒོམ། དེ་ནས་འོག་མིན་དུ་འཕང་སྟེ་སྤྱི་བོའི་གཙུག་ཏུ་རྣམ་པར་རྒྱལ་བ་སྟེ་རྣམ་སྣང་བསྒོམ། །དེ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དེ་བཞིན་གཤེགས་པར་བྱིན་གྱི་བརླབས་ནས། །རྒྱལ་བའི་སྲས་སུ་ཟབ་མོའི་དབང་ཡང་བསྐུར། །ཤིན་ཏུ་ཁྲོ་བོ་ཆེན་པོ་ཡིས། །ཐབས་ཀྱིས་སྔོན་བྱུང་དུ་ལྷ་ཆེན་རུ་ཏྲ་བསྒྲལ་བ་ལྟར། །ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ལྟ་བ་དང་སྒོམ་པ་དང་ཏིང་ངེ་འཛིན་གྱིས། །བསྒྲལ་བྱ་སྒྲོལ་བྱེད་གཉིས་སུ་མེད་པར་ཐབས་ཀྱིས་བསྒྲལ། །ཚོགས་སྒྲུབ་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བསྒྲལ་བྱ་ལམ་ལྔའི་སེམས་ཅན་ཀུན་བཀུག་ནས། །ཐམས་ཅད་མ་ལུས་བསྒྲལ་བར་བྱ། །གནས་ཕྱི་ནང་སྣོད་བཅུད་ཇི་སྙེད་བསྒྲལ་བྱ་ན། །གནས་པའི་སེམས་ཅན་མ་ལུས་ཀུན། །སྒྲོལ་མཁན་བདག་ཉིད་ཆེན་པོ་རྟོགས་པ་རྟོགས་ཞིང་གོམས་པའི་ཏིང་ངེ་འཛིན་དང་ལྡན་ཡིས། །བསྒྲལ་བྱ་ཐམས་ཅད་གཉིས་མེད་དབྱིངས་སུ་ཡང་ནི་བསྒྲལ་བར་བྱ། །གནས་རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་བསྒྲལ་བྱ་དེའི་སེམས་ཅན་མ་ལུས་ཀུན། །སྒྲོལ་མཁན་རྣལ་འབྱོར་པ་དེ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བསྒྲལ་ཐབས་ཏིང་ངེ་འཛིན་གྱིས་ཡེ་ཤེས་མེ་ཆེན་བསྒོམ་བྱས་ཏེ། །སྣང་གྲགས་ཐམས་ཅད་མ་ལུས་ཡེ་ཤེས་ཀྱི་མེས་སྲེག་པར་བྱ། །གཉིས་མེད་ཆོས་ཀྱི་དབྱིངས་སུ་ཡང་ནི་བསྟིམ་པར་བྱ། །སྲིད་གསུམ་བསྲེག་པའི་རྟོགས་པའི་ཡེ་ཤེས་མེ་ཡིན་ཏེ། །རང་བྱུང་ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །རཾ་མེའི་སྙིང་པོ། ཁོ་རང་གིས་བསོད་ནམས་བསགས་པ་མེད་པས་གཞན་གྱིས་བསྒྲལ་བ་ལ་ངོ་མཚར་ངན་སོང་དུ་འགྲོ་བ་ཐར་བའི་ལམ་ལ་དགོད་པའི་ཐབས་མཆོག་སྟེ། དེ་ཡང་དོན་དམ་དུ་ཡེ་ནས་ཆོས་ཉིད་སྐྱེ་མེད་དེ་བཞིན་ཉིད། །བསྒྲལ་བྱ་ཀུན་རྫོབ་སྒྱུ་མར་སྣང་བ་མིག་ཡོར་རྟོགས་པ་མེད་པའི་ཚུལ། །དེ་ལྟར་ཡིན་ཅིང་རྟོགས་པས་སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །དེ་ལྟར་རྟོགས་པས་བསྒྲལ་བ་ཀུན་བྱས་ཀྱང་། །བསྒྲལ་བའི་དངོས་པོ་གང་ཡང་མེད། །ཕུང་པོ་ལྔ་པོ་ཉིད་གཞིག་པར་བྱ། །བཤིག་ན་ཡང་འབྱུང་བ་ལྔའི་བག་ལ་ཞ་སྟེ་འབྱུང་བ་རང་སར་གྲོལ། མ་བཤིག་ན་ཡང་འབྱུང་བ་འདུས་པའི་ཕུང་པོ་ཡིན་ཏེ་རང་སར་དག །རྣམ་ཤེས་གསོད་ཚེ་ན་རྣམ་ཤེས་བསྒྲལ་ལོ་ཞེ་ན་དངོས་པོ་མེད་པས་བསད་པར་བྱས་ནས། །རྨི་ལམ་སྲོག་བཅད་པས་བཅད་དུ་མེད་པའི་ཚུལ་བཞིན་དུ། །གནས་པ་ཉིད་ན་ངོ་བོ་མེད། །སེམས་ཀྱི་རང་བཞིན་སྐྱེ་བ་མེད་དེ་ལ་ནི། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མ་ལུས་དགྲ་ལངས་ཀྱང་། །བསད་དུ་མེད་པའི་སེམས་དེ་བཞིན་སུས་ཀྱང་ཟིན་ཅིང་སོད་པ་མེད་དོ། །འོ་ན་དེ་ལྟར་བསྒྲལ་བྱ་སྒྲོལ་བྱེད་མེད་པ་ལ་ཐུགས་རྗེས་གང་བསྒྲལ་ན། །རྣམ་རྟོག་དང་ཏིང་ངེ་འཛིན་གྱི་མཚན་མ་ཐམས་ཅད་ཀུན། །ཕྱིན་ཅི་ལོག་ཏུ་འཛིན་པ་ལས་སླར་བཟློག་པར་བྱ་སྟེ། །སྒྲོལ་བའི་ལྟ་དགོངས་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་དང་། །ཤིན་ཏུ་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གོམས་པས་སྒྲིབ་པ་སྦྱང་དབང་བསྐུར་ཏེ། །བླ་ན་མེད་པའི་བྱང་ཆུབ་ཀྱིས་ཞིང་ལ་དགོད་པར་བྱ། །དེ་ཙམ་ལ་ནི་ཐ་སྙད་དུ་བསྒྲལ་བ་ཞེས་གདགས། །བསྒྲལ་བ་ཡང་དག་པའི་དོན་ཆོས་སེམས་ཆོས་ཉིད་ན་སྦྱོར་བ་ཡིན། །དེ་ཡང་ཉོན་མོངས་སྡུག་བསྔལ་ཐམས་ཅད་རྩད་བཅད་ནས། །བྱང་ཆུབ་ཆོས་སྐུའི་ཞིང་དུ་བསྒྲལ་ནས་ཀྱང་། །གཉིས་མེད་ཆོས་ཀྱི་དབྱིངས་སུ་སྦྱོར་བ་ཡིན། །ལྷ་མོ་ནི་ལྕུག་ཕྲན་མ་ལ་སོགས་ཏེ་རིགས་དང་མཚན་དུ་ལྡན་པ་དང་ཀླུ་མོ་ནི་རིགས་མཚན་དུ་ལྡན་པ་རིགས་འབྲིང་ལ་རིགས་ངན་མོ་མཚན་ཕྱོགས་ཙམ་དང་ལྡན་པའོ། །དེ་ལྟར་དབྱེའམ་ཡང་ན་དགོངས་པ་དང་མི་ལྡན་ན་མཁས་པས་མི་དབྱེ་བར། །ཆས་སུ་གཞུགས་པ་བསྙེན་པ་དང་ནི་བྱིན་གྱིས་བརླབས་ཉེ་བར་བསྙེན་པ་དང་། །ཕྱག་རྒྱ་བཞིས་རོལ་པ་བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཤེས་རབ་དབྱིངས་མ་ཁྲུས་བྱ་ཞིང་རྒྱན་ཆས་སུ་གཞུག་ལ། །ལྷ་ཡབ་ཡུམ་དུ་བསྐྱེད་ལ་སྐྱེ་མཆེད་བྱིན་གྱི་རླབས་བདེར་གཤེགས་དཀྱིལ་འཁོར་ཀུན་བཀོད་དེ། །རྣལ་འབྱོར་བདག་ཉིད་རིགས་པའི་ལྷར་རྡོ་རྗེ་སེམས་དཔའ་བསྒོམ་ནས། །ཕྱག་རྒྱ་བཞིས་གཉིས་སུ་མེད་པར་རོལ་ཞིང་བདེ་བའི་ཐབས་དང་ལྡན་པར་བྱ། །ཡབ་ཀྱི་རྡོ་རྗེ་ཡུམ་ཀྱི་དྲིལ་བུ་པདྨ་གཉིས་སུ་མེད་པར་ལྡན་བྱས་ནས། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །བྱང་ཆུབ་སེམས་དཔའ་ཡབ་ཀྱི་བྱང་སེམས་བདེ་ཐུགས་སྤྲོ། །དགའ་བ་བཅུ་དྲུག་ལ་སོགས་པ་གཡོ་ལྡང་སོགས་སེམས་ལྔའི་རིམ་པའི་ཐབས་ཀྱིས་ཟིན་པ་ཡིས། །བྱང་ཆུབ་སེམས་འཕྲོས་པའི་པུ་ཙ་སངས་རྒྱས་དཀྱིལ་འཁོར་མ་ལུས་ལ། །བདེ་བས་དགྱེས་ཤིང་དགོད་པ་མཉམ་ཉིད་མཆོག་གི་སྦྱིན་པས་གཏིམ་པས། ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་གསུམ་མཉེས་དང་། །འགྲོ་བ་མང་པོ་ལ་སྦྱིན་པས་ཚིམ་ཞིང་བདེ་ཐོབ་ནས། །སླར་ཡང་ཚུར་བསྡུས་ཏེ་བཟློག་པས་གཉིས་སུ་མེད་པར་དབྱིངས་སུ་ལུས་མགོ་མཇུག་ཏུ་ཐིམ། །དེ་ལྟར་ཐིམ་པར་འགྱུར་ནས་ཡུམ་གྱི་དབྱིངས་ནས་ལྷ་སྐུའི་ཕྱག་རྒྱ་འབར། །བདེ་བར་གཤེགས་པའི་དགོངས་པ་ཐབས་དང་ཤེས་རབ་རྫོགས། །ཕྱག་རྒྱ་དཀྱིལ་འཁོར་རིགས་ལྔ་ཀུན་བཟང་དང་དྲུག་དང་ངང་གི་ཡང་དག་རྫོགས་པའོ། །མ་བསགས་པ་བདེ་བས་བསོད་ནམས་ཚོགས་ཆེན་དང་མ་དམིགས་པ་ཡེ་ཤེས་ཀྱི་ཚོགས་ཏེ་དེ་ལྟར་གཉིས་ཀྱང་རྫོགས། །ཡུམ་གྱི་བསྒྲུབ་པ་ཐིག་ལེ་ཉི་ཟླའི་དམར་ཆ་དང་དཀར་ཆ་སྙིང་པོ་དེ། །ཡུམ་གྱི་དཀྱིལ་འཁོར་ནས་དངོས་གྲུབ་ཐིག་ལེ་རྡོ་རྗེ་ལྕེ་ཡིས་བསྒོམ་ལ་བླངས་དེའང་། དེའི་ཡོན་ཏན་ནི་མཁའ་འགྲོ་འདུ་བ་དང་ཁ་དོག་གསལ་ཞིང་འོད་འབར་ཚེའི་རིག་འཛིན་ཀྱི་དངོས་གྲུབ་ལ་སོགས་པ། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བས་ཡིད་བཞིན་ཆོས་ཀྱི་སྤྲིན་ཐམས་ཅད་གྱི་བདག་པོར་འགྱུར་རོ། །སྦྱོར་བ་ལས་བྱུང་བའི་མངོན་ཤེས་འགྲོ་དྲུག་དུས་གནས་དེ་དག་ཐམས་ཅད་སྣང་། །ཞིང་མཁྱེན་པ་དང་། ཐབས་ཤེས་ཀྱི་གཉིས་སུ་མེད་པའི་མཆོད་པ་ཆེན་པོ་ཐམས་ཅད་མཉམ་པར་སྦྱོར་ཞིང་། །རྟོགས་པ་ཐམས་ཅད་གཉིས་སུ་མེད་པར་ཆོས་དབྱིངས་སུ་སྦྱོར་བས་ན། །ངན་འགྲོར་རྣམས་སུ་མི་ལྟུང་ཞིང་འབྲས་བུ་ཡང་དག་པའི་བུདྡྷ་འགྲུབ་པའོ། །གསང་བའི་བསྙེན་བསྒྲུབ་ཐབས་མཁས་པའི་སྦྱོར་བ་འདི་ནི་ཉོན་མོངས་པ་འཁོར་བའི་འདམ་ནས་ཐོན་པས་བསྒྲལ་བ་ཆེན་པོ་ཡིན། །དེ་ལྟར་བསྒྲལ་བ་ཉིད་ན་བདུད་རྩི་ཡང་དག་པར་དོན་ཆོས་ཉིད་སྦྱོར་བ་ཡིན། །དེ་ལྟར་སྦྱོར་བའི་དུས་ཉིད་ན་མ་ལུས་པར་བསྒྲལ་བའོ། །སྐྱེ་འགྲོ་ཐམས་ཅད་ཡེ་ནས་ལྷ་དང་ལྷ་མོ་ཡི། །དཀྱིལ་འཁོར་དུ་རྟོགས་ཤིང་ཡང་དག་དོན་ལ་གཉིས་སུ་མེད་པར་སྦྱོར་བ་དང་། །དབང་པོ་རྣམ་ཤེས་ཡབ་སེམས་དཔའ་དང་ཡུལ་དུས་ཡུམ་སེམས་མ་གཉིས་སུ་མེད་པར་སྦྱོར་བའོ། །ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས་པ་ལྔ་དང་། འབྱུང་བ་ལྔ་ཉིད་ཡུམ་གཉིས་སུ་མེད་པར་དུ་སྦྱོར་བ་དང་། དུས་བཞི་ལྷ་མོ་ཉིད་དུ་སྦྱོར། །རྟག་ཆད་མུ་བཞི་སྒོ་བ་ཁྲོ་མོ་བཞི། །ཆོས་རྣམས་ཐམས་ཅད་མ་ལུས་ཀུན་འབྱུང་བ། །ཆོས་ཉིད་མཉམ་པའི་ངང་དུ་དབྱིངས་དང་རིག་པ་གཉིས་སུ་མེད་པར་རང་སྣང་བར་སྦྱོར། །སྔོན་དུ་དཔལ་ཆེན་པོས་ཐབས་ཀྱིས་སྲིན་མོ་རོལ་པ་ལྟར། །དེ་ལྟར་སྦྱོར་བ་ཉིད་ཀྱིས་དུས་ན་ཆགས་ཤིང་ཞེ ན་པ་གང་ཡང་མེད། །དེ་ལྟར་མ་ཆགས་པ་ལ་ཐབས་མཁས་པའི་སྦྱོར་བས་ཆགས་པ་དང་། །དེ་ལྟར་ཆགས་པ་ཉིད་ན་ཆགས་ཟིན་གྱི་མ་གོས་པས་ཆགས་པའི་སྐྱོན་གྱིས་གོས་པ་མེད། །དེས་ན་འདི་ནི་ཚངས་མཆོག་རྒྱལ་པོ་སྟེ། །གཉིས་མེད་དབྱིངས་ཡེ་ཤེས་གཉིས་སུ་མེད་ཅིང་ཡང་དག་པའི་དོན་ལ་སྦྱོར་བས་ཤིན་ཏུ་ཆགས་པ་ཆེན་པོ་ཡིན་ནོ། །དེ་ལྟར་མ་རྟོགས་པ་ཡིས་དངོས་སུ་སྤྱད་པར་གྱུར་ན། །སྦྱོར་བས་ཡིད་བཏགས་དང་སྒྲོལ་བས་སྲིན་པོའི་གནས་སུ་སྐྱེས། །མཆོད་པའི་སྤྱོད་ལམ་ཐམས་ཅད་དུ། །དཔལ་གྱི་ཆས་བརྒྱད་དུར་ཁྲོད་ཀྱིས་རྒྱན་རྣམས་བགོས་བྱས་ཏེ། །དཔལ་གྱི་ཆས་བརྒྱད་ནི་ཟིལ་གནོན་གཤོགས་པའི་ཆས་རྡོ་རྗེ་ཁྱུང་གི་གཤོགས་པ་དང་ཀླུ་རིགས་ལྔས་བརྒྱན་པ་དང་། རྒྱལ་བྱེད་དཔའ་རྟགས་ཀྱི་ཆས་ཕྱག་མཚན་དང་ཉོན་མོངས་སྲེག་བྱེད་ཡེ་ཤེས་མེ་དཔུང་ཆས་འབར་འཕྲོས་རལ་བའི་ཆས་བདུད་རྣམས་འདུལ་བྱེད་འཚམ་རྔམ་གདན་གྱི་ཆས། དཔལ་གཏུམ་སྟག་གི་ཆས། ཐེག་པ་མཆོག་ལྡན་གླང་ཆེན་ཀོ་རློན་ཆས། ཞིང་ཆེན་ཡང་མཐུན། དུར་ཁྲོད་ཆས་བརྒྱད་ནི། དེ་ལ་གདགས་པའི་རྒྱན་གསུམ་ནི། ཐོད་སྐམ་གྱི་དབུ་བརྒྱན། རྙིང་པའི་མགུར་ཆུ། རློན་པའི་དོ་ཤལ། བྱུག་པའི་རྒྱན་གསུམ་ནི། ཞག་གི་ཟོ་རིས། རཀྟའི་ཐིག་ལེ། ཐལ་ཆེན་གྱི་ཚོམ་བུ། བགོ་བའི་རྒྱན་གསུམ་ནི། རྐེད་པར་ཞིང་ཆེན་གཡང་གཞི་ཞིང་གི་ཅོད་པན་དང་བརྒྱད་དོ། །ལ་ལ་ནི་སྲོག་རྩ་ཨ་ཛ་ལ་ནང་། མིའི་རྒྱུ་ནས་བདུད་རྩི་ལྔའི་ཚོམ་བུ་བརྒྱད་པ་སྐེ་རག་ཏུ་འདོད་པའང་འདུག་གོ། །བཟའ་བཏུང་ལ་སོགས་སྤྱིར་ཞི་བའི་རྗེས་སུ་མཐུན་པས་སྤྱད། །ཁྱད་པར་བྲོ་གར་གླུ་ཚིག་ལྡན་པར་བྱས། །དབང་པོ་དང་རྣམ་ཤེས་ཡུལ་དུས་དང་རིག་པ་རྣམས། །ཡབ་ཐབས་དང་ཡུམ་ཤེས་རབ་གཉིས་སུ་མེད་པར་ལྡན་གྱུར་ཞིང་། །ཆོས་ཉིད་མཉམ་པའི་ངང་ཉིད་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གསལ་ན། །འཁོར་འདས་སྣོད་བཅུད་ཐམས་ཅད་དགོངས་པ་བདེ་བ་ཆེན་པོའི་ཡེ ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར། ཡན་ལག་བསྐྱོད་ཆེན་ལུས་ཀྱི་འཁོར་ལོའི་གཞལ་ཡས་སུ། །ལྷ་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀུན། །སྐུ་མདོག་གསལ་ཞིང་ཏིང་ངེ་འཛིན་གྱི་འོད་ཟེར་འཕྲོ་བར་བསྒོམས་ན། །ལུས་ཀྱི་ཡན་ལག་བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན་ནོ། །གཡས་ཐབས་དང་གཡོན་ཤེས་རབ་ལྡན་པའི་ཞབས། །རྟག་ཏུ་ཞབས་ལ་རྡོ་རྗེ་འབར་བར་འགྱུར་ཏེ། ཐབས་ཆེན་གོམས་པ་རེ་རེ་སྤྱོད་པས་ན། །རྐང་བའི་ཤུལ་དུ་པདྨ་ཆགས་མེད་རེ་རེ་འབྱུང་། །རྐང་པ་རྡོ་རྗེ་ས་གཞི་པདྨོར་ཏིང་ངེ་འཛིན་གྱིས་དེ་འབྱོར་བ་འགྱུར་ན། །རབ་ཏུ་ཤི་བའི་སེམས་ཅན་ཐམས་ཅད་སངས་རྒྱས་ཤིང་བླ་ན་མེད་པའི་ཆོས་སྐུ། བྱང་ཆུབ་ཞིང་དུ་སྐྱེ་བ་འགྱུར། །རང་བཞིན་དཀྱིལ་འཁོར་ལྷ་རྣམས་ཀྱང་། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱ་སྟེ། །དེ་ཡང་དབུ་ཡི་དཀྱིལ་འཁོར་ལ་བུདྡྷ་ཧེ་རུ་ཀ་ལ་དེ་བཞིན་རིགས་ཀྱི་ཁྲོ་བོ་ཡབ་ཡུམ་བསྒོམ་སྟེ་བསྒུལ་ཞིང་བསྐོར་བར་བསྐྱོད་ན། །ཕྱོགས་དུས་ཀྱི་སངས་རྒྱས་དཀྱིལ་འཁོར་ཐམས་ཅད་གཡོ། །ལག་གི་འདུ་བྱེད་ཕྱག་རྒྱ་གཡས་བཛྲ་ཧེ་རུ་ཀ་འཁོར་བཅས། གཡོན་རཏྣ་ཧེ་རུ་འཁོར་དང་བཅས་པ་བསྒོམ་སྟེ་བསྐྱོད་བྱས་ན། །རིག་འཛིན་གྱི་ཞིང་ཁམས་ཐམས་ཅད་གཡོ། །རྐང་གཡས་ཀརྨ་ཧེ་རུ་ལ་གཡོན་པདྨ་ཧེ་རུ་འཁོར་དང་བཅས་པ་བསྒོམ་སྟེ་པའི་སྟབས་ཆེན་གྱིས་མནན་སྟེ་མཆོངས་ན། །འགྲོ་དྲུག་གི་སྡུག་བསྔལ་མི་བཟད་ཐམས་ཅད་སྒྲོལ་བ་དང་། །བདུད་དང་ལོག་འདྲེན་ཐམས་ཅད་མནན། །དེ་ལྟར་ན་རིགས་ལྔ་ལ་མཐུ་སྟོབས་ཆེ་ཆུང་ཡོད་དམ་ཞེ་ན་ངོ་བོ་ལ་མེད་དེ་གདུལ་བྱའི་ངོ་ལ་གནས་མཐོ་དམན་གྱི་རིམ་པ་ལ་དགོངས་པའོ། །སྤྱིར་ཡན་ལག་ཐམས་ཅད་བསྒུལ་བསིག་ནས། །བ་སྤུའི་བུ་ག་རེ་རེ་ནས་ཀྱང་། ཁྲོ་བོ་རྡུལ་སྙེད་ཀྱི་གྲངས་མེད་པ་སྤྲོ་བས། ཁྲོ་བོ་དེ་ཡི་སྤྲུལ་པ་གྲངས་མེད་ཀྱིས། །ཕྱོགས་བཅུ་ཁམས་རྣམས་རྡུལ་སྙེད་དུ། །ཁྲོ་བོའི་དོན་རྣམས་ཕྲིན་ལས་གྱིས་བསྒྲུབ་པའི་ཕྱིར་སྤྲུལ་པ་རྡུལ་ཕྲན་རྙེད་དང་། ཐུགས་རྗེས་གདུལ་བྱ་དུལ་ཞིང་ཆོས་ཀྱི་དབྱིངས་སུ་གཉིས་སུ་མེད་པར་བསྟིམ། །རྐང་བའི་བྲོ་གར་དང་ཞལ་གྱི་གླུས་ཚིག་དང་སྤྱན་གྱི་སྟངས་སྟབས་དང་། །ཏིང་ངེ་འཛིན་གྱི་ཡོ་བྱད་ལ་སྤྱད་ཐབས་ཐམས་ཅད་ཀུན། །སྔར་ཞི་བ་ཚོགས་ཀྱི་དཀྱིལ་འཁོར་ལས། །འདིར་བྲོ་གར་རྩེ་འཇོ་ལས་སོགས་བསྒྱུར། །ལྷག་མའི་ཆོ་གས་འཁོར་གྱི་ཕྲ་མེན་ཚིམ་པར་བྱས་ཏེ། །ཕྲ་མེན་རྣམས་དབང་དུ་བསྡུ་དང་སོ་སོའི་ལས་བསྒོ་བ་དང་། །ལུས་ཀྱི་ཕྱག་རྒྱས་གཞུང་ལྟར་རྒྱས་པར་བཀྱེ་ལ་གཏོར་མ་བཏང་དེ་ནས་དལ་བསྡུས་ཏེ་སྤྱད་སྤྱོད་ལམ་རྒྱུན་གྱི་ས་ཏི་ལས་མི་འདའ་བར། དེ་ལྟར་བསྒྲུབ་པས་འབྲས་བུ་འགྲུབ་པ་ལ་ཐེ་ཚོམ་མེད་པར་འགྲུབ། རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད་ཀྱིས། །དེ་ལྟ་བུ་ཡི་ཡོ་བྱད་ལོངས་སྤྱོད་ན། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །རྟགས་ཀྱི་ཆ་རྣམས་སྔོན་སྣང་བྱེད་མན་ཆད་བཞིན་འབྱུང་བ་འདིར་གྲངས་བཞིན་འཕེལ་ལ་ངོ་བོ་བརྟན་ནས་འབྱུང་ལ། མངོན་ཤེས་ནི་ཐ་མས་གླིང་གྲངས་གོང་ནས་གོང་དུ་འཕེལ་བ་དྲུག་གསལ་ཞིང་བརྟན་པར་ཀྱང་འབྱུང་། །སྒྲ་བརྙན་རྣམ་རྨི་ལམ་དག་ཏུ་ཡང་། །བདེ་བ་ཅན་སོགས་པའི་འཇིག་རྟེན་གནས་རྣམས་དང་། །ལྷ་མིའི་སྐྱེ་བ་ཁྱད་པར་ཅན་གང་དག་འཛིན་པ་དང་། །རིག་འཛིན་གྱི་ས་ལ་ལུང་སྟོན་པ་ལ་སོགས་པ་འབྱུང་སྟེ་བདུད་བརྟག་པར་བྱའོ། །ཐ་མས་ཀྱང་ཞག་གྲངས་བཅུ་དྲུག་ཚུན་ཆད་ཀྱིས། །འབྱུང་བའི་ལུས་ཉིད་མ་སྤངས་པར་རིག་འཛིན་གྱི་ས་ཚེ་དབང་ཐོབ་སྟེ། དེར་ཡུན་རིང་ཆོས་ཉིད་ཀྱི་བདེ་བ་ལ་ལོངས་སྤྱད་ནས། །ཐེག་མཆོག་བླ་ན་མེད་པ་རྡོ་རྗེ་སེམས་དཔའི་ས་ཐོབ་སྟེ། དཔེ་བྱད་བཟང་པོ་བརྒྱད་བཅུ་དང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་གྱིས་བརྒྱན་སྤྲས་པའོ། །མངོན་ཤེས་དྲུག་ལྡན་ཐམས་ཅད་མཁྱེན་ཅིང་སྤྱན་དང་། ཡེ་ཤེས་མཐར་ཕྱིན་ཚོགས་ཆེན་བསོད་ནམས་ཡེ་ཤེས་གཉིས་ཀྱང་གཉིས་སུ་མེད་པར་རྫོགས་པར་འགྱུར། །སངས་རྒྱས་ལོངས་སྐུའི་ཞིང་ལ་དབང་བསྒྱུར་ཏེ། །སྤྱོད་ཡུལ་ཀུན་ཏུ་སྐུ་དང་ཡེ་ཤེས་ཀྱི་མ་དྷ་ལ། །ཇི་ལྟར་དམིགས་པ་བཞིན་ཏུ་ལྷུན་གྱིས་འགྲུབ། །གོང་གི་དེ་བས་ན་སྔར་གྱི་བརྟག་དུས་ལ་འབྲས་བུ་རག་ལུས་མེད་པ་སྟེ་སེམས་ཀྱི། རེ་དོགས་དོར་བར་བྱས་ནས་དོན་དང་ལྡན་པའི་བརྩོན་འགྲུས་ཆེན་པོས་དོན་ལ་སྦྱར་ནས། མཐོང་བའི་ཆོས་ཚེ་འདི་ལ་མྱ་ངན་འདས་ཏེ་སངས་རྒྱས་པའོ། །རྣལ་འབྱོར་ལྟ་བ་དང་ཏིང་ངེ་འཛིན་ལས་སུ་རུང་བ་རྣམས་ཀྱིས། །འདི་ལྟ་བུ་ཡི་སྦྱོར་ལམ་ཚོགས་ཀྱི་སྒྲུབས་པའི་ལས་ལ་འབད་པར་བྱས་ན། །ཤེས་རབ་དང་བརྩོན་འགྲུས་ཞན་པས་ཚེ་དབང་འབྲས་བུ་མངོན་དུ་ཚེ་འདི་ལ་མ་ཐོབ་པར་མ་གྱུར་ཡང་། །རང་གི་ལུས་ངག་ཡིད་གསུམ་སྐྱེ་བ་ལ་རང་སེམས་ཀྱི་ལྷའི་སྐུ་བསྒོམ་པ་ལ་དབང་ཐོབ་ནས། །སངས་རྒྱས་སྤྲུལ་སྐུ་འཇིག་རྟེན་འབྱུང་བ་དང་དུས་མཚུངས་པར་སྐལ་མཉམ་པར་འགྱུར་བའི་ལྷ་མིའི་སྐྱེ་བ་བླངས། ལས་དང་ཐུགས་རྗེའི་འབྲེལ་བའི་བྱིན་རླབས་ཀྱིས། །ཐེག་པ་བྱང་སེམས་མན་ཆད་གསུམ་དུ་འཇུག་པའི་དམན་པར་ཡོང་མི་སྐྱེ། །བསོད་ནམས་བསགས་པ་དང་མི་དམིགས་པའི་ཡེ་ཤེས་དཔུང་ཚོགས་ཀྱིས། །སྔ་མའི་ལས་ངན་གྱི་སྒྲིབ་པ་མ་རིག་པའི་མུན་པ་སྦྱང་པའི་ཕྱིར། །ངན་སོང་གསུམ་ལ་སོགས་པ་གནས་སུ་ཡང་མི་ལྟུང་། །མཐོ་རིས་སུ་སྐྱེས་ནའང་གནས་ངན་དང་ལོངས་སྤྱོད་ཆུང་བ་མི་བདེ་བ། །ངན་སོང་གསུམ་ལ་སོགས་མི་ཁོམས་པའི་གནས་བརྒྱད་དུ་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །མི་བརྗེད་པའི་གཟུངས་མཆོག་ཐོབ་པ་དང་ལྟ་བ་དམ་པ་དང་ལྡན་པའི་ཕྱིར། །སྐྱེ་བ་བར་ཆད་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་མཆོག་བརྗེད་པར་མི་འགྱུར་བ་དང་། དེར་ཡང་ཚེ་རིང་ཞིང་བདེ་བ་དང་འབྱོར་པ་ཕུན་སུམ་ཚོགས་པའོ། །ལྷ་དང་མི་ཡི་སྐྱེ་གནས་མཆོག་ཐོབ་པའི་སྐབས་དེར་ཡང་། །ཤིན་ཏུ་ལུས་བྱད་བཟང་ཞིང་ཡན་ལག་ཐམས་ཅད་ཆད་ལྷག་མེད་པར་རྫོགས། །དབང་པོ་ཚངས་ཞིང་ལྷག་ཆད་མེད། །སྐད་གདང་ཤིན་ཏུ་ཡང་སྙན་ཅིང་ཆོས་ཀྱི་འགྲོ་དོན་བྱེད་ནུས་པ་དང་། བདག་གི་དགོས་འདོད་ཅི་བསམ་པའི་ལོངས་སྤྱོད་ཐམས་ཅད་ཀུན། །ལོག་འཚོ་ལ་སོགས་པའི་གཞན་ལ་གནོད་པ་མེད་པར་རང་བཞིན་གྱི་གྱིས་རྩོལ་མེད་དུ་འགྲུབ། །གཞན་གྱི་མི་ཐུབ་པའི་ཚན་པོ་ཆེ་ཡི་མཐུ་སྟོབས་ཕྱག་ན་རྡོ་རྗེ་ལྟ་བུ་དང་། །དེ་ཡང་འགྲོ་བའི་དོན་དུ་གྱུར་པའི་མཐུ་ཡང་དག་དང་ལྡན། །སྟོབས་དང་ལྡན་ཡང་སེམས་ཅན་གཞན་ལ་གནོད་པ་ཡོང་མི་བྱེད། །ཐོག་མ་ནས་སྙིང་རྗེ་ཆེ་ཞིང་ཤེས་རབ་དང་ལྡན་པ། ཚོགས་སྒྲུབ་པའི་མཐུ་སྟོབས་ཆེ་ཞིང་ཐབས་མཁས་པ་དང་ལྡན་པས། །བདག་དང་གདུལ་བྱ་གཞན་གཉིས་ཀའི་དོན་ཡོངས་སུ་རྫོགས་པར་བྱེད་དོ། །ཚེ་འདི་ཉིད་ལ་ཟག་བཅས་ཀྱི་ལམ་མཐར་ཕྱིན་པའི་འབྲས་བུ་སྐྱེ་ཤི་མེད་པའི་ས་ཚེ་དབང་ཐོབ་ནས། སངས་རྒྱས་ཀྱི་ཡོན་ཏན་དགོས་འདོད་འབྱུང་བའི་རིན་པོ་ཆེ། །ལྟ་བུ་ཞིང་། བཀོད་པའི་གཞལ་ཡས་ཁང་ཐམས་ཅད་ལ། །དཔེར་ན་འདོད་ཁམས་ཀྱི་ལྷ་རིགས་དྲུག་པའི་གཞན་འཕྲུལ་དབང་བྱེད་ཅི་ལྟ་བུར། །ཡོ་བྱད་ལ་དབང་བསྒྱུར་ཟག་པ་མེད་པར་ལོངས་སྤྱོད་པས་འབྲས་བུ་མཆོག་གི་དངོས་གྲུབ་མཐོང་ལམ་ཡོན་ཏན་ཐོབ་པའོ། །འབྲིང་གིས་དེ་ཕྱིར་ཚེ་ལ་དབང་བསྒྱུར་བ་སྐྱེ་བ་ཕྱི་མའི་དུས་ཀྱི། ཚེ་འདིའི་ཉིད་དུ་སྦྱོར་བའང་སྨོས་ཅི་དགོས་ངེས་པའོ། །དེ་ལྟར་ཚོགས་སྒྲུབ་པ་ལ་བརྩོན་འགྲུས་རབ་དང་ལྡན་པས་ནི། །མཐོང་བའི་ཚེ་འདི་ཉིད་ལ་ཚེ་དབང་ཐོབ་པ་དང་འབྲིང་གིས་སྐྱེ་བ་དེའི་ཕྱི་མར་གྱུར་ན་ཡང་། །སྐྱེ་བ་ལན་གྲངས་གཞན་དུའང་ཚེ་དབང་ཐོབ་སྟེ་རིང་པ་སྐྱེ་བ་བདུན་ཉིད་ལས། །མི་འདའ་བར་རིགས་ཀྱི་དམ་པ་ཚེ་དབང་ཐོབ་པར་འགྲུབ་པར་འགྱུར་རོ། །གང་ལྟར་ཆོ་ག་ལྔ་དང་སྔགས་ཀྱི་ཡན་ལག་ལྔ་དང་ཡོ་བྱད་ལྔ་དག་སྟེ་བཅོ་ལྔ་རྫོགས་ནས་དམ་ཚིག་མ་ཉམས་ཤིང་ལྟ་དགོངས་ཏིང་ངེ་འཛིན་དང་ལྡན་པའི། རྣལ་འབྱོར་པ་རྣམས་ངེས་པར་འཚོགས་ཏེ་ཚོགས་བསྒྲུབ་ཞིང་ཡོ་བྱད་ལྔ་སྤྱད་ན། །ཚེ་འདིར་འབྲས་བུ་ཚེ་དབང་མངོན་དུ་མ་བྱུང་ཡང་རྣམ་སྨིན་ཐོབ་སྟེ། དཔེར་ན་རྒྱལ་པོ་ཞིག་གིས་བྲན་མོ་ངན་བཤོས་ལ་སྦྱོར་བས་ཀྱང་། །བྲན་མོ་ལ་སྲས་འབྱུང་བའི་ས་བོན་ནུར་ནུར་པོ་སོགས་རིམ་པར་ཆགས་པའི་རྒྱལ་བུས་རྒྱལ་པོའི་སྲས་ཀྱི་རིགས་འཛིན་ཏེ། །གཞན་གྱི་མཐོང་ནས་འབངས་ཀྱི་བླར་གྱུར་ཞིང་། །འཁོར་ཀུན་ལ་དབང་བསྒྱུར་ཞིང་རྒྱལ་བུ་སྟོབས་དང་ལྡན་པ་དེ་ལ། །དཀར་བའི་ཕྱོགས་ཀྱི་ལྷ་རྣམས་སྟོན་པར་རེ་བའི་མཐུའམ་བསམ་པ་སྐྱེ་བས། །རྒྱལ་བུ་དེ་བསྲུང་ཞིང་སྦེད་པ་དང་མཆོད་པ་བྱེད་པའི་དཔེ་ལྟར་དུ། དོན་རྣལ་འབྱོར་ལྟ་སྒོམ་གྱིས་ཚེ་དབང་དུ་མ་གྱུར་ཡང་དགོངས་པའི་སྟོབས་དང་ལྡན་པ་སྟེ་དེ་རྣམ་སྨིན་རིག་འཛིན་དུ་གྱུར་པ་ན། །གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྲུང་མ་དམ་ཅན་མ་ལུས་པ་ཀུན་གྱིས། སེམས་ལྷར་སྨིན་པ་དེའི་དབང་གིས་སྤྱི་གཙུག་དུ་ཁུར་བར་བྱེད་ལ། སྤྱོད་ཡུལ་རྣམ་སྨིན་གྱི་ལུས་འབྱུང་ལུས་དོར་ནས་འཕོས་མ་ཐག་ཕྱག་རྒྱར་ཆེན་པོའི་རིག་འཛིན་མངོན་དུ་རྫོགས་པའོ། །ཚོགས་བསྒྲུབ་ཀྱི་རྣལ་འབྱོར་པ་ལ་ལ་དེ་ལྟར་ཚོགས་བསྒྲུབ་པའི་རྣལ་འབྱོར་པ་དེ་རྣམ་སྨིན་འདི་ལ་ཐོབ་པར་ངེས་ན་ཡང་། གལ་ཏེ་དེ་ལྟར་ལ་ལ་བློ་ཆུང་བས་མ་གྱུར་ན་བསོད་ནམས་ཀྱི་ས་ལ་གནས་པར་གྱུར། དེ་ཡང་ཚེ་རབས་སྐྱེ་བ་ཐམས་ཅད་ཀུན། །ལས་ངན་ལྔ་བཅུ་བརྒྱད་མཚམས་མེད་ལྔ་མི་དགེ་བཅུ་རྩ་བ་བཞི་ལྕི་བ་བཞི་ལོག་པ་བརྒྱད་སྤྱོད་པའི། །ས་གནས་ཀུན་ཏུ་སྐྱེ་བར་མི་འགྱུར་ཏེ་མཚམས་མེད་ལྔ་ནི། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་དབྱུང་བ་དང་། དགེ་འདུན་གྱི་དབྱེན་བྱས་པའོ། །ལོག་བརྒྱད་བརྩི་ཚུལ་གཞན་གཅིག་ལ། དམྱལ་བ་ཡི་དགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །སངས་རྒྱས་འབྱུང་མིན་ལོག་ལྟ་དང་། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་མི་ཁོམ་བརྒྱད་དལ་བ་ལས་ལོག་པ་ལ་འདོད་དོ། །ངེས་འབྱུང་གི་ཐེག་པ་བཞི་ཡི་ཆོས་ལའང་སྤྱོད་པར་མི་འགྱུར་རོ། །རྡོ་རྗེ་རིགས་མཆོག་འཛིན་གྱུར་ཏེ། །ཕྱི་མ་ལ་རྣམ་སྨིན་ཐོབ་ནས་ཕྱག་ཆེན་ལ་སྦྱོར་བ་སྔོན་བཞིན་ཏེ། །འདི་ལ་ཐེ་ཚོམ་ལྡན་མིན་པས། །རྣལ་འབྱོར་པ་སྐལ་པ་དང་ལྡན་པ་ཀུན་གྱིས་དུས་རྟག་ཏུ་བརྩོན་འགྲུས་བྱའོ། །བར་ཆད་མེད་པའི་ལམ་ཚོགས་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། ༈ །།ཐུན་མོང་གི་དངོས་གྲུབ་ཁྱད་པར་དུ་གྱུར་པ་ལྷག་པའི་མཆོག་ཉིད་ཀྱི་དངོས་གྲུབ་ལ། །བསྙེན་བསྒྲུབ་བཞི་ཡིས་སྒོ་ནས་མོས་པར་བྱས་ནས། །གདུལ་བྱ་རྣམས་བདེ་ཆེན་ས་ལ་དགོད་པའི་ཕྱིར། །ཟག་བཅས་ཚོགས་སྦྱོར་བ་ཉི་མཐར་ཕྱིན་པའི་གནས་སྐབས་ཀྱི་འབྲས་བུའི་མཚན་ཉིད་ཟག་མེད་མཐོང་བསྒོམ་མཐར་གྱི་རིག་འཛིན་བཞི་པོ་བཤད་པ་ལ། རབ་འབྲིང་ཐ་མའི་དུས་ཀྱི་ཚོམ་བུ་ཚོགས་བསྒྲུབ་ཏེ་བར་ཆད་མེད་པའི་ས་ན། །ལྷག་མ་མེད་པ་རྣམ་སྨིན་གྱི་དང་ཡོད་པ་ཚེ་དབང་ཡི་ས་ལ། མྱ་ངན་ལས་འདས་པ་ཟག་བཅས་མཐར་ཕྱིན་ནས་ཟག་མེད་ལ་སྦྱོར་བ། །ཐུན་མོང་ཉན་ཐོས་ཀྱི་སྐབས་སུ་ལྷག་བཅས་དང་ལྷག་མེད་དུ་ལྟ་བ་ལྟ་བུར་སྐབས་འདིར་ཡང་ལྷག་བཅས་ལྷག་མེད་གཉིས་ཟུང་དུ་འགྱུར་བའོ། །དེ་ལ་ཐོག་མ་རྣམ་སྨིན་བཤད་པ་ནི། །རབ་ཕྱག་རྒྱ་གཅིག་པ་དང་འབྲིང་སྤྲོས་པ་དུ་མའི་རྣལ་འབྱོར་ལ། །བརྟེན་པར་བྱས་པ་དག་ཐོད་རྒལ་བ་ཉིད་གཅིག་སྤྲོས་པའམ་ཐར་ཆགས་རྣམ་སྨིན་དེ་ཐོབ་ནས། །རབ་ཟླ་དྲུག་ཐ་མ་ཟླ་བ་བཅུ་དྲུག་ཚུན་ཆད་བསྙེན་བསྒྲུབ་བྱས་པའི་ཚེ། །སྐྱེ་ཤི་མེད་པར་རྡོ་རྗེའི་ལུས་སུ་མ་གྱུར་པར། །ལྟ་བསྒོམ་གྱི་སྟོབས་ཆུང་ཐབས་ཀྱིས་རྐྱེན་དང་སྨོན་ལམ་གྱི་མཐུ་ཞན་པའི་ཕྱིར། །རྣམ་རྟོག་གི་ལུས་དང་འབྱུང་བའི་ལྷག་མའི་ལུས་རྣམས་བཞག་ནས། དབྱེར་མེད་རྡོ་རྗེ་འཆང་སར་རིམ་པར་འགྲོ་བའོ། །ལྷ་སྐུ་ཡི་རྣམ་པར་གསལ་ཞིང་རྫོགས་པར་སྨིན་ལ། ལུས་ཀྱི་དྲྭ་བས་བསྒྲིབ་པར་གྱུར་པ་སྟེ། དཔེར་ན་ཀ་ལ་པིང་ཀ་མི་འཇིགས་ཁྱུང་ཕྲུག་སྒོ་ངའི་རྒྱས་བསྒྲིབ་པ་དང་སེངྒེ་མངལ་གྱི་རྒྱས་བསྒྲིབ་བཞིན། །འབྱུང་ལུས་རྒྱ་དང་བྲལ་ནས་ལྷའི་སྐུ་མངོན་དུ་སྣང་བར་བྱེད་པ་དེ་རྣམ་པར་སྨིན་པའི་རིག་འཛིན། ཡིད་ཀྱི་ལྷ་ཡི་གཟུགས་བཟུང་ཞིང་། །མ་ཉམས་པ་ལུས་ཀྱི་བཅིང་བའི་རྒྱ་མདུད་དང་འདྲ་བ་གྲོལ་བར་གྱུར་ནས། །ལྷ་ཡི་སྐུ་ཉིད་མངོན་དུ་གསལ་བར་གྱུར་ན། །རྣམ་པར་སྨིན་པའི་རིག་འཛིན་ཞེས་དེ་ལ་གདགས་སོ། །དཔེར་ན་རྒྱ་མིག་རྒྱ་ས་སྐོར་ཕོར་འདམ་པ་བཏབ་པས་ཚ་ཚ་ཇི་ལྟ་བར། །ལུས་རྒྱས་སྒྲིབ་པ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པ་ལ་ཐོབ་མ་རག་པའི། །ཡི་དམ་གཟུགས་སུ་རྫོགས་ཤིང་དགོངས་པའི་སྟོབས་ཆེན་དུ་གྱུར་པ་དེ་ཁོ་ན་དེ་རྣམ་སྨིན་རིག་འཛིན་ཡིན་ནོ། །དེ་ཡང་དགོངས་པ་དང་སྤྱོད་པའི་ཁྱད་པར་གཉིས་ཡོད་དེ། རྒྱ་གཅིག་སྤྲོས་ནས་ཐོབ་པའི་དགོངས་སྤྱོད་དེ་དམའ་ཚོགས་སྒྲུབ་ནས་ཐོབ་པའི་དགོངས་སྤྱོད་དེ་བཟང་བར་འདོད་དེས་ན་དགོངས་སྤྱོད་དེ་བཟང་བར་འདོད་དེས་ན་དགོངས་སྤྱོད་རྒྱ་མཚོ་སྔ་མ་གཅིག་སྤྲོས་དང་ཕྱི་མ་ཚོགས་སྒྲུབ་དང་། །རྒྱུད་མཐུན་འོ་ན་གོང་འོག་དང་ཁྱད་པར་མེད་དམ་ཞེ་ན་ སྟོབས་ཀྱིས་ཆས་མིང་དེ་ལྟར་གྲགས་པའོ། །ལྷག་མའི་ལུས་མེད་པས་འབྱུང་ལུས་མེད་ལས་ཀྱི་ལུས་མེད་པར་དགོངས་པ། མྱ་ངན་ལས་འདས་པའང་ཡི་དམ་ལྷ་རུ་སྨིན་པའི་ཆ་ནས་ཆས་བརྗོད་པའོ། །དགོངས་པའི་རྒྱུད་ཕྱག་རྒྱ་ཆེན་པོ་དང་དཀྱིལ་འཁོར་ཐམས་ཅད་ལྷ་དང་ལྷ་མོར་སྤྱོད་པ་ཚོགས་སྒྲུབ་པ་སྟེ་ཆེ་ལ་དགོངས་པ་ཕྱག་རྒྱ་ཆེན་པོ་ལས་སེམས་སྟོབས་ཆུང་བའི་རོལ་པའི་ཚུལ་དུ་སྤྱོད་པས་ཚོགས་སྒྲུབ་རྒྱུད་མཐུན་ཏེ། ཚོགས་གཉིས་རྫོགས་ལ་བདག་གི་དོན། །རྣམ་སྨིན་གྱི་དགོངས་པས་ཕྲིན་ལས་བཞི་རྫོགས་པར་བྱེད་པ། །གདུལ་བྱ་ཡར་བར་མི་དོར་ཞིང་ཡང་དག་པའི་དོན་ལ་དགོད་པ་གཞན་གྱི་དོན་དུའོ། །གཅིག་སྤྲོས་ཀྱི་ཐོབ་པ་དེ་དང་ཚོགས་སྒྲུབ་ཀྱི་ཐོབ་པ་དེའང་རབ་ཀྱི་འདི་དང་འབྲིང་གི་ཕྱི་མ་དང་། །ཐ་མས་ལན་གྲངས་གཞན་དུ་ཤེས་རབ་དང་བརྩོན་པ་རབ་འབྲིང་གིས། །རྣམ་སྨིན་ཐོབ་ཀྱི་མཚན་ཉིད་ལྟར་སྐལ་པར་མི་འགྱང་སྟེ། །དགོངས་པ་མཐོ་བ་དང་སྤྱོད་པ་རྨད་བྱུང་ཐབས་ཀྱིས་བརྩོན་པ་གཙོ་ཕྱིར་རོ། །རྣམ་སྨིན་རིག་འཛིན་གང་རྣམ་སྨིན་དེ་བྲལ་མ་ཐག་པ་རུ། །ལྷའི་ཕྱག་རྒྱ་བཞི་དམ་ཚིག་ལས་དང་ཆོས་སྐུ་རྫོགས་པར་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རྣམ་སྨིན་གྱི་སྐུ་བདག་ཉིད་མངོན་དུ་གྱུར་པས། །རྡོ་རྗེ་བྷུདྡྷ་རཏྣ་པདྨ་ལས་ཀྱི་རྩལ་ལྔ་སོགས་རིགས་གང་རུང་གཅིག་རིག་པ་འཛིན་པ་ནི། ཕྱག་རྒྱ་ཆེན་པོའི་རིག་འཛིན་རྣམ་སྨིན་གྱི་འབྲས་བུའོ། །དེ་ཕྱིར་ཐར་ཆགས་པ་དང་རྣམ་སྨིན་དང་ཚེ་དབང་གཉིས་འཚོགས་པའི་རྒྱ་ཆེན་དང་སྦྱོར་ལམ་བར་ཆད་མེད་པ་གཉིས། རྣམ་སྨིན་ཚེ་དབང་ལམ་མཆོག་གཉིས་ཀྱི་དབྱེ་ས་ཅིག་ཡིན་ནོ། །རྒྱུའི་སྒོ་ནས་བར་ཆད་མེད་པའང་ཚོགས་བསྒྲུབ་པའི་འབྲས་བུ་རྣམ་སྨིན་པའི། །མངོན་པར་ཤེས་པ་ཚོགས་སྒྲུབ་དང་རྣམ་སྨིན་དེ་ཉིད་ཀྱི་མིང་ཅན། །མིང་གྲངས་འགྱུར་ཀྱང་ཟག་མེད་ཐོབ་པའི་ནུས་པས་ཡུལ་ངེས་པའང་འབྱུང་བར་འགྱུར་བ་ཡིན། །ཕྱག་རྒྱ་གཅིག་པ་ལ་དཔག་ཚད་སྣང་བྱེད་གླིང་བཞི་གཅིག་ཚོགས་སྒྲུབ་པ་ལ་གླིང་ཁམས་ཡུལ་གཅིག་ཚུན་ཆད་རྣམ་སྨིན་གྱི་ཕྱག་རྒྱ་ཆེ་ཆུང་གི་གདུལ་བྱའི་ལ་སྦྱོར་བའོ། །ལྷག་བཅས་ཕྱི་མའི་དུས་ཀྱི་ཚོགས་བསྒྲུབ་པས། །ལྟ་དགོངས་དང་སྤྱོད་པ་དང་བསྒོམ་པ་བརྩོན་འགྲུས་བསྐྱེད་པ་སྟོབས་ཀྱིས་ལམ་མཆོག་རྫོགས་པ་ཚེ་དབང་དང་། །ཨ་ལི་ཀ་ལིའི་སྤྱད་པའི་ཡོ་བྱད་ཐབས་ཀྱི་སྟོབས་ལས་སྐྱེས། །མཆོག་གི་གཞན་པའི་ཡོ་བྱད་མར་མེ་བདུད་རྩི་ཐོད་སྐུ་སོགས་གྲུབ་པའི་རྟགས་དང་ལྡན་པས་དང་། མཆོག་གི་དངོས་གྲུབ་བླངས་པ་དང་རོལ་པའི་ཨ་ལི་ཀ་ལིའི་ནུས་མཐུ་ལས་བྱུང་བའི་ཚེ་དབང་དང་། ཐབས་སྨན་རླུང་སྦྱོར་ལམ་ལ་སོགས་ལམ་མཆོག་རྫོགས་པའི་རྒྱུས་ཕྱེ་བས་ཚེ་དབང་སོ་སོ་བྱུང་བའང་། །གྲོལ་ལམ་སྦྱངས་པའི་སྟོབས་ལས་སྐྱེས་པའི་ཚེ་དབང་མཆོག་ཡིན་ཏེ། །ཟག་པ་མེད་པའི་རིག་འཛིན་ཡིན་ནོ། །དེའང་རྒྱུ་དང་དུས་དང་ངོ་བོ་དང་རྣམ་གྲངས་དང་། དགོངས་པ་དང་སྤྱོད་པ་དང་མངོན་པར་ཤེས་པ་དག་ལམ་གོང་མ་ལ་སྦྱོར་བའི་ཚུལ་སྟེ། བཞི་གཉིས་བརྒྱད་ཀྱི་ཚེ་དབང་གི་ལུས་ཀྱི་རྣམ་གྲངས་རྫོགས་པར་བཤད། །འབྲས་བུ་ཐོབ་པའི་ཐབས་དང་འབྲས་བུ་ལ་དྲང་བའི་དོན་རྒྱུར་བྱ་བ་དང་། ངེས་དོན་དུ་ཐོས་བསམ་བསྒོམ་པའི་ཤེས་རབ་རྣམ་གསུམ་རིམ་ཇི་ལྟར་གྱི་གོམས་བྱས་ནས། །ཅིག་ཆར་བ་ཏིང་འཛིན་ལྟ་བ་ཆོས་ཀུན་མཉམ་པ་ཉིད་ཀྱིའི་དོན་རྟོགས་ཏེ། །ཀུན་ཏུ་འཛིན་པའི་མཐའ་བྲལ་ཡངས་པ་ཆེན་པོ་བསྒོམ་རིམ་གྱི། རྒྱུ་ཤེས་པ་ལྟ་བ་རྐྱེན་འཇུག་པ་ཏིང་ངེ་བཞི་དང་ལྔ་དེ་ཀུན་རྒྱ་སྤྲོས་ཚོགས་སྒྲུབ་སྟེ་ལམ་ཚོགས་སྦྱོར་གྱི་རྣལ་འབྱོར་ལྔ་རྟོགས་གོམས་པས་ནི། །ཟླ་ཞག་གི་གྲངས་རྒྱུད་ལེའུ་དགུ་པ་ནས་འབྱུང་བ་བཞིན་འགྲུབ་པར་བྱེད་པས། །རྡོ་རྗེའི་ལུས་སུ་ཚེ་དབང་འགྲུབ་པ་ཐེ་ཙམ་མེད། །ཡང་ན་འབྱུང་བཞི་ལས་གྲུབ་པ་མིང་བཞི་རྣམ་པར་རྟོག་པའི་ལུས་འབྱུང་བཞི་ལུས་ལས་ཀྱི་ལུས་ལྷག་མའི་ལུས་ཉིད་མ་སྤངས་སྐྱེ་ཤི་མེད་པ་དེ་ལྟར་རྡོ་རྗེའི་ལུས་སུ་གྱུར་བས། །འགྲུབ་པའི་ཞག་ནི་སུམ་རབ་ཀྱིས་བཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། །འབྲིང་ཟླ་བ་བཅུ་གཉིས་ཡང་ན་ཟླ་བ་བཅུ་བཞི་ཐ་མས་ཟླ་བ་བཅུ་དྲུག་གིས། །དབང་པོ་རབ་འབྲིང་ཐ་མ་གསུམ་གྱིས་ཅི་བཞིན་མི་བསླུ་བར་ངེས་པར། དབང་བསྒྱུར་རིགས་ཀྱི་དམ་པ་ཚེ་དབང་འགྲུབ་བོ། །རྒྱུ་རྟོགས་པའི་ལྟ་བ་དང་འབྲས་ལྷའི་སངས་རྒྱས་གཉིས་དུས་གཅིག་རྫོགས་པ་ཡི། །རང་རིག་ཉིད་ལ་དབང་ཐོབ་སྟེ། ཚེ་ནི་བརྒྱ་ཕྲག་བཅུ་དང་དྲུག་བརྒྱ་གནས་པ་ཡིས། །བརྒྱ་བརྒྱ་ནས་བཅུ་དྲུག་གམ་ལོ་བརྒྱད་ཀྱི་བར་དག་ཏུ་བསྣུར་ཞིང་འཇིག་རྟེན་དུ་གནས། །ལུས་དེ་ཉིད་མ་བོར་བར་སངས་རྒྱས་ཀྱི་ས་རུ་འགྲོ། རྒྱུ་ཤེས་པའི་མཚན་ཉིད་བདེན་པ་དབྱེར་མེད་ཀྱི་དོན་ལྟ་བ་མཐོང་རྐྱེན་འཇུག་པའི་ཏིང་ངེ་འཛིན་རྣམས་མཐར་ཕྱིན་པའི་རྗེས་ལ། ཚོགས་སྤྱོད་ཡོ་བྱད་ལྔ་དང་ཚོགས་བསྒྲུབ་པའི་དངོས་གྲུབ་ཁྱད་པར་ཅན་ཀྱིས། །ལུས་ཀྱི་ཟག་པ་མེད་པ་ནི་ལུས་འབྱུང་བ་རྡོ་རྗེའི་ལུས་སུ་གྱུར་པས་རྒས་རྒུད་དང་འཆི་བ་མེད་པའོ། །ཁམས་ཀྱི་ཟག་པ་ཁམས་ལས་འབྱུང་བ་གཤང་ལྕི་ལ་སོགས་པ་མི་འབྱུང་ཞིང་ཁམས་ཀྱི་དཔེ་དོན་ལ་གཏད་ནས་མེད་པའོ། །སྐྱེ་གནས་ཟག་པ་ཟད་ཏེ་མེད་པ་ན་སྐྱེ་བ་ལ་རང་དབང་ཐོབ་པས་ལས་ཀྱི་དབང་གིས་ཁམས་གསུམ་སྲིད་པ་གསུམ་དུ་གཏན་མི་སྐྱེ་བའོ། །ལུས་ཉིད་སྐྱེ་འཇིག་མེད་པས་འབྱུང་བ་རྡོ་རྗེའི་ལུས་སུ་འགྱུར་བ་ཚེ་ལ་དབང་བའི་རིག་འཛིན་ནི། མཐོང་བའི་ཆོས་ཚེ་འདི་ལས་མྱ་ངན་ལས་འདས། །ལུས་མ་བོར་བར་སངས་རྒྱས་པ་ལ་འགྲོ། འཁོར་བའི་འཇིག་པ་བརྒྱད་དང་ཉོན་མོངས་པ་ལྔའི་འཇིགས་པ་ཀུན་བྲལ་ཞིང་ཆོ་འཕྲུལ་བཞི་མངོན་ཤེས་དྲུག་རྫོགས་པའོ། །སྤྲུལ་པ་ལྷ་མི་འཁོར་ལོས་སྒྱུར་བ་ལ་སོགས་པ་རྒྱལ་པོའི་སྐྱེ་བ་འཛིན། །ལྷ་དང་མི་དང་ཚངས་པ་ལ་སོགས་པ་ཡི། །སྐྱེ་བ་རྣམ་དག་འཛིན་པས་འོ་ན་ཁྱད་མེད་དོ་བྱས་པ་ལ་འཛིན་མོད་ཀྱང་། །ཟག་མེད་ཁྱད་པར་ས་ལ་གནས་པར་གྱུར་པས་ཡིན་སྟེ། ལྷ་མིའི་ཆ་བྱད་དེ་ཉིད་ཀྱིས་གང་ལ་གང་འདུལ་དུ་ལྷ་མི་ལ་ཆོས་སྟོན། །དཔེར་ན་གང་དག་དུག་སྤྲུལ་གྱི་མི་འཇིགས་པའི་རྩི་མ་ཀི་ཏ་འཆང་བ་ལྟར། །ཚེ་ལ་དབང་བསྒྱུར་བའི་རིག་འཛིན་དེས་འཇིགས་པ་མེད་པ་ལྔ་སོགས་བྲལ་བ་སྟེ་འཚོ་བ་མེད་དང་མི་བསྔགས་འཁོར་བ་དང་། འཁོར་གྱི་འཇིགས་བྲལ་འཆི་བའི་བག་ཆགས་སྤངས། །ཞེས་པས། འཕོ་བ་མེད་པས་འཇིགས་པ་དང་། མི་བསྔགས་པའི་འཇིགས་པ་དང་། འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་དང་། འཁོར་གྱི་དྲི་བས་འཇིགས་པ་དང་། འཆི་བས་འཇིགས་པ་མེད་པའོ། །དང་པོ་ནི་ཁམས་ཀྱི་ཟག་པ་དང་བྲལ་ཞིང་ཟག་པ་མེད་པའི་བདེ་བས་རྒྱས་ལ། ནམ་མཁའ་མཛོད་ལ་མངའ་བརྙེད་པའི་འཇིགས་པ་དང་བྲལ་བ། གཉིས་པ་ནི། ང་བདག་འཛིན་པ་མེད་ཅིང་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པས། གཞན་གྱིས་ཉེས་སྐྱོན་ལ་སོགས་པ་རྨད་པའི་ཚིག་ཇི་བརྗོད་ཀྱང་ཉེས་པ་མེད་པ་དང་། གསུམ་པ་ནི་ཉོན་མོངས་པ་གཏན་ནས་གྲོལ་ཞིང་འཁོར་བ་ལས་དབུགས་དབྱུང་བས་འཁོར་བར་འཁྱམས་ཀྱིས་དོགས་པའི་འཇིགས་པ་མེད་པ་དང་། བཞི་པ་ནི། ཤེས་རབ་སྟོབས་ཆེ་ཆུང་དུ་གྱུར་ཏེ། ཤཱ་རིའི་བུ་ལ་སོགས་པས་དུས་གཅིག་ལ་དྲིས་ཀྱང་། ཐེ་ཚོམ་གྱི་ལེན་དུས་གཅིག་ལ་ཐེབ་པའོ། །ལྔ་པ་ནི་་རིག་པ་ལ་དབང་ཐོབ་ཅིང་རྡོ་རྗེའི་ལུས་སུ་གྱུར་པས་འཆི་བའི་འཇིགས་པ་མེད་པའོ། །དེ་ཡང་སོགས་ཁོང་དུ་འཁོར་བའི་ཉེས་སྐྱོན་ཐམས་ཅད་དང་བྲལ་བའོ། །མངོན་ཤེས་དྲུག་ཆོ་འཕྲུལ་བཞི་ཡན་ལག་དང་བཅས་པ་ཀུན་རྫོགས་ཤིང་སྟོང་གསུམ་བརྒྱ་གཟིགས། རང་དབང་བསྒྱུར་བའི་སྐྱེ་བ་ལྷ་མིའི་རྒྱལ་པོ་བླང་པ་ཡིས། །གཞན་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྒྱ་ཚུན་ཆད་འདུལ་བར་བྱེད་དོ། །རྒྱུ་ཡི་ས་དང་པོར་རབ་ཏུ་དགའ་བའི་བྷོ་དྷི་དང་ཚེ་དབང་གཉིས་སྐལ་མཉམ་པའོ། །བདག་གི་སྤྱོད་པ་ཕྱིར་དོན་དུ་གཉེར་བ་ནི། །ལོ་བརྒྱ་ཕྲག་བཅུ་དྲུག་སྟོང་དྲུག་བརྒྱ་ཚེ་ཡིས་རང་དོན་རྫོགས། །གདུལ་བྱ་གཞན་དོན་དུ་དུ་ཚེ་ལ་རང་དབང་ཐོབ་པའི་ཕྱིར། །བཞེད་ན་བསྐལ་པ་གྲངས་མེད་ཀྱི་བར་དུ་གནས་པར་གྱུར་ཡང་། །ཚེ་དབང་གི་སྐུ་ནི་བགྲེས་རྒུད་མེད་པ་ཤིན་ཏུ་གཞོན་པའི་ཚུལ། །དུ་སྣང་ནས་གདུལ་བྱའི་ངོ་ལ་འདུལ་བའི་དུས་ཀྱི་རྟག་འཛིན་ངོར་འཕོ་བ་དང་འདུལ་སྐལ་ལྡན་ན་འདུག་པར་བྱེད། །ཚེ་ལ་དབང་བའི་རིག་འཛིན་གྱི་ངོ་བོ་རྣམ་གྲངས་ལ་ར་མོ་ཤག་ལ་སོགས་པའི་ཕྱིའི་བདུད་རྩི་ལྔ་དང་། དམ་རྫས་ནང་གི་བདུད་རྩི་ལྔ་ལ་སོགས་པ། བཅུད་ལེན་གྱིས་ཚེ་ལ་དབང་བའི་རིག་འཛིན་ཐོབ་པ་སྨན་དང་འོག་སྒོ་སྦྱོར་བའི་ཐབས་འོག་སྒོ་ཕྱག་རྒྱ་ལ་བརྟེན་ནས་ཚེ་ལ་དབང་བའི་རིག་འཛིན་ཐོབ་པ་དང་། རྣལ་འབྱོར་སྒྲོལ་མའི་ནི་སྟེང་སྒོ་འཁོར་ལོ་དང་སྒྲོལ་མ་རླུང་ལ་བརྟེན་ཏེ་ཚེ་དབང་གི་རིག་འཛིན་དང་། །མ་ཧཱའི་ཚོགས་སྦྱོར་གྱི་ལམ་མཆོག་རྫོགས་པའི་ནི་ལྟ་བ་རྟོགས་ཏེ་རྟོགས་པའི་དོན་ལ་རིམ་པ་ཇི་ལྟར་གྱིས་ཟག་མེད་མངོན་དུ་མཐོང་བ་དང་དེ་ལྟར་ཚེ་དབང་ལ་རིམ་པ་བཞི་པོ་དེའོ། །བཅུ་དབང་ཐོབ་སྟེ། ཚེ་ལ་དབང་བས་འཕོ་བཞུགས་ལ་རང་དབང་ཐོབ། སྐྱེ་བ་ལ་དབང་བས་རིགས་ཀྱི་སྤྲུལ་སྐུར་སྟོན། ཡོ་བྱད་དབང་བས་འདོད་ཡོན་ལྔ་ལ་རོལ། མོ་ལ་དབང་བས་བདག་གཞན་མོས་བཞིན་སྣང་། རྫུ་འཕྲུལ་དབང་བས་རྫུ་འཕྲུལ་ཆོ་འཕྲུལ་སྟོན། །ཆོས་ལ་དབང་བས་ཆོས་སྐད་སོ་སོར་སྒྲོགས། །ཡེ་ཤེས་དབང་བས་ཤེས་བྱ་ཀུན་མ་རྨོངས། །སེམས་ལ་དབང་བས་ཏིང་ངེ་འཛིན་འབུམ་ཕྲག་རོལ། །ལས་ལ་དབང་བས་འབྱོར་བ་འབུམ་ཕྲག་རོལ། །སྨོན་ལམ་དབང་བས་ཅི་ལྟར་བཏབ་པ་སྟོན། །ཅེས་གསུངས་སོ། །ཚེ་དབང་ཐོབ་པར་འདྲ་མོད་ཀྱང་འདི་ཉིད་ཀྱི་ཁྱད་པར་ཡོད་དེ་གཞུང་དང་སྦྱར་ཏེ་དབང་བཅུའི་རྣམ་གྲངས་ནི། དབང་རྒྱུད་ལས། ཚེ་ལ་དབང་བས་འཁོར་བར་ཇི་སྲིད་བཞུགས། །ཞེས། དེ་ཉིད་ནུས་པའི་མཐུ་ཡིས་ཆེ་ཆུང་གི་ཁྱད་པར་ཟག་པ་ཡོད་པ་དང་མི་ཟག་སྟེ་ཟག་པ་མེད་པའི་ཁྱད་པར། རྒྱུ་དང་ངོ་བོས་རྣམ་པ་ཟག་བཅས་ཟག་མེད་གཉིས། །དེ་བས་ན་དགོངས་པ་དང་སྤྱོད་ལ་སོགས་པ་སྨོས་ཅི་དགོས་སྟེ་ཁྱད་པར་བསམ་གྱིས་མི་ཁྱབ་སོ། །རྒྱུ་གཞན་སྨན་ཐབས་རླུང་སོགས་ལས་གྲུབ་པས་དེ་ལམ་མཆོག་རྫོགས་པའི་རིག་འཛིན་མིན་ནོ། །ལམ་མཆོག་ལའང་ཡོན་ཏན་གྱི་མཚན་གྱི་རྣམ་གྲངས་མི་འདྲ་བའི་ཆས་བརྗོད་པ་ནི། ལྷག་པའི་ལུས་དང་གཟུགས་དང་མིང་བཞིའི་ཕུང་པོར་བཅས་པ་ཡིས་རིག་པ་རང་དབང་། བས་བསྐལ་པ་གྲངས་མེད་ལ་སོགས་གནས་པར་དབང་བའི་རིག་འཛིན་འགྲུབ་ཕྱིར། །ལྷག་མའི་རྟོག་པའི་འབྱུང་བའི་ལས་ཀྱི་ལུས་བཅས་པ་མ་སྤངས་པར་མྱ་ངན་ལས་འདས་པར་གནས་པ་དང་། ཟག་པ་གསུམ་ལ་སོགས་པ་ཀུན་ཟད་པའི་རིག་འཛིན་ཆེན་པོ་འདི། །སྤྱོད་པ་ཇི་ལྟར་སྤྱད་ཀྱང་འཁོར་བར་ལྡོག་པ་མེད་སྟེ་ཁྱེད་ཀྱི་ཡུལ་ཁམས་འདི་མིན་ནོ་ཞེས། ཚེ་ལ་རང་དབང་ཐོབ་པས་འཁོར་བ་ལས་དབུགས་ཕྱུང་བའི་ཕྱིར་དབུགས་ཆེན་འབྱིན་པ་དང་། ལམ་ལ་སྐྱེས་པའི་ཚེ་དབང་གི་སྐབས་འདིར་བདེན་པ་འགྲིབ་པ་མེད་ལ་འཕེལ་བ་ཡོད་པས་བར་མ་མཐོང་ལམ་ཞེས་བྱ། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་མཁས་པས་ལྟ་བ་རྟོགས་པ་རྐྱེན་ཏིང་ངེ་འཛིན་གོམས་སྤྱོད་པ་རྨད་དུ་བྱུང་བས་ཚེ་ལ་དབང་བའི་རིག་པ་འཛིན་པ་ཞེས་བྱ། ཡི་དམ་གྱི་ལྷ་དང་མི་ལ་སོགས་པའི་རིག་འཛིན་ལ་རྡོ་རྗེའི་རིགས་སོགས་ཀྱི་རྒྱུད་འཛིན་པས། དེ་ནས་རང་གི་རིགས་མི་གཏོང་བར་རིག་འཛིན་གྱི་ལྟ་དགོངས་གཟུངས་བ་ལས་རིག་པ་དབང་ཐོབ་པས་རིག་འཛིན་གྱི་མིང་ཐོབ་པའོ། །གཞན་ཡང་ཡོན་ཏན་གྱི་ཆ་ནས་མཚན་གྱི་རྣམ་གྲངས་ཀྱི་བསམ་མི་ཁྱབ་སྟེ། རྒྱས་པ་དངོས་སུ་ས་ཁམས་ཏེ་ཞིང་ཁམས་ལུང་སྟོན་པ་དང་། གསང་མཚན་རྡོ་རྗེ་ཞེས་རྡོ་རྗེ་འཆང་གིས་མིང་བོས་ནས་དབང་བསྐུར་བའོ། །ལྟ་བ་མཐོང་ཞིང་ཏིང་ངེ་འཛིན་གོམས་པའི་མཐར་དང་ལྡན་བས་རང་བྱུང་གི་རིག་པ་ཉིད། །ཕྱི་ནང་མེད་པའི་སྣང་བ་རིག་པ་འཛིན་པའི་གནས། །དེ་གདུལ་བྱའི་རིག་དང་མཐུན་པར་སྣང་ཚུལ་གནས་ལ་ཕྱོགས་གཅིག་ངེས་པ་མེད། །སྐྱེ་བ་དང་ཆ་བྱེད་གདུལ་བྱའི་དོན་གྱིས་འགྱུར་ཞིང་ཅིར་ཡང་སྟོན་པའོ། །འཁོར་འདས་ཀྱི་ཆོས་ཀུན་བདག་ཉིད་ཆེན་པོ་རང་སྣང་བས་དག་ཕྱིར་དམིགས་བྱ་དམིགས་བྱེད་མེད་པ་དེའི་ཕྱིར། །ཆོས་ཅན་ཡུལ་ཡུལ་ཅན་ཀུན་མི་མཐོང་ཆོས་ཉིད་ཀྱང་ཡུལ་ཡུལ་ཅན་དུ། མི་མཐོང་སངས་རྒྱས་ཐུགས་ཉིད་ཀྱང་ཡུལ་དུ་དངོས་པོ་མི་མཐོང་། །ཕྱི་སྣོད་ནང་བཅུད་ཀྱང་ཡུལ་ཡུལ་ཅན་མི་མཐོང་དེ་ལྟར་དམིགས་མེད་ཡུལ་ཅན་ཡུལ་མེད་རང་གསལ་གང་གི་མཐོང་བ། །དེས་ནི་ཡང་དག་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཞེས་བྱའོ། །དེ་ནས་རྣ་བས་སྒྲ་ཐོས་པ་དང་ལྕེས་རོ་མྱོང་བ་དང་ལུས་ཀྱི་རེག་པ་ལ་སོགས་པ་ཀུན་ཐོས་བྱ་ཐོས་བྱེད་མེད་པ་དམིགས་མེད་ཡུལ་བྲལ་དུ་ཤེས་པ་མཐོང་ལམ། །རྒྱུ་ཤེས་པ་ལྟ་བ་རྐྱེན་འཇུག་པའི་ས་ཏི་བཞི་བར་ཆད་མེད་པར་ཚོགས་བསྒྲུབ་པ་ལས་སྐྱེས། །དེའི་ཕྱིར་བདེན་པ་དབྱེར་མེད་མངོན་སུམ་དུ་ལྟ་བ་རྟོགས་པའི་ས་ལམ་མཆོག་ཚེ་དབང་ནི། །རིག་པ་ལ་རང་དབང་ཐོབ་ནས་སྔོན་ངོ་བོའི་སྐབས་བཞིན་ཏེ། །ལུས་ཁམས་སྐྱེ་གནས་ཞེས་པ་ཚེ་དབང་གཞན་ལ་ཟུར་ཟོས་པའོ། །ཟག་ལུས་མ་བོར་བར་སངས་རྒྱས་པ་གསུམ་ཟག་པ་ལམ་མཆོག་གི་ཚེ་དབང་འདི་ལ་མེད། །ཟག་བཅས་བཞིན་སྔོན་ཆད་ས་ཏི་ལ་ལམ་གྱི་རྩོལ་བའི་འདུ་བྱེད་མེད་དེ་འབྲས་བུ་འགྲུབ། དེ་ཡི་གོང་གི་ལམ་ལ་འབྲས་བུ་ཐོབ་པའི་རེ་དོགས་ཀྱི་ཆགས་པ་བྲལ་ལས། །ཏིང་ངེ་འཛིན་རིམ་པའམ་བསྐྱེད་པའི་རིམ་པ་མེད་པའི་ཚུལ་གྱིས། །སྟོང་ཁྲི་ལ་སོགས་གྲངས་མང་ལྷའི་ཕྱག་རྒྱའི། འཁོར་ལོ་མངོན་སུམ་གསལ་བར་རྫོགས་ཤིང་རྣལ་འབྱོར་ཏིང་ངེ་འཛིན་ལ་གནས། །ཞི་ཁྲོ་དཀྱིལ་འཁོར་གཉིས་ཀྱི་བདག་གཞན་དོན་བསྒྲུབ་པར་མཛད་པའོ། །དེའི་མིང་ཚེ་ལ་དབང་བསྒྱུར་བའི་རྣལ་འབྱོར་ཏེ། །ལོ་སྟོང་དྲུག་བརྒྱ་ཕྲག་བཅུ་དྲུག་གི་ཆ་མ་རྫོགས་ཀྱི་དུས་བར་དུ་རང་གི་ཤེས་རབ་གསུམ་གོམས་པར་བྱས་ནས་མཐར་ཆགས་པ་ཕྱག་རྒྱ་ཐོད་རྒལ་དང་ལྷུན་གྲུབ་གཉིས་ཐོབ་པའི་མཐའ་ལམ་སྐད་ཅིག་གིས། ཆ་ཡིས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་མཐར་འབྲས་དཔའ་བོར་སྦྱོར། །ཚེ་དབང་བ་དང་རིགས་མཐུན་པ་སྟེ་ལམ་མཆོག་སྦྱངས་པའི་ཚེ་དབང་གི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་སྤྲུལ་པའི་སྐུ་ལས། །ཆོས་ཀུན་ཉན་ཅིང་ཐོས་བསམ་བསྒོམ་གསུམ་བྱེད་པ་ཡིན་ནོ། །གསང་སྔགས་ཀྱི་ཆོས་རྒྱ་ཆེན་པོ་ཐོས་པའི་ཤེས་རབ་དང་བསམ་པའི་ཤེས་རབ་དང་རིག་ཅིང་རྟོགས་ནས་བསྒོམ་པའི་ཤེས་རབ་ལ་སྦྱོར་བས་ནི། དཔེར་ན་དཀྱུས་སར་ཕྱིན་པའི་ཅང་ཤེས་དཀྱུས་འགོ་མཐོང་བས་མཇུག་ཤེས་པ་བཞིན། །ཀུན་ཏུ་འགྲོ་བའི་སྒྲིབ་པ་དག་པར་བྱེད་ཅིང་ལམ་གོང་མ་རྣམས་ཁོང་འོག་ཏུ་ཆུད་པ་ནི་བདག་པོའི་དོན་ནོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ཆོས་སྣང་བའི་དང་རྗེས་སུ་སྟོན་པ་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །མངོན་ཤེས་དྲུག་ཤེས་ཤིང་དེ་མིང་ཚེ་ལ་དབང་བསྒྱུར་ལྡན་པ་ཡིས། །ཚེ་ལ་དབང་བསྒྱུར་རྩ་བའི་ལུས་འཇིག་འབྲལ་མེད་པའི་རྡོ་རྗེ་སྐུས། །གཞན་དོན་བྱ་བ་བྱེད་ཅིང་འགྲོ་དོན་རྫོགས་པ་འགྱུར་བ་ཡིན། །ཆོ་འཕྲུལ་བཞི་ཡི་ཐོག་མས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་དོན་སྤྱོད་པ། །ལྟ་བ་སྤྱོད་པ་ཏིང་ངེ་འཛིན་ནུས་མཐུ་ཅན་དུ་རང་རིག་རང་སྣང་བར་ཚེ་ལ་དབང་བསྒྱུར་ནས། །ནམ་མཁའ་ལ་བྱ་བཞིན་དུ་འཕྱོ་དང་རིག་འཛིན་གྱི་གནས་ཞིང་ཁམས་བགྲོད་པ་དང་། ཆུ་རྒྱུན་གྱེན་ལ་བཟློག་པ་དང་རླུང་གིས་མི་འགུལ་ཞིང་མི་བསྐྱོད་པ་དང་། རི་བྲག་ལ་སོགས་ཐོགས་པ་མེད་པར་འགྲོ་ཞིང་འཛུལ་བ་དང་། ཆུ་ལ་མི་བྱིང་བ་དང་མེས་མི་ཚིག་པ་དང་། འདུ་བའི་ནད་དང་བྲལ་བས་དུག་གིས་མི་ཚུགས་པ་དང་མཚོན་གྱིས་འཇིགས་ཅིང་ཚུགས་པར་མི་འགྱུར་བ་དང་། རང་གི་ལུས་མི་སྣང་བ་དང་ལུས་མང་པོར་སྤྲུལ་པ་དང་། གཞན་ཡང་རིག་པ་ལ་དབང་ཐོབ་པས་ཇི་ལྟར་འདོད་པ་བཞིན་དུ་འབྱུང་སྟེ། ལྷ་སྲིན་སྡེ་བརྒྱད་སོགས་ལ་དབང་བསྒྱུར་ཞིང་བྲན་དུ་འཁོལ་བ་དང་། །ཚེ་དང་དུས་ལ་བསྲིང་བསྟུང་ནུས་པ་དང་། །སྟོང་གསུམ་ཆུང་དུ་མ་སོང་ཡུངས་འབྲུར་ཆེར་མ་སོང་ཤོང་བ་དང་། །དེ་བཞིན་དུ་ཡུངས་འབྲུས་སྟོང་གསུམ་གང་བ་དང་། །བ་སྤུའི་བུ་ག་ན་སྟོང་སྟོང་གསུམ་དག་བསྡུའང་དེ་བཞིན་ནོ། །འཇིག་རྟེན་སྲེག་པ་མེའི་སྐལ་པ་གཞིལ་བ་དང་། །ཐུགས་ཀ་ནས་ཉི་མའི་དཀྱིལ་འཁོར་འབུམ་དུས་གཅིག་ལ་འགྱེད་པ་དང་། །སྐམ་སར་ནས་ཆུ་དབྱུང་བ་དང་བྱེ་མ་ལས་གསེར་དུ་འགྱུར་བ་དང་། སོལ་བ་ལ་ལྗོན་ཤིང་དུ་འབྱུང་བ་དང་། །ནམ་མཁའ་ལ་རྡོ་རྗེའི་བྲག་ལྟ་བུ་སྲ་ཞིང་འཁྲེག་པ་འབྱུང་བ་དང་། །ཡེ་ཤེས་ཀྱི་མེ་འབར་ནས་མཚན་མའི་མེ་ཡང་ཚིག་པ་དང་། །ཡེ་ཤེས་ཀྱི་བམ་ལས་ཆུར་བསྒྱུར་མཚན་མའི་འབབ་པའང་གཅོད་པར་བྱེད་པ་དེ་བཞིན་ནོ། །ཡེ་ཤེས་ཀྱི་རླུང་གིས་འཇིག་རྟེན་གྱི་ཁམས་གཏོར་བ་དང་རླུང་གི་བྱ་བའང་འགྲུབ། །དགྲ་བགེགས་གཟུངས་མ་དགུག་པ་དང་མི་མཐུན་པ་གཞན་བཏང་བ་དང་བཅིང་དང་དགྲོལ་བ་དང་། སྲིའུ་ལོ་ཐོག་གསོ་དང་དགྲ་བགེགས་གསད་དང་གཞན་ཕམ་དང་བདག་རྒྱལ། །དེའི་ཇི་ལྟར་དམིགས་པ་བཞིན་དུ་བསྒྲུབ། །དུག་སྦྲུལ་དང་སྟག་ལ་སོགས་པ་གཅན་གཟན་གདུག་པ་རྣམས། །ཁྱི་བཞིན་དུ་བདག་གི་ཕྱི་བཞིན་འབྲང་བར་འགྱུར། །རུ་ཏྲ་ལ་སོགས་བར་དུ་གཅོད་པའི་བདུད་དང་གདུག་པའི་ལྷ་འདྲེ་ལ་སོགས་པས། །ཚུག་པར་མི་འགྱུར་བྲན་བཞིན་དུ་བྱ་བ་བྱེད་པར་འགྱུར། །ལྷག་མའི་ལུས་མ་བོར་བར་ཚེ་ལ་དབང་བའི་རིག་འཛིན་གྱི་སར་འགྱུར་ནས། དེའི་ཐུགས་རྗེ་སྤྲུལ་པ་འབྱུང་བའི་བྱིན་རླབས་ཀྱིས། །འགྲོ་བ་ལྷ་ཀླུ་ལ་སོགས་པ་སོ་སོའི་སྐད་དང་མཐུན་པ་ཡིས། །འགྲོ་བ་སོ་སོར་ཐར་བའི་ལམ་ཡང་སྟོན། །ངན་སོང་གསུམ་ལ་སོགས་སྟོང་ཞིང་དགེ་བའི་ལས་ལ་བསྐུལ་བ་དང་། །དེ་ཉིད་ལམ་སྟེགས་ཀྱི་ཐེག་པ་ལ་དགོད་ཅིང་དེ་དག་ལམ་སྟེགས་ཉིད། །ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་ལ་དགོད་པར་མཛད། །ཉན་ཐོས་ཐར་པ་ཐམས་ཅད་མཁྱེན་པའི་དོན་ལ་བསྐུལ་ཞིང་ཞི་བ་འགོགས་པའི་ས་ལས་སློང་། །ས་བཅུ་པ་ལ་གནས་པའི་བྷོ་དྷིའི་སྟོན་པ་བྱེད་ནུས་ཤིང་གསང་སྔགས་ཀྱི་དོན་བསྟན་ནས་ཤེས་བྱའི་སྒྲིབ་པ་སྦྱོང་བར་བྱེད་ཅིང་སྤྱོད་པ་མཛད་པ། ས་བཅུ་རབ་དགའ་ལ་སོགས་པ་བདེ་གཤེགས་སྤྲུལ་པའི་སྐུའི་འཁོར་ལའང་ཆོས་སྟོན་ཅིང་སྤྲུལ་སྐུའི་མཛད་པའོ། །སྟོང་གསུམ་བརྒྱད་ཕྲག་བཅུའི་འཇིག་རྟེན་རྣམས། །གཡོ་བ་དང་རབ་ཏུ་གཡོ་བ་དང་ཤིན་ཏུ་གཡོ་བས་ཆོས་སྣང་བའི། མཛད་པ་སྣང་བར་བྱེད་ལ་དེར་གནས་པའི་ལམ་པ་རྣམས། །ནང་གི་ཏིང་ངེ་འཛིན་གོང་ནས་གོང་དུ་གཡོས་བས་ས་ཡི་རིམ་པར་སྦྱོང་བར་བྱེད། །ཐེག་མཆོག་གསང་བ་སྔགས་ཀྱི་སྒྲ་བསྒྲགས་པས། །སྣོད་བཅུད་ཀུན་ཀྱང་རྡོ་རྗེ་རྣལ་འབྱོར་ཅེས་པ་ལ་སོགས་རྨད་བྱུང་སྔགས་ཀྱི་སྒྲ། །གྲགས་པས་ཕྱི་ནང་གི་བདུད་འདུལ་ངན་སོང་གསུམ་གྱི་སྒྲིབ་པ་སྦྱོང་། །འགྲོ་བ་མ་ལུས་པའི་དོན་ཡང་གང་ལ་གང་མཚམས་སུ་བྱེད། །བདག་གཞན་གྱི་ལས་རྣམས་ཐམས་ཅད་ཀུན་བྱས་ནས། །འབྲས་བུ་སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཀུན་གྱིས་བརྒྱན་པའོ། །ལམ་མཐར་ཕྱིན་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་སྟེ་བྱ་བ་མེད་པ་སངས་རྒྱས་ཀྱིས་འགྲུབ་པའོ། །རྒྱུད་ལས་གསུངས་པ་འདོད་ཡོན་ལྔ་སྤྱད་བྱ་ལྔ་མི་སྤང་ལྔ་དང་དུ་བླང་བ་ལྔ་སྟེ་ལྔ་ཚན་བཞི་ནི། །སྤྱོད་པ་བཅུ་ཕྲག་གཉིས་ཉི་ཤུ་དང་ཕྲིན་ལས་བཞི་ལ་སོགས་པ་རྣམས་ལ་ཇི་ལྟར་ཡང་། རིག་པ་ལ་དབང་བསྒྱུར་བས་གཞན་དོན་ཉིད་དུ་ཐོགས་པ་མེད་པར་སྤྱོད་དོ། །སྔོན་གྱི་གོང་དུ་སྟོང་གསུམ་བརྒྱ་ཚུན་ཆད་འདུལ་བར་གསུངས་པ་བཞིན་ཡུལ་ཁྱོན་སྟོང་གསུམ་སྟོང་འདུལ་བར་བྱེད། །ཕུང་པོ་ཁམས་སྐྱེ་མཆེད་དང་དབང་པོ་རྣམས་ནི་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར། །དེ་ཉིད་བྱེ་བྲག་ལ་འདྲེས་པ་གཅིག་དང་དུ་མའི་མཐའ་བྲལ་སྟེ་རང་བྱུང་ཡེ་ཤེས་སུ་གཅིག་པས། གཅིག་དུ་མ་གཉིས་སུ་མེད་པར་མངོན་རྟོགས་ཏིང་ངེ་འཛིན་གོམས་དེ། ཟག་མེད་མངོན་དུ་མཐོང་བས་ཚོགས་དྲུག་གི་དྲི་མ་དྲུག་སྦྱང་བའི་ཕྱིར། །དེ་སྙེད་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་ཚུན་ཆད་སྤྱན་གྱིས་གཟུགས་མཐོང་བ་རྣ་བས་སྒྲ་ཐོས་པ་སྣའི་དྲི་ཚོར་ལྕེས་རོ་མྱོང་ལུས་ཀྱི་རེག་སྟེ་རེ་རེ་ལ་ལྔ་ཚང་བས། ཤེས་པའི་བྱེ་བྲག་རེ་རེ་ལ་ལྔ་ལྔ་སྟེ་རྩ་ལྔར་ཤར། །དེས་ན་སྒོ་ལྔ་གཅིག་གིས་ཀྱང་ཡུལ་ལྔ་གཅོད་པར་བྱེད། །དབང་པོ་ཚང་དང་མ་ཚང་བའི་འཇིགས་པ་དང་མ་ཚང་གི་དོགས་པ་མེད་དོ། །མངོན་ཤེས་དེ་ལས་གཞན་དུ་སྟོང་གསུམ་ཚུན་ཆད་ལྷ་ཡི་རྣ་བའི་མངོན་ཤེས་དང་། །སྤྱན་གྱི་མངོན་པར་ཤེས་པ་དང་། །སྔོན་གནས་བརྒྱ་སྟོང་ལ་སོགས་པ་རྗེས་སུ་དྲན་པ་དང་། །ཕ་རོལ་རྣམས་ཀྱི་སེམས་ཤེས་དང་། །འཆི་འཕོ་དང་སྐྱེ་བ་མཁྱེན་པ་དང་། །རྫུ་འཕྲུལ་ཉི་ཤུ་ལ་སོགས་པའི་བྱ་བ་ཤེས་པའི་ཟག་པ་ཟད་བའི་མངོན་ཤེས་ཀྱིས་གདུལ་བྱ་དུས་ལ་བབ་མ་བབ་ཤེས་པས། དེ་ཉིད་སྟོང་གསུམ་བརྒྱ་ཚུན་ཆད་ཡུལ་ཤེས་པས། །གདུལ་བྱ་གང་དང་ཐབས་གང་དང་གང་རྣམས་ཀྱིས་ཅི་འཚམས་པ་ལྟར་འདུལ་བར་མཛད། །མངོན་ཤེས་དེའི་མིང་ནི་ཕྱིར་འཁོར་བར་མི་ལྡོག་པའི་མངོན་ཤེས་ཟག་པ་མེད་པའི་མངོན་ཤེས་དང་། །དབང་བསྒྱུར་རིགས་ཀྱི་མངོན་ཤེས་ཞེས་མཚན་གྱི་རྣམ་གྲངས་ཡོན་ཏན་གྱི་ཆ་ལ་བརྗོད་པའོ། །བདག་གམ་གཞན་གྱི་དོན་དུ་ལོ་སྟོང་དྲུག་བརྒྱ་དོན་བྱ་བའི་ཕྱིར་ཚེ་ལ་དབང་བའི་རིག་འཛིན་ཅན་དེས། །རང་དོན་དུ་སྐུ་ཚེ་ལོ་སྟོང་དྲུག་བརྒྱའི་ཚད་གྲངས་གཞན་དོན་དུ་ཇི་སྙེད་པར། །བཞུགས་པའི་མཐའ་རང་གི་དོན་བསྒྲུབ་པའི་འབྲས་བུ་ལ་སྦྱོར་བས། །སྔོན་རྣམ་སྨིན་ཟག་བཅས་ཀྱི་སྐབས་སུ་བསྟན་པ་བཞིན་འདི་ཡང་གཅིག་ལས་དག་རིམ་གྱིས་སྦྱོར་བ་དང་ཅིག་ཆར་ཐོད་རྒལ་ལ་སྦྱོར་བ་གཉིས་འོ། །དེ་ཡང་སྔ་མ་མཐར་ཆགས་རིམ་གྱིས་ཟག་མེད་མཐོང་བའི་ལམ་ཉིད་དུ། །ལོངས་སྐུ་ལ་བརྟེན་ནས་ཚེ་དབང་རང་གི་ཤེས་རབ་གསུམ་གོམས་པ་ལས། ཚེ་དབང་རང་གི་རྩ་བའི་ལུས་སྐྱེ་འཆི་མེད་པ་རྒྱལ་བའི་སྐུ་ཕྱག་རྒྱ་ཆེ། །དེ་རིགས་གང་གོམས་མངོན་དུ་གྱུར་པའི་ལྷ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་དེར། །ཡོངས་སུ་གྲུབ་པར་གྱུར་ཏེ་དེ་ནས་ལྷུན་གྲུབ་༼ངང་༽རིག་འཛིན་ཐོབ་ནས་སངས་རྒྱས་པར་གཤེགས་པའོ། །ཕྱི་མ་༢༽ཅིག་ཆར་ཐོད་རྒལ་བ་རིགས་མཆོག་ཚེ་དབང་དེ་ཉིད་མཐོང་ལམ་ནས། །སྔོན་རིམ་འཇུག་བཞིན་གོམས་པ་ཤེས་རབ་གསུམ་བྱས་ནས། །ཕྱག་རྒྱ་ཆེན་པོའི་རིག་འཛིན་དོར་ཏེ་ཅིག་ཆར་དུ་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ། འགྲོ་བ་ནི། ལྟ་བ་ཆོས་ཉིད་ཤེས་རབ་ཀྱི་སྟོབས་དང་རྐྱེན་དམ་ཚིག་གི་སྟོབས་དང་སྨོན་ལམ་དང་བརྩོན་འགྲུས་མཐུ་ཐོབ་པ་ཡིན། །ཟག་མེད་ལམ་ལ་གསུམ་པོ་དེ་ཉིད་ཀྱི་བར་མ་བསྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་བཤད་པར་བྱ་བ་བ་ལ། སྔོན་གྱི་ཚེ་དབང་གི་ལུས་བཞི་བརྒྱད་ཀྱིས་ལུས་རྫོགས་པར་བྱ། །ཕྱག་རྒྱ་ཅིག་དང་དུ་མའི་སྤྲོས་པ་རྣལ་འབྱོར་པས། །རང་གི་འབྱུང་བའི་ལུས་ཉིད་ངོ་བོ་སེམས་ཡིན་པའི་ཕྱིར་སེམས་ཀྱི་རང་བཞིན་ལྷ་ཡིན་ཏེ། ལྟ་བ་མཐོང་ཏིང་ངེ་འཛིན་གོམས་ཏེ་ཚོགས་བསགས་པའི་མཐར་སྦྱོར་ལམ་ཚོགས་བསྒྲུབ་པས། །མཐོང་ལམ་དུ་རྣམ་སྨིན་ཚེ་དབང་གཉིས་ཐོབ་ལྟ་བ་ཆེད་འཛིན་ཀུན་འགྲོའི་སྒྲིབ་པ་དག་པ་དེ་ནི་སྒོམ་ལམ་རིམ་བཞིན་དུ་ངོ་བོའི་རྒྱུའོ། །རྒྱུ་སྤྱོད་པས་འབྲས་བུ་རྣམ་སྨིན་གྱི་ཚུལ་གྱིས་འབྲས་བུ་བསྐྱེད་བྱ་སྐྱེད་བྱེད་འགྲུབ་པ་མེད་པར་འདོད་དོ། །ངོ་བོ་ལ་སྔ་ཕྱི་རྒྱུ་འབྲས་ཐ་དད་དུ་འདོད་པ་མིན། །རྒྱུ་འབྲས་གཉིས་དུས་རིམ་གྱིས་བསྒྲུབ་ནས་ཐོབ་པར་འདོད་པ་མིན་རྒྱུ་འབྲས་དབྱེར་མེད་ངོ་བོ་ཅིག་ཏུ་འདོད་པའི་ཕྱིར། །རྒྱུ་འབྲས་གཉིས་ངོ་བོ་རང་བྱུང་ཡེ་ཤེས་སུ་གཅིག་པས་གཅིག་པ་དེ་ཉིད་ལམ་དུ་བྱས་པས་ཚེ་དབང་ཐོབ་སྟེ། ལྷག་མ་དང་བཅས་པའི་ལུས་དེ་ཉིད་ལོ་བརྒྱ་བརྒྱར་བསྣུར་ཞིང་སྒྲུབ་པའི་མཐའ། །ཕྱག་རྒྱ་ཆེན་པོ་དེ་ཉིད་གྱུར་པས་རང་དོན་ལོ་སྟོང་དྲུག་བརྒྱ་གཞན་དོན་དུ་ངེས་པ་མེད། །རང་གི་སེམས་ཉིད་ཡེ་ནས་ཕྱག་རྒྱ་ཆེན་པོ་ཡིན་སྟེ། །རྒྱ་གཅིག་སྤྲོས་པ་གཉིས་སུ་ལྷ་བསྒོམས་པས་ཞི་ཁྲོ་གང་ཡིན་པ་དེ་མངོན་དུ་གྱུར་པའི་སྐུ། །ཐུན་མོང་དང་མཆོག་གི་མཚན་སུམ་ཅུ་རྩ་གཉིས་དཔེར་བྱད་བརྒྱད་ཅུ་དང་ལྡན། །ལོངས་སྤྱོད་གཉིས་ཞེས་བྱའོ་པ་ཕྱག་རྒྱའི་རིག་འཛིན་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་ཆ་ལུགས་མཐུན་ལ་ཟག་མེད་པ་ལ་གསུམ་ཡོད་པའི་གཉིས་པ་བསྒོམ་པ་ཡིན་ལ། གཉིས་པ་ཞེས་བྱ་བ་ཡང་ན་ལོངས་སྐུ་གཉིས་ལ་ལོངས་སྤྱོད་རྫོགས་པའི་སྐུ་དངོས་དང་དེའི་རྒྱལ་ཚབ་བྱེད་པའི་སྐུ་གཉིས་ལས། འདིར་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལོངས་སྐུའི་རྒྱལ་ཚབ་བྱེད་པས་ཀྱང་གཉིས་པའོ། །བྱེ་བྲག་རྡོ་རྗེའི་རིགས་འཁོར་ལོའི་རིགས་རིན་ཆེན་རིགས་དང་། །པདྨའི་རིགས་དང་རལ་གྲི་ལས་ཀྱི་རིག་འཛིན་ལྔའང་འགྱུར། །རང་ལུས་གདོད་ནས་ཕྱག་རྒྱ་ཆེན་མོ་ཡིན་པ་དེར། །བསྒོམ་པས་རིགས་གང་ཡིན་པ་མངོན་དུ་གྱུར་པའི་སྐུ། །མཚན་དང་དཔེ་བྱད་ཆོ་འཕྲུལ་བཞི་མངོན་ཤེས་དྲུག་རྫོགས་པ་ནི། ཕྱག་རྒྱ་ཆེན་པོའི་རིགས་སུ་གྲགས། །ལོངས་སྐུ་ཡེ་ཤེས་སྒྱུ་མའི་སྐུ་ཡི་ཆ་ལུགས་ཅན། །ཚེ་དབང་གི་དུས་འབྱུང་བ་རྡོ་རྗེའི་ལུས་བགྲེས་རྒུད་ལས་གྲོལ་བར་འགྱུར་རོ། །དེའི་ཕྱིར་རྒྱ་ཆེན་རིག་འཛིན་ལ་སྐུ་ཚེ་དཔག་ཏུ་ཚད་མེད་དེ། །བསྣུར་ཞིང་མངོན་དུ་བྱ་བ་དང་བྲལ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ནང་ན་ཡང་དེ་ཉིད་ཀྱི་རྣམ་གྲངས་གྱི་ཀྲི་ཡ་རིགས་གསུམ་དང་ཨུ་པ་ལ་རིགས་བཞི་དང་། །ཡོ་ག་རིགས་ལྔ་དང་མ་ཧཱའི་རིགས་མཆོག་ལྔའི་ཕྱག་རྒྱ་སྟེ་དེ་རྣམས་ཀྱི་རིགས་དང་ཆ་བྱད་འཛིན་པས། །རྣམ་གྲངས་ཀྱང་རིམ་པ་བཞི་རུ་སྔོན་ཚེ་དབང་སྐབས་སུ་བསྟན་པ་བཞིན་གྲངས་མཐུན་པར་འགྱུར། །མ་ཧཱ་མཆོག་གི་རིག་འཛིན་ལ་མིང་གྲངས་ནི་གསུམ་ཡོད་གཉིས་པ་བསྒོམ་ལམ་དང་རྒྱ་ཆེན་ཚེ་དབང་ལྷུན་གྲུབ་གསུམ་སྟེ། དགོངས་པ་མཉམ་པ་ཉིད་ཀྱི་ངང་ལས་མི་གཡོ་ཞིང་། །ཚེ་ལ་དབང་བསྒྱུར་བའི་སྐབས་རྩོལ་བའི་འདུ་བྱེད་དང་བྲལ་བས། །ཟག་པ་གསུམ་མེད་པའི་བསྒོམ་པའི་ལམ་ཞེས་ཀྱང་བྱ། མི་གཡོ་བའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོ་ཉིད་དུའང་བརྗོད། །རྒྱལ་བས་སངས་རྒྱས་ཀྱི་ལུང་སྟོན་དངོས་སུ་འབྱུང་བས་ལུང་ཆེན་ཐོབ་པ་ཞེས་ཀྱང་བརྗོད། རྨི་ལམ་ལ་སོགས་པ་བདུད་དང་ཆ་བྱེ་ཞིང་བརྟག་པའི་བྱེ་བྲག་ཕྱག་རྒྱ་རིན་འཛིན་འདི་ལའང་མེད། །ལོངས་སྤྱོད་རྫོགས་པའི་ཡེ་ཤེས་སྐུ་ཡི་ཆ་ལུགས་སྣང་སྟོང་དབྱེར་མེད་རྣལ་འབྱོར་པ། །སྐུ་གསུམ་གྱི་སངས་རྒྱས་གཉིས་པ་ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཆེན་པོ་ལྟ་བའི་སྤྱན་དགོངས་པའི་ཏིང་ངེ་འཛིན་ཀྱང་། །ཚེ་དབང་དང་དགོངས་པ་ཟག་མེད་དུ་རྒྱུད་མཐུན་མོད་ཀྱང་འདིར་ཁྱད་པར་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་མི་གཡོ་བའི་ངང་ལ་མི་རྟོག་པར་བཞུགས་སྟེ་ཐོབ་པས། དགོངས་པ་ཤིན་ཏུ་བརྟན་པའི་ཀློང་དུ་གནས་པའོ། །དེའི་ངང་ལས་མ་གཡོས་པར་ལྷ་གྲངས་ཚད་ཅན་འཁོར་ལོའི་ལྷ་ཚོགས་མངོན་སུམ་དུ་སྣང་། །འོ་ན་ལོངས་སྐུ་དང་དབྱེར་མེད་དམ་ཞེ་ན་འོན་ཀྱང་རྣལ་འབྱོར་ཉམས་ཀྱི་རྩོལ་བ་ཅན། །དགོངས་པ་མཉམ་པའི་བཞག་པའི་ངང་ལས་གཞན་དུ་མ་གཡོས་བཞིན་དུ། སྟོང་གསུམ་གི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ཕྲག །གཅིག་བཞིར་གཞག་པའི་གཅིག་ནས་གཉིས་སུ་བགྲང་བའི་བཅུ་ཡི་རྡུལ་གྱི་གྲངས་དེ་སྙེད་འཇིག་རྟེན་ཁམས་ཀྱི་གདུལ་བྱ་དང་། །སངས་རྒྱས་སྤྲུལ་པའི་ཞིང་གྲངས་མེད་པ་བརྒྱ་ཕྲག་གཅིག་དེ་གཞིར་བཞག་པས་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་དེ་ཞིང་ཁམས་རྣམས་སུ། །རྔོན་པ་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཆོ་འཕྲུལ་བཞི་དང་མངོན་ཤེས་དྲུག་སོགས་ཀྱི་འགྲོ་དོན་གང་དེ་བཞིན་ནོ། །རྩ་བ་ལོངས་སྐུ་ལས་མ་གཡོས་པར་སྐུའི་བཀོད་པ་ཐུབ་དྲུག་ལྟ་བུས་མངོན་ཤེས་དྲུག་དང་དབང་པོ་ལྔ་ཡི་རེ་རེ་ལ་ཡན་ལག་ལྔ་ལྔ་སྟེ་ཉེར་ལྔ་བཅས། །མངོན་ཤེས་པའང་ཚེ་དབང་དང་ཟག་མེད་དུ་འདྲ་བ་མོད་ཀྱང་ཆོ་འཕྲུལ་བཞི་ལ་སོགས་པ་ཀུན་གྱིས། རྒྱ་གོང་གི་དེ་སྙེད་ཀྱིས་ཚེ་དབང་སྟོང་གི་འཇིག་རྟེན་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་ཡུལ་གྱི་ཁྱད་པར་དང་། །གདུལ་བྱའི་དོན་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་བྱིན་རླབས་མཐུ་དང་གདུལ་བྱས་ནི་ཡུལ་རྒྱ་ཆེ་ཆུང་གི་ཚད་ཀྱི་ཁྱད་པར་དཔག་པའོ། །ཕྱག་རྒྱ་ཆེན་པོ་རང་གི་ས་ཏེ་མི་གཡོ་བ་ལྟ་བས་མཐོང་བ་དང་ཏིང་ངེ་འཛིན་དེ་གོམས་པ་དང་དང་། །སྤྱོད་པ་གཞན་དོན་དུ་འབྲས་བུ་གཉེར་བ་དང་རིམ་པར་བསྒོམ་པའི་བརྩམ་བ་ཡིས། །སྔོན་དུ་བསྒོམ་ལམ་མན་ཆད་ཀུན་རྫོགས་པའི་བྱིན་རླབས་དང་སྟོབས་ཀྱིས། །རྒྱ་ཆེན་རྣལ་འབྱོར་མཉམ་རྗེས་ཀྱི་བྲལ་ནས་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ། དེ་ཡང་ལྷན་ཅིག་གནས་པའི་དྲི་མ་དག་པ་དང་། གཞན་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པ་དུས་མཉམ་མོད། །ཐོད་རྒལ་དེས་ཚེ་དབང་དང་རྒྱ་ཆེན་དེ་མངོན་དུ་བྱས་པ་ཡིས། །འབྲས་བུ། སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། །ལྷག་ཅིག་གནས་པའི་དྲིི་རང་རྒྱུད་པའི་དྲི་མ་དག་ཅིང་ཀུན་མཁྱེན་པའི་སངས་རྒྱས་དེ། །སྔོན་ཚེ་དབང་བཞིན་དུ་བཞི་ཚན་གཉིས་ཏེ་བརྒྱད་དགོད་པར་བྱ། །ཐོད་རྒལ་བ་ཚེ་དབང་དང་མཐར་ཕྱག་རྒྱ་ཆེན་པོ་སྔ་མའི་རིགས་ལ་ཤེས་རབ་གསུམ་ལྟ་སྤྱོད་ཏིང་ངེ་འཛིན་མཐུ་རྫོགས་པས། །གོང་དུ་བཤད་པ་བཞིན་དུ་ལྷན་ཅིག་གནས་པའི་དྲི་མ་དག་ནས། ལོངས་སྐུ་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་སངས་རྒྱས་གཉིས་པ་ལོངས་སྐུའི་ཆ་བྱད་ཅན་པའི་ཤེས་རབ་ཐོས་བསམ་སྒོམ་གསུམ་ཀྱི། འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སུ་འབྱུང་བའི་སྐུ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་རིག་འཛིན་གནས་སྐབས་དེར་སྔོན་བཞིན་ཤེས་རབ་གསུམ་རྫོགས་པའི། ལོངས་སྤྱོད་རྫོགས་པའི་སྐུ་ལ་དགོངས་པ་བརྡའི་གསང་བའི་ལུང་ཐོས་ཤིང་། །ཕྱག་རྒྱ་ཆེན་པོའི་རང་གི་དགོངས་པ་དང་སྤྱོད་པ་ནུས་པ་ཅན་དེས། ས་དང་ལམ་མཐར་ཕྱིན་པ་སྐད་ཅིག་ལྷུན་གྲུབ་རིག་འཛིན་འབྱུང་བའི་དུས་ལ་བབ། །ལྷན་གཅིག་གནས་པའི་དྲི་མ་དེ་ལྟར་དག་པའི་ཤེས་པ་ཉིད། །ངོ་བོ་སྐུ་ལྔ་ལྷུན་གྱི་གྲུབ་པའི་རིག་འཛིན་མི་གཏོང་ཞིང་འཛིན་པས་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། ལྷུན་གྱིས་གྲུབ་པ་དགོངས་པ་མཉམ་པ་ཉིད་ཀྱི་ངང་ལས་མི་གཡོ་ཞིང་། །མི་རྟོག་པ་ཉིད་དུ་བཞུགས་པའང་། །བག་ལ་ཉལ་བའི་སྒྲིབ་པ་སྟེ་མཉམ་པ་ལས་ལྡང་བས་འཇོམས་པར་བྱེད་ཅིང་། །གཡེང་བ་སྐད་ཅིག་མ་གཅིག་ལ་རག་ལས་ནས་རིག་འཛིན་མཐར་ལམ་པའོ། །སྐུའི་ཆ་བྱད་རྒྱལ་བ་དྲུག་པ་ཉིད་དུ་སྟེ། །སྐུ་ལྔ་པོ་ལྷུན་གྱིས་གྲུབ་པའི་ཕྱིར་ནའོ། །རྒྱལ་བ་སྐུ་ལྔ་དེ་འདྲ་དེ་ཉིད་ཀྱི་རྒྱལ་ཚབ་བྱེད་ཅིང་ཆོས་སྟོན་པའི་ལྷུན་གྲུབ་རིག་འཛིན་དེ་ཉིད་ཀྱི་རྒྱུད། དེ་མི་གཏོང་བས་མིང་དོན་འགྲུབ་པར་ཡིན། །རྩ་བའི་ལུས་སྐྱེ་འཇིགས་མེད་པ་ཉིད་ལ་སྐྱེ་ཤི་མི་མངའ་ཕྱིར། །སྐྱེ་འཇིགས་མེད་པས་རྡོ་རྗེའི་སྐུ་ཡང་གདུལ་བྱའི་ངོ་ལ། །ཉིད་ཀྱི་སྤྲུལ་པའི་སྐུ་རྣམས་ནི་མྱ་ངན་འདས་འདའ་ཚུལ་དུ་སྟོན་པར་བྱེད་དེ། དེ་ཡང་རྒྱལ་བུ་དོན་གྲུབ་མཛད་པ་མཐར་འདོན་ལ་སོགས་ཇི་ལྟ་བའོ། །ཀྲི་ཡ་བྱ་བ་ལྷུན་གྱིས་གྲུབ་པ་རིག་འཛིན་དང་ཡོ་གའི་རྣལ་འབྱོར་གྱི། །ལྷུན་གྲུབ་རིག་འཛིན་དང་རྣལ་འབྱོར་ཆེན་པོ་ནང་མ་ཧཱའི་ལྷུན་གྱིས་གྲུབ་པའི་རིག་འཛིན། །དེ་ལྟར་གསུམ་གྱི་ཐ་མ་མ་ཧཱའི་མིང་གི་རྣམ་གྲངས་མཐར་ཕྱིན་པའི་ལམ་ཅེས་བྱའོ། །རང་རྒྱུད་དག་པའི་སངས་རྒྱས་ཞེས་ཀྱང་བྱ་དང་། །ལྷུན་གྲུབ་རིག་འཛིན་ཞེས་བྱ་དེ་ཉིད་དང་ནི་མཐར་སངས་རྒྱས་ལ་སྦྱོར་བའི་ལམ་ཐ་མ་ཞེས་ཀྱང་བྱ། ཡང་དག་པར་རྫོགས་པའི་རྒྱལ་བ་སྐུ་ལྔའི་རྒྱལ་ཚབ་བྱེད་པོའི་ཕྱིར་རྒྱལ་ཚབ་སྐྱེས་བུས་ཞེས་ཀྱང་བྱ། སྔ་མ་ཀྲི་ཡའི་རིགས་གསུམ་དང་ཡོ་གའི་སེམས་དཔའ་དང་པོ་རིགས་བཞི་དང་། ཀུན་རིགས་རྣམ་པར་སྣང་མཛད་ཀྱི་ཆ་ལུགས་འཛིན་ཅིང་རང་གི་རྒྱལ་ཚབ་དང་སྡུས་པའང་མཛད། དགོངས་པ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཕྱིར། །ཇི་ལྟར་ཇི་སྙེད་སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤྱན་མཆོག་འཆང་། །དགོངས་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་འང་རང་རིག་པའི་མངོན་སུམ་དུ་གཟིགས་པ། །དགོངས་པ་ཆོས་ཉིད་འགྲོ་འོང་མེད་པའི་ངང་དུ་མི་གཡོ་བ་ལ་མི་རྟོག་པར་བཞུགས། ཤུགས་ལ་བྱུང་བའི་རྗེས་སྟེ་བག་ལ་ཉལ་གྱི་སྒྲིབ་པ་ཡོད་པས་ད་དུང་མངོན་པར་རྫོགས་པར་སངས་མི་རྒྱ་སྟེ། །དུས་མཐའ་སྐད་ཅིག་ཉིད་ཀྱིས་དེ་ལྟ་བུའི་སྒྲིབ་པ་བཅོམ་ནས་བྷུདྡྷའི་ས་ལ་གཤེགས་སོ། །དེས་ན་དགོངས་པ་དང་སྤྱོད་པ་རྒྱ་མཚོ་དང་འདྲ་བ་ཀུན། །རང་བྱུང་གི་ཡེ་ཤེས་རྩལ་མངོན་དུ་རྫོགས་པ་ཞེས་ཀྱང་བྱ་རྩོལ་བའི་བྱ་བ་མེད་པའང་ཞེས་ཀྱང་བྱ། མཐར་ཕྱིན་པའི་དགོངས་པ་ཞེས་ཀྱང་བྱ་རྩོལ་བ་དང་བྲལ་བ་རྫོགས་པ་ཞེས་བྱ་ལ་སོགས་པའི། །མིང་གི་རྣམ་གྲངས་ཡོན་ཏན་གྱི་ཆ་ལ་བརྗོད་པར་ཟད། །བདག་ཉིད་ཀྱི་དོན་བྱའི་ཕྱིར་རྡོ་རྗེ་འཛིན་པ་ཆེན་པོ་སྐུ་ལྔ་ལྷུན་གྲུབ་ཡང་དག་རྫོགས་པའི་སངས་རྒྱས་ལ། །ཆོས་ཉན་ཅིང་དུས་མཐའི་སྐད་ཅིག་དུས་ཀྱིས་བསླབ་པའི་མཐའ་བཅུ་ཀུན་རྫོགས་ནས། །ཐ་མའི་ལྷུན་གྲུབ་ཀྱི་རྒྱུད་ལ་ཡོད་པའི་བག་ལ་ཉལ་བའི་སྒྲིབ་པ་དག །རྡོ་རྗེ་ལྟ་བུའི་བཅོམ་ལྡན་འདས་སུ་སངས་རྒྱས་པར་གྱུར་པ་ཡིན། །ལྷུན་གྲུབ་རིག་འཛིན་དེའི་ཚེ་དེ་སྒྲིབ་པའི་ཆ་ཕྲ་མོ་ཡོད་ཀྱང་། །ལྷུན་གྲུབ་རིག་འཛིན་སར་བཞུགས་ནས། །གདུལ་བྱའི་ཡུལ་ཞིང་ཁམས་ཐུག་པ་མེད་པ་དག་ཏུ། འདུལ་བྱ་འདུལ་བའི་ཕྱིར་སྤྲུལ་སྐུའི་མཛད་པའང་སྣ་ཚོགས་སུ་སྟོན་ཏེ། སྲིད་གསུམ་གྱིས་བསྡུས་པའི་འགྲོ་བ་བསམ་ཡས་སུ། །ཐུགས་རྗེས་སྟོན་པ་བསམ་གྱི་མི་ཁྱབ་པས། གདུལ་བྱའི་དོན་དང་མཐུན་པ་འབའ་ཞིག་སྟོན། །གདུལ་བྱ་དྲག་པོ་ལ་གནས་སྐབས་བློ་དང་མི་མཐུན་པ་དྲག་པོས་ཚར་བཅད་པ་ལ་སོགས་པའི་སྒོ་ནས་ཐུགས་རྗེ་ཞགས་པས་འཁོར་བའི་རྒྱུན་ལམ་གཅོད། །ལ་ལར་ཡུམ་སྒྱུ་མའི་ལྷུམས་སུ་ཞུགས་པ་དང་བལྟམས་པ་དང་། །ལ་ལར་རབ་ཏུ་བྱུང་བ་དང་བཀའ་ཐུབ་མཛད་པ་དང་། ལ་ལར་ཁབ་དང་རྒྱལ་སྲིད་དང་། །བདུད་བཏུལ་བ་དང་སངས་རྒྱ་བ་དང་ཆོས་སྟོན་མྱ་ངན་ལས་འདས་པ་སོགས་སྟོན་པའོ། །གནས་རེས་འགའ་ཞི་བས་འདུལ་བ་ལ་ཞི་བ་སྟོན་ལ་རེས་འགའ་དྲག་པོས་འདུལ་བ་ལ་དྲག་པོ་དང་། འདོད་ཆགས་ཅན་གཡེམ་པ་ལ་གཡེམ་པར་སྟོན་ཞིང་སྡང་ཅན་ལ་སྡང་བ་དང་། དྲེགས་པས་ང་རྒྱལ་བ་ལ་རིགས་ལྟར་ང་རྒྱལ་བ་དང་མུན་པ་གཏི་མུག་ཅན་ལ་མུན་པ་དང་། ཕྲག་དོག་རླུང་ལྟར་གཡོ་བ་ལའང་ཕྲག་དོག་ལྟར་དང་དེ་བཞིན་དུ་རང་དང་མཐུན་མི་མཐུན་པ་སྣ་ཚོགས་ཀྱིས་དོན་བྱེད་པ་དང་། རྒྱ་མཚོ་ལྟ་བུ་བསམ་གྱིས་མི་ཁྱབ་པའི་དོན་ཐབས་དང་སྤྱོད་པ་དང་། །ཕྲིན་ལས་ཞི་རྒྱས་དབང་དྲག་དེ་བཞིན་གང་ལ་གང་འདུལ་གྱི་མཛད་པ་ཡིས་འགྲོ་བ་སྒྲོལ། །ལྷ་གནས་གསུམ་དུ་གསང་བའི་ཏན་ཏྲ་རྒྱུད་སྡེ་རྣམ་མངོན་དུ་སྟོན་པ་དང་། །དེ་བཞིན་གསང་བའི་ཆོས་ཀྱི་བསྡུ་བའང་མཛད་པ་དང་། །ངན་སོང་གསུམ་ལ་སོགས་པ་དམན་པས་དོན་བྱེད་པ་དང་ལུས་དང་བསོད་ནམས་ལྡན་གནས་སུ། །སྣ་ཚོགས་པའི་ལུས་ཅན་དང་རིས་ཅན་རྣམས་ལ་སྣ་ཚོགས་པའི་ལུས་དང་རིགས་སུ་སྤྲུལ་ནས་སྣ་ཚོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར། །མངོན་ཤེས་དྲུག་ལྡན་མཚན་བཟང་སོགས་སྔ་མ་ལས་ཁྱད་པར་དཔག །ཀུན་མཁྱེན་ཡེ་ཤེས་མངའ་བའི་ཕྱིར། །མངོན་ཤེས་ཀྱི་ཡུལ་དང་མཁྱེན་པ་ལ་ཚད་མེད་རྒྱལ་བ་ཉིད་དང་མཚུངས་སོ། །དེ་ཡང་ཇི་ལྟར་མཁྱེན་ཚུལ་གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུའི་ཚུལ་མཁྱེན་ནོ། །བག་ལ་ཉལ་གྱི་སྒྲིབ་པ་མི་མཐུན་མཚན་མ་གཞོམ་པའི་ཕྱིར། །གཉེན་པོ་འཇིགས་འདྲལ་མེད་པ་རྡོ་རྗེའི་ལྟ་བུའི་ཏིང་ངེ་འཛིན་གྱིས། །བདག་རྟོག་མཚན་མ་ཀུན་བཅོམ་ནས། །དབྱེར་མེད་རྡོ་རྗེའི་ཆོས་ཀྱི་དབྱིངས་སུ་ཐིམ་པར་བྱེད། །བདག་མེད་རང་རིག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས། །དངོས་པོར་འཛིན་པ་དང་དངོས་མིན་པ་བག་ཆགས་ཕྲ་ཞིང་ཕྲ་བ་བསྲེགས། །རང་དང་སྤྱི་ཡི་ཆོས་རྣམས་དང་། །སེམས་ཀྱི་འཛིན་པ་ཕྲ་རྟོག་བག་ཉལ་ཐམས་ཅད་ཀུན། །དངོས་པོར་མེད་པར་རང་བྱུང་ཡེ་ཤེས་སུ་རྟོགས་པར་བྱས་ནས། །ཕར་སྒྲིབ་པ་འཇོམས་ནས་ཚུར་གཉེན་པོ་གང་གིས་ཀྱང་མི་ཚུགས་པ་དཔའ་བར་འགྲོ་བའི་རྣལ་འབྱོར་དང་། །འདུས་མ་བྱས་ཀྱི་རྡོ་རྗེ་ཡེ་ཤེས་མཐར་ཐུག་པའི་རྩེ་མོ་མཆོག་ཐོབ་པས། །ཐེག་པ་དམན་དང་ལམ་འོག་མ་རྣམས་ཀྱི་ཡིད་ཚོད་ཙམ་མིན་པར་སྒྲིབ་པ་བཅོམ་པ་དང་བདུད་ཀྱི་སྡེ་རྣམས་བཅོམ་ནས་བཏུལ་ཞིང་། ལོག་ལྟ་ཐམས་ཅད་ཚར་བཅད་པས་དཔའ་བོ་ཞེས་བྱ་དེ་རྗེས་ལ། །འབྲས་བུ་མི་ཟད་པའི་རྒྱན་སྐུ་གསུང་ཐུགས་གྱི་འཁོར་ལོ་མ་དྷ་ལ་འཁོར་ལོ་ཚོགས་ཆེན་ཀྱི། དགོངས་པ་བསམ་ཡས་ལྷུན་རྫོགས་ཀུན་མཁྱེན་ལྟ་བ་ལ་མཉམ་པར་འཇོག་སྟེ་ཐོབ་པོ། །ལྷུན་གྱི་གྲུབ་པའི་མཉམ་བཞག་ཆེན་པོའི་ངང་ལས་མ་གཡོས་པར་རང་རིག་པའི་ཡེ་ཤེས་ཀྱི་ཀུན་ལ་དབང་བསྐུར་ཞིང་། །དོན་དུ་གཉེར་བའི་སྨོན་ལམ་དང་ཤེས་རབ་ཀྱི་མཐུས། །འབྲས་བུའི་ཆོས་ཉི་ཤུ་རྩ་ལྔ་གཞན་ལས་མིན་ཏེ་རང་ལས་ཐོབ་པའོ། །སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལ་སོགས་པ་རྨད་དུ་བྱུང་བའི་འབྲས་བུ་ཀུན་ཏུ་གྲགས་པ་སྟེ། སེམས་ལས་གཞན་ནས་ཡོད་པ་ཞིག་འདིར་འོང་མ་ཡིན་ཏེ། །རང་བྱུང་ཡེ་ཤེས་གནས་བྱ་གནས་བྱེད་མེད་པ་ཉིད་རང་སྣང་བ་ཡིན། །དེ་བས་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་འབྲས་བུའི་ཆོས་རྣམས། གཞན་ནས་ཡོད་པ་ཐོབ་པ་ལྟ་བུ་མ་ཡིན་པའི་ཕྱིར། །ཐབས་ཁྱད་པར་ཅན་ལ་བརྟེན་པའི་ཤེས་རབ་གསུམ་ཉིད་ཀྱི། འབྲས་བུ་གོང་གི་དེ་ལྟ་བུ་ཡི་ངང་དུ་སྣང་། །དེ་ཡང་དཔེར་ན་མུན་སྣང་བར་འགྱུར་བ་དང་རྩི་མ་ཀི་ཏས་དུག་སྨན་དུ་བསྒྱུར་བ་ལྟར། གནས་ལུགས་ཇི་བཞིན་པ་ཉིད་མངོན་དུ་གྱུར་པས་འཁོར་བ་མ་སྤངས་པས་འབྲས་བུ་དེ་ཉིད་མངོན་དུ་འགྱུར་བའོ། །དེས་ན་འཁོར་བ་མ་སྤངས་པར་རང་གྲོལ་བས་རྣམ་པར་དག །འཁོར་བ་མ་གྲུབ་པས་མྱ་ངན་འདས་རྒྱུ་མེད་དེ་མི་འདའ་ཡེ་ནས་རང་དེ་ལྟར་གནས་པ་ཉིད་མངོན་དུ་གྱུར། དེ་ལ་འགྲོ་བ་དང་གནས་པར་བྱ་བ་མིན། །རྟོགས་པ་ཐམས་ཅད་ཡེ་ཤེས་ཆེན་པོའི་ཚོགས་སུ་མངོན་དུ་ཤར་བའོ། །ཆོས་ཀུན་དེ་བཞིན་ཉིད་དུ་གཅིག་པ་མཉམ་དང་ཕྱོགས་སུ་འཛིན་པའི་མི་མཉམ་ཆོས་ཀུན་བཟང་ངན་བླང་དོར་མེད་པར་རྟོགས་པས་མཉམ་དང་དེ་ཉིད་སྒྲིབ་གཡོགས་མེད་པར་མངོན་དུ་གྱུར་པས་མཉམ། །དེ་བཞིན་ཉིད་དུ་བདག་གཞན་གྱི་དོན་བྱ་བ་དང་ཡུལ་དང་ཡུལ་ཅན་དུ་མི་བྱ་རྩོལ་བའི་བྱ་བ་མེད་མ་རྩལ་ལྷུན་གྱིས་གྲུབ་ལས་བྱས་པའོ། །འབྲས་བུ་ཡེ་ནས་ཡོད་པས་གྲུབ་དང་ཕྱོགས་རིས་སུ་ཡོད་པས་མི་འགྲུབ་འབྲས་བུ་རང་གནས་མངོན་སུམ་དུ་གྱུར་པས་ཐམས་ཅད་གྲུབ་པའོ། །དེ་ཕྱིར་རིག་འཛིན་གྱི་ཐ་སྙད་བྲལ་ཏེ་སངས་རྒྱས་པའོ། །མཐར་ཕྱིན་པའི་ལམ་རྣམས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ༈ །།རང་བཞིན་སྐུ་དང་ཡེ་ཤེས་རང་གནས་ཉིད་དུ་ཇི་ལྟ་བ་བཞིན་མངོན་སུམ་དུ་རྫོགས་པར་བྱས་པའི། །དབྱེར་མེད་རྡོ་རྗེ་འཛིན་པ་ཉིད་ལ་མོས་ཤིང་འདུད། སྲིད་པ་གྱི་ས་ལ་མངལ་སྐྱེས་ཀྱི་ཚུལ་རིམ་དང་རྫོགས་པ་བརྫུས་སྐྱེས་ཀྱི་ཚུལ་ཇི་ལྟ་བ་སྟེ་རིམ་དང་ཅིག་ཆར་གྱིས། །ལམ་གྱི་མངོན་དུ་བྱེད་པ་དོན་ཡོད་པར་བྱ་བའི་ཕྱིར་མཐར་ཕྱིན་པའི་འབྲས་བུ་སངས་རྒྱས་ཀྱི་དགོངས་པ་བཤད་པར་བྱའོ། །མཐར་ཕྱིན་འབྲས་བུ་མཚན་ཉིད་ནི་རིག་འཛིན་ཐ་མའི་གནས་སྐབས་ཀྱི་འབྲས་བུ་ཐ་མ་ནི་སངས་རྒྱས། འབྲས་བུའི་ངོ་བོ་དང་དགོངས་པ་བཞུགས་ཚུལ་དང་འབྲས་བུ་གོང་འོག་གི་ཁྱད་པར་གསུམ་གྱི། །ལུས་རྣམ་བཞག་གསུམ་རང་བཞིན་གྱི་མངོན་སུམ་དུ་འབྲས་བུའི་རྣམ་བཞག་སྣང་བ་རྣམས། །གནས་ལུགས་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །ལུས་གསུམ་སྔ་མ་འབྲས་བུའི་ངོ་བོ་བརྗོད་པར་བྱ་བ་ནི། སྐུ་དང་གསུང་དང་ཐུགས་ཉིད་དང་། །ཡོན་ཏན་དང་ཕྲིན་ལས་ལྔ་ངོ་མཚར་རྨད་དུ་བྱུང་བ། །དེ་ལྔ་རེ་རེ་ལའང་ལྔ་ཉིད་དུ་ཕྱེ་བས་འབྲས་བུའི་ངོ་བོར་ཉེར་ལྔ་གནས་སོ། །ཨེ་མའོ་ཞེས་པ་ནི་གཞན་ནས་ཡོད་འོང་མ་ཡིན་ཏེ་འབྲས་བུ་རང་གནས་མངོན་དུ་གྱུར་པ་ལ་ངོ་མཚར་ཞིང་མངོན་དུ་གྱུར་པའོ། །ཡང་དག་པའི་དོན་ཤེས་བྱའི་གནས་ལུགས་ཇི་བཞིན་མངོན་དུ་གྱུར་པ་རྫོགས་ལ་ཞེན་མཐའ་མ་ལུས་པར་གྲོལ་བས་སྐུ་ལྔ་ལྷུན་གྱིས་གྲུབ་པ་ལ་སོགས་ཏེ་ཡོན་ཏན་མ་ལུས་པར་རྫོགས་པས་སངས་རྒྱས་པའོ། །དེ་ལ་རྒྱལ་བའི་ནི་འཁོར་བའི་གཡུལ་ལས་རྒྱལ་བ་སྟེ་བཅུ་གཅིག་ཀུན་ཏུ་འོད་ཀྱི་སངས་རྒྱས་དང་ཡོ་ག་རིགས་ལྔའི་སངས་རྒྱས་ཏེ་འོག་མའི་རྒྱལ་བ་རྣམས་སོ། །རྒྱལ་བ་ནི་འཁོར་བའི་གཡུལ་ལས་ཀྱང་རྒྱལ་བ་སོགས་མའི་རྒྱལ་བ་ཕྱོགས་འཛིན་ཅན་ལས་ཀྱང་རྒྱལ་བ་སྟེ་འཁོར་འདས་གཉིས་ཀྱི་མཐའ་ལས་རྒྱལ་བས་སྐུ་ལྔ་ལྷུན་གྱིས་འགྲུབ་པའི་སངས་རྒྱས་སོ། །ལྷའི་ནི་རྒྱུད་རང་བཞིན་གྱིས་ཞི་ཞིང་བདག་གཞན་གྱི་དཔལ་དུ་གྱུར་པ་ཡིན་ཏེ། ཡོན་ཏན་ཕྱོགས་རེ་རྫོགས་པ་ཐུན་མོང་གི་ཐེག་པ་ཡོ་ག་མན་ཆད་ཀྱི། ལྷ། །ནི་དགོངས་པ་ཕྱོགས་བྲལ་ཞི་བ་ཆེན་པོའི་ངང་ལས་བདག་གཞན་གྱི་དཔལ་དུ་གྱུར་ཏེ་ཡོན་ཏན་ཕྱོགས་མེད་རྫོགས་པས་མ་ཧཱ་ལྷ་སྟེ་སངས་རྒྱས་སོ། །འཕགས་པའི་ནི་འཁོར་བའི་སྡུག་བསྔལ་ལས་ཀྱང་ཆེས་འཕགས་ཤིང་གྲོལ་ལ། རྣམ་བྱང་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་ལ་ཡོ་ག་མན་ཆད་ཀྱི་སངས་རྒྱས་ཡིན་པ་འཕགས་སོ། །འཕགས་པ་ས་ནི་འཁོར་བའི་སྡུག་བསྔལ་ལས་ཀྱང་ཆེས་འཕགས་པ་ཐེག་པ་འོག་མའི་ཕྱོགས་འཛིན་གྱི་སངས་རྒྱས་ལས་ཀྱང་ཆེས་འཕགས་འདིར་དགོངས་པ་མཉམ་ཉིད་དུ་རྫོགས་པའི་དཔལ་ལོ། །ཀུན་ཏུ་བཟང་པོའོ། །དེ་བཞིན་གཤེགས་པ་ནི་གནས་ལུགས་དེ་བཞིན་ཉིད་རྟོགས་པ་ཡིན་དབུ་མ་དུ་སྟོང་པ་ཉིད། ཀྲི་ཡ་བ་བདེན་པ་གཉིས་ལས་དོན་དམ་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་དང་། ཀུན་རྫོབ་ལྷ་དང་ལྷ་མོའི་དལ་དུ་རྟོགས་ནས། དེ་བཞིན་དུ་གཤེགས་ཏེ་དགོངས་པ་ཕྱོགས་བྲལ་བདེ་བ་ཆེན་པོའི་སངས་རྒྱས་རྣམས་སོ། །ལས་དེ་བཞིན་གཤེགས་པ་ནི་འཁོར་འདས་གཉིས་སུ་མེད་ཅིང་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་པ་ནི་དེ་བཞིན་ཉིད་དུ་འགྲོ་འོང་མེད་པར་གཤེགས་པ་མ་ཧཱ་མ་ཆགས་པདྨ་སྤྱན་གྱིས་སངས་རྒྱས་སོ། །བདེར་ནི་སྡུག་བསྔལ་གྱི་ཟུག་རྔུ་མེད་པས་བདེ་བ་སྤོང་འགེག་སྦྱང་བསྒྱུར་གྱི་སྒོ་ནས་ཟུག་རྔུ་བྲལ་ཏེ་ངང་གི་འབྲས་བུ་བདེ་བ་ཐོབ་ཅིང་གཤེགས་པ་འོག་མ་མན་ཆད་ཀྱི་གཤེགས་པ་རྣམས་སོ། །གཤེགས་ལས་ཀྱང་ནི་ཉོན་མོངས་ཤེས་བྱའི་སྒྲིབ་པ་ལ་སོགས་ཏེ་ཞེན་མཐའ་མ་ལུས་པ་ལས་གྲོལ་ནས་བདེ་བ་ཆེན་པོའི་ངང་དུ་གཤེགས་ཏེ་དགོངས་པ་ཕྱོགས་བྲལ་བདེ་བ་ཆེན་པོའི་ངང་ལས། འགྲོ་འོང་གསལ་འགྲིབ་མེད་པར་བཞུགས་པས་མ་ཧཱའི་བདེ་བར་གཤེགས་སོ། །བདེར་གཤེགས་པ། །རིན་ཆེན་ནོར་བུ་ལ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པ་བཞིན་ཏུ་འདིར་མ་ཧཱ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བྷུདྡྷ་ལ་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་ཡོད་པ་བཞུགས། །ཆོས་དྲུག་ལྡན་ཏེ་དགོངས་པ་ཚང་བ། རེ་བ་སྐོང་བ། ཟད་མི་ཤེས་པ། རྒྱུན་མི་ཆད་པ། རྟོག་པ་མེད་པ། བདེ་བ་ལ་དགོད་པའོ། །ནོར་བུའི་དཔེ་ཡིན་ཏེ། དེ་བཞིན་དུ་འདིར་ཡང་ཡོན་ཏན་མ་ལུས་པ་རྫོགས་པས་ཚང་བ་གདུལ་བྱའི་རེ་བ་སྐོང་བ། རྒྱུན་མི་ཆད་པ། མི་ཟད་པ། བདག་གཞན་དུ་རྟོག་པ་མེད་པ་བདེ་བ་ལ་དགོད་པའོ། །དེ་ལྟར་ཆོས་དྲུག་ནོར་བུའི་དཔེས་མཚོན་པ་ནི་འབྲས་བུ་ཆོས་ཉི་ཤུ་རྩ་ལྔ་རྫོགས་པའོ། །མཚོན་པ་ནི། །འབྲས་ཆོས་དུ་མར་སྣང་བས་གཅིག་དང་ཡོངས་རྫོགས་ངེས་ནས་མཐའ་དུ་མ་ཀུན་དང་བྲལ་བའོ། །དེ་ནས་གཅིག་དུ་མ་གཉིས་ཀའི་བདག་ཉིད་ཡིན་པས་ལྡན་ཆོས་ཀུན་རང་བྱུང་ཡེ་ཤེས་ལས་གཡོས་པ་མེད་དོ། །རྒྱལ་བའི་རྒྱལ་བའང་ཐམས་ཅད་ཀྱི་ངོ་བོར་གནས་པས་དེ་ཉིད་ཡི་རིགས་ཀུན་གྱི་དངོས་ཡིན་པས་རིགས་ཕྱོགས་གཅིག་ཏུ་མ་གྲུབ་པས་བྲལ་བ་སྟེ། འབྲས་བུའི་ཆོས་ཉི་ཤུ་རྩ་ལྔར་ལྡན་པས་རིགས་ཀུན་གྱི་ངོ་བོ་ཡིན་ལ། དེ་ཉིད་གདུལ་བྱའི་མོས་པ་བཞིན་དུ་དེའི་རིགས་ལྔ་གདུལ་བྱ་དང་མཐུན་པར་སྣང་བ་ལ། །ཡང་དག་ཉིད་དུ་ནི་རིགས་འདི་ཁོ་ནའོ། །ཞེས་ཕྱོགས་གཅིག་ཏུ་ངེས་པ་མེད། །རིགས་ལྔ་ཉིད་རེ་རེའང་རིགས་ལྔ་ལྔར་ལྡན་ཅིང་ཉེར་ལྔར་སྣང་བས། །རིགས་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ནི། ཐ་མའི་ཡང་ཐ་མ་བག་ལ་ཉལ་གྱི་དྲི་མ་ཞེན་པ་ཕྲ་མོ་བྲལ་བའི་ཕྱིར་སངས་བ་ཞེས་བྱ། མཁྱེན་པའི་ཡེ་ཤེས་འགྲོ་འོང་མེད་པར་ཕྱོགས་མེད་ཀུན་ཏུ་ཁྱབ་པས་རྒྱས་པ་ཞེས་བྱ། གནས་ལུགས་གཉིས་སུ་མེད་པ་དེ་བཞིན་ཉིད་ཀྱི། མཉམ་པའི་ངང་ཉིད་དུ་དགོངས་པ་འགྲོ་འོང་མེད་པར་གཤེགས་པ་ཆོས་སྐུ། པས་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་དུ་ཡེ་ཤེས་རང་གནས་ཀྱི་དགོངས་པ་བདེ་ཆེན་ངང་ཉིད་དུ། །སྤྲོས་པའི་ཟུང་ངུ་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ། ཀུན་བྲལ་བདག་གཞན་གཉིས་ཀྱི་དོན་གྱི་ཕྱིར་གཤེགས་པས་བདེ་བར་གཤེག་པ་ཞེས་བྱའོ། །སངས་རྒྱས་དང་སེམས་ཅན་ཐམས་ཅད་གཉིས་སུ་མེད་པར་སེམས་ལ་འདུས་ཤིང་སོན་པས་འཁོར་འདས་ཐམས་ཅད་ལ་དབང་བསྒྱུར་བས། དབང་ཕྱུག་ཆེན་པོའི་ཐབས་ཤེས་རབ་དབྱེར་མེད་དང་འཁོར་འདས་དབྱེར་མེད་ལོངས་སྤྱོད་སྐུར་བཞུགས་པས་དབང་ཕྱུག་ཆེན་པོ་ཞེས་ཀྱང་བྱ། ཡབ་ཡུམ་གསང་བའི་དབང་པོ་ཐབས་ཤེས་རབ་དབྱེར་མེད་འདུ་འབྲལ་མེད་པས་གསང་བའི་སྐུ་ཞེས་བྱ། དངོས་པོ་འཁོར་འདས་གཉིས་ཀྱིས་བསྡུས་པ་ཐམས་ཅད་ལ་བདེ་ལོངས་སྤྱོད་པས་ལོངས་སྤྱོད་པའི་སྐུ་ཞེས་བྱའོ། །སྐུ་དེ་ཉིད་ཆ་རེ་བརྗོད་པ་ནི། །འཇིག་རྟེན་འདས་པ་སངས་རྒྱས་དང་མ་འདས་པ་འཁོར་བ་ཀུན་གྱིས་བསྡུས་པའི། དུས་གསུམ་ཆོས་ཀུན་ཆོས་ཉིད་དེ་བཞིན་ཉིད་དུ་གཅིག་པ་ངོ་བོ་རང་བྱུང་གི་ཡེ་ཤེས་མཐའ་ཡས་པ་ཡི། །རྒྱལ་བ་ཉིད་ཡིན་པའི་ཕྱིར་འཁོར་འདས་སྣ་ཚོགས་པའི་ཆོས་ཀུན། སྣང་ལ་རང་བཞིན་མེད་པའི་རྣམ་པ་མཆོག་ལྡན་གྱི་སྟོང་པ་ཆེན་པོ་ཡིན་ཕྱིར། །རྟོགས་པ་མངོན་དུ་གྱུར་པ་དེ་ཉིད་དྷརྨཱ་ནི་ཆོས་ཀ་ཡར་སྐུ་སྟེ་སྣང་སྟོང་གཉིས་སུ་མེད་པའི་ཆོས་སྐུར་གནས་པའོ། །འཁོར་འདས་གཉིས་ཀྱི་བསྡུས་པའི་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་སྣང་བས་མངོན་ཞེས་བྱ། ཕྱོགས་འཛིན་གྱི་ཞེན་མཐའ་ཀུན་ཀུན་དང་བྲལ་བས་ཀྱང་འཁོར་འདས་ཀྱི་ཆོས་ཀུན་འདུས་ཤིང་ཀུན་ཆུབ་པའི་པས་ན་ཆུབ། བསྒྲིབ་གཡོག་མེད་པར་རང་གསལ་བའི་རང་བྱུང་ཡེ་ཤེས་ཆེན་པོ་ཉིད། །འཁོར་འདས་ཀུན་གྱི་ངོ་བོ་གཞི་བྱེད་ཅིང་གདུལ་བྱ་གང་ལྟར་འདུལ་བ་ལྟར་སྣང་བའི་ཕྱིར་སྐུའི་མཆོག་ཡིན་ནོ། །འདོད་ཁམས་ཀྱི་གནས་མཐའ་མ་དམྱལ་བ་ནས་རྫོགས་པའི་སངས་རྒྱས་ཀྱི་བར། །ངན་སོང་གསུམ་གྱི་སྡུག་བསྔལ་ཀུན་དང་འདོད་ཁམས་ལྷ་མི་དང་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་འཇུག་བཞི། ཉན་ཐོས་འགོག་སྙོམས་འཇུག་དང་རང་རྒྱལ་གྱི་ཞི་བ་ཕྱོགས་གཅིག་པ་བྱང་སེམས་ཀྱི་བཏང་སྙོམས་གསང་སྔགས་ཀྱི་བདེ་ཆེན་སོགས། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཡུལ་དང་ཡུལ་ཅན་གྱི་རྟོག་པ་མེད་པར་ཀུན་ལ་རོལ་ཅིང་ལོངས་སྤྱོད་ཆེ་བས་ལོངས་སྤྱོད་རྫོགས་པའི་སྐུའོ། །རྟ་བདུན་ནི་ཉི་མ་སྟེ་སྔོན་གླིང་བཞི་ལ་མངའ་མཛད་པའི་འཁོར་ལོས་སྒྱུར་བའི་ཤིང་རྟའི་བང་འགྲོས་བདུན་དང་མཉམ་པས་རྟ་བདུན་ཞེས་བྱའོ། །ཡང་ན་རླུང་གི་རྟ་བདུན་གྱིས་འདེགས་པས་བསྐྱོད་པར་བྱེད་པས་ཀྱང་རྟ་བདུན་ཞེས་བྱའོ། །རི་བང་ཅན་ནི་ཟླ་བ་སྟེ་བྱང་ཆུབ་སེམས་དཔའི་རི་བོང་ཉིད་ཀྱི་གཟུགས་ལྷའི་དབང་པོས་ཟླ་བ་ལ་བྲིས་ནས་ཡོད་པས་རི་བོང་ཅན་ཞེས་བྱ་ཉིད་ཀྱིས། །གཞལ་ཡས་ཁང་ལས་མ་གཡོས་བཞིན། །ཆུ་དང་ཀུན་ཏུ་ཉི་ཟླའི་གཟུགས་བསྙན་ཐ་དད་སྣང་བ་ལྟར། །སྐུའི་ངོ་བོ་དགོངས་པ་ལ་འགྲོ་འོང་མེད་པར་གདུལ་བྱ་འདུལ་བའི་ཕྱོགས་མེད་ཀུན་ཏུ་སྤྲུལ་ནས་མཛད་པ་སྤྲུལ་སྐུ་མཆོག་ཡིན་ནོ། །དཔེར་ན་ཇི་ལྟར་ནམ་མཁའ་ལ་སྐྱེ་འཇིག་མེད་པ་ལྟར། །སྤྲུལ་སྐུ་ཅིར་ཡང་འགྱུ་ཞིང་ཅིར་ཡང་སྣང་བས་མི་རྟག་ཀུན་དངོས་ལྟར་སྣང་ཡང་རྟག་པ་ཆེན་པོ་ངོ་བོ་ལ་དེ་བཞིན་ཉིད་དུ་གཞན་དུ་འགྱུར་བ་མེད་པ། གཉིས་མེད་རྡོ་རྗེའི་སྐུ་མཆོག་སྐྱེ་འཇིག་མེད་པ་ལ། རྡོ་རྗེའི་སྐུ་ལྔ་པ་དབྱེར་མེད་རྡོ་རྗེའི་སྐུ་ཉིད་དུ་རབ་ཏུ་གྲགས། །སྐུ་ལྔས་སོ་སོར་འདུལ་བ་ལ་ཆོས་སྐུའི་འཁོར་ཡེ་ཤེས་ཀྱི་འཁོར་སྟེ་ངོ་བོ་མངོན་པར་བྱང་ཆུབ་པའི་སྐུའི་འཁོར་རྒྱལ་བ་རྒྱ་མཚོའི་ཚོགས་དང་ལོངས་སྐུའི་སྨིན་པ་རྒྱ་མཚོའི་འཁོར་ཤེས་བྱ་ཡི། །སྒྲིབ་པ་མཐའ་མ་ཤེས་སྒྲིབ་སྤོང་བའི་སེམས་དཔའ་ཆེའི་སྟེ་ལོངས་སྤྱོད་རྫོགས་པའི་འཁོར་སྨིན་པ་རྒྱ་མཚོ་དང་ས་བཅུའི་བྱང་ཆུབ་སེམས་དཔའམ། དེ་རྣམས་སྟོན་པའི་ཞལ་མཐོང་། གསུང་ཐོས་དགོངས་པ་ལོངས་སྤྱོད་ཕྱིར་འཁོར་ཞིང་མིང་མ་གྲུབ་པའོ། །མངོན་པར་བྱང་ཆུབ་པའི་འཁོར། རྒྱལ་པོ་ལྔ་སོགས་རྒྱུད་སྤྱངས་ནས་ནི་གསང་སྙིང་ལས། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཚོར་བའི་དང་། འདུ་ཤེས་ཀྱི་དང་། འདུ་བྱེད་ཀྱི་རྒྱལ་པོ་ལྔའོ། །དེ་ལའང་ལས་སྦྱོང་གྱི་སེམས་དཔའ་ཆེན་པོ་ནི་བསྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་པའོ། །དེའང་རྒྱལ་པོ་ལྔ་ནི་བསྒོམ་ལམ་དང་མཐར་ལམ་དང་སངས་རྒྱས་ཀྱི་ས་སྟེ་ཁྱད་པར་རིམ་གྱིས་ཤེས་པར་བྱའོ། །སྤྲུལ་སྐུའི་འཁོར་རྒྱུའི་མོས་པས་སྤྱོད་པའི་འཁོར་དང་པོ་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་དང་། མི་འགྱུར་རྡོ་རྗེའི་འཁོར་རྡོ་རྗེའི་ཚོགས་ལ་སོགས་པ་སྟོན་པའི་ཞལ་མཐོང་ཕྱིར་རྡོ་རྗེའི་འཁོར་གྱི་མིང་འགྲུབ་བོ། །འཁོར་ལྔ་པོ་དེ་ལ་དེའི་དགོངས་པ་གསུང་ལྔ་བཤད་པ་ནི་སྤྲུལ་སྐུས་ཚིག་ཏུ། བརྗོད་པ་དང་སྐུ་བཞིས་ཚིག་ཏུ་མ་གསུང་ཀྱང་ཚིག་ཏུ་བརྗོད་པ་དང་འདྲའི་བར་གོ་བར་བྱེད་པའི་ཕྱིར་དོན་ལ་ངེས་པ་ནི་གསུང་གི་ཚིག་དང་ལྡན་པས། ཡི་གེ་མེད་པར་འཇལ་བར་བྱེད་པ་རྒྱལ་བའི་སྐུ་བཞིའི་གསུང་བཞིའོ། །སྤྲུལ་སྐུའི་གསུང་ཡི་གེ་དྲུག་བཅུ་ནི་སྤྲུལ་སྐུའི་རྩ་བའི་གསུང་དབྱངས་ཏེ་དྲུག་བཅུའམ་དེ་ལ་ཡི་གེའི་གསུང་རྩ་བ་དྲུག་ནི་བྲིང་ངེ་བ་དང་། དུང་ངེ་བ་དང་། ཤ་ཏཱ་བ་དང་། གར་ཙ་བ་དང་། ཅང་ཀུ་དེའུ་དང་། པང་ཀང་དེའུའོ། །དེ་ལ་དྲུག་བཅུ་སྟེ་དེ་རེ་རེ་ལ་བཅུ་སྟེ་མདོ་ལས་གསུངས་པ་ཆེ་བ་དང་། ཡོངས་སུ་ཁྱབ་པ་དང་། གོ་བར་མྱུར་བ་དང་། ཐེ་ཚོམ་གཅོད་པ་དང་། ཅི་ལ་ཡང་སྙེལ་དང་། ཉེ་ཚེར་སྟོན་པ་དང་། ཀུན་ནས་འཇུག་པ་དང་། འདུན་པ་བསྐྱེད་པ་དང་། ཁྱད་པར་དུ་རླང་པ་དང་། ཐམས་ཅད་འདུ་བའོ། །དེ་ལྟར་གསུང་གི་ཡན་ལག་དྲུག་ཅུའི་དེ་ལ་སུམ་བརྒྱ་དྲུག་ཅུ་ནི། དེ་ལ་འགྲོ་བ་རིགས་དྲུག་གི་སྐད་དུ་རེ་རེ་ལ་ཡང་དྲུག་ཅུར་ཕྱེ་བས་སུམ་བརྒྱ་དྲུག་ཅུའོ། །དེ་ལྟར་གསུང་དབྱངས་དྲུག་ལ་བཅུ་རེ་ཕྱེ་བས་དྲུག་བཅུ་དང་དེ་ལ་དྲུག་ཅུ་རེ་ཕྱེ་བས་དྲུག་ཅུ་ཐམ་པ་དང་སུམ་བརྒྱས། །དོན་གོ་ཞིང་བརྡ་འཇལ་བ་བྱེད་པས་སྤྲུལ་སྐུའི་གསུང་དང་ལྔ་ཉིད་ཚུལ་དེ་གོ་བ། །འཁོར་ལྔ་སོ་སོ་ཉིད་དང་ཁྱད་པར་གསང་བདག་གིས་གསུང་ལྔ་གོ་བར་ནུས་པའི། གསུང་ལྔ་ལྷུན་གྲུབ་གྱི་སྙན་ཆ་ལྔ་དང་ལྡན་པའི་ཕྱིར་གསུང་ལྔ་ཐོས་པས་གསང་བདག་ཉིད་ཀྱིས། གསང་བའི་རྒྱུད་བཤད་པ་རྣམས་ཐོས་ཞེས་གསུངས་པའོ། །ཆོས་ཀུན་གཉིས་སུ་མེད་ཅིང་རང་བཞིན་གྱིས་འབྲེལ་པ་ཡོད་པ་དང་འཁོར་གྱི་སྒྲིབ་པ་དག་སྟེ་ཤེས་རབ་ཀྱི་དབང་པོ་དྭངས་བས་སོ། །དཔེར་ན་དྭངས་བའི་ཆུ་ལ་ཉི་ཟླའི་གཟུགས་བརྙན་བཞིན། །ཆོས་ཐམས་ཅད་མ་སྐྱེས་སྐྱེ་མེད་ཆོས་སྐུ་དོན་གྱི་གསུང་མཆོག་གིས། །ཚིག་ཏུ་སྨྲ་བརྗོད་མེད་པར་རྣམ་པར་སྣང་བར་མཛད་དོ། །མངོན་བྱང་བྱིན་རླབས་ཀྱི་གསུང་རང་རིག་པའི་ཡེ་ཤེས་ལ་མིང་ཡེ་ཤེས་ལྔ་པ་མཚོན་པ་གོང་གི་དེ་བཞིན་དུ་འཁོར་འདས་ཀྱི་ཤེས་རབ་དབང་པོ་དང་རང་བཞིན་གྱིས་འབྲེལ་བཡོད་པའི་བྱིན་རླབས་ཀྱིས། །ཤེས་བྱ་རང་བཞིན་གསང་བའི་སྙིང་པོའི་རྒྱུད་རྣམས་ལ། །ནམ་མཁའ་ལ་ཉི་མ་ཤར་བ་ལས་དྲོད་བྱུང་བ་ལྟ་བུར་འཁོར་གྱི་ངོ་ལ་གསལ་བར་སྣང་བའོ། །ལོངས་སྐུའི་དགོངས་པ་དཔེར་ན་མེ་ལོང་ལྟ་བུར་སྐྱོན་སེལ༡། ལེགས་པ་སྐྱེད༢། གསལ་བར་བྱེད༣། རྐྱེན་སྣང་བྱེ་བྲག་ཕྱེད༤། རྩོལ་བ་མེད༥། འདུ་བྱེད་པ༦། ལྡན་པ་མ་ཡིན༧། མི་ལྡན་པ་མ་ཡིན་༨པ་སྟེ། ཆོས་བརྒྱད་ཀྱིས། །མཚོན་པའི་དབང་ཕྱུག་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་མདུན་དང་རྒྱབ་མེད་པས་ཞལ་ཕྱོགས་བཅུར་ཐལ་ལེ་བ་ཐུགས་མཉམ་པར་འཇོག་མི་འཇོག་མེད་པ་གསལ་འགྲིབ་མེད་པར་སྣང་དེ་འཁོར་གྱིས་མཐོང་བས་རང་གི་ལྷན་གཅིག་གནས་པའི་སྒྲིབ་པ་ངོས་ཟིན་པས་གྲོལ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་ཞེས་རིག་པ་འཛིན་པའི་གསང་སྔགས་ཀྱི་རྣལ་འབྱོར་པའི་རྒྱུད་སྨིན་པ་རྒྱ་མཚོ་ལ་རྡོ་རྗེ་ཐེག་པའི་དོན་སྣང་བར་བྱེད་དོ། །སྤྲུལ་པའི་སྐུས་འཁོར་བ་ལས་གྲོལ་ཐར་པའི་གནས་སུ་བགྲོད་པའི་ལམ་དང་ཆོས་སྟོན་པས་འཁོར་གྱི་སྒྲ་སྐད་གྲགས་པ་རྣམས་སྤྲུལ་སྐུ་གསུང་དབྱངས་དྲུག་གི་ཆོས་སྟོན་པ་དེ་རྩ་བ་ཚང་པའི་དབྱངས་ལ་ཡན་ལག་སུམ་བརྒྱ་དྲུག་ཅུའི་ཚུལ་གྱིས། ལྷ་ཚངས་པའི་ངག་ལྟར་གདུལ་བྱ་ལས་ཅན་ལ་མངོན་དུ། སྣང་བ་དེ་ཤ་ཡི་རྣ་བ་དང་ལྡན་པས་ཐོས་སོ། །རྡོ་རྗེའི་གསུང་གིས་གདུལ་བྱ་རྣམས་ཇི་ལྟར་འདུལ་བ་དང་འདུལ་བར་སྣང་བའི་འཁོར་ལ། རྡོ་རྗེའི་སྐུའི་གསུང་རྣམས་ནི་དཔེར་ན་བྲག་གི་ངོས་ལ་སྒྲས་རྐྱེན་པའི། །བྲག་ཆ་སྒྲ་ལྟར་དུ་གྲགས་པ་དང་སྟོང་པ་དབྱེར་མེད་པས། །འཁོར་གྱིས་མཐོང་བ་དང་ཐོས་པར་བྱེད་པའང་རྡོ་རྗེའི་སྐུ་དེ་ཉིད་ཀྱི་མཐུའོ། །ཐུགས་སྟོང་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ནི་དངོས་པོ་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་རྩ་བ་དང་ཡན་ལག་ཕྲ་བ་དང་བཅས་པ། ཐམས་ཅད་སེམས་ཆེན་པོ་ཡིན་པའི་ཕྱིར་ན རྣམ་པ་མཆོག་ལྡན་གྱི་སྟོང་པ་ཆེན་པོའི། །ཡེ་ཤེས་དེ་ཉིད་སྤྲོས་པའི་ཟུག་རྔུ་གང་ཡང་མ་འགགས་པ་ལྡན་གོང་གི་མཐར་མ་ལྟུང་བ་བྲལ་བའི། །དགོངས་པ་བདེ་བ་ཆེན་པོ་མཆོག་གི་ཐུགས། །དཔེར་ན་ནམ་མཁའ་ལྟ་བུར་སེམས་ཡེ་ནས་གསལ་ཞིང་སྟོང་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ཆོས་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་དབྱེར་མེད་པ་ཆོས་ཀུན་དེ་བཞིན་རྟོགས་པས། ཡུལ་དང་ཡུལ་ཅན་མེད་པར་མེ་ལོང་ལྟ་བུར་གསལ་བའི་ཕྱིར། རང་རིག་པའི་མངོན་སུམ་ནི་མངོན་སུམ་ཀུན་གྱི་མཆོག་ཡིན་ཏེ། །རྣམ་པར་མི་རྟོག་མཆོག་གི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དཔེར་ན་འབྱུང་བ་ཆེན་པོར་ལྔ་ལྟ་བུར་ཆོས་རྣམས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ། །བཟང་ངན་དུ་མི་འབྱེད་བླང་དོར་གཉིས་སུ་མེད་པར་མཉམ་ཉིད་མཁྱེན་ཞིང་། དགོངས་པ་ཆོས་ཉིད་མཉམ་པ་ཉིད་ལས་མི་གཡོ་བའི། མཉམ་པ་ཆེན་པོ་མཆོག་གི་ཐུགས་ཏེ་མཉམ་ཉིད་ཀྱི་ཡེ་ཤེས་སོ། །ཐུགས་རྗེ་ཆེན་པོས་ལས་དང་ཐུགས་རྗེའི་འབྲེལ་བ་དང་། །ཆོས་ཀུན་དེ་བཞིན་ཉིད་ཀྱི་དབྱིངས་ལས་མི་གཞན་པ་མཁྱེན་པའི་ཕྱིར། །ལམ་པ་ལྟར་དོན་བྱ་བ་དང་བྱེད་པ་དེ་གཉིས་སུ་མེད་པར་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་བ་འཁོར་བ་ལས་སྒྲོལ་བའི་ཐུགས་རྗེ་ཆེན་པོ་ཡིན་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཆོས་ཉིད་དང་ཆོས་ཅན་ལ་སོགས་ཕྱོགས་རིས་ཀུན་དང་བྲལ་བས། ཆོས་རང་དང་སྤྱིའི་མཚན་ཉིད་དབྱེར་མེད་པར་ཆོས་ཀུན་དུས་གཅིག་ཏུ། །དཔེར་ན་མཁའ་ལ་འཇའ་ཆེན་པོ་སྣང་བ་སོ་སོར་སྣང་ཡང་མ་འདྲེས་པ་ལྟར་སོ་སོར་གསལ་བ་ནི། །སོ་སོར་གསལ་ལ་དབྱེར་མི་ཕྱེད་པས་རྡོ་རྗེའི་ཐུགས་མཆོག་གོ་སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཞིང་ཁམས་ཀྱི་ཡོན་ཏན་ཕྱོགས་བཅུ་དུས་བཞིས་བསྡུས་པའི་ཤེས་བྱའི་དལ་མ་ལུས་མི་ལུས་ལུས་པ་མེད་པ་རྣམས། རང་རྒྱུད་པ་མེད་པར་རིག་པ་རང་སྣང་བ། །སེམས་ཉིད་ཀྱི་ངོ་བོ་ཡིད་བཞིན་ནོར་བུ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྤྲིན་ཚོགས་ཀྱིས་བརྒྱན་པ། ཕྱོགས་བཅུ་མ་ལུས་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་ཡོན་ཏན་ནོ། །འབྲས་བུའི་ཆོས་གྱིས་ཆེ་བའི་ཡོན་ཏན་འབད་མེད་ལྷུན་རྫོགས་ཀུན་རིག་པ་རང་སྣང་བའི། །རྟེན་གཞལ་ཡས་ཁང་དང་གཟུང་བ་ཡུལ་དག་འཛིན་པ་སེམས་གཉིས་དང་། །བྲལ་བའི་རང་རིག་པ་ཉིད་མ་བརྟེན་པ་ལྷ་དང་། །རྟེན་ཅན་གཞལ་ཡས་ཁང་གཉིས་སུ་མེད་པ་ཉིད་རྒྱལ་བ་ཀུན་གྱི་གནས་ཡིན་ནོ། །ཆོས་ཀུན་མ་སྤངས་རང་རིག་པའི་ཡེ་ཤེས་སུ་ལྷུན་གྱིས་རྫོགས་པའི་ཕྱིར། །སྐུ་ལ་རཏྣ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ་དང་དཀྱིལ་འཁོར་ཆེན་པོ་རྒྱན་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །རང་བཞིན་གྱིས་སེམས་ཉིད་མ་བསྒྲིབས་པར་ཡེ་ཤེས་རང་སྣང་གསལ་བའི་ཕྱིར་དེའི་རྟགས། ཁ་དོག་སྣ་ཚོགས་པ་ཡེ་ཤེས་ཀྱི་འོད་ཟེར་ཕྱོགས་བཅུར་རང་གསལ་བའོ། །གདན་ཁྲིའི་ཡོན་ཏན་སྟོབས་སོགས་འབྲས་བུ་ཀུན་རྫོགས་ཕྱིར། །གདན་སྟོབས་བཅུ་རྫོགས་པར་གླང་པོའི་ཁྲི་དང་དེ་བཞིན་དུ་སེང་གེ་མི་འཇིགས་དང་། རྨ་བྱ་དབང་བཅུ་རྟ་མཆོག་རྫུ་འཕྲུལ་གྱི་རྐང་པ་བཞི་ཕྲིན་ལས་བཞི་རྫོགས་པས་ཤང་ཤང་གི་ཁྲི། ལྔའི་བྱེ་བྲག་རང་སྣང་བའོ། །ཕྲིན་ལས་ལ་གདུལ་བྱའི་དོན་བྱ་བའི་ཕྱིར་ཕྲིན་ལས་ཐ་དད་པ་བསྡུ་ན་བཞི་སྟེ། མ་ཞི་བ་དང་ཁྲོ་བ་དང་མི་མོས་པ་དང་ཚེ་བསོད་ཉམས་པ་དང་། བཞིའི་ཕྱིར་འདུལ་ཐབས་ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞིའི་རོལ་པ་རྣམས་གདུག་སེམས་ཞི་བ་མ་རུང་བ་བསྒྲལ་བ། མོས་ཤིང་དབང་དུ་བྱ་བ། ཚེ་བསོད་རྒྱས་པར་བྱའོ། །དེ་ལྟར་གང་ལ་འཚམས་པའི་མོས་པ་དང་མཐུན་པར་འདུལ་བར་མཛད་དོ། །ལས་རྣམ་པ་བཞིའི་བྱེ་བྲག་འདུལ་ཐབས་ཐ་དད་པ་ལ། ཕྲིན་ལས་རེ་རེའང་རིགས་ལྔ་ལྷུན་གྲུབ་ཀྱི་དང་། རྡོར་སེམས་དྲག །རྣམ་སྣང་ཞི། རིན་འབྱུང་རྒྱས། མཐའ་ཡས་དབང་ལྔ་ལྔ་ཚུལ་གྱིས་ཕྱེ་བས་གདུལ་བྱའི་ངོ་སྣང་ངོ་། །ཕྲིན་ལས་བཞི་པོ་དེ་ཞི་རྒྱས་དབང་དྲག་རིགས་བཞིའི་ཆ་འཛིན་པར་བྱེད་པ་དང་། ལྔ་པ་ལས་ཀྱི་རིགས་ལ་ཕྲིན་ལས་ལྔ་ཀ་ལྷུན་གྱིས་གྲུབ་པའོ། །རིགས་རྣམ་པ་བཞི་ཡིས་འདུལ་བར་མཛད་པ་དེ་ཡང་། ཕྱོགས་མཐུན་པའི་ཆ་ནས་ཡིན་ཀྱི་གདུལ་བྱ་འདུལ་བའི་རིགས་ཕྱོགས་སུ་ཆད་པ་མ་ཡིན་ནོ། །གང་གི་དེ་ལྟར་སྦྱངས་བའི་མཐའ་མའི་རྒྱལ་ཚབ་དུ་གྱུར་པའི་སྐྱེས་བུ་དེའང་སངས་རྒྱས་པ་ལ། །གདུལ་བྱའི་སྣང་ངོར་རིགས་ལྔ་སོ་སོའི་ཆ་རེ་འཛིན་པར་བྱེད་ཀྱང་། །རིགས་ལྔ་དེ་དག་ལས་ཅིག་ཤེས་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་རྒྱལ་བ་དྲུག་པ་ནི་ཀུན་གྱི་ངོ་བོ། །ཉིད་དུ་བཞུགས་པའོ། །སྔ་ཕྱི་བྱོན་པའི་འདས་མ་འོང་གི་སངས་རྒྱས་རྣམས་ནི་དྲང་བ་ཙམ་དུ་སྨྲོས་པའོ། །དེ་ཡང་སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །རྒྱལ་བ་དྲུག་པའི་དགོངས་པའི་བཞུགས་ཚུལ་ནི་ཚིག་ཏུ་སྨྲ་བ་དང་བློས་བསམ་པ་དང་ངག་གི་བརྗོད་པའི་མཐའ་ལས་འདས་པའོ། །སངས་རྒྱས་དེའི་དོན་ཕྱོགས་རེ་ཙམ་དུ་བརྗོད་པར་བྱ་བ་ནི། དྲང་བའི་དོན་དུ་སྔ་མ་བྱང་སེམས་དང་ཕྱི་མ་སྔགས་ཕྱི་བའི་སངས་རྒྱས་པ་ནི། དོན་དམ་བདེན་པ་སྟོང་པ་སྤྲོས་བྲལ་གཅིག་པུར་མཐར་ཕྱིན་ནས་ཆོས་སྐུ་ཐོབ་པར་འདོད་ཀྱང་མཐར་ཐུག་གི་འབྲས་བུ་མ་ཡིན་པའི་ཕྱིར་ན། དབུ་མ་བཞིན་ཆུ་ལ་ཆུ་ཐིམ་པ་ལྟར་སངས་རྒྱས་རྣམ་རྒྱུད་གཅིག་ལྟ་བུའི་བདེན་པ་མེད་དོ། །དབུ་མ་ལས་ཅིག་ཤོས་ཀུན་རྫོབ་བདེན་པར་མཐར་ཕྱིན་པའི་འབྲས་བུ་འདོད་ནའང་དེ་མཐར་ཐུག་མ་ཡིན་པས། །སེམས་ཙམ་དུ་ཀྲི་ཡོག་ལྟར་རྒྱུད་སོ་སོ་ཐ་དད་སྤྱི་ཆ་དང་རིགས་སུ་ཆད་པའང་མེད་དོ། །འོ་ན་ཇི་ལྟར་ཡིན་ན་འདིར་མ་ཧཱ་ཡོ་གའི་བདེན་པ་གཉིས་དབྱེར་མེད་རྟོགས་པའི་དོན་ལ་དབང་བསྒྱུར་བ་ན། བདག་དོན་ཆོས་སྐུ་དང་དང་གཞན་དོན་གཟུགས་སྐུ་གཉིས་གྱི་དོན་བྱ་བ་ལ་གཉིས་སུ་མེད་དེ། །སོ་སོར་དབྱེར་མེད་པའི་ཕྱིར་དང་དེར་སོན་ཏེ་མཐར་ཕྱིན་པས། །ཡོད་མེད་ལ་སོགས་པའི་མཐའ་རྣམས་ཀུན་གྱི་ཕྱོགས་སུ་མ་རུང་བས་མཐའ་བྲལ་གང་དུ་ཡང་མ་འགགས་པས་མཐའ་ཀུན་ལྡན་པར་ཡེ་ཤེས་རང་སྣང་ཉིད་ཞེན་པའི་མཐའ་ཀུན་བྲལ་བར་རང་རིག་པའི་མངོན་སུམ་དུ་བྱས་པ་ལ། འབྲས་བུ་སངས་རྒྱས་ཞེས་པ་འདི་ཡིན་ཞེས་ཚིག་ཏུ་མིང་གིས་བརྗོད་པའི་ངོ་བོ་གཅིག་ཐ་དད་འདི་འདྲར་གནས་སོ་ཞེས་སྨྲ་ཞིང་རྟོགས་པ་དཀའ་འོ། །སེམས་ཙམ་དང་ཕྱི་རྒྱུད་དགོངས་པ་ངོ་བོ་གཅིག་ལ་སྦྱངས་པའི་ཡེ་ཤེས་རྒྱུད་གཅིག་ཏུ་འདྲེས་པ་མིན་ཏེ། དཔེར་ན་ཤིང་གི་མེ་དཔུང་གཅིག་ལ་ཤིང་སོ་སོའི་མེ་མ་འདྲེས་པར་ལྟར་བརྗོད་པ་ནི། དྲང་བའི་དོན་ཙམ་དུ་བསྟན་པ་སྟེ་དེ་ཉིད་ནི་ངེས་དོན་མིན། །དབུ་མ་ལྟར་ཆུ་ལ་ཆུ་ཐིམ་པ་ལྟར་དགོངས་རྒྱུད་གཅིག་ཏུ་འདོད་པའང་དེའི་དོན་གང་བཞིན་འོ། །ངེས་པའོ་དོན་ལ་བདེན་པ་དབྱེར་མེད་པའི་ཚུལ་གྱིས་དོན་དམ་དང་ཀུན་རྫོབ་ཕྱོགས་རེར་འདོད་པ་ལ་སྐྱོན་བརྗོད་པས། །ཕྱོགས་དང་རིས་ཀྱི་དྲི་མ་དག་པའི་ཡེ་ཤེས་ཉིད་ཕྱོགས་གཅིག་ཏུ་གནས་པ་མ་ཡིན་པས་ནི། ཏན་ཏྲ་སྟེ་རྒྱུད་རྒྱས་པ་ཉིད་ལ་གྲགས་པ་དང་། །བདེ་བར་དེ་བཞིན་ཉིད་དུ་གཤེགས་པ་དང་དགོངས་པ་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་དང་མཉམ་པ་ཆེན་པོ་ཡི། །ངང་དུ་བྱོན་ཞེས་རྒྱུད་ལས་གསུངས་ཏེ་མཐར་ཕྱིན་པའི་རྒྱུད་ལ་སོགས་པ་ལས་རྒྱས་པར་བརྗོད་པ་ཡང་། །ཆོས་ཀུན་ཀུན་རྫོབ་དོན་དམ་མཉམ་པ་ཉིད་ཀྱི་བདེན་པ་གསུམ་དབྱེར་མེད་པ་ཡིན་པའི་ཕྱིར་ན། ངེས་པར་འི་དོན་དུ་རྒྱུད་འདྲེས་ཏེ་གཅིག་པ་དང་མ་འདྲེས་ཏེ་ཐ་དད་པའི་རང་རྒྱུད་ཕྱོག་གཅིག་པའི། །ཐ་སྙད་ཐམས་ཅད་དང་བྲལ་བའི་ཚུལ་དུ་གནས་སོ། །གསང་བའི་ཐེག་པ་ཐུན་མོང་མིན་པའི་ཐེག་པ་ཆེན་པོ་རྒྱལ་བ་དྲུག་པ་དེའི་མིང་གི་གྲངས་ནི། བདེ་བར་གཤེགས་པ་དང་དེ་བཞིན་གཤེགས་པ་དང་། །བཅོམ་ལྡན་འདས་དང་སངས་རྒྱས་དང་། །དགྱེས་པ་ལོངས་སྤྱོད་ཆེན་པོ་ཞེས་བརྗོད་པ་ལ་སོགས་མིང་གི་རྣམ་གྲངས་མཐའ་ཡས་ཀྱང་། །ལུས་མདོར་བསྟན་པ་ལ་ངོ་བོའི་ཁྱད་པར། ཚུལ་གྱི་ཁྱད་པར། མིང་གི་རྣམ་གྲངས་ཀྱི་ཁྱད་པར་གསུམ་གྲངས་ཀྱི་ཁྱད་པར་ཙམ་བརྗོད་ན། མདོ་རུ་བརྗོད་པའི་འབྲས་བུའི་ཁྱད་པར་ཁོང་དུ་ཆུབ་པར་གྱིས། །མ་ཧཱའི་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་དེ་རེ་རེ་ལའང་ལྔ་ལྔར་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་། དབུ་མ་ཀྲི་ཡོག་གི་རྒྱལ་བ་གསུམ་སྟེ་རྫོགས་པའི་སངས་རྒྱས་ཐེག་པ་སོ་སོ་ཡི་གཞུང་གི། གྲུབ་པའི་མཐའ་རང་ས་མཐར་ཕྱིན་པ་ཡི་སངས་རྒྱས་དང་མ་ཧཱའི་ཁྱད་པར་ཡོད་དེ་འཕགས་ལ། །གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་ནི་དབུ་མ་པས་བཅུ་གཅིག་ཀུན་ཏུ་འོད་གཅིག་པུ་འདོད་པ་དང་། ཀྲི་ཡ་རིགས་གསུམ་རྡོ་རྗེ་འཛིན་དང་། ཨུ་པ་རིགས་བཞི་རྡོ་རྗེ་འཆང་དང་། ཡོ་ག་རིགས་ལྔ་ལོངས་སྤྱོད་རྫོགས་སྐུ་མ་ཧཱས་ཉེར་ལྔ་ལྷུན་གྱིས་གྲུབ་པའོ། །ངོ་བོ་འདུས་བྱས་མ་བྱས་ཀྱི་ཁྱད་པར་གཟུགས་སྐུ་སྟེ་དབུ་མ་དང་ཕྱི་རྒྱུད་རྣམས་ཀྱི་གདུལ་བྱའི་ངོར་སྣང་ཙམ་འདུས་བྱས་སུ་འདོད་ལ་མ་ཧཱས་དྲུག་པའི་སྤྱི་གཟུགས་འདུས་མ་བྱས་ཀྱི་གཟུགས་སྐུའོ། །བྱིན་བརླབས་ལས་མངོན་དུ་སྣང་མི་སྣང་ཁྱད་པར་གསུམ་པོས་རང་སའི་འབྲས་བུ་ལ་དྲངས་མ་ཧཱས་ཡི་གེ་འཁོར་ལོའི་སར་དྲངས་བ་དང་དོན་བྱེད་རྒྱ་ཆེ་ཆུང་གིས་ཁྱད་པར་གསུམ་གྱི་རང་སའི་འོག་མ་ལ་མ་ཧཱས་རིས་མེད་ཀྱི་གདུལ་བྱ་ལ། དེ་ལྟར་ཁྱད་པར་བཞི་ལས་དཔགས་པའི་ངོ་བོ་ཉིད་ཀྱིས་འབྲས་བུའི་ཁྱད་པར་གསལ་ལོ། །དེ་ནས་དགོངས་པའི་བཞུགས་ཚུལ་ནི་བྷོ་དྷི་ལ་སོགས་ས་བཞིའི་རྒྱལ་བ་དག །དབུ་མས་རྒྱུད་གཅིག་ཏུ་འདོད་པ་འདྲེས་པར་སྟོང་པ་ཉིད་དུ་ཐིམ་ནས་འགྲོ་བར་འདོད་པ་དང་སེམས་ཙམ་དུ་ཀྲི་ཡོག་པ་ནི་ངོ་བོ་གཅིག་ཀྱང་སྦྱངས་པའི་ཡེ་ཤེས་མ་འདྲེས་ཏེ་ཐ་དད་ལས་གྲོལ་བར་འདོད་དེ་སྦྱངས་པའི་མ་འདྲེས་པར་ཡོད་པར་སྨྲ་བ་རྣམས། འདིར་མ་ཧཱ་ལ་ལྟོས་ན་དྲངས་དོན་ཕྱོགས་རེ་ཙམ་ཡིན་ཏེ་ཁྱད་པར་གོང་དུ་བཤད་པ་བཞིན་ཡིན་པའི་ཕྱིར་རོ་དགོངས་རྒྱུད་ཀྱི་བཞུགས་ཚུལ་མ་ཧཱ་ཡོ་ག་རྒྱུད་ཐ་དད་ལས་གྲོལ་ཞིང་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །དེས་ན་དགོངས་པའི་ཁྱད་པར་བསམ་ལས་འདས་ཏེ་གོང་གི་རྣམ་གྲངས་དང་ངོ་བོ་དང་བྱིན་རླབས་དང་དོན་བྱེད་རྒྱ་ཆེ་ཆུང་ལ་སོགས་པའི་ཁྱད་པར་བཞིན་ནོ། །མིང་གྲངས་ཀྱི་ཁྱད་པར་ནི་ཉན་རང་ལ་སོགས་པ་ལ་ལྟོས་ན་ཐེག་ཆེན་དང་སྔགས་ལ་ལྟོས་ན་ལྟ་སྤྱོད་དམན་པ་བྱང་ཆུབ་སེམས་དཔའི་ཐེག་པ་བས། །ལམ་ཐུན་མོང་ཚོགས་གཉིས་ཀྱིས་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་རུ་བདེ་བར་གཤེགས་ཤིང་། །ཆོས་ཉིད་ཀྱི་སྟོབས་ཀྱིས་དེ་བཞིན་ཉིད་དུ་སྟོང་ཞིང་བདག་མེད་མངོན་དུ་གཤེགས་པ་ཡང་། །དུས་གྲངས་མེད་གསུམ་ཀྱི་དབང་བཙན་པའི་ཕྱིར་སྔ་མ་རང་དོན་བཞིན་དུ་རྗེས་འཇུག་ཀྱང་། བདེ་བར་གཤེགས་པ་དེ་བཞིན་ཉིད་དང་གསང་སྔགས་ཕྱི་རྒྱུད་བ་ལའང་། །ཀྲི་ཡ་པ་བྱ་བའི་དང་ཨུ་པ་ཡའི་ལུགས་ཀྱི་ཤེས་རབ་ཀྱི་ལྟ་བ་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པ་ནི། ཆོ་གའི་ཡན་ལག་ཀུན་རྫོགས་པའི་རྣམ་པར་གྲངས་བཅུ་གཅིག་རྫོགས་པར་བྱས་པས། །འབྲས་བུ་རིགས་གསུམ་དཀྱིལ་འཁོར་ལམ་དུ་བྱས་པས་དགོངས་པ་བདེ་བར་གཤེགས་པའམ། །འབྲས་བུ་ཀྲི་ཡ་རྡོ་རྗེ་འཛིན་གྱི་པར་གནས་ལུགས་དེ་བཞིན་ཉིད་ལྟར་མངོན་དུ་གཤེགས་པའོ། །ཡང་ན་གྲོལ་ལམ་མ་ལྟོས་ན་ཐབས་ལམ་སྤྱིའི་གནས་བྱ་རྒོད་ཕུང་པོའི་རི་འདབ་ལོག་ཏུ། །དགོན་པའི་ཕུག་པ་བྱེ་མ་འདབ་སྣ་རུ། །བྷ་ག་ཝན་གྱི་ཞལ་མཐོང་འཁོར་དགེ་སློང་ས་རི་ཞེས་བྱ་བ་ལ་སློབ་དཔོན་དགྲ་བཅོམ་པ་ལྔ་བརྒྱའི་རྒྱལ་ཚབ་ཏུ་དབྱུང་བའི་ཕྱིར་ཚིག་དང་ཡི་གེས་དབང་བསྐུར་བས་དགྲ་བཅོམ་ཐོབ་པ་ཅི་བཞིན་དུ་ནམ། །ཀྲི་ཡ་བའི་གནས་བ་ར་ན་སིའི་སྨེ་ཁྲོད་མི་གཙང་བ་མེད་པའི་བསིལ་ཁང་དུ། །དམ་པའི་རིགས་ཅན་ཁྱིམ་བདག་སིདྷུ་པྲ་ཏ་པ་དང་བྲམ་ཟེའི་ཁྱིམ་བདག་ཀུ་ཀུ་ར་ཙ་གསུམ་ལ་ཕྱག་རྡོར་གྱིས་རིགས་གསུམ་གྱི་དབང་རྫས་རྡོ་རྗེ་རྒྱ་གྲམ་གྱིས། དབང་བསྐུར་ནས། །རྡོ་རྗེ་འབྲས་བུ་རིགས་གསུམ་འཛིན་གྱི་ས་ཐོབ་པའི་ཚུལ་ཏེ་བདེ་བར་གཤེགས་ཏེ་ཇི་བཞིན་དུ་རྗེས་འཇུག་རྗེས་འཇུག་ལ་མཐུན་ནོ། །སྔོན་བྱུང་རྒྱལ་བ་ཐུབ་པའི་དབང་པོ་ཡང་གང་གི་གཤེགས་ཚུལ་དེ་ཇི་བཞིན་དུ། གཤེགས་པའམ་མཚན་ཉིད་པ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས། ཐ་མ་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སངས་རྒྱས་པ་རྒྱུ་ཡི་ཐེག་པ་དང་དང་བྱ་བ་ཀྲི་ཡའི་རྒྱུད་དང་། །གཉིས་ཀའི་སྤྱོད་པ་ཨུ་པ་ཡའི་རྒྱུད་ལ་སོགས་པ་ལྟ་སྤྱོད་གོང་འོག་སོ་སོའི་གཞུང་ལས་གྲགས་པ་བཞིན་ནོ། །རྣལ་འབྱོར་ཡོ་གའི་གཞུང་གིས་དབང་རྒྱལ་བུ་དོན་གྲུབ་ཉིད། །ཆུ་བོ་ན་ཛ་རའི་འགྲམ་ལོགས་སུ། །དཀའ་ཐུབ་མཛད་པའི་དཀའ་བ་སྤྱོད་པའི་ཚེ། །ཕྱོགས་བཅུའི་སངས་རྒྱས་སྤྲུལ་པའི་སྐུའི་རྣམ་པ་དང་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔས་ཆོས་ཉིད་སྟོང་པ་ལ། གདན་ཟླ་བ་ལ། གསུང་ཡིག་འབྲུ་ལ། ཐུགས་ཕྱག་མཚན། སྐུ་ཕྱག་རྒྱ་སྟེ་མངོན་པར་བྱང་ཆུབ་པ་ལྔ་ཡི་སྟོབས་ཀྱིས་དབང་བསྐུར་བས། །གནས་འོག་མིན་སྟུག་པོ་བཀོད་པ་ཉིད་དུ་བདག་གཞན་གྱི་དོན་གྲུབ་སྟེ། །དོན་གྲུབ་སྤྲུལ་པའི་སྐུའི་དཀའ་ཐུབ་ཀྱི་ཁོག་པ་ནས། །སེམས་ཉིད་ཡེ་ཤེས་ཀྱི་སྐུ་རྣམ་པར་སྣང་མཛད་ཀྱི་ལུས་སུ་བདེ་བར་གཤེགས་ཏེ། དབུས་ཀྱི་རི་བོ་མཆོག་རབ་ཀྱི་རིའི་རྩེ་མོར་ཡོ་གའི་ཆོས་ཀྱི་གཞུང་དུམ་བུ་བཞིའི་འཁོར་ལོ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐོར་རོ། །དེ་ཡང་མ་ཧཱ་ལ་ལྟོས་ན་རྟོག་པའི་གཟུགས་སྐུ་ཡིན་ནོ། །མ་ཧཱ་རང་གི་མན་ངག་ཐབས་ཀྱིས་ལམ་དང་ཤེས་རབ་གྲོལ་བའི་ལམ་ཉིད་ཀྱིས། །དགོངས་པ་ལ་འགྲོ་འོང་མེད་པར་བདེར་གཤེགས་ཏེ། །ཆོས་ཉིད་ཇི་བཞིན་པ་ལྷུན་གྱིས་གྲུབ་པའི་ངང་དུ་མཐར་སོན་པ་ནི་དེ་བཞིན་གཤེགས་པའོ། །དེའང་དགོངས་པའི་བཞུགས་ཚུལ་དང་ངོ་བོས་དང་ཁྱད་པར་དང་གསུམ་གྱི་ཆེ་བའོ། །རྒྱལ་བུ་དོན་གྲུབ་དཀའ་ཐུབ་ལུས་ཅན་ལ། །ཕྱོགས་བཅུའི་རྒྱལ་བ་རྣམས་སྤྲིན་བཞིན་དུ། །འདུས་པ་དེ་རྣམས་ཀྱི་གསང་བ་བྱང་ཆུབ་ཀྱི་སེམས་ཀྱི་ལོངས་སྤྱོད་ཀྱིས། །སྲོད་ལ་རྟོགས་པ་སྐྱེ་བའི་དུས་དང་ཐོ་རངས་ཡེ་ཤེས་སྐྱེ་བའི་དུས་ཉིད་དུ། །ཡབ་ཡུམ་གྱི་ཉི་ཟླ་བྱང་སེམས་ལྕེ་ཐོག་ཏུ་བཟའ་བ་གསང་བའི་དབང་བྱིན་ཅིང་། །ཐབས་ཀྱི་རོལ་པའི་ཀ་ར་སྟེ་སྦྱོར་ཐབས་དགའ་བ་བཅུ་དྲུག་བསྟན་པ་ཡིས། །ཡས་བབ་དགའ་བ་བཞིའི་ཡེ་ཤེས་མས་བརྟན་རང་གནས་ཀྱི་ཡེ་ཤེས་བདེ་བ་ཆེན་པོ་ཤིན་ཏུ་བརྟན་པའི་རྫོགས་དབང་ཐོབ་པ་ས་གཞིའི་གནས་ལུགས་དེ་བཞིན་དུ་འབྲས་བུ་མངོན་དུ་གྱུར་པའི་དེ་བཞིན་གཤེགས་པའོ། །དེ་ལྟར་ཐེག་པ་སོ་སོའི་འབྲས་བུ་ལ་ཁྱད་ཡོད་པ་དེའི་ཕྱིར་ཐུན་མོང་གི་ཐེག་པ་བྱང་ཆུབ་སེམས་དཔའི་དང་ཀྲི་ཡ་ཡོ་གའི་ཐེག་པ་ རྣམ་གསུམ་ལས། །མ་ཧཱ་ཡོ་ག་དང་ཁྱད་པར་ཡོད་པ་ཡིན་ཏེ་བྱང་བ་བཞི་དང་ཆུབ་པ་བཞི་པ་ཁྱད་པར་ཡོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་དང་ཤེས་བྱའི་སྦྱངས་ཏེ་གྲོལ་བས་བྱང་ལ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པས་ཆུབ་པའོ། །ཀྲི་ཡ་ནི་ཉོན་མོངས་པའི་ཟུག་རྔུ་བསྒྱུར་ཏེ་བྲལ་བས་བྱང་ལ། རིགས་གསུམ་རྡོ་རྗེ་འཛིན་གྱི་ས་ཐོབ་པས་ཆུབ་པའོ། །ཡོ་ག་ནི་ཉོན་མོངས་པ་ལ་སོགས་སྦྱང་བསྒྱུར་དག་པས་བྱང་ལ་རིགས་ལྔ་སྟུག་པོ་བཀོད་པའི་ས་ཐོབ་པས་ཆུབ་པའོ། །མ་ཧཱ་ནི་ཉོན་མོངས་དང་ཤེས་སྒྲིབ་ལ་སོགས་པ་དབང་དུ་བསྡུས་ཏེ་རང་བྱུང་ཡེ་ཤེས་སུ་གྲོལ་བས་བྱང་ལ་སྐུ་ལྔ་ལྷུན་གྱི་གྲུབ་པ་མ་ཆགས་པདྨའི་སྤྱན་གྱིས་ས་ཐོབ་པས་ཆུབ་པའོ། །དེ་བཞིན་དུ་བདེ་བར་གཤེགས་པ་བཞི་དང་དེ་བཞིན་གཤེགས་པ་བཞི་སྟེ་བརྒྱད་ཀྱིས་ཁྱད་པར་ཡོད་དེ། དང་པོ་བདེ་བར་གཤེགས་པ་བཞི་ནི། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་སྦྱངས་ཏེ་བྲལ་ནས་དགོངས་པ་བདེ་བར་གཤེགས་ཐམས་ཅད་ཀྱི་སར་གཤེགས་པ་དང་། ཀྲི་ལ་ཉོན་མོངས་པའི་ཟུག་རྔུ་བསྒྱུར་ཏེ་བྲལ་ནས་དགོངས་པ་བདེ་བར་རྡོར་འཛིན་གྱི་དང་། ཡོ་ག་པ་ཉོན་མོངས་པའི་ཟུག་རྔུ་བསྒྱུར་ཞིང་བྲལ་ནས་བྱིན་རླབས་དགོངས་པ་བདེ་བར་སྟུག་པོ་བཀོད་པའི་སར་གཤེགས་པ་དང་། མ་ཧཱས་སྤྲོས་པའི་ཟུག་རྔུ་ཐམས་ཅད་དབང་དུ་བསྡུས་ཏེ་རང་གྲོལ་ནས། དགོངས་པ་བདེ་ཆེན་གསལ་འགྲིབ་མེད་པར་པདྨ་སྤྱན་གྱི་ས་ལ་གཤེགས་པའོ། །དེ་བཞིན་གཤེགས་པ་བཞི་ནི། བྱང་ཆུབ་སེམས་དཔའ་སྤྲོས་བྲལ་སྟོང་ཉིད་རྟོགས་ནས་དེ་བཞིན་ཉིད་དུ་གཤེགས་པ་དང་། ཀྲི་ཡ་པ་དབྱིངས་ཡེ་ཤེས་གཉིས་མེད་དང་། ཀུན་རྫོབ་ལྷའི་དལ་དུ་རྟོགས་ནས་དེ་བཞིན་ཉིད་དུ་གཤེགས་པ་དང་། ཡོ་ག་པ་རང་སེམས་མཐའ་གཉིས་དང་། ཀུན་རྫོབ་སྣོད་བཅུད་ལྷའི་དལ་དུ་རྟོགས་ནས་དེ་བཞིན་ཉིད་དུ་གཤེགས་པ་དང་། མ་ཧཱ་འཁོར་འདས་གཉིས་སུ་མེད་ཅིང་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་ནས་དེ་བཞིན་ཉིད་དུ་འགྲོ་འོང་མེད་པར་གཤེགས་པའོ། །གྲངས་ནི་སྐུ་གསུམ་དང་། རིགས་གསུམ། རིགས་ལྔ། ཡི་གེ། འཁོར་ལོ། ཚོགས་ཆེན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉེར་ལྔའི་གྲངས་རྫོགས་མ་རྫོགས་དང་གནས་སྐབས་དང་མཐར་ཐུག་གི་འབྲས་བུའི་ངོ་བོ་བྱིན་རླབས་དང་རྩལ་ལ་སོགས་གྱིས་ཁྱད་པར་འཕགས་པའོ། །ད་དུང་འདུས་བྱས་མ་བྱས་པ་དང་འདི་སྣང་བ་དང་དོན་བྱེད། རྒྱ་ཆེ་ཆུང་ལ་སོགས་པ་ཁྱད་པར་འདུག་གོ། ༈ །དེ་ནས་རྒྱལ་བ་དང་བཅོམ་ལྡན་འདས། །ཀྱི་ཁྱད་པར་ཡང་འོག་མ་གསུམ་ཐུན་མོང་མཆོག་མ་ཧཱས་དཔགས་ལུང་སྔ་མ་དེ་བཞིན་གཤེགས་པ་བཞིན་ཡོད་པ་ཡིན་སྟེ། ཐེག་པ་སོ་སོའི་ཐབས་ལམ་དང་ཤེས་རབ་གྲོལ་བའི་ལམ་ཀྱིས། །ཐེག་པ་རང་རང་གི་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་བཞི་བསྐྱེད་པས། །སོ་སོའི་བདུད་བཞི་ངེས་པར་བཅོམ་ནས་མྱ་ངན་བཞི་ལས། འདས་ཤིང་ཡོད་མེད་བརྟག་ཆད་མཐའ་བཞི་ལས་འདས་པ་དང་། །འདོད་ལུགས་མི་མཐུན་པ་ཐེག་པ་སོ་སོའི་གཞུང་གིས་རང་རང་གི་སངས་རྒྱས་པའི་ཁྱད་པར་ཐེག་པ་རང་གི་ལྟ་སྤྱོད་ཏིང་འཛིན་གོང་འོག་གི་ལམ་རིམ་བཞིན། །མཐར་ཐུག་གྲུབ་པའི་མཐའ་འབྲས་སངས་རྒྱས་ལ་ཡང་ཁྱད་པར་ཡོད་པ་ནི། ལྟ་བ་འོག་མའི་མཐར་ཕྱིན་པས་གོང་མ་ལ་སྒྲིབ་པས་ཁྱད་པར་ཕྱེ་བ་ཡིན། །ཁྱད་པར་དེས་ན་དགྱེས་པ་ཆེན་པའི་ལོངས་སྤྱོད་ཀྱི་ཁྱད་པར་གྱིས་ཀྱང་། །མདོ་སྡེ་དང་བྱ་བ་ཀྲི་ཡ་དང་རྣལ་འབྱོར་ཡོ་ག་གཉིས་ཀྱི། རྒྱུད་གཞུང་སོ་སོ་ལས་ཇི་ལྟར་གསུང་པ་བཞིན་དགྱེས་པར་ལོངས་སྤྱོད་པས། གོང་གི་མ་ཧཱའི་དགྱེས་ཆེན་པོ་ནི་འོག་གི་ཡིད་ཚོད་དུ་གྱུར་པ་མིན་ནོ། །ཁྱད་པར་དེ་ཕྱིར་དགྱེས་པའི་ལོངས་སྤྱོད་ལ་ཐེག་པ་རིམ་པ་ཆེ་ཆུང་ཡོད་པས། །ཐེག་པ་རང་སའི་འབྲས་བུ་སངས་རྒྱས་ལ་རིམ་པ་ཁྱད་པར་ཡོད་པའི་ཕྱིར། །སངས་རྒྱས་ཀྱི་སའི་མིང་གྲངས་ཡོན་ཏན་གྱི་ཆ་ཤས་ཙམ་གྱིས་ཁྱད་པར་ཕྱེ་བ་མིན་ཏེ། །ངོ་བོ་ཉིད་ཀྱིས་དོན་ལ་གོང་འོག་གི་འབྲས་བུ་ལ་ཁྱད་པར་ཡོད་པས་མ་ཧཱ་རྣམ་པར་འཕགས་པའོ། །ཐེག་པ་འོག་མའི་ལམ་གྱི་རྩོལ་བས་ངལ་བ་རྣམས། །བྲོད་པ་བསྐྱེད་པའི་ཕྱིར་བྱང་སེམས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། ཀྲི་ཡ་རྡོར་འཛིན་དང་ཡོ་ག་སྟུག་པོ་བཀོད་པར་བསྟན་པ་ཡིན་ལ། མཐར་ཐུག་མ་ཧཱའི་འབྲས་བུ་པདྨ་སྤྱན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་དང་ཡེ་ཤེས་བླ་མའི་ས་གསུམ་ལ་ཡོན་ཏན་གྱི་ཆ་ལས་བརྗོད་པ་ལས་མཐོ་དམན་མེད་དོ། །དེ་ཕྱིར་ཐེག་པ་གོང་འོག་གི་འབྲས་བུའི་ཁྱད་པར་སྐས་གདོང་མཐོ་དམན་ཡོད་པ་ལྟ་བུ་སྟེ། །རྨད་བྱུང་ཐབས་མཁས་མ་ཧཱའི་ཐེག་པ་འདི་ཡིས་མ་ཧཱ་ལས་ས་གཞན་ཐེག་པ་འོག་མ་པའི་ལམ་སྟེགས་ཀྱི་ཐེག་པའི་ཐབས་ལ་བརྟེན་ནས་གང་མོས་སུ་འཇུག་བཅུག་ཅིང་དེ་ནས་རིམ་གྱིས་ཐེག་པ་འོག་མ་ནས་གོང་མར་འདུ་ཤེས་བསྒྱུར་བས་མ་ཧཱའི་འབྲས་བུ་འདིར་འགྲུབ་པར་བྱ་བའི་ཕྱིར་ཐེག་པ་འོག་མ་རྣམས་རང་རང་གི་ཐབས་ཀྱིས། །ཐེག་པ་རང་སའི་འབྲས་བུ་ཐོབ་པ་ཙམ་ལས་ཐེག་པ་རང་རང་གི་འབྲས་བུ་ངོ་བོ་ཉིད་ལ་ཁྱད་མེད་ཅིང་། གཅིག་པར་སྨྲ་བ་ནི་བླུན་པོར་མུན་སྤྲུལ་གྱི་བློ་ཅན་ཡིན་པའོ། །ལམ་མཐར་ཕྱིན་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་དགུ་པའོ།། ༈ །།འགྲོ་བ་ལམ་ལོག་པ་ནི་མུ་སྟེགས་ཆད་པ་ཅི་ཡང་མེད་པར་ལྟ་བ་དང་རྟག་པ་དངོས་པོར་ལྟ་བ་དང་། བྱེད་པ་པོ་རྟག་པར་འདོད་པ་དང་། མུར་ཐུག་པ་དང་རྒྱང་འཕེན་ཏེ་འདི་ལ་རྟག་ལྟ། གྲངས་ཅན། ཚངས་པ། དབང་ཕྱུག་པ་བྱེ་བྲག་པ་བཞི་དང་། ཆད་ལྟ་རྒྱང་འཕེན་དང་ལྔ་ཞེས་ཟེར། ལམ་སྟོར་བ། །ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་ལམ་རྒྱུད་ལྔ་དང་དེ་ལྟར་ལྔ་ཚན་གཉིས་ཀྱི་སེམས་ཅན་རྣམས་བཀྲི་བའི་དྲང་དོན་ཕྱིར་གསུངས་པའོ། །འཁོར་འདས་ཐ་དད་མི་གཉིས་པ་གཉིས་སུ་མེད་པའི་ལམ་མཆོག་འབྲས་བུ་ལམ་དུ་བྱེད་འདི་བགྱིས་པའི། །ངལ་བའི་དགེ་རྩས་འགྲོ་བ་ཀུན་སངས་རྒྱས་ཀྱི་སར་གྲོལ་ཤོག །བྱང་ཆུབ་ཀྱི་དོན་ཞོར་ལ་བྱེད་ཅིང་འཇིག་རྟེན་གྱི་ཁེ་དང་གྲགས་པའི་དོན་དུ་གཉེར་བར་བྱེད་པ་དང་། གསང་སྔགས་ཀྱི་མན་ངག་གཉེར་མི་ཐུབ་པར་མན་ངག་ཡོད་པ་སྐད་ཀྱིས་གཞན་སྣོད་མེད་ལ་བཅུད་ཆེན་འཛག་ཅིང་མན་ངག་ཟབ་མོ་གཞན་ལ་གཞོག་ངོམ་ཅན། །དཔེར་ན། རཱ་ཙ་སྟོབས་བཟང་གི་བཙུན་མོ་གཙུག་རྒྱལ་སྒེག་མོ་ཞེས་བྱ་བ་རྒྱལ་པོ་སྟོབས་བཟང་གི་བཙུན་མོ་གཙུག་རྒྱལ་སྒེག་མོ་ཞེས་བྱ་བ། རྒྱལ་པོ་སྟོབས་བཟང་གིས་རིན་པོ་ཆེའི་སོར་གདུབ་ཆུང་ངུ་གཅིག་བརྒྱབ་པས་མོའི་མིག་ཆུར་སོང་ནས་མོ་ཨ་ན་ཟེར་ཞིང་ངུའོ། །གཞན་གྱིས་མེ་ཏོག་འཐོར་བས་ཀྱང་ཨ་ན་ཟེར་ཞིང་ངུའོ། །ཕྱིས་གཡོག་པོ་གཅིག་དང་ཕག་ཏུ་འདོད་པ་སྤྱོད་པ་ལ། ཐེབ་གཅིག་མོ་ཕྱིས་པ་ལ། གཡོག་པོ་ཚིག་པ་ལོག་སྟེ་དབྱུག་པ་བརྒྱབ་པས་མི་ངུ་བར་ཧེ་ཧེ་ཟེར་ཞིང་འདུག་པས་ཁྲེལ་ཞིང་ཡ་མཚན་སྐྱེས་སོ། །འཇག་སྐྱིལ་དང་། །ནི་བྲམ་ཟེ་མེ་ཆེན་སྦུར་སྐྱེས་ཞེས་བྱ་བའི་དྲང་སྲོང་གཅིག་ཡོད་པས་མ་བྱིན་པ་ལེན་པ་སྤངས་པ་ཡིན་ཟེར་ཞིང་གཞན་ལ་མེ་བསླང་ཙམ་ན་ཆོས་གོས་ལ་རྡུལ་འབྱར་ཙ་ན་སྐྱེལ་དུ་འོང་བ་ལ་ཕག་ཏུ་ཐོབ་ཚད་རྐུ་བ་གཅིག་ཡོད་པས་མགར་བའི་ཁྱིམ་ན་གསེར་གྱི་སྒྲོམ་བུ་ཡོད་པ་མཐོང་ནས་མཁར་སིལ་གྱི་གཤམ་ན། གར་སྤྱིན་བརྐུས་ནས་མགར་བའི་སྤྱིན་གྱི་གསེར་གྱི་སྒྲོམ་བུ་ལ་མཁར་སིལ་མིས་མི་ཚོར་བར་བཙུགས་ཏེ་སྒ་སྒུར་མེད་པར་བརྐུས་སོ། །དེ་ཡང་རྒྱལ་བུ་མུ་ཏིག་སྐྱུག་འབེབས་ཞེས་བྱ་བ་གད་མོ་བགད་པ་དང་མུ་ཏིག་སྐྱུག་པ་གཅིག་ཡོད་པ་ལ་རྒྱལ་པོ་སྟོབས་བཟང་གིས་མུ་ཏིག་འདོད་པ་ལ་རྒྱལ་བུ་བསྡུགས་ཏེ་རྒྱལ་བུ་གཞན་གྱིས་མི་མཐོང་བ་ལ་རྒྱལ་པོས་གཞན་མཐོང་སར་བཞག་ནས་ངོ་མཚར་ཅན་གྱི་མཐོང་སྣང་ལ་གད་མོ་ཡོང་དུ་རེ་ནས་བཞག་གོ། །དེ་ལ་རྒྱལ་བུས་གོང་གི་དེ་ཚོ་མཐོང་ངོ་། །རྒྱལ་པོས་རྒྱལ་བུ་ལ། རྒོད་བྲོ་འདྲ་བ། མཐོང་ངམ་བྱས་པ་ལ། རྒྱལ་བུས་རྒོད་བྲོ་བ་འདྲ་བ་མ་མཐོང་ཡིད་མུག་པ་བྱུང་བྱས་པས། རྒྱལ་པོ་ན་རེ་ད་ཤོད་བྱས་པ་ལ་རྒྱལ་བུས་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོ་མེ་ཏོག་འཐོར་བཤུམ་དང་། །ཀུ་མཱ་རའི་ཨ་མ་དང་། །ནེ་ཙོ་ཁ་ནས་གཤོག་ཐོགས་དང་། །དྲང་སྲོང་མེ་ལེན་སྤུར་སྐྱལ་དག །མི་དགེ་བཞི་ལ་འཇོལ་ཉོག་སྤྱོད། །མུ་ཏིག་འབེབས་པ་མ་གཏོགས་པ། །བདེན་པར་སྨྲ་བ་ངས་མ་མཐོང་། །ང་ནི་ཧ་ཧ་རྒོད་རེ་བྲོ། །ཞེས་བཤད་པས་མུ་ཏིག་སྐྱུགས་སོ། །ནེ་བྱ་ནེ་ཙོ་ཁ་ན་གཤོག་ཚང་ཡིན་ཏེ། ནེ་ཙོ་གཅིག་གིས་ཁ་ན་གཤོག་པའི་སྒྲོ་བཅུག་སྟེ་ཆུ་འཐུང་ཞིང་འདུག་པ་ལ་དེས་ཅི་བྱེད་བྱས་པ་ལ་ཆུ་ལ་སྲོག་ཆགས་འདུག་པ་ཤི་ཡི་དོགས་པ་ཡིན་ཟེར་རོ། །མིས་མི་མཐོང་བ་དང་ཆུ་ནང་གི་སྲོག་ཆགས་བཏུང་ཞིང་ཟ་བ་མཐོང་ངོ་། །ལྟ་བུའི་ལྐོག་གཡེམ་སོགས་ཀུ་མ་རི་ཨ་མ་ཡིན་ཏེ་གཡོ་རྒྱུས་བཟང་སར་འདོད་ཅིང་། མོ་ཁྱོ་ལ་མ་དགའ་ནས་བུ་གཅིག་སྐྱེ་ནས་ཡོད་པ་ལ། ང་སྐྱེས་པ་ཕོ་དང་རེག་པ་སྤང་བ་ཡིན་ཟེར་ནས་བུ་ལ་ནུ་མ་བླུད་ཙམ་ན་གོས་ལ་བུག་པ་ཕུག་ནས་བླུད། ཕག་ཏུ་སྐྱེས་པ་དང་འཁྲིག་པ་སྤྱད་པ་མཐོང་ངོ་། །ཚུལ་བསྲུང་ཞིང་དམ་ཚིག་ལ་མི་གནས་དང་། །གསང་སྔགས་བདེན་བའི་གཞུང་ལ་སྲན་མི་ཚུགས་ཏེ་བརྩོན་འགྲུས་མི་འབྱུང་བ་དང་། གཞུང་མང་སྒྲུབ་ལ་ཡིད་ཆེས་དཀའ་བ་དང་། བླ་མ་སྤྱི་བོས་གུས་པར་མི་ལེན་མི་ཁུར་ཅིང་། །ཞེ་བའི་བླ་མ་ལ་སྐུར་པ་འདེབས་ཞིང་གཞན་མཁས་པ་དང་ཆོས་ཡོངས་ལའང་བསྐུར་པ་འདེབས་པ་ལ་སོགས་པའི་སྣོད་མེད་རྣམས་དང་མན་ངག་འདི་མ་འཕྲད་ཅིག །སྣོད་ལྡན་རྣམས་དང་འཕྲད་པར་ཤོག་ཅིག་པར་སྨོན་ལམ་བཏབ་བོ། ༈ །རྒྱལ་བའི་བསྟན་པ་དམ་ཆོས་བདུད་རྩི་ཡི། །ནང་ནས་ཐེག་མཆོག་སྙིང་པོའི་བསྟན་པ་སྟེ། །རྨད་བྱུང་གསང་སྔགས་སྒྱུ་འཕྲུལ་དྲྭ་བའི་དོན། །སྟོང་ཕྲག་བརྒྱ་བའི་རྒྱུད་ལས་བཅུད་བསྡུས་པ། །སངས་རྒྱས་གསང་བའི་མན་ངག་ལམ་གྱི་རིམ། །འབྲུ་དཀའི་དོན་བཀྲོལ་གསལ་བྱེད་མེ་ལོང་འདི། །བསྐུལ་བའི་དོན་ཕྱིར་སེམས་བསྐྱེད་ཡི་གེར་བཀོད། །དགེ་བས་འགྲོ་ཀུན་ཡང་དག་ལམ་རྙེད་ཤོག །ལམ་གྱི་རིམ་པའི་འབྲུ་དཀའ་བ་རྣམ་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་ཤཱཀྱའི་དགེ་སློང་ཤཱཀྱ་བཛྲས་སྦྱར་བའོ། །མང་ཡུལ་ཁྲི་བབས་སུ་གཉག་ཛྙཱ་ན་ཀུ་མ་རས་བསྒྱུར་བ་ལམ་རྣམ་པར་བཀོད་པ། སངས་རྒྱས་གསང་བའི་མན་ངག་རྫོགས་སོ།། །།སརྦ་མངྒ་ལམ།། །།


previousགསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པ་འབྲུ་དཀའི་དོན་བཀྲོལ་གསལ་བྱེད་མེ་ལོང། རྟོགས་ལྡན་ཤཱཀྱ་བཛྲ།no next