Nitartha Digital Library
Tibetan
 
previousརྣལ་འབྱོར་ཆེན་པོའི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་མན་ངག་དཔལ་ལམ་གྱི་རིམ་པ་ཞེས་བྱ་བའི་དཀའ་བ་རྣམ་པར་འགྲེལ་པ་ལམ་མཆོག་གསལ་བའི་སྒྲོན་མེ།no next

རྣལ་འབྱོར་ཆེན་པོའི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་མན་ངག་དཔལ་ལམ་གྱི་རིམ་པ་ཞེས་བྱ་བའི་དཀའ་བ་རྣམ་པར་འགྲེལ་པ་ལམ་མཆོག་གསལ་བའི་སྒྲོན་མེ།

རྣལ་འབྱོར་ཆེན་པོའི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་མན་ངག་དཔལ་ལམ་གྱི་རིམ་པ་ཞེས་བྱ་བའི་དཀའ་བ་རྣམ་པར་འགྲེལ་པ་ལམ་མཆོག་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །བདེ་ཆེན་དབྱིངས་ནས་སྤྲུལ་པའི་གཟུགས་གཟུང་སྟེ། །བརྗོད་མེད་ངང་ལས་ཚངས་པའི་གསུང་དུ་བཞེངས། །སྟོང་ཉིད་དབྱིངས་ནས་མཁྱེན་པའི་པདྨོ་རྒྱས། །མི་ཡི་སེང་གེ་ཁྱོད་ལ་ཕྱག་འཚལ་ལོ། །བདག་ཏུ་ལྟ་བའི་ཐ་བ་མ་ལུས་ཀུན། །དམ་ཆོས་བདུད་རྩིའི་ཆར་གྱིས་བརླན་བྱས་ནས། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་བསྐྱེད་པའི་ཕྱིར། །ལམ་མཆོག་གསལ་བའི་སྒྲོན་མེ་བཤད་པར་བྱའོ། །ཇི་ལྟར་དམུས་ལོང་དམིགས་བུ་བྲལ་བ་ཡིས། །བགྲོད་ཅིང་འཕྱན་པའི་གནས་སུ་རྟོལ་མིན་ལྟར། །གསང་བའི་ལམ་མཆོག་འདི་དང་བྲལ་གྱུར་གང་། །ཕུན་ཚོགས་འདོད་པའི་འབྲས་བུ་འབྱིན་མི་ནུས། །དེ་ཕྱིར་ཤེས་རབ་མིག་ལྡན་སྐྱེས་བུ་དག །ཤིང་རྟའི་བཞོན་པ་ལྟ་བུའི་ཐར་པའི་ལམ། །དབང་རྫོགས་ཐབས་ཀྱི་ཕྲིན་ལས་བསྒྲུབ་པའི་ཕྱིར། །སྔོན་གྱི་བདེ་གཤེགས་ཤུལ་འདིར་འབད་པར་བྱའོ། །འདི་ན་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་པ་མཐའ་དག་གི་འདྲེན་པ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཤུལ་ལམ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པ་གང་ཡིན་པ་དེ་དག་གི་སྙིང་པོ་བསྡུས་ཤིང་དབང་ཕྱུག་སྐལ་བ་རབ་དང་ལྡན་པ་རྣམས་ཀྱི་དོན་དུ་ལེགས་པར་གསུངས་པ་ཡིན་ནོ། །འདི་ལྟར་རྣལ་འབྱོར་ཆེན་པོའི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་མན་ངག་ལམ་གྱི་རིམ་པ་འདི་ལ་བཞི་སྟེ། ཡི་དམ་གྱི་ལྷ་ལ་དབང་མི་ཟ་བའི་ཕྱིར་ཕྱག་བཙལ་བ་དང་། གཞུང་བརྩམ་པ་མི་འགྱུར་བའི་ཕྱིར་བཤད་པར་དམ་བཅའ་བ་དང་། མངོན་པར་འདོད་པ་ལེགས་པར་རྟོགས་པའི་ཕྱིར་གཞུང་བཤད་པ་དང་། བསྟན་བཅོས་ཡོངས་སུ་རྫོགས་པའི་མཇུག་གི་བྱ་བ་བསྟན་པའོ། །དང་པོ་ཡི་དམ་ལྷ་ལ་དབང་མི་ཟ་བའི་ཕྱིར་ཕྱག་བཙལ་བ་ནི། བསྟན་བཅོས་ལས། དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྟན་པར་བྱ། །ཞེས་གསུངས་པས། དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་། ཚིག་གི་མཚམས་སྦྱར་བ་དང་། བརྒལ་བ་དང་ལན་བསྟན་པའོ། །དགོས་པའི་དོན་ལ་བཞི་སྟེ། སློབ་དཔོན་ཉིད་ཡ་རབས་སུ་ཤེས་པ་དང་། །ཡི་དམ་ལྷ་ལ་དབང་མི་ཟ་བ་དང་། །ཚོགས་གཉིས་རྫོགས་ཤིང་བར་ཆད་ཞི་བ་དང་། །བརྩམ་པ་མཐར་ཕྱིན་པའི་དགོས་པའོ། །དང་པོ་ཕྱག་འཚལ་བ་སློབ་དཔོན་ཡ་རབས་སུ་ཇི་ལྟར་ཤེས་ཤེ་ན། སྤྱིར་རྒྱ་གར་ན་མ་རབས་དང་གཡུང་པོ་ལ་ཕྱག་དང་ཞེས་ས་མེད། ཡ་རབས་དང་གོང་མ་ལ་ཕྱག་དང་ཞེ་ས་ཡོད་པས། མན་ངག་འདིའི་ཀླད་དུ་དུའང་ཕྱག་བཙལ་ནས་འདུག་པས། འདི་བརྩམ་པའི་སློབ་དཔོན་འདི་ཡ་རབས་ཀྱི་ཚུལ་ཅན་གཅིག་ཏུ་འདུག་སྙམ་དུ་ཤེས་སོ། །སློབ་དཔོན་ཡ་རབས་སུ་ཤེས་པ་ལ་དགོས་པ་ཇི་ཡོད་ཅེ་ན། ཕྱི་རབས་ཀྱི་གང་ཟག་བློ་དམན་པ། གང་ཟག་དད་པའི་རྗེས་སུ་འབྲང་བ་རྣམས་སློབ་དཔོན་ཡ་རབས་ཀྱིས་བརྩམ་པའི་ཆོས་འདི་བདེན་ངེས་སྙམས་དུ་དོན་དུ་འགྱུར་བའི་ཐེ་ཚོམ་ཁྱད་པར་ཅན་སྐྱེས་ནས་འཇུག་པའི་ཡན་ལག་ཏུ་འགྲོ་བའི་དགོས་པ་ཡོད་དོ། །གཉིས་པ་ཡི་དམ་ལྷ་ལ་དབང་མི་ཟ་བའི་དགོས་པ་ནི། དཔེར་ན་རྒྱལ་པོ་ཆེན་པོའི་འཁོར་ན་གནས་པ་རྣམས་ཀྱིས་ལས་དང་བྱ་བ་ཅི་ལ་འཇུག་ཀྱང་ཐོག་མར་རྒྱལ་པོ་ལ་མ་ཞུས་ན་བྱ་བ་དེ་ཡང་མཐར་མི་ཕྱིན། དཔེ་དེ་དང་འདྲ་བར་བརྟན་བཅོས་རྩམ་པའི་ཐོག་མར་རང་མོས་པའི་ལྷ་ལ་ཕྱག་མ་བཙལ་ན་བྱིན་རླབས་ཀྱང་མི་འཇུག་ལ་རང་བཟོར་འགྲོ་བའི་ཉེས་པ་ཡོད་དོ། །དཔེར་ན་ལས་དང་བྱ་བ་ལ་འཇུག་པའི་ཐོག་མར་རྒྱལ་པོས་གནང་བ་ཐོབ་ན་རྒྱལ་པོའི་ཆད་པ་མི་འབྱུང་ཞིང་། བྱ་བ་དེ་ཡང་མཐར་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་བསྟན་བཅོས་བརྩམ་པའི་ཀླད་དུ་རང་མོས་པའི་ལྷ་ལ་ཕྱག་བཙལ་ན། རས་ཆོད་ཀྱི་སྒོ་ནས་དབང་ཟོས་པ་པར་ཡང་མི་འགྲོ་ལ། དེ་རྣམས་ཀྱིས་བྱིན་གྱིས་རློབ་པའི་དགོས་པ་ཡོད་དོ། །གསུམ་པ་ཚོགས་གཉིས་རྫོགས་ཤིང་བར་ཆད་ཞི་བའི་དགོས་པ་ནི། ཕྱག་བཙལ་བ་ཙམ་དུ་མ་འགགས་པས་བསོད་ནམས་ཀྱི་ཚོགས་རྫོགས་ལ། བཙལ་ཡང་རང་བཞིན་མེད་པར་ཤེས་པས་ཡེ་ཤེས་ཀྱི་ཚོགས་རྫོགས། དེ་ལྟར་ཚོགས་གཉིས་རྫོགས་པའི་གང་ཟག་དེ་ལ་མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་པའི་དགོས་པ་ཡོད་དོ། །བཞི་པ་བརྩམ་པ་མཐར་ཕྱིན་པའི་དགོས་པ་ནི། གོང་དུ་བསྟན་པ་བཞིན་དུ་རང་མོས་པའི་ལྷ་ལ་ཕྱག་བཙལ་བས་མི་དང་མི་མ་ཡིན་པའི་བར་ཆོད་ཀྱིས་མི་ཚུགས་པས་བར་ཆད་མེད་ཙམ་ན་བརྩམ་པ་མཐར་ཕྱིན་པར་འགྱུར་བའི་དགོས་པ་ཡོད་དོ། །སྤྱི་དོན་གཉིས་པ་བསྡུས་པའི་དོན་ལ་བཞི་སྟེ། ཡུལ་གང་ལ་བཙལ་བ་དང་། གང་ཟག་གང་གིས་བཙལ་བ་དང་། ཚུལ་ཇི་ལྟར་བཙལ་བ་དང་། །དུས་ནམ་གྱི་ཚེ་བཙལ་བའོ། །དང་པོ་ཡུལ་གང་ལ་བཙལ་ན་རང་གི་ཡི་དམ་གྱི་ལྷ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཟག་གང་གིས་བཙལ་ན་གཞུང་རྩོམ་པའི་མཁན་པོ་སངས་རྒྱས་གསང་བས་བཙལ་ལོ། །ཚུལ་ཇི་ལྟར་བཙལ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །ཐུན་མོང་མ་ཡིན་པའི་ཕྱག་ནི་དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཆོས་དབྱིངས་རྣམ་པར་དག་པ་དང་། སློབ་དཔོན་སངས་རྒྱས་གསང་བའི་ཐུགས་དགོངས་ཐ་མི་དད་དུ་རྟོགས་པས་རྟོགས་པ་མཇལ་བའི་ཕྱག་བཙལ་ལོ། །དེ་ཡང་རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། ཞེས་གསུངས་སོ། །ཐུན་མོང་གི་ཕྱག་ནི། ལུས་ངག་ཡིད་གསུམ་གུས་པ་དང་བཅས་པས་ཕྱག་བཙལ་བའོ། །དུས་ནམ་གྱི་ཚེ་ན་གཞུང་རྩོམ་པའི་ཚེ་ན་བཙལ་ལོ། །སྤྱི་དོན་གསུམ་པ་ཚིག་གི་དོན་བསྟན་པ་ནི། དཔལ་གྱི་དཔལ་གསུམ་ཉིད་ལྡན་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏོ། །དེ་ཡང་དཔལ་ཞེས་པ་ཐུན་མོང་གི་དཔལ་གཉིས་ཏེ་ཆོས་ཀྱི་ཕྱོགས་རེ་རྟོགས་པ་རྟོགས་པ་བདག་གི་དཔལ། དེས་གདུལ་བྱའི་དོན་ཕྱོགས་རེ་བྱེད་པ་ནི་ཐུགས་རྗེ་གཞན་གྱི་དཔལ་ལོ། །དེ་ནི་ཡོ་ག་མན་ཆད་ལ་གནས་པས་ཐུན་མོང་གི་དཔལ་ལོ། །དེའི་ཡང་དཔལ་དུ་གྱུར་པ་ནི་དཔལ་གསུམ་ཉིད་ལྡན་ཞེས་པ་སྟེ། རང་བཞིན་ལྷུན་གྱི་གྲུབ་པའི་དཔལ་དང་། རིག་པ་རང་ལ་སྣང་བའི་དཔལ་དང་། ཐུགས་རྗེ་ཞར་ལ་འབྱུང་བའི་དཔལ་དང་གསུམ་མོ། །དེ་ལ་རང་བཞིིན་ལྷུན་གྱིས་གྲུབ་པའི་དཔལ་ནི། སེམས་ཉིད་བདེན་པ་དབྱེར་མེད་དེ་ལོག་པའི་རྒྱུ་རྐྱེན་དང་ཤེས་རབ་དང་བསྟན་བཅོས་ཀྱིས་མ་བཅོས་པའོ། །དེ་འཁོར་འདས་གཉིས་ཀའི་ངོ་བོར་གནས་ཤིང་སེམས་ཉིད་དུ་ལྷུན་གྱིས་གྲུབ་པའོ། །དེས་དངོས་སུ་ནི་ཕན་མི་འདོགས་པས་དཔལ་དུ་ཇི་ལྟར་འགྲོ་ན། བསྒྲུབ་ན་གྲུབ་ཏུ་རུང་གོ་རུ་རུང་། རྟོགས་སུ་རུང་བས་དཔལ་དུ་འགྲོ་སྟེ། དཔེར་ན་ཡོད་ན་ཕན། གང་ན་འབོ་ཟེར་བ་བཞིན་ནོ། །གཉིས་པ་ཐུགས་རིག་པ་རང་སྣང་བའི་དཔལ་ནི། གོང་གི་དབྱེར་མེད་ཀྱི་དོན་ཇི་ལྟ་བ་བཞིན་དུ་མངོན་དུ་བྱས་པ་སྟེ། རིག་པ་ཡུལ་མེད་དུ་གསལ་བ་ཉི་མའི་སྙིང་པོ་ལྟ་བུའོ། །གསུམ་པ་ཐུགས་རྗེ་ཞར་ལ་འབྱུང་བའི་དཔལ་ནི། དབྱེར་མེད་ཀྱི་དོན་ཇི་ལྟ་བར་རྟོགས་པའི་སྟོབས་ཀྱིས་རྟོགས་པ་དང་རྩོལ་བ་མེད་པར་ཞོར་རམ་ཤུགས་ལས་གདུལ་བྱ་དང་མཐུན་པར་དོན་བྱེད་པ་སྟེ། དཔེར་ན་ཉི་མ་ནམ་མཁའི་མཐོངས་སུ་ཤར་བས་འོད་ས་གཞི་ལ་སྙོམས་པར་འབྱུང་བ་བཞིན་ནོ། །དེ་གསུམ་ནི་ཁྱད་པར་རྣལ་འབྱོར་ཆེན་པོའི་མ་ཧཱ་ཡོ་གའི་དཔལ་ལོ། །ཉིད་ལྡན་ཞེས་པ། དེ་གསུམ་ཡང་མ་བཙལ་བར་སེམས་ཉིད་ལ་ལྡན་པའོ། །རྡོ་རྗེ་ཞེས་པ་ནི། གཉིས་མེད་ཀྱི་ཡེ་ཤེས་དེ་རྒྱུ་མཚན་ལྔར་རྡོ་རྗེར་འཇོག་སྟེ། ཕྲིན་ལས་ཀྱི་སྒོ་ནས་འཇོམས་པ་ནི་རྡོ་རྗེ་ལྟ་བུ་ཞེས་བྱ་བ་སྟེ། དཔེར་ན་རྡོ་རྗེ་ཕ་ལམ་དེས་ཕར་ལ་དངོས་པོ་ཐམས་ཅད་འཇོམས་པར་ནུས་ལ་ཚུར་ལ་ཅིས་ཀྱང་མི་ཆོད་པ་བཞིན་ནོ། །སེམས་ཉིད་གཉིས་མེད་ཀྱི་ཡེ་ཤེས་དེས་ཕར་ལ་ཉོན་མོངས་པ་དང་མཐའི་དྲི་མ་ཐམས་ཅད་འཇོམས་པར་ནུས་ལ། ཚུར་ལ་ཉོན་མོངས་པ་གང་གིས་ཀྱང་འཇོམས་པར་མི་ནུས་པའོ། །ངོ་བོ་འདུས་མ་བྱས་པ་ནི། ཡེ་ཤེས་འདུས་མ་བྱས་ཞེས་པ་སྟེ། སེམས་ཉིད་གཉིས་མེད་ཀྱི་ཡེ་ཤེས་དེའི་ངོ་བོ་ནི་རྒྱུ་རྐྱེན་འདུས་པ་ལས་མ་བྱས་པའོ། །ཡོན་ཏན་བཙལ་མེད་པར་ལྷུན་གྱིས་གྲུབ་པ་ནི། མ་བཙལ་ལྔ་རྫོགས་ཞེས་པ་སྟེ། ཞིང་ཁམས་དང་གདན་ཁྲི་ལ་སོགས་པའི་ཡོན་ཏན་ལྔ་ཡང་མ་བཙལ་བར་རང་གི་སེམས་ཉིད་ལ་རྫོགས་པའོ། །མཚན་ཉིད་སྐྱེ་འཇིག་མེད་པའི་རྡོ་རྗེ་ནི། རྐྱེན་བྲལ་མི་ཤིགས་ཞེས་པ་སྟེ། སེམས་ཉིད་གཉིས་མེད་ཀྱི་ཡེ་ཤེས་དེ་ནམ་མཁའ་དང་འདྲ་བས། དང་པོ་རྒྱུ་ལས་མ་སྐྱེས་ཤིང་ཐ་མ་རྐྱེན་གྱིས་མི་འཇིག་པའོ། །རང་བཞིན་སྒོ་ནས་དབྱེར་མི་ཕྱེད་པའི་རྡོ་རྗེ་ནི། དབྱིངས་ཉིད་ཡེ་ཤེས་འདུ་འབྲལ་མེད་ཅེས་པ་སྟེ། སེམས་ཉིད་དབྱེར་མེད་ཀྱི་ཡེ་ཤེས་དེ་ལ་དབྱིངས་ཡེ་ཤེས་དེ་ལ་དབྱིངས་ཡེ་ཤེས་སམ། འཁོར་འདས་སྣང་སྟོང་ལ་སོགས་པ་དབྱེར་མི་ཕྱེད་པའོ། །ལྔ་ཡིས་གྲུབ་ཉིད་ཅེས་པ་དེ་ལྟར་རྒྱུ་མཚན་ལྔ་པོ་དེས་རྡོ་རྗེའི་ངེས་ཚིག་གྲུབ་པ་ཉིད་དོ། །གཉིས་མེད་ངང་གསལ་ནི་སྣང་སྟོང་གཉིས་སུ་མེད་པའི་རིག་པ་ཡང་སྒྲིབ་གཡོགས་མེད་པར་རང་བཞིན་ངང་གིས་གསལ་བའོ། །མི་གཡོ་མི་སེམས་ནི། གཉིས་མེད་ཀྱི་རིག་པ་དེ་མཐའ་གང་དུའང་མི་གཡོ་ལ་དམིགས་པ་ཅིར་ཡང་མི་སེམས་སོ། །དེ་ཁོ་ན་ཤེས་རིག་རང་ག་མ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་སེམས་ཆེན་པོ་ཡིན་པས་སེམས་ཆེན་པོ་ཞེས་བྱའོ། །ཕྲིན་ལས་བཞི་བཅོམ་དཔའ་བོ་ནི་ཕྲིན་ལས་ཀྱི་སྒོ་ནས་བདུད་བཞི་བཅོམ་པ་སྟེ། ཉོན་མོངས་པ་ཡེ་ཤེས་ལྔར་གསལ་བས་ཉོན་མོངས་པའི་བདུད་བཅོམ། ཕུང་པོ་ལྔ་པོ་རིགས་ལྔར་གསལ་བས་ཕུང་པོའི་བདུད་བཅོམ། རིག་པ་ལ་འགྱུར་བ་མེད་པས་འཆི་བདག་གི་བདུད་བཅོམ། གཉིས་མེད་ཀྱི་དོན་དུ་བྱ་བ་ཙམ་ན་གཞན་མ་གྲུབ་པས་དྲེགས་པ་ལྷའི་བུའི་བདུད་བཅོམ། དེ་ལྟར་བདུད་བཞི་བཅོམ་པ་ཉིད་ལ་དཔའ་བོ་ཞེས་བྱ་སྟེ། དཔེར་ན་འཁོར་བའི་གཡུལ་ངོ་བཟློག་པའི་དཔའ་བོ་ལྟ་བུའོ། །རང་ཉིད་ནི་སངས་རྒྱས་གསང་བའོ། །ལྷ་ཡི་ཞེས་པ་ནི་བཞི་སྟེ། མིང་གི་ལྷ་བཙད་པོ་དང་། བཏགས་པའི་ལྷ་ཡུལ་ལྷ་དང་། སྐྱེ་བའི་ལྷ་གཟུགས་མེད་ཁམས་ཀྱི་ལྷ་དང་། རྣམ་པར་དག །རྣམ་པར་དག་པའི་ལྷ་ཡོ་ག་མན་ཆད་ཀྱི་ལྷའོ། །དེ་ཡང་ལྷའི་ལྷ་ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་འོ། །གཉིས་མེད་མོས་ཞེས་དཔལ་རྡོ་རྗེ་སེམས་དཔའི་ཐུགས་དང་། སློབ་དཔོན་གྱི་ཐུགས་གཉིས་མེད་དུ་རྟོགས་པས་རྟོགས་པ་མཇལ་བའི་སྒོ་ནས་མོས་ཤིང་ཕྱག་བཙལ་བའོ། །སྤྱི་དོན་བཞི་པ་ཚིག་གིས་མཚམས་སྦྱར་བ་ནི། མོས་ཤིང་ཕྱག་བཙལ་ནས་ཅི་བྱེད་ཅེ་ན། ལག་བཀྲུས་ནས་ཟན་བྱེད་ཟེར་བའམ། ཁ་བཤལ་ནས་མདོ་འདོན་ཟེར་བའི་ཚུལ་དུ་ཕྱག་བཙལ་ནས་བཤད་པར་དམ་བཅའ་སྟེ། འོག་ནས་བསྟན་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །སྤྱི་དོན་ལྔ་པ་བརྒལ་བ་དང་ལན་ནི། འོ་ན་ཕྱག་བཙལ་བ་དེ། ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་ལ་ཡང་མི་འཚལ། རིགས་ལྔ་གཞན་ལ་ཡང་ཕྱག་མི་འཚལ། སྡུད་པ་པོ་གསང་བའི་བདག་པོ་ལ་ཕྱག་མི་འཚལ་བར་རྡོ་རྗེ་སེམས་དཔའ་ཁོ་ན་ལ་འཚལ་བ་ཅིའི་ཕྱིར་ཞེ་ན། དེ་ནི་རྒྱུ་མཚན་གསུམ་གྱི་ཕྱིར་ཕྱག་འཚལ་ཏེ། རྒྱས་པ་ལས། རྡོ་རྗེ་སེམས་དཔའི་བཀའ་བཤད་པའི་ཞེས་གསུངས་སོ། །གཉིས་པ་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པའི་ཕྱིར་ཡང་ཕྱག་འཚལ་ཏེ། ཤེས་རབ་སྦྱན་འབྱེད་ལས། དཀྱིལ་འཁོར་གཙོ་བོ་སྐྱེས་བུའི་མཆོག །དམ་པའི་ལྷ་ཕྱིར་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གསུམ་པ་ཡི་དམ་གྱི་ལྷ་ཡིན་པའི་ཕྱིར་ཡང་ཕྱག་འཚལ་ཏེ། རང་ཉིད་ལྷ་ཡི་ལྷ་ཞེས་འདི་ཉིད་ནས་བཤད་པའི་ཕྱིར་རོ། །དེའི་ཕྱིར་ལྷ་གཞན་པས་ཀྱང་རྡོ་རྗེ་སེམས་དཔའ་ལ་བཙལ་ལོ། །གཉིས་པ་བཤད་པར་དམ་བཅའ་བ་ལ་གསུམ་སྟེ། དགོས་དོན་དང་། བསྡུས་དོན་དང་། ཚིག་དོན་ནོ། །དགོས་པའི་དོན་ནི། གཞུང་རྩོམ་པའི་ཡན་ལག་ཏུ་བཤད་པར་དམ་བཅའ་བ་མཛད་པས་གཞུང་རྩོམ་པའི་ལས་མི་འདའ་བའི་དགོས་པ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་མི་ཆེན་པོ་རྣམས་དམའ་མི་འདོར་བའི་ཕྱིར་རོ། །བསྡུས་པའི་དོན་ལ་བཞི་སྟེ། དང་པོ་གང་གིས་བཤད་པར་བྱ་ན། དེ་ཕྱིར་སངས་རྒྱས་མཚན་ཐོས་ངས་ཞེས་པས་སངས་རྒྱས་གསང་བས་བཤད་པར་དམ་བཅའ་འོ། །གང་གི་དོན་དུ་བཤད་ན། དམ་པའི་རིགས་ཅན་དྲ་མ་ལྔ། །ཞེས་པས་ཕྱི་རབས་ཀྱི་གང་ཟག་གསང་སྔགས་ཀྱི་སྣོད་དང་ལྡན་པ་རྣམས་ཀྱི་དོན་དུའོ། །གང་ལ་བརྟེན་ནས་བཤད་པར་དམ་བཅའ་ན། སྟོང་ཕྲག་བརྒྱ་པའི་རྒྱུད་དག་ལས། ཞེས་པ་སྟེ། སྔོན་གྱི་རྒྱལ་བ་རྣམས་ཀྱི་ཤུལ་ལམ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལ་བརྟེན་ནས་བཤད་དོ། །དུས་ནམ་གྱི་ཚེ་བཤད་ཅེ་ན། །སྙིགས་མའི་རྒྱུད་དྲག་དུས་ཀྱི་ཚེ། ཞེས་པ་སྟེ། དུས་མཐའ་མ་ལ་ཉོན་མོངས་པ་རྒྱས་པའི་ཚེ་གཉེན་པོ་གཞན་གྱིས་མི་ཐུབ་པས་དེའི་དུས་སུ་བཤད་པར་དམ་བཅའ་འོ། །དེ་ཅིའི་ཕྱིར་ཞེ་ན། །སྤང་བྱ་རྒྱུད་དྲག་ལ་གཉེན་པོ་སྟོབས་ལྡན་དགོས་པའི་ཕྱིར་རོ། །ཚིག་གི་དོན་ལ་གཉིས་ཏེ། མན་ངག་དམ་པ་ཡིན་པར་ཡིད་ཆེས་པའི་ལོ་རྒྱུས་དང་། དམ་བཅའ་རང་གི་ངོ་བོ་དགོས་ཆེད་དང་བཅས་པའོ། །མན་ངག་དམ་པ་ཡིན་པར་ཡིད་ཆེས་པའི་ལོ་རྒྱུས་ནི། གསང་བའི་བདག་པོ་མངོན་གཤེགས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འོ་ན་གསང་སྔགས་ཀྱི་བསྟན་པ། སྔོན་གྱི་ཤུལ་ལམ་ཆེན་པོ་འདི་དུས་ནམ་གྱི་ཚེ་ཇི་ལྟར་འབྱུང་ཞེ་ན། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་འཇིག་རྟེན་གྱི་སྒྲོན་མ་ཐུབ་པའི་དབང་པོའི་འཁོར་གསང་སྔགས་གོ་བའི་སྐལ་བ་དང་ལྡན་པ་ནི་ལྷ་གྲགས་ལྡན་མཆོག་སྐྱོངས། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན་དང་། །ལས་སྐལ་བ་དང་ལྡན་པ་ལི་ཙ་བྱི་ལ་སོགས་པ་འདུས་པའི་ཚེ། དབང་པོས་ཇི་ལྟར་ལུང་བསྟན་དུས། །ཞེས་པ། ཐུབ་པའི་དབང་པོས་འཁོར་དེ་རྣམས་ལ་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་ཏེ། ང་ནི་འདི་ནས་མི་གནས་ན། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་དེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་སྣང་འགྱུར་བ། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྐའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཐུབ་པ་མྱ་ངན་ལས་འདས་ཏེ་ལོ་ཉེར་བརྒྱད་ཐུབ་པའི་རིགས་ཅན་ལྔ་རི་མ་ལ་ཡར་འདུས་ཏེ། གདུང་བ་ཉེར་གསུམ་སྟོན་པ་ལས། ཕྱོགས་བཅུའི་སངས་རྒྱས་ཀྱིས་གསང་བའི་བདག་པོ་ལ་བསྐུལ་བ་མཛད་ནས་གསང་བའི་བདག་པོ་བྱོན་ཏེ། གསང་བའི་བདག་པོ་མངོན་གཤེགས་ནས་ཞེས་སོ། །དེ་ཡང་གསང་བའི་བདག་པོ་ནི་གསུམ་སྟེ། །གནོད་སྦྱིན་རྣམས་གསང་ཚིག་དང་བཅས་པར་སྐྱེ་ལ། དེའི་བདག་པོ་ཡིན་པའི་ཕྱིར་དང་། །དམ་པའི་མཛོད་གསུམ་ནི་གསང་བ་ཡིན་ལ། །དེའི་བདག་པོ་ཡིན་པའི་ཕྱིར་དང་། །རྒྱལ་བའི་སྐུ་གསུང་ཐུགས་ཐོབ་དཀའ་བས་གསང་བ་ཡིན་ཏེ། དེ་ལ་མངའ་བརྙེས་པས་བདག་པོ་སྟེ། དེ་མངོན་སུམ་དུ་མི་ཡུལ་དུ་གཤེགས་ནས་ཞེས་པའམ། ཡང་ན་གདུང་བ་ཉེར་གསུམ་འདོན་པ་མངོན་དུ་ཤེས་ནས་མི་ཡུལ་བྱོན་པའོ། །བྱོན་ནས་མ་ལ་ཡར་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ལངྐའི་བདག་པོས་གླེགས་བམ་དུ་བྲིས་ནས་དགོངས་པའི་རྩལ་གྱིས་མདུན་གྱི་ནམ་མཁའ་ལ་སྦས་སོ། །རྒྱལ་བུ་རིགས་ཅན་ལྟས་ཤར་བ། །ཞེས་པ་ནི། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱིན་རླབས་ཀྱིས་རྒྱལ་བུ་གསང་སྔགས་ཀྱི་རིགས་ཅན་རྒྱལ་པོ་ཛཿལ་རྨི་ལྟས་བདུན་ཤར་ཏེ། གཉིད་སད་ནས་བཟླས་པས། སྐལ་བ་དང་ལྡན་པས་སྒྲུབ་པ་བྱ་དགོས་ཟེར་ཏེ། སྒྲུབ་པ་མཛད་པའི་ཕྱིར་ཡང་ཐོག་ཏུ་གཤེགས་པས་ཕྱག་ན་རྡོ་རྗེའི་སྐུ་གཅིག་ཀྱང་སྣང་བས་དེ་ལ་བརྟེན་ནས་སྒྲུབ་པ་མཛད་པས་རྨི་ལྟས་དང་མཐུན་པའི་གླེགས་བམ་རྣམས་མངོན་དུ་གཟིགས་ནས་སོ། །འབྲེལ་པས་སྣང་ལ་མངོན་བརྟགས་པས། ཞེས་པས། ལས་དང་སྐལ་བས་འབྲེལ་བའི་གླེགས་བམ་ལ་མངོན་སུམ་དུ་བརྟགས་པས་ཚིག་གཅིག་ཀྱང་བརྡའ་མ་མཇལ་ནས། ཀུ་ཀུ་ར་ཛ་ལ་བསྟན་པས་ཀྱང་མ་རྟོགས་ཏེ། རྒྱལ་པོ་ཉིད་ཀྱིས་དཔག་འཚལ་ཏེ་ཟེར་ཏེ་སླར་ལ་བསྐུར། ཐུགས་ཀྱི་བསྒྲུབ་པ་སྔོན་མངོན་རྟོགས་ཏེ་ཞེས་པ། ཡང་བསྐྱར་ཏེ་ཚོགས་བསག་སོགས་བྱས་གུས་པ་བྱས་ཏེ་བརྟགས་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་སྟོགས་ཏེ། དེ་ཉིད་སྒོ་ནས་དེ་ཉིད་འགྲུབ། །ཅེས་པ་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་དེ་ཉིད་ཀྱི་སྒོ་ནས་བསྒྲུབ་པས་འགྲུབ་སྟེ་ཞལ་མཐོང་། རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་ཟེར་བ་ལ། གླེགས་བམ་འདི་རྣམས་རྟོགས་པར་འཚལ་ཞེས་ཞུས་པས། རང་གི་ཕུང་པོ་སྦྱོངས་དང་གསང་བའི་བདག་པོས་ལུང་སྟོན་པར་འགྱུར་གྱི་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཕྱག་རྒྱ་རྡོ་རྗེ་དངོས་སུ་བྱོན་ནས་བསྟན་པ་གསལ་བར་བྱས་སོ། །བསྟན་པའི་དངོས་གྲུབ་དེ་ནས་ཐོབ། །ཅེས་པ་ལ་སོགས་གོ་སླའོ། །དེ་བས་བླ་མ་ལུང་བཞིན་བཀུར་ཞེས་པ། བླ་མ་ལ་ལྟོས་ན་གནས་སྐབས་ཀྱི་འབྲས་བུ་དང་མཐར་ཐུག་གི་འབྲས་བུ་མི་ཐོབ་པས་དེ་བས་ན་བླ་མ་བཀུར་རོ། །ཚུལ་ཇི་ལྟར་བཀུར་ན་ལུང་ལས་འབྱུང་བ་བཞིན་དུ་བཀུར་ཏེ། དེ་ལ་གསུམ། བླ་མ་དཀོན་མཆོག་བཞི་བཞི་པར་བཀུར་བ་དང་། །བླ་མ་སངས་རྒྱས་དང་མཉམ་པར་བཀུར་བ་དང་། །བླ་མ་སངས་རྒྱས་ལས་ལྷག་པར་བཀུར་བའོ། །བླ་མ་དཀོན་མཆོག་བཞི་པར་བཀུར་བའི་ལུང་ནི། སངས་རྒྱས་ཆོས་ཉིད་དང་དགེ་འདུན་ཏེ། བླ་མ་ཡང་ནི་བཞི་པ་ཡིན། །ཞེས་གསུངས་སོ། །མཉམ་པར་བཀུར་བ་ནི། གསང་བ་འདུས་པ་ལས། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་པ་དང་། བླ་མ་ལྔ་བཅུ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བལྟའོ། །ཞེས་སོ། །བླ་མ་སངས་རྒྱས་ལས་ལྷག་པར་བཀུར་བ་ནི། དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་པས། །སློབ་དཔོན་གཉན་པར་ཤེས་པར་བྱ། །ཞེས་སོ། །འོ་ན་དེ་རྣམས་མི་འགལ་ལམ་ཞེ་ན། མི་འགལ་ཏེ། སངས་རྒྱས་ཞལ་བཞུགས་པའི་དུས་སུ་བླ་མ་དཀོན་མཆོག་བཞི་པ་ཡིན་ཏེ། བླ་མ་མེད་ཀྱང་སངས་རྒྱས་ལ་ཞུས་པས་ཆོག་པའི་ཕྱིར་རོ། །སངས་རྒྱས་འདས་ནས་དགྲ་བཅོམ་པ་བཞུགས་པའི་དུས་སུ། བླ་མ་སངས་རྒྱས་དང་མཉམ་པར་ལྟ་སྟེ། བླ་མ་མེད་ཀྱང་དགྲ་བཅོམ་པ་ལ་ཞུས་པས་ཆོག་གོ །ད་ལྟ་ནི་བླ་མ་སངས་རྒྱས་བས་ལྷག་སྟེ། བླ་མ་མེད་ན་ཐར་པ་ཐོབ་པའི་ཐབས་མེད་པའི་ཕྱིར་རོ། །བརྟག་སྤྱོ་ཞེ་གཅོད་བཟོ་བྱ་སྟེ། །ཞེས་པ་ནི། སློབ་དཔོན་གྱི་སློབ་མའི་སྣོད་བརྟགས་པའི་དོན་དུ་ལུས་ངག་ཡིད་གསུམ་གྱི་སྤྱོ་བ་བྱ་སྟེ། ལུས་ཀྱི་སྤྱོ་བ་ནི་ལས་ལ་བཀོལ་ཞིང་ཆོས་མི་འཆད་བརྡེེག་པ་དང་བཙོག་པ་ལ་སོགས་པ་བྱའོ། །ངག་གི་སྤྱོ་བ་ནི། ངལ་མེད་དུ་བརྒལ་བ་དང་། ཞེ་འབྲུའ་ིཚིག་འབྲུ་བརྗོད་པ་དང་། །ཁྱོད་ལ་ཆོས་མི་འཆད་དོ་བྱ་བ་ལ་སོགས་པའོ། །ཡིད་ཀྱི་སྤྱོ་བ་ནི། ཁྲོ་བ་དང་འཚིག་པ་སོགས་པའོ། །དེ་རྣམས་སློབ་བུས་བཟོད་པར་བྱའོ། །ཇི་ལྟར་བཟོད་པར་བྱ་ན། མཐོང་བའི་གདུང་བས་ཁུར་མི་ལྟ། །ཞེས་པ་སྟེ། དེ་ལྟར་སྤྱོང་པ་བྱེད་པར་མཐོང་བའི་ཚེ་ན་སྡུག་བསྔལ་གྱི་ཁུར་དུ་མི་ལྟ་བར་བླ་མ་ལ་མོས་གུས་རྒྱུན་མི་གཅོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཀུན་ཡུན་གྱི་དོན་དུ་བཟོད། །ཅེས་པ་སྟེ། སྤྱོ་བའི་སྡུག་བསལ་ཕྲ་མོ་ཡིན་ལ། །དེ་ལ་བརྟེན་ནས་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བཟོད་པར་བྱའོ། །དཀའ་བས་བརྟེན་ནས་ཞེས་པ་ལ་སོགས་པ་གོ་སླ་བར་ཟད་དོ། །དེ་བས་རྡོ་རྗེ་གཉེར་ལྡན་པས། །ཞེས་པས་ཉམས་ཀྱི་གདམས་ངག་ལ་བརྟེན་ནས་འབྲས་བུ་ཐོབ་པ་དེ་བས་ན་རྡོ་རྗེ་སློབ་དཔོན་གྱི་གཉེར་དང་ལྡན་པས། །མི་ཆོས་ཀྱི་བྱ་བ་སྤོང་དུ་བཅུག་ནས་ཐར་པའི་ལམ་དུ་འཛུད་པའོ། །གཉེར་ཇི་ལྟ་བུ་དང་ལྡན་ན་སློབ་མིའི་སྣོད་བརྟགས་པའི་གཉེར་དང་ལྡན་པ་ཡིན་ཏེ། རྒྱང་དྲུང་སོན་པྲ་མཁའ་འགྲོ་ཡིས། །ཞེས་པས། ཐབས་ལྔས་བརྟག་སྟེ། རྒྱང་ནས་བརྟགས་པ་ནི། རིགས་བཟང་ངན་དང་། རྒྱུད་འཇམ་རྩུབ་དང་། དད་པ་དང་གཏོང་ཕོད་ཆེ་ཆུང་མི་གཞན་ལ་དྲིའོ། །དྲུང་ནས་བརྟག་པ་ནི། འཕྲལ་གྱི་སྤྱོད་ལམ་དང་མི་རྒྱུད་བཟང་ངན་ལ་བརྟག་གོ །དཔེར་ན་པྲ་ཡིས་བརྟགས་པ་ནི། པྲ་དབབ་པ་དང་མོ་ལྟ་བུས་ཀྱང་བརྟག་གོ །མཁའ་འགྲོས་བརྟག་པ་ནི། མཁའ་འགྲོ་དང་ཆོས་སྐྱོང་ལ་གསོལ་བ་བཏབ་ལ་འདི་ལ་གསང་སྔགས་བརྗོད་དུ་རུང་ངམ་མི་རུང་ཞེས་བརྗོད་པས་རྨི་ལམ་དུ་སྟོན་པར་འགྱུར་རོ། །སྤྱོ་བ་ཡིས་བརྟག་པ་སྔར་བསྟན་ཟིན་ཏོ། །མི་བཟློག་བརྟན་བྱས་བརྟས་པ་ཡིས། །ཞེས་པ་མི་བཟློག་ཅིང་བརྟན་པ་ནི་རིགས་ངེས་པ་ལས་བྱུང་བ་ཡིན་ཏེ། རང་བཞིན་གྱི་རིགས་ངེས་པ་དང་། །དོན་མཐོང་བའི་རིགས་ངེས་པ་དང་། །ཁེ་ཉེན་དང་ནན་ཆགས་ཀྱི་རིགས་ངེས་པ་གསུམ་མོ། །དང་པོ་ནི། དབང་པོ་རྣོན་པོ་གསང་སྔགས་ཀྱི་རིགས་སུ་ངེས་པའོ། །གཉིས་པ་ནི་ལྟ་བ་རྟོགས་པའི་དུས་སུ་གཞན་གྱིས་བསྒྱུར་དུ་མི་བཏུབ་པའོ། །འདི་ནི་ཐ་མ་ཡིན་ནོ། །བརྒྱད་ཀྱི་མཁའ་འགྲོ་བཞིན་འདུས་ནས། །ཞེས་པ་ནི། དུར་ཁྲོད་ཀྱི་གནས་བརྒྱད་དེ། རྒྱ་གར་ཡུལ་ན་བསིལ་བའི་ཚལ། །སིདྷའི་ཡུལ་ན་སྐུ་ལ་རྫོགས། །སོ་སའི་ཡུལ་ན་ཧེ་ཆེན་བརྟལ། །བརྡལ་ལའི་ཡུལ་ན་གསང་ཆེན་རོལ། །བལ་པོའི་ཡུལ་ན་ལྷུན་གྲུབ་བརྩེགས། །ཨོ་རྒྱན་ཡུལ་ན་པདྨ་བརྩེགས། །ཟ་ཧོར་ཡུལ་ན་ལྷུན་གྲུབ་བརྩེགས། །ལི་ཡི་ཡུལ་ན་འཇིག་རྟེན་བརྩེགས། །མཁའ་འགྲོ་མ་བརྒྱད་ནི། སྲིན་མོ་ཐོད་སྐོམས་མ་དང་། མདའ་འཕེན་མ། འཛིན་བྱེད་མ། བེ་ཏ་མ། ནང་ཁྲོལ་འདྲེན་མ། རབ་འཇིགས་མ། སྲོག་གཅོད་མ། སྙིང་འབྱིན་མ། དེ་ལྟར་མཁའ་འགྲོ་མ་བཞིན་མི་སྡུག་པ་རྣམས་འདུས་ནས། །ཚེ་འདིར་སྲོག་ལ་འབེབས་ཤིང་ཤ་ཟ། །ཕྱི་མར་ངན་སོང་དུ་ལྟུང་ངོ་། །རང་བཞིན་ཡེ་ཤེས་རང་གནས་དང་། །ཞེས་པ་ན་མར་ནི་མན་ངག་མདོར་བསྟན་པ་ཡིན་ཏེ། རང་བཞིན་ནི་བྱེད་པ་མེད་པ་སྟེ་འཕྲལ་ལ་མ་བྱས་པ། ཡེ་ཤེས་ནི་བདེན་པ་གསུམ་སྟེ། །དེ་ཡང་མ་བཙལ་བར་གསང་སྔགས་ཀྱི་ལུགས་ཀྱིས་རང་ལུས་ལ་ཐབས་ལྡན་ལ་གནས་པར་འདོད་དེ་ལེའུ་དང་པོའོ། །དེ་མཐོང་ནི་རང་ལ་གནས་པའི་བདེན་པ་གསུམ་གཏན་ཚིགས་ལ་བརྟེན་ནས་མཐོང་བ་སྟེ་ལེའུ་གཉིས་པའོ། །དེ་ལྟར་འཇུག་རྣལ་འབྱོར་བཞི་ནི་མཐོང་བའི་དོན་གྱི་བདེན་པ་ཁ་ཕྲལ་ནས་གོམས་པར་བྱ་བའི་ཕྱིར་ཏེ། སྟོང་པ་ཆེན་པོ་དང་། སྒྱུ་མ་ལྟ་བུ་དང་། ཕྱག་རྒྱ་ཆེན་པོ་དང་། སྤྲོས་པའོ། །བར་ཆད་མེད་བསྒྲུབ་རྣམ་པར་སྨིན། །ཞེས་པ་ནི། བར་ཆད་མེད་པའི་ལམ་དུ་ཚོགས་བསྒྲུབ་པ་དང་། བློ་ཆུང་བ་ལྷག་མའི་ལུས་དང་བཅས་པའི་རྣམ་པར་སྨིན་པའི་ལུས་རིག་འཛིན་ནོ། །དབང་བསྒྱུར་ཕྱག་རྒྱ་ལྷུན་གྲུབ་ལམ། །ཞེས་པ་ནི། དབང་བསྒྱུར་ནི་ཚེ་ལ་དབང་བསྒྱུར་བ་སྟེ་མཐོང་ལམ་མོ། །ཕྱག་རྒྱ་ནི་ལྷའི་སྐུ་ཕྱག་རྒྱར་དངོས་སུ་གསལ་བ་སྟེ་བསྒོམ་ལམ་མོ། །ལྷུན་གྲུབ་ནི་ལམ་གྱི་རྩོལ་བ་དང་བྲལ་ཏེ་འབྲས་བུ་རང་དབང་ཅན་དུ་གྱུར་པ་མཐར་ལམ་མོ། །མངོན་བྱས་རིམ་པར་བརྗོད་པར་བྱ། །ཞེས་པ་ནི། གཞིའི་དོན་ཇི་ལྟར་བ་བཞིན་དུ་མངོན་དུ་བྱས་ཏེ་མཐར་ཕྱིན་པ་ནི་འབྲས་བུ་དངོས་སོ། རྩོམ་མེད་དུས་བཞི་ཀུན་ཏུ་མཉམས། ཞེས་པ་ནི། འདིའི་སྐབས་སུ་འཁོར་བ་ལ་ཐོག་མཐའ་ཡོད་དམ་མེད། ཡོད་ན་གཞུང་འདི་དང་འགལ། །མེད་ན་ལམ་བགྲོད་པ་དོན་མེད་དུ་འགྱུར་ཞེ་ན། ཁ་ཅིག་ནི་ཐ་མ་ཡོད་པར་འདོད་དེ། འབྲི་བ་ཡོད་ལ་སྣོན་པ་མེད་པའི་ཕྱིར། སྦྱང་གི་ཏིལ་བཞིན་ནོ་ཟེར་རོ། །དེ་མི་འཐད་གྲངས་ལ་མཐའ་མེད་པའི་ཕྱིར་རོ། །ཤར་ཕྱོགས་ཀྱི་ནམ་མཁའ་ཚོལ་བ་བཞིན་ནོ། །ཁ་ཅིག་ཁམས་གསུམ་སྤྱི་བཙན་དུ་མེད་ལ། །གང་ཟག་སྒོས་པ་ཙམ་དུ་ཡོད་ཟེར་རོ། །དེ་ལྟར་སྤྱི་དེས་སྒོས་ལ་ཁྱབ་བམ་མ་ཁྱབ། མ་ཁྱབ་ན་སྤྱི་མ་ཡིན་པར་ཐལ། ཁྱབ་ན་སྒོས་མི་འགྲུབ་པར་འགྱུར་རོ། །འོ་ན་ཇི་ལྟར་ཤེས་པར་བྱ་ན། ཚོགས་སྤྱིས་ཁྱབ་ཀྱང་རིགས་སྤྱིས་མ་ཁྱབ་པས་ལམ་ཉམས་སུ་ལེན་པ་ལ་ཐ་མ་འབྱུང་བ་མི་འགལ་ལོ། །དེ་ལ་རྣམས་གསུམ་གནས་ཚུལ་བཞག །ཅེས་པ་མདོར་བསྟན་ནས། །འབྲུ་ལྔར་གནས་པའི་ཐབས་ཆེན་པོ། །ཞེས་པ་ན་མར་ལ་རང་ལ་གནས་པའི་ཀུན་རྫོབ་རང་ལ་གནས་པར་སྟོན་ཏེ། འབྲུ་ལྔར་ཇི་ལྟར་གནས་ན། ཨཱོཾ་ལྟེ་བར་གནས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས། ཨཱོཾ་མགྲིན་པར་གནས་པ་སོ་སོར་རྟོག་པ། ཧཱུྃ་སྙིང་གར་གནས་པ་མེ་ལོང་ལྟ་བུ། སྭ་སྟ་ཟུར་གཡས་པ་མཉམ་པ་ཉིད། ཧ་ཀླད་པ་བྱ་བ་གྲུབ་པ་སྟེ། དེ་ལྟར་འབྲུ་ལྔ་པོ་ཉིད་ཡེ་ཤེས་ལྔ་མ་འགགས་པས་ན་ཐབས་ཆེན་པོའོ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པ་ནི། འདོད་ཁམས་ཀྱི་མི་ལ་དངོས་སུ་གནས་ལ། འགྲོ་བ་གཞན་ལ་བག་ཆགས་ཀྱི་ཚུལ་དུ་གནས་པ་ནི་མཚོན་བྱ་དོན་གྱི་སྟོན་པའོ། །དཀྱིལ་འཁོར་བཞི་དང་སྲོག་ཤིང་གསུམ། ཞེས་པ་དཀྱིལ་འཁོར་བཞི་ནི། ཀླད་པ་བདེ་བ་ཆེན་པོའི་འཁོར་ལོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། །སྙིང་ཀ་ཆོས་ཀྱི་འཁོར་ལོ། །ལྟེ་བ་སྤྲུལ་པའི་འཁོར་ལོ། །སྲོག་ཤིང་གསུམ་ནི། དབུས་རྩ་ཨ་ཝ་དྷུ་ཏི། གཡས་རྐྱང་མ། གཡོན་རོ་མའོ། །གནས་ན་ཀཱ་ལིའི་སྒྲ་དབྱངས་ལྡན། །ཞེས་པ་ནི། འཁོར་ལོ་བཞིའི་བཞིའི་གནས་ན། ཀཱ་ལི་ཡིག་འབྲུ་སུམ་ཅུ་སོ་གཉིས་དང་། །ཨཱ་ལི་དབྱངས་ཡིག་བཅུ་དྲུག་རང་བཞིན་གྱིས་གནས་པ་ནི་མཚོན་བྱེད་ཚིག་གི་སྟོན་པའོ། །དེ་ཡང་ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ལ་གསལ་བྱེད་སུམ་ཅུ་རྩ་གཉིས་གནས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་ལ་དབྱངས་ཡིག་བཅུ་དྲུག་གནས། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ལ་མ་ནིང་གི་ཡི་གེ་བརྒྱད་གནས་ཏེ། ཨ་ཀ་ཙ་ཊ་ཏ་པ་ཤ་ཡའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབས་དྲུག་ཅུ་བཞི་ལ་དབྱངས་ཡིག་དང་གསལ་བྱེད་རྣམས་གཡས་སྐོར་དང་གཡོན་སྐོར་དུ་རང་བཞིན་གྱིས་གནས་སོ། །གླིང་གཞི་རང་ལ་གནས་པ་ནི། །ཨེ་བྃ་མ་ཡ་མཁའ་ལྡན་དང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ་གཉིས་ལས། སྟེང་སྒོ། འོག་སྒོ། མཁའ་གསང་གཉིས་ལ་ཕུན་གསུམ་ཚོགས་པ་ལྡན་ལུགས་ནི། ཐལ་བའི་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །བྃ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །མ་དང་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །ས་སྒྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་ཆེན་འདི་ཉིད་དོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ན་མ་དེ་མིན་ཞེས་བྱའོ། །ཞེས་གསུངས་པས། ཨེས་མཚོན་པའི་གནས་ནི་ཡུམ་གྱི་མཁའ་ཟླ་གམ། སྒོ་གྲུ་བཞི། ཁྱམས་གྲུ་གསུམ། སྣ་ཚོགས་འདུས་འདུས་པ་ཟླུམ་པོ་ནི་གནས་ཕུན་སུམ་ཚོགས་པའོ། །བྃ་གྱིས་མཚོན་པ་ནི། ཡབ་ཀྱི་རྡོ་རྗེ་རྩེ་མོ་ན་རྩ་ས་ཡ་ཕྲག་བཅུ་གསུམ་འདུས་པའི་བཅུད་ཐིག་ལེ་བྃ་གྱི་གཟུགས་ཅན་དུ་གནས་པ་ནི་སྟོན་པའོ། །མ་མ་ནུ་ན་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པའི་ཚོགས་བརྒྱད་ནི་འཁོར་ལོ། །མས་མཚོན་པའི་བསྟན་པ་ནི། པ་ར་མཱརྠ་ན་དོན་ཟབ་མོ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་བསྟན་པ་ཕུན་སུམ་ཚོགས་པའོ། །སྙིང་པོ་རླུང་སྒོམ་གནས་ན་ཡོད་ཅེས་པ་ནི། སྟེང་སྒོ་སྟེ་སྙིང་ཆོས་ཀྱི་འཁོར་ལོ་ལ་ཕུན་སུམ་ཚོགས་པ་ལྔ་གནས་ཏེ། རྒྱ་མཚོ་ལས། དྷརྨཱ་ཱཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིག་ཐིག་ལེ་བྃ་ཡིག་ཅན། །རང་ལ་བདེ་བ་གསལ་བྱེད་དག །མ་ནུའི་ཡིད་ཚོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བ་བསྡུས་བཤད་པའོ། །ཞེས་གསུངས་པས། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་གཡས་ཡེ་ཤེས་ཀྱི་རྩ། གཡོན་ཡོན་ཏན་གྱི་རྩ། རྒྱབ་རང་རྒྱུད་ཀྱི་རྩ། མདུན་ཆོས་ཉིད་ཀྱི་རྩ་བཞི་ཕྲིན་ལས་བཞིའི་དབྱིབས་སུ་མྱོང་བ་ནི་གནས་ཕུན་སུམ་ཚོགས་པའོ། །རྩ་བཞིའི་དབུས་ན་ཡེ་ཤེས་སྙིང་པོ་ཅན་གྱི་ཐིག་ལེ་བྃ་གྱི་དབྱིབས་སུ་གནས་པ་ནི་སྟོན་པ་ཕུན་སུམ་ཚོགས་པའོ། །ཡིད་ཀྱི་རྣམ་ཤེས། ཀུན་གཞིའི་རྣམ་ཤེས། ཉོན་མོངས་པ་ཅན་གྱི་ཡིད་སྒོ་ལྔའི་རྣམ་ཤེས་བཞི་ནི་འཁོར་ཕུན་སུམ་ཚོགས་པའོ། །བདེ་སྟོང་གཉིས་མེད་ཀྱི་དོན་ཉམས་སུ་མྱོང་བ་ནི་བསྟན་པ་ཕུན་སུམ་ཚོགས་པའོ། །དེ་ཡིས་ཏནྟྲ་འབྱིན་པར་བྱེད། །ཅེས་པ་ནི་དེ་ལྟར་གླེང་གཞི་གཉིས་པོ་དེ་ཡིས་རྒྱུད་ཀྱི་དོན་འབྱིན་ཅིང་སྟོན་པར་བྱེད་དོ། །གྲོལ་ལམ་རང་ལ་གནས་པ་ནི། །དེ་དོན་དེ་ན་ཆོས་ཉིད་དང་། །ཞེས་པ་ལ་སོགས་པ་སྟེ། རྒྱུད་ཀྱི་དེའི་དོན་ནི་སྙིང་ག་ཆོས་ཀྱི་འཁོར་ལོའི་གནས་ན་ཡོད་དེ། ཇི་ལྟར་ཡོད་ན། ཆོས་ཉིད་དང་ཟེར་བས་མཐུན། །ཆོས་ཉིད་ཀྱི་རྩ་དཀར་ལ་ཟླུམ་པ་ལ་ཐིག་ལེ་མི་རྟོག་པའི་ངོ་བོར་གནས་པ་ནི་དེ་ཏིང་གི་ངོ་བོའོ། །ཡེ་ཤེས་ཡོན་ཏན་ལས་ཉིད་དངོས། །ཞེས་པ། གཡས་ཡེ་ཤེས་ཀྱི་རྩ་སེར་པོ་གྲུ་བཞི་ཐིག་ལེ་མ་འགགས་པ་ངོ་བོར་གནས་པ་ནི་ཀུན་ཏུ་སྣང་བའི་ངོ་བོའོ། །རྒྱབ་ཡོན་ཏན་གྱི་རྩ་དམར་པོ་ཟླ་གམ་ལ་གཉིས་སུ་མེད་པའི་ཐིག་ལེ་གནས་པ་ནི་ཕྱག་རྒྱ་གཅིག་པའི་ངོ་བོའོ། །གཡོན་རང་རྒྱུད་ཀྱི་རྩ་དམར་ནག་གྲུ་བཞི་ལ་སྤྲོས་པ་དང་ཚོགས་སྒྲུབ་ཀྱི་ངོ་བོའི་ཐིག་ལེ་གནས་པའོ། །དངོས་ཞེས་པ་སྟེ་ཆོས་ཉིད་ཀྱི་རིག་པ་སྟེ། ཡེ་ནས་དེ་ལྟར་གནས་པའི་ཐ་ཚིག་གོ །རྣལ་འབྱོར་ལམ་རིམ་རང་བཞིན ལྡན། །ཞེས་པ་རྣལ་འབྱོར་ནི། སྐབས་འདིར་ཏིང་ངེ་འཛིན་ལ་བྱ་སྟེ། ཟག་བཅས་ཀྱི་ཏིང་ངེ་འཛིན་ལྔ་ཡང་ཕྲལ་དུ་བསྒྲུབས་པ་མ་ཡིན་ཏེ་རང་བཞིན་གྱིས་ལྡན་ནོ། །ཐབས་ལམ་རང་ལ་གནས་པ་ནི། ཆགས་པས་ཁམས་གྲུབ་ཅིག་ཤོས་ཀྱིས་ང་ཞེས་པ་སྟེ། དེ་ཡང་འདོད་ཆགས་རང་རྒྱུད་པའི་འཕེན་པས་ནི་ཁམས་གསུམ་དུ་སྐྱེ་བའི་ལས་གྲུབ་ཅིང་། ཅིག་ཤེས་ཞེས་བྱ་བ་སྟེ་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་ཐིག་ལེ་དབབ་པ་དང་། གཟུང་བ་དང་། བཟློག་པ་དང་། གནས་སུ་དགྲམ་པ་ལ་སོགས་པ་ནི་རང་བྱུང་གི་ཡེ་ཤེས་འགྲུབ་པར་བྱེད་པའོ། །སྣོད་ཀྱི་འོད་དབྱིབས་ཕྲིན་ལས་བཞི། ཞེས་པ། སྣོད་ནི་རྩ་ཡིན་ལ་འོད་ནི་རྩའི་ཁ་དོག་ཡིན་ཞིང་དབྱིབས་ནི་ཟླུམ་པོ་ལ་སོགས་པ་ཕྲིན་ལས་བཞིའི་དབྱིབས་ཏེ། ཆོས་ཉིད་ཀྱི་རྩ་དཀར་པོ་ཟླུམ་པོ་ཞི་བ། ཡེ་ཤེས་ཀྱི་རྩ་སེར་པོ་གྲུ་བཞི་རྒྱས་པ། །ཡོན་ཏན་གྱི་རྩ་དམར་པོ་ཟླ་གམ་དབང་། །རང་རྒྱུད་ཀྱི་རྩ་དམར་ནག་གྲུ་གསུམ་དྲག་པོའོ། །གནས་བཞི་འབྱུང་བ་ལས་བཞི་སྟེ། ཞེས་པ་ནི། བདེ་ཆེན་རླུང་གི་འཁོར་ལོ་ཟླ་གམ་སྔོན་པོ་ནི་དབང་། སྙིང་ག་ཆུའི་འཁོར་ལོ་ཟླུམ་པོ་དཀར་པོ་ནི་ཞི་བ། མགྲིན་པ་མེའི་འཁོར་ལོ་གྲུ་གསུམ་ནི་དྲག་པོ། ལྟེ་བ་སའི་འཁོར་ལོ་སེར་པོ་གྲུ་བཞི་ནི་རྒྱས་པ། དེ་ལྟར་གནས་བཞི་འབྱུང་བ་བཞི་འཁོར་ལོ་གནས་པ་ནི་གཞིའོ། །གསང་བའི་མཁའ་ལ་རང་བཞིན་ལྡན། །ཞེས་པ་ནི། ཡུམ་གྱི་མཁའ་ཕྱི་གྲུ་བཞི་ནི་རྒྱས་པ། །ཁྱམས་གྲུ་གསུམ་དྲག་པོ། སྣ་ཚོགས་འདུས་པ་ཟླུམ་པོ་ཞི་བ། །ཟ་མ་ཏོག་ཟླ་གམ་ནི་དབང་། །དེ་ལྟར་ཡུམ་གྱི་མཁའ་ལ་ཡང་ཕྲིན་ལས་བཞིའི་རང་བཞིན། རྃ་ཡྃ་གཡས་གཡོན་སྦྱིན་སྲེག་ལྡན། ཞེས་པ་ནི། རཾ་ནི་མེའི་ས་བོན་ཏེ་ལྟེ་བ་ན་གནས། ཡཾ་ནི་རླུང་གི་ས་བོན་ཏེ་སྒྲོམ་མདོ་ན་གནས་སོ། །གཡས་ཀྱི་རྩ་ནི་རྐྱང་མ་སྟེ་དགང་གཟར། །གཡོན་གྱི་རྩ་ནི་རོ་མ་སྟེ་བླུག་གཟར། །སྲེག་ལྷ་ནི་ཨ་ཝ་དྷུ་སྟེ། ཐིག་ལེ་ཞུ་ནས་དྭངས་མ་རྩ་ལམ་དུ་ཚུད་པ་ནི་སྦྱིན་སྲེག་རང་ལ་ལྡན་པའོ། །ཐིག་ལེ་བསྙེན་བསྒྲུབ་རང་བཞིན་ལྡན། ཞེས་པ་ནི། མདུན་ཆོས་ཉིད་ཀྱི་རྩ་དོན་དམ་པ་ཡིན་པས་བསྙེན་པ། གཡས་ཡེ་ཤེས་ཀྱི་རྩའི་ཐིག་ལེ་ཕྱག་རྒྱར་གསལ་བས་ཉེ་བསྙེན། རྒྱབ་ཡོན་ཏན་གྱི་རྩ་འདོད་པ་ཚང་བས་བསྒྲུབ་པ། གཡོན་རང་རྒྱུད་ཀྱི་རྩའི་ཐིག་ལེ་འབྲས་བུ་དངོས་གཞི་ཡིན་པས་བསྒྲུབ་པ་ཆེན་པོ་སྟེ། དེ་ལྟར་བསྙེན་བསྒྲུབ་བཞི་ཡང་མ་བཙལ་བར་རང་བཞིན་གྱིས་ལྡན་ནོ། །བཞི་བརྒྱད་ཀྵི་ར་མ་དྷ་ལ། ཞེས་པ་ནི། བཞི་ནི་གོང་གི་རྩ་བཞི་ཡིན་ལ། །བརྒྱད་ནི་རྩ་ཕྲན་དུ་ཕྱེ་བ་སྟེ། །ཆོས་ཉིད་ཀྱི་རྩ་དང་ཡོན་ཏན་གྱི་རྩ་གཉིས་ལ་གསུམ་གསུམ། །ཡེ་ཤེས་དང་རང་རྒྱུད་གཉིས་ཏེ་བརྒྱད་དོ། །ཀྵི་ར་ནི་རྩ་ལ་མ་དྷ་ལ་ནི་དཀྱིལ་འཁོར་ཏེ། རྩ་དཀྱིལ་འཁོར་གྱི་ཚུལ་དུ་རང་ལ་ལྡན་ནོ། །གནས་བརྟེན་རྩ་དང་ཐིག་ལེ་ལ། ཞེས་པ་ནི། གནས་རྩ་ཡིན་ལ། བརྟེན་པ་ནི་ཐིག་ལེ་རྩ་ནང་ན་གནས་པའོ། །བཅུ་དབང་ལྔ་གསུམ་དབང་རྣམས་ལྡན། ཞེས་པ་ནི། ཕན་པའི་དབང་བཅུ། ནུས་པའི་དབང་ལྔ། ཟབ་མོའི་དབང་གསུམ་དང་ལྡན་ནོ། །ཇི་ལྟར་ལྡན་ན། ཚོགས་བརྒྱད་ཡེ་ཤེས་ལྔར་ལྡན་པ་དབུ་རྒྱན་གྱི་དབང་། རྩ་རོ་མ་རྐྱང་མ་ཅོད་པན། ཨ་ཝ་དྷུ་ཏི་ལ་ཐིག་ལེ་སུམ་ཅུ་རྩ་གཉིས་ཡོད་པ་ཕྲེང་བ། ལུས་ལ་རྩས་ཁྱབ་པ་གོ་ཆ། གསང་བའི་རྒྱལ་པོ་རྒྱལ་མཚན། །རྟོག་ཚོགས་རྒྱས་བསྡུས་ཕྱག་རྒྱ། །ཀླད་པ་བདེ་བ་ཆེན་པོའི་རྩ་གདུགས། རྩ་གནས་ན་ཐིག་ལེས་གང་བ་བུམ་པ། །ཐམས་ཅད་སེམས་སུ་ལོངས་སྤྱོད་པ་བཟའ་བཏུང་། །རྩ་རོ་མ། རྐྱང་མ། ཀུན་རྡར་མ། ལོང་། ཤ་ཆེན་གྱི་རྩ་ལྔ་ལ་དམ་རྫས་ལྔའི་བཅུད་ཡོད་པ་སྙིང་པོའི་དབང་། དེ་ལྟར་ཕན་པའི་དབང་བཅུའོ། །རྣ་བའི་འདོམ་རྩ་ན་ཐིག་ལེ་ཡོད་པ་ནི་ཉན་པའི་དབང་། ལྕེའི་ཐིག་ལེ་འཆད་པའི་དབང་། སྲོག་མི་ཤིགས་པའི་ཐིག་ལེ་སྒོམ་པའི་དབང་ངོ་། །ལག་པ་གཉིས་ཀྱི་ཐིག་ལེ་ཕྲིན་ལས་ཀྱི་དབང་། །ཡན་ལག་ལྔ་ཆར་ལ་ཐིག་ལེ་ཡོད་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །དེ་ནི་ནུས་པའི་དབང་ལྔའོ། །དོན་དམ་གྱི་ཡེ་ཤེས་རང་ཆས་སུ་ཡོད་པ་གསང་དབང་། ཀུན་རྫོབ་ཀྱི་ཡེ་ཤེས་རང་ཆས་སུ་ཡོད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དབྱེར་མེད་རང་ཆས་སུ་ཡོད་པ་ནི་བདེ་བ་ཆེན་པོའི་དབང་ངོ་། །དེ་རྣམས་ནང་གསང་བའི་དབང་གསུམ་པོ་དེ་རྣམས་ཀྱང་རང་ལ་ལྡན་ནོ། །གསང་བ་ནང་གི་འདོད་ཡོན་ལྔ། །ཞེས་པ་ནི། །ཕྱིའི་མཆོད་པ་མ་ཡིན་ཏེ། གསང་བའི་མཆོད་པའམ། །ཡང་ན་ནང་གི་མཆོད་པའི་འདོད་ཡོན་ལྔ་ཡིན་ཏེ། དེ་ཡང་ཡབ་ཡུམ་ཀྱི་གཟུགས་མཛེས་པ་གཟུགས་ཀྱི་ལྷ་མོ། སྦྱོར་བ་ཧ་སའི་སྒྲ་སྒྲོགས་པ་སྒྲའི་ལྷ་མོ། བདེ་བས་ཚིག་པ་དྲིའི་ལྷ་མོ། དབང་པོ་རེག་པ་རེག་གི་ལྷ་མོ། །བདེ་བས་ཁྱབ་པ་ཆོས་ཀྱི་ལྷ་མོ། །དེ་ལྟར་གསང་བའི་མཆོད་པ་ལྔ་ཡང་རང་ལ་ལྡན་ནོ། །དམ་རྫས་རང་བཞིན་མཆོད་པ་སྟེ། །ཞེས་པ་ནི། ནང་གི་མཆོད་པ་སྟེ། རྩ་རོ་མ། རྐྱང་མ། ཀུན་འདར་མ། ལོང་གི་རྩ། ཤ་ཆེན་གྱི་རྩ་རྣམས་ལ་དམ་རྫས་ལྔ་ཡི་དྭངས་མ་གནས་པ་ནི་མཆོད་པ་སྟེ་རང་ལ་ལྡན་པའོ། །དམ་ཚིག་ནི་གོ་བར་ཟད་དོ། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །ཅེས་པ་ནི། ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ཡང་ཀུན་རྫོབ་ཀྱི་ངོ་བོ་ནི་སྣང་ལ་མ་འགགས་པ་ཙམ་མོ། །ལྷག་པར་ཀུན་རྫོབ་ཀྱི་ངོ་བོ་ནི་བདེན་པ་སྟོང་པའི་སྣང་བ། སྣང་བ་རིས་སུ་མ་ཆད་པའོ། །ཕུག་རོན་གྱི་རྐེ་ལྟ་བུའོ། །དེ་ལྟར་ཡིན་པར་ཅིས་ཤེས་ན། ལུང་དང་རིགས་པས་ཤེས་ཏེ། ལུང་ནི་རྒྱས་པ་ལས། ཀུན་རྫོབ་ཆུ་ཟླ་ལྟར་ཡིན་པས། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །ཅེས་གསུངས་ལ། རིགས་པ་ནི། ཆོས་ཅན་གཅིག་གི་སྟེང་དུ་ཕབ་ན། རྒོལ་ཕྱིར་རྒོལ་བ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན། རིགས་པ་སྒྱུ་མའི་སྣང་བ་ཡིན་ཏེ། སྣང་བའི་ངོ་བོ་མ་ངེས་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ན། འོ་ན་ངེས་སམ། ངེས་ན་དམྱལ་བ་ལ་ཡང་བུམ་པར་སྣང་བ་ཐལ། འདོད་ན། དམྱལ་བ་རང་སེམས་མེ་སོགས་ཞེས་པ་དང་། རྫས་ཀྱི་དངོས་པོ་གཅིག་ལ་ཡང་། །ལོག་མཐོང་དྲུག་དང་ཡང་དག་དགུ །ཞེས་པ་དང་འགལ། འོ་ན་ང་ལ་བུམ་པར་སྣང་བ་བཞིན་དུ་ཁྱོད་ལ་མི་སྣང་བར་ཐལ། མ་ངེས་པའི་ཕྱིར་རོ་ཟེར་ན། །ཁྱོད་དང་ང་གཉིས་མཐུན་སྣང་གཅིག་ཏུ་ངེས་པ་མི་སྟོ། འགྲོ་བ་ལས་མཐུན་གཅིག་ཏུ་འཚོགས་པས་མཐུན་པར་སྣང་བ་ཡིན། དཔེར་ན་མིག་སེར་གྱི་ནད་ཀྱིས་བཏབ་པ་གཉིས་དུང་དཀར་པོ་ལ་སེར་པོར་མཐུན་པོར་མཐོང་བ་དེ། དུང་སེར་པོར་ཡོད་ནས་མཐོང་ལུགས་མཐུན་པ་མིན། ནང་རིགས་མཐུན་པས་མཐོང་ལུགས་མཐུན་པ་བཞིན་ནོ། །ཡང་ཤེས་ངོ་ཐུན་མོང་པ་དང་། །དུས་གསུམ་ཐུན་མོང་བ་ལ་མཐུན་པ་མི་འགལ་ཡང་། ཤེས་ངོ་ཁྱད་པར་བ་དང་། དུས་གསུམ་སྔ་ཕྱི་མཐུན་པར་མི་འགྱུར་ཏེ། དཔེར་ན་ཤེས་ངོ་མཐུན་མོང་བ་ཡི་དྭགས་ལྟ་བུ་དང་། ཆུ་བོ་ཆེན་པོ་ལ་རྣག་ཁྲག་ཡོད་པར་མཐུན་པ་མཐོང་ཡང་། ཤེས་ངོ་བྱེ་བྲག་པ་མི་ལྟ་བུ་དང་། །ཡི་དྭགས་ལྟ་བུ་གཉིས་མི་མཐུན་པའི་སྣང་བའི་ངོ་བོ་མ་ངེས་པའོ། །ཡང་དུས་མ་འོངས་པ་དང་། དུས་ད་ལྟ་བའི་བུམ་པ། དངོས་པོ་རྫའི་བུམ་པ། རྣམ་པ་ཁ་གཡེལ་ཞབས་ཞུམ་པའི་རྣམ་པར་འདུག་པའི་ཚེ། སྣང་བའི་ངོ་བོ་བུམ་པར་འདུག་ཀྱང་། དུས་སྔར་གྱི་འཇིམ་པ་དང་། དུས་ཕྱིས་ཀྱི་གྱོ་དུམ་དང་། །དུས་ད་ལྟའི་བུམ་པ་རྣམས་སྣང་བའི་ངོ་བོ་མ་ངེས་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ན་མངོན་སུམ་གྱི་འགལ་ལོ། །ཁྱབ་པ་མ་གྲུབ་ཅེ་ན། གང་ལ་སྣང་བའི་ངོ་བོ་མ་ངེས་པ་དེས་རིག་པ་སྒྱུ་མ་ཡིན་པ་ལ་ཁྱབ་སྟེ། སྒྱུ་མ་མཁན་གྱི་རྟ་གླང་བཞིན་ནོ། །བདུན་དང་གསུམ་གྱི་དོན་དམ་ལས། ཞེས་པ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དབྱིངས་ཡེ་ཤེས་གཉིས་ཏེ་བདུན་དང་། གསུམ་ནི་རང་བཞིན་དོན་དམ། ཡེ་ཤེས་དོན་དམ། འབྲས་བུ་དོན་དམ་མོ། །དེ་ཡང་ཤེས་བྱའི་གནས་ལུགས་ནི་རང་བཞིན་དོན་དམ། དེ་རྟོགས་ཏེ་ཤེས་བྱ་མ་སྒྲིབ་གཡོགས་ཀྱིས་དབེན་པ་ཡེ་ཤེས་དོན་དམ། དམ་པའི་དཀོར་བདུན་ནི་འབྲས་བུའི་དོན་དམ་མོ། །ཡེ་ཤེས་དང་འབྲས་བུ་དོན་དམ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡེ་ཤེས་སྤྱི་ཡིན་ལ། འབྲས་བུ་བྱེ་བྲག་པ་ཡིན་ནོ། །རང་བཞིན་དང་ཡེ་ཤེས་དོན་དམ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡེ་ཤེས་ནི་མངོན་དུ་བྱས་པའི་ཆ་འཛིན་ལ། རང་བཞིན་ནི་མངོན་དུ་མ་བྱས་པའོ། །སྣང་བ་ཉིད་ན་ངོ་བོ་མེད། །ཅེས་པ་དང་། དེ་ཀུན་ངོ་བོ་ཉིད་རྒྱུར་གནས། །ཞེས་པ་ནི། དོན་དམ་པའི་བདེན་པ་སྟེ། དེ་ཡང་དོན་དམ་ཙམ་པོའི་ངོ་བོ་ནི་སྤྲོས་པ་དང་བྲལ་བའོ། །ལྷག་པ་དོན་དམ་གྱི་ངོ་བོ་ནི། རིག་པ་སྤྲོས་དང་བྲལ་བ་ལ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱི་གྲུབ་པའོ། །དེ་ལྟར་ཡིན་པར་ཅིས་ཤེས་ན། ལུང་དང་རིག་པས་ཤེས། ལུང་ནི་རྒྱས་པ་ལས། དོན་དམ་སྐྱེ་བ་མེད་པ་ཞེས་བྱ་བའི་དམ་ཚིག་ནི། ཡང་དག་ཉིད་དང་ཆོས་ཀྱི་དབྱིངས། །མཚན་ཉིད་མེད་དང་དམིགས་སུ་མེད། །ཅེས་སོ། །རིགས་པ་ལ་གཉིས་ལས། དང་པོ་སྤྲོས་བྲལ་དུ་བསྒྲུབ་པ་ནི། སྣང་བ་འདི་ཆོས་ཅན། ཡང་དག་པར་རང་བཞིན་མེད་དེ། །ཡང་དག་ཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ཅེ་ན། གཅིག་ཏུ་ཡོད་དམ། དུ་མར་ཡོད་དུ་མར་ཡོད་ཅེ་ན། དུ་མ་དེ་གཅིག་ལ་ལྟོས་སམ་མ་ལྟོས། །མ་ལྟོས་ན་ཁྱབ་བྱེད་གཅིག་མ་གྲུབ་པས། །ཁྱབ་བྱ་དུ་མ་ལ་གྲུབ་པར་ཐལ། ལྟོས་ན་ནི་གཅིག་ཏུ་ཡོད་པ་དང་མཐུན་ཏེ། གཅིག་པོ་དེ་ཆ་ཤས་དང་བཅས་པ་ཡོད་དམ། ཆ་ཤས་དང་བྲལ་བ་ཡོད། ཆ་ཤས་དང་བཅས་པའི་ཕྱིར་དུ་མར་ཐལ། རྡུལ་ཕྲ་རབ་ཆ་མེད་རིས་མེད་དུ་ཡོད་ཅེ་ན། རྡུལ་གྱི་གོང་བུ་རྩོམ་པའི་ཚེ། ཕྱོགས་དྲུག་གི་རྡུལ་གྱིས་བསྐོར་རམ་མ་བསྐོར། །མ་བསྐོར་ན་གོང་དུ་མི་འགྲུབ་པར་ཐལ། །བསྐོར་ན་དབུས་ཀྱི་རྡུལ་དེས་ཤར་ཕྱོགས་ཀྱི་རྡུལ་ལ་བལྟས་པའི་དུས་སུ་ནུབ་ཀྱི་རྡུལ་ལ་བལྟས་སམ་མ་བལྟས། བལྟས་ན་གང་དུ་རྩོམ་མི་ནུས་ཏེ། གཅིག་ལ་གཅིག་ཐིམ་པར་ཐལ། མ་བལྟས་ན། ཤར་གྱི་རྡུལ་ཆོས་ཅན་དབུས་ལ་བལྟས་པའི་ཆ་དང་། ནུབ་ལ་མ་བལྟས་པའི་ཆ་གཉིས་སུ་བྱུང་བས། ཆ་ཤས་དང་བཅས་པར་ཐལ་ལོ། །གང་ན་གང་ཆ་ཤས་དང་བཅས་པ་ནི་དུ་མ་ཡིན་པས་གཅིག་མི་འགྲུབ་ལ། ཁྱབ་བྱེད་གཅིག་ཡང་དག་ཏུ་མ་གྲུབ་པས། ཁྱབ་བྱ་དུ་མ་མི་འགྲུབ་སྟེ་སྤྲོས་པ་དང་བྲལ་ལོ། །གཅིག་དང་དུ་མ་མེད་ཀྱང་རང་བཞིན་མེད་པའམ། སྤྲོས་པ་དང་བྲལ་བར་མི་འགྲོ་ན་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་ཅེ་ན། གང་ན་གང་གཅིག་དང་དུ་མ་དང་བྲལ་བའམ་སྤྲོས་པ་དང་བྲལ་བའམ་སྤྲོས་པ་དང་བྲལ་བའམ། རང་བཞིན་མེད་པས་ཁྱབ་སྟེ་ནམ་མཁའ་བཞིན་ནོ། །རིགས་པ་སྤྲོས་པ་དང་བྲལ་བའི་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱི་གྲུབ་པར་བསྒྲུབ་པ་ནི། གོང་གི་སྤྲོས་བྲལ་དེ་ཆོས་ཅན། །སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱི་གྲུབ་སྟེ། སྣང་ཚད་ཙམ་ཞིག་མ་འགགས་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ཅེ་ན། མངོན་སུམ་གྱིས་གསལ་ཏེ། ད་ལྟར་སྣང་ལུགས་སྣ་ཚོགས་སུ་འཆར་ཞིང་འདུག་གོ །རང་བཞིན་ངང་གིས་དབྱེར་མེད་པའོ། །ཞེས་པ་ནི། བདེན་པ་དབྱེར་མེད་དུ་སྟོན་པའི་ཚིག་ཡིན་ཏེ། ཐེག་པ་གཞན་ཉན་ཐོས་བཞིན་དུ་སྣང་བ་ཡང་སྟོང་པའི་རྩིས་མ་ཟིན་པའི་སྣང་བ་རང་རྒྱུད་དུ་མི་འདོད་དོ། །དབུ་མ་བཞིན་དུ་སྟོང་པ་ལ་སྣང་བའི་རྩིས་མ་ཟིན་པའི་སྟོང་པ་གཅིག་པུར་ཡང་མི་འདོད་དེ། འདིར་ནི་སྣང་སྟོང་ངོས་མཉམ་གྱི་ལྟ་བ་ཤེས་བྱ་བདེན་པ་དབྱེར་མེད་དུ་འདོད་དེ། དེ་ལྟར་འདོད་པ་ཅིས་ཤེ་ན། ལུང་དང་རིགས་པས་ཤེས། ལུང་ནི་རྩ་རྒྱུད་ལས། བདེན་པ་གཉིས་ཀར་དབྱེར་མེད་པས། །འཕྲུལ་དགའི་ཚུལ་དེ་ཐ་དད་མིན། །ཞེས་སོ། །རིགས་པ་ནི། མཐུན་སྣང་གི་ཆོས་ཅན་གཅིག་གི་སྟེང་དུ་བསྒྲུབ་སྟེ། བུམ་པ་ཆོས་ཅན། བདེན་པ་དབྱེར་མེད་ཡིན་ཏེ། །སྣང་སྟོང་གང་གི་ཡང་ཕྱོགས་སུ་མ་ཐུག་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ཅེ་ན། སྟོང་པར་ཐུག་གམ་སྣང་བར་ཐུག །སྟོང་པར་ཐུག་ན་མངོན་སུམ་གྱིས་གསལ་ལ། །སྣང་བར་ཐུག་ན་གོང་གི་གཅིག་དང་དུ་བྲལ་གྱིས་གནོད་དོ། །གཞན་ཡང་ཀུན་འདུས་ལས། དཔེར་ན་རྡོ་ཡི་དངོས་པོ་ལས། །བཏགས་སམ་ཕྱེ་མར་བྱས་ནས་ནི། །རླུང་གི་ངོས་ལ་བསྐྱོད་བྱས་ན། །དེ་ལ་རང་བཞིན་གང་ཡང་མེད། །ཅེས་གསུངས་པའི་དོན་གྱིས་གནོད་པས་སྟོང་པའི་མཐར་ཡང་མ་ལྷུང་ངོས། །སྣང་སྟོང་གང་གི་ཡང་ཕྱོགས་སུ་མ་ཐུག་ཀྱང་དབྱེར་མེད་མིན། །ཅི་སྟེ་ཁྱབ་པ་མེད་ཅེ་ན། །གང་ན་གང་སྣང་སྟོང་གང་གི་ཡང་ཕྱོགས་སུ་མ་ཐུག་ན་དབྱེར་མེད་ཡིན་ཏེ་ཆུ་ཟླ་བཞིན་ནོ། །འོ་ན་ཆོས་ཅན་དུ་བུམ་པ་ལྟ་བུ་གཅིག་གཏན་ལ་ཕབ་ཀྱང་། ཆོས་ཅན་གཞན་ཕེབས་སམ་ཞེ་ན། །དེ་ཕེབས་ཏེ། དངོས་པོའི་ཆོས་ཐམས་ཅད་རིགས་འདྲ་བའི་ཕྱིར། །འདམ་བུ་གཅིག་ཁོག་སྟོང་ན་ཀུན་ཀྱང་ཁོག་སྟོང་པ་བཞིན་ནོ། །མདོ་ལས་ཀྱང་། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་གསུངས་སོ། །དེས་སྣང་བ་མ་སྤངས་སྣང་བའི་མཐལ་ལས་གྲོལ། སྟོང་པ་མ་སྤངས་སྟོང་པའི་མཐའ་ལས་གྲོལ། །གཉིས་ཀ་མ་སྤངས་གཉིས་སུ་འཛིན་པའི་མཐའ་ལས་གྲོལ། མདོར་ན་དབྱེར་མེད་ཅེས་བྱ་བ་རང་ཡང་ཐ་དད་དུ་ཞེ་ན་ས་འགོག་པའི་དོན་དུ་གསུངས་པ་ལས། དབྱེར་མེད་རུང་དུ་འདོད་པ་ནང་ཡང་བྲལ་ཏེ། དབྱེར་མེད་སྤྱོད་ཡུལ་དང་བྲལ་བའོ། །དེ་ལ་ནི་ཤེས་བྱའི་གནས་ལུགས་ཀྱང་བྱ། སངས་རྒྱས་ཀྱི་དགོངས་པ་ཞེས་ཀྱང་བྱ། རྟོགས་ན་དེ་ཡིས་འཚེངས། མ་རྟོགས་ན་དེ་ཡིས་ཕུང་སྟེ་ཤེས་བྱའི་གནས་ལུགས་དེ་ལྟར་རང་གནས་པ་ཡིན་ནོ། །ལམ་མཆོག་གསལ་བའི་སྒྲོན་མེ་ལས། །ལེའུ་དང་པོའི་རྣམ་པར་འགྲེལ་པའོ། །ལེའུ་གཉིས་པ་ལ་གཉིས་ཏེ། གནས་སྐབས་ཀྱི་རྩོམ་པའི་ཡན་ལག་དང་། ལེའུ་ཡི་གཞུང་ངོ་། །རྩོམ་པའི་ཡན་ལག་ལ་གཉིས་ཏེ། །ཕྱག་དང་དམ་བཅའ་བའོ། །དང་པོ་ཕྱག་ནི་ལྷུན་གྲུབ་ངང་ལ་ཕྱག་འཚལ་ནས། ཞེས་པ་སྟེ། དེ་ཡང་ལེའུ་གོང་དུ་བསྟན་པའི་གསུམ་པོ་དེ་ཡང་། གཞན་ལ་མ་བཙལ་བར་རང་ལ་རང་ཆས་སུ་ལྷུན་གྱི་གྲུབ་སྟེ། དེ་ནི་རང་ལུས་ཐབས་ལྡན་དུ་འདུག་པའི་ཕྱིར་ཕྱག་གི་གནས་ཡིན་ལ། དེ་ལྟ་བུའི་བདེན་པ་གསུམ་པོ་དེ་ཡང་རྟོགས་ཤིང་མཐར་ཕྱིན་པའི་ཕྱིར་རམ། ཡང་ན་ལེའུ་འདིར་བདེན་པ་གསུམ་པོ་དེ་རང་ལ་གནས་པ་དེ་གཏན་ལ་འབེབས་པའི་ཕྱིར་ཕྱག་འཚལ་ལོ། །དེ་མི་རིགས་ཏེ། ལམ་གོང་མ་ནི་རྟོགས་པ་མཐོ་ལ། འོག་མ་ནི་དམའ་བའི་ཕྱིར་ཞེ་ན་རིགས་ཏེ། འདིར་བདེན་པ་གསུམ་རང་ལ་མི་གནས་ན་གཏན་ལ་ཕབ་ཀྱང་མི་རྟོགས་ཏེ། རང་ལ་གནས་པས་གོ་རུ་རུང་། རྟོགས་སུ་རུང་བར་ཡོད་པས། དེ་ཉིད་དྲིན་ཆེ་བའི་ཕྱིར་ཕྱག་འཚལ་ལོ། །དམ་བཅའ་བ་ནི། དང་པོ་ལམ་མཆོག་བཤད་པར་བྱ། །ཞེས་པ་སྟེ། ལམ་རྣམས་ཀྱི་དང་པོར་ཡང་ལྟ་བ་བྱུང་ལ། །ལམ་ཀུན་གྱི་མཆོག་ཀྱང་ལྟ་བ་ཡིན་པས། །ཐོག་མར་ལྟ་བ་བཤད་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །འོ་ན་ལྟ་བ་ལམ་གྱི་མཆོག་ཡིན་པ་ཅིའི་ཕྱིར། དང་པོ་འོངས་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། དང་པོ་ལྟ་བ་ལམ་གྱི་མཆོག་ཡིན་པ་ནི་རྒྱུ་མཚན་གསུམ་གྱི་ཕྱིར་ཡིན་ཏེ། མདོ་སྔགས་གཉིས་ཀའི་ལུང་ལས་མཆོག་ཏུ་གསུངས་པའི་ཕྱིར་དང་། ལམ་རང་རྐྱ་བའི་སྟོབས་འགྲན་པའི་ཚེ་ན་ཁྱད་ཡོད་པའི་ཕྱིར་དང་། ལམ་ལམ་དུ་འགྱུར་བ་དང་མི་འགྱུར་བའི་ཕྱིར་ན་ལམ་གྱི་མཆོག་ལྟ་བ་ཡིན་ནོ། །དང་པོ་མདོ་སྔགས་གཉིས་ཀའི་ལུང་ལས་ལྟ་བ་ལམ་གྱི་མཆོག་ཏུ་གསུངས་ཏེ། རྒྱལ་བའི་ཡུམ་ལས། ཤེས་རབ་མེད་ན་ཕ་རོལ་ཕྱིན་པ་འདི་དག་ཀུན། །དམིགས་བུ་བྲལ་བས་བགྲོད་པར་ནུས་པར་མི་འགྱུར་རོ། །ཞེས་གསུངས་པ་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ཀུན། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱོད། །ཅེས་གསུངས་སོ། །བརྒྱད་ཅུ་པ་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པར། །བླུན་པོ་མུན་སྤྲུལ་བློ་ཅན་དེ། །ལོངས་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །གཉིས་པ་ལམ་རང་རྐྱང་བའི་སྟོབས་འགྲན་པའི་ཚོན་ཡང་ཁྱད་ཡོད་དེ། །ལྟ་བ་མ་རྟོགས་པར་ཏིང་ངེ་འཛིན་གསལ་ཡང་། །བདག་ཏུ་འཛིན་པ་དང་མ་བྲལ་བས། །དངོས་པོ་འམ། བློས་བྱས་ཀྱི་ཆོས་སུ་འགྲོའོ། །དེ་ཅིས་ཤེ་ན། །བདག་ཏུ་འཛིན་པ་སྤོང་བའི་གཉེན་པོ་ལྟ་བ་ཡིན་ལ། །དེ་འདིར་མེད་པའི་ཕྱིར་རོ། །ལྟ་བ་གནས་ལུགས་ཀྱི་དོན་ཇི་ལྟར་བར་རྟོགས་ན། ཏིང་ངེ་འཛིན་མེད་ཀྱང་གྲོལ་ཏེ། །མཚན་མེད་དེ་བཞིན་ཉིད་སྒོམ་པའི་ཅིག་ཆར་བའམ། མན་ངག་རྫོགས་པ་ཆེན་པོ་ལྟ་བུའོ། །དེ་ཡང་བླ་མ་ལས། ཐིག་ལེ་ཆེན་པོ་རང་བཞིན་ལ། །བསྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །དེ་ནི་དེ་བཞིན་ཉིད་ཀྱི་ངང་། །ཞེས་གསུངས་སོ། །གསུམ་པ་ལམ་ལམ་དུ་འགྱུར་འགྱུར་བ་དང་མི་འགྱུར་བའི་ཁྱད་པར་ཡང་ཡོད་དེ། ལྟ་བ་རྟོགས་ན་ཅི་བྱས་ཐམས་ཅད་ལམ་དུ་འགྱུར་ཏེ། དེ་ཡང་མ་འགགས་པར་སྤྱོད་པ་ཐབས་ལ། རང་བཞིན་མེད་པ་ཤེས་རབ་སྟེ། ཇི་ལྟར་སྤྱོད་ཀྱང་ཐབས་ཤེས་རབ་གཉིས་སུ་མེད་པའི་ངང་ལས་མི་འདའ་བས་ཅི་བྱས་ལམ་དུ་འགྱུར་ལ། ལྟ་བ་མ་རྟོགས་ན་ཏིང་ངེ་འཛིན་ལ་གསལ་བརྟན་ཐོབ་ཀྱང་ལམ་དུ་མི་འགྱུར་ཏེ། དཔལ་ཆེན་པོ་རང་རྒྱུད་དུ་བསྒོན་ན་རུ་ཏྲར་སྐྱེ་བ་ལ་སོགས་པ་ཏིང་ངེ་འཛིན་རིག་པ་མཆོག་ལས་གསུངས་སོ། །དེ་ཅི་ལན་ཞེ་ན། ལྟ་བ་ཆོས་ཉིད་ཀྱི་རྩིས་མ་ཟིན་པས་ལྷ་རང་རྒྱུད་དུ་བསྒོམ་པས་ཉེས་སོ། །དེས་ན་ལྟ་བ་ལམ་གྱི་མཆོག་ཡིན་ནོ། །འོ་ན་ལམ་གྱི་དང་མཆོག་ཡིན་ན། དང་པོར་བསྒོམ་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། དེ་ནི་སེམས་ཅན་རྣམས་བདག་ཏུ་འཛིན་པ་ལ་ཡུན་རིང་དུ་གོམས་པས། ཐོག་མར་དེ་སྤོང་དགོས་པས། དེ་མ་སྤངས་ན་ཅི་བྱས་ཀྱང་ལམ་དུ་མི་འགྲོ། དེ་སྤོང་བར་བྱེད་པའི་གཉེན་པོ་ལྟ་བ་མ་ཡིན་པ་གཞན་གང་གིས་ཀྱང་མི་ནུས་པས། དེའི་ཕྱིར་ལྟ་བ་དང་པོར་བཤད་པ་ཡིན་ནོ། །གང་དག་རང་གནས་མཐོང་འདོད་དགོས། ཞེས་བྱ་བ་ལ་སོགས་པས་ནི་མདོར་བསྟན་པ་ཡིན་ནོ། །རིམ་དང་ཅིག་ཆར་བཞི་ཆ་ཡིས། །ཞེས་པ་ལ། རིམ་ཅིག་ཆར་ལ་བཞི་སྟེ། རང་བཞིན་གྱིས་རིམ་ཅིག་ཆར་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་འཇུག་པ་དང་། རྡོ་རྗེའི་ཐེག་པ་ལ་འཇུག་པའོ། །གཞི་གནས་ཀྱི་རིམ་གྱིས་པ་དང་གཅིག་ཆར་བ་ནི། མ་ཧཱའི་ལམ་རིམ་ཀྱིས་པ་དང་གཅིག་ཆར་བའོ། །གནས་སྐབས་ཀྱི་རིམ་གྱིས་པ་དང་གཅིག་ཆར་བ་ནི། ལམ་རིམ་ཀྱིས་པའི་དབང་དུ་བྱས་ནས་ལམ་རེ་རེ་ལའང་རིམ་ཅིག་ཅར་གཉིས་གཉིས་ཡོད་པའོ། །དེ་ཡང་དེ་ཏིང་ལྟ་བུ་ལ་སྦྱར་ན། གདམས་ངག་གི་སྟོབས་ཀྱི་འཇོག་པ་རིམ་གྱིས་པ་དང་། །ཤེས་རབ་ཀྱི་སྟོབས་ཀྱིས་འཇོག་པ་ཅིག་ཅར་བའོ། །དེ་བཞིན་དུ་ཀུན་ལ་འགྲེའོ། །དུས་ཀྱི་མཐའི་རིམ་གྱིས་པ་དང་ཅིག་ཅར་བ་ནི། ལྷུན་གྱིས་གྲུབ་པའི་རིག་འཛིན་ནས། །སངས་རྒྱས་ཀྱི་ས་ལ་སྐད་ཅིག་གིས་སྦྱོར་བ་དང་། དུས་རིང་བས་སྦྱོར་བའོ། །སྐབས་འདིར་ནི་རང་བཞིན་གྱི་དབང་པོ་རྣོན་པོ་ཅིག་ཅར་བ་དང་། །སྦྱངས་པའི་དབང་པོ་རྣོན་པོ་རིམ་གྱིས་པའོ། །དེ་རེ་རེ་ལ་ཡང་གཉིས་གཉིས་ཏེ། །རིམ་གྱིས་པའི་རིམ་གྱིས་པ་དང་། །རིམ་གྱིས་པའི་ཅིག་ཅར་བ་དང་། །ཅིག་ཅར་བའི་ཅིག་ཅར་བ་དང་། །ཅིག་ཅར་བའི་རིམ་གྱིས་པའོ། །དེ་དག་གི་ཁྱད་པར། རིམ་གྱིས་པའི་གཉིས་ནི། །བསྐལ་པ་རྡུལ་སྙེད་དུ་ལམ་རྟོགས་ལ་སྦྱངས་པར་མཐུན་ལ། ཚེ་སྟོད་ལ་ཐེག་པ་གཞན་ལ་སྦྱངས་ནས་ཚེ་སྨད་ལ་མ་ཧཱ་ཡོ་ག་ལ་འཇུག་པ་ནི་རིམ་གྱིས་པའི་རིམ་གྱིས་པའོ། །ཚེ་སྟོད་ལ་ལམ་སྟེགས་ལམ་སྦྱངས་པར་མ་ཧཱར་འཇུག་པ་ནི་རིམ་གྱིས་པའི་ཅིག་ཅར་བའོ། །ཅིག་ཅར་བ་གཉིས་ནི། ཚེ་སྔ་མ་ཕན་ཆད་ལ་ལམ་སྟེགས་གཞན་ལམ་སྦྱངས་པར་མཐུན་ལ། ཚེ་འདིའི་ཚེ་སྟོད་ལ། མཚན་ཉིད་དམ་ཀྲི་ཡོག་ལྟ་བུ་ལ་སྦྱངས་ནས། ཚེ་སྨད་མ་ཧཱར་འཇུག་པ་ནི། ཅིག་ཅར་བའི་རིམ་གྱིས་པའོ། །ཚེ་སྟོད་རང་ལ་མ་ཧཱར་འཇུག་པ་ནི་ཅིག་ཅར་བའི་ཅིག་ཅར་བའོ། །དེ་ཕྱིར་མ་ངེས་རིགས་མཆོག་ནས། ཞེས་པ་ནི། རིགས་མཆོག་དབྱེ་བའི་ལེའུ་ནས་མ་ངེས་པ་གཉིས་བཤད་དེ། ཐེག་པ་གང་བསྟན་ཀྱང་མི་གོ་བའི་ངན་པ་དང་། ཐེག་པ་གང་བསྟན་ཀྱང་གོ་བའི་བཟང་པོ་དང་གཉིས་ལས། འདི་བཟང་པོ་དེ་ནས་སྐྱེའོ། །མུན་པའི་ཤེས་པ་དེ་ཉིད། ཅེས་པ་ནི། སོ་སོའི་སྐྱེ་བོ་གྲུབ་མཐས་བློ་མ་བསྒྱུར་བ་ཕྱུགས་དང་འདྲ་བ་དེའོ། །རང་བཞིན་རྒྱུ་ཡི་སྙུང་བར་གནས། ཞེས་པ་ནི། དད་པ་ཅུང་ཟད་གཡོ་བའི་རྟགས་སུ་བླ་མ་ལ་མ་ཞུས་པར་ཟ་མ་སྲུང་བ་ཙུག་བྱེད་དེ། དགེ་བའི་ལད་མོ་བྱེད་པའོ། །ཕལ་པའི་སེམས་བརྒྱད་མཐར་གནས་ཆེ། །ཞེས་པ་ནི། དེ་ནས་དགེ་བའི་བསམ་པ་འཇིག་རྟེན་ཕལ་པའི་སེམས་བརྒྱད་འབྱུང་སྟེ། ཉེ་དྲུང་ལ་སྦྱིན་པ་གཏོང་བ་དང་། ཡུལ་མི་ལ་གཏོང་བ་དང་། སྙིང་པོ་ལ་གཏོང་བ་དང་། །ཡུལ་བསྡོམས་ནས་གཏོང་བ་དང་། །ལྷུག་པར་གཏོང་བ་དང་། ལག་པ་བརྐྱང་ནས་གཏོང་བ་དང་། །འཇིག་རྟེན་པའི་ལྷ་མཆོད་པ་དང་། །དཀོན་མཆོག་མཆོད་པ་དང་བརྒྱད་འབྱུང་ངོ་། །སྙིང་པོ་རང་བཞིན་མཚུངས་པ་དང་། །ཞེས་པ་ནི། སེམས་ཉིད་བདེ་གཤེགས་སྙིང་པོ་དང་ཡེ་ནས་མཚུངས་པར་ལྡན་པ་ནི་མཚུངས་པར་ལྡན་པའི་རྒྱུའོ། །བཤེས་གཉེན་མགོན་ལ་ལུང་གཉིས་ཐོས། །ཞེས་པ་ལུང་གཉིས་ནི། འདས་པའི་ཡོན་ཏན་ཐོས་ནས་བྲོད་པ་དང་། འཁོར་བའི་སྐྱོན་ཐོས་ནས་སྐྱོ་བ་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །དེ་བདག་གསང་སོགས་དམིགས་པ་སྟེ། ཞེས་པ་ལ་སོགས་པ་སྐྱོན་བཞི་སྟེ། དེ་ཡང་འཁོར་འདས་ཀྱི་སྐྱོན་ཡོན་སྟོན་པའི་ཉན་ཐོས་ཀྱི་བླ་མ་ལྟ་བུ་ནི་བདག་པོའི་རྐྱེན་ཡིན་ལ། གསང་སྔགས་ནི་ཉན་ཐོས་ཀྱི་སྡེ་སྣོད་དེ་དམིགས་པའི་རྐྱེན་ནོ། །སྐད་ཅིག་འཕེལ་བ་དེ་མ་ཐག །ཅེས་པ་སྐད་ཅིག་ཤེས་པ་སྔ་མ་འགགས། ཕྱི་མ་འཕེལ་བ་ནི་དེ་མ་ཐག་པའི་རྐྱེན་ནོ། །དེ་ལ་རྒྱུ་གཉིས་རྐྱེན་བཞི་སྟེ་དྲུག་ལས་རྩྭ་ལས་མེ་འབྱུང་བ་བཞིན་དུ་སེམས་གཡོས་ཏེ། བཞི་ཡི་ཐེག་པ་དང་པོར་ཞོག །ཅེས་པ་ངེས་འབྱུང་གི་ཐེག་པ་བཞི་བགྲོད་བྱའི་དང་པོ་ལྷ་མིའི་ཐེག་པ་ཞོག་ཅེས་པའམ། ཡང་ན་ངེས་འབྱུང་གི་ཐེག་པ་བཞིའི་དང་པོ་ལྷ་མིའི་ཐེག་པ་སྟེ་སེམས་སྐྱེ་བའི་རྟེན་ནམ་གཞིར་ཞོག་ཅེས་པའོ། །དེ་ནས་རིམ་གྱིས་བགྲོད་བྱས་ཏེ། །ཞེས་པ་ནི། དེ་ལྟར་ལྷ་མི་ནས་ཉན་ཐོས་སུ་བགྲོད་པ་ཇི་བཞིན་དུ། དེ་ནས་རང་རྒྱལ། བྱང་ཆུབ་སེམས་དཔའ། གསང་སྔགས་ཕྱི་རྒྱུད་ཀྱི་བར་དུ་རིམ་པ་བཞིན་དུ་བགྲོད་པར་བྱ་སྟེ་ཞེས་པའོ། །མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། ཞེས་པ། ལམ་སྟེགས་ཀྱི་ཐེག་པ་བློ་མ་སྦྱངས་པར་ཆོས་ཉིད་རང་བཞིན་གྱིས་གྲུབ་པ་དང་། རང་གི་ངོ་བོས་གྲུབ་པ་དང་། ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པ་གསུམ་གྱི་ཕྱིར། མཐོ་བསྟན་མྱུར་སྣོ་རྒྱ་ཆེ་ཡང་། ཞེས་པ་སྦྱར་རོ། །འདིའི་སྐབས་སུ་དབང་པོ་སྒྲུབ་བྱེད་ཀྱི་རིགས་ལ་ཡང་གསུམ་སྟེ། དེ་ཡང་ཐེག་པ་འོག་མའི་ལུགས། དོན་གསང་བའི་མཁན་པོས་ཀྱང་རང་བཞིན་དབང་པོ་རྣོན་པོ་ཁས་བླངས། སྔགས་རང་ལ་ཡང་འདོད་གཞུང་མི་མཐུན་པ་མང་དུ་ཡོད་དོ། །འདིར་གསང་སྔགས་མ་ཧཱ་ཡོ་གའི་རང་བཞིན་གྱི་དབང་པོ་རྣོན་པོ་ཡོད་པར་ཁས་ལེན་ནོ། །དེ་ལ་གཉིས་ཏེ། རང་བཞིན་གྱི་དབང་པོ་རྣོན་པོ་མེད་ན་སྐྱོན་དུ་འགྱུར་བས་ཡོད་པར་བསྒྲུབ་པ་དང་། ཡོད་པར་བསྒྲུབ་པའི་རིགས་པ་དངོས་པོ། དང་པོ་ལ་གཉིས་ཏེ། དང་པོ་ནི། རང་བཞིན་གྱི་དབང་པོ་རྣོན་པོ་གཞི་ལ་མ་གྲུབ་ན། དང་པོ་འཇིག་རྟེན་ཕལ་པའི་སེམས་བརྒྱད་རང་རྐྱང་སྐྱེ་བར་མི་རིགས་ཏེ། སེམས་བརྒྱད་སྐྱེ་བ་དེ་སྦྱངས་པ་ལས་སྐྱེས་སམ་རང་བཞིན་གྱིས་སྐྱེས། རང་བཞིན་གྱིས་སྐྱེས་ན་དེ་ཀ་རང་བཞིན་གྱི་དབང་པོ་ཡིན་མོད། སྦྱངས་པ་ལས་སྐྱེས་སོ་ཞེ་ན་གང་ལ་སྦྱངས། སྔ་མ་སྦྱངས་སོ་ཞེ་ན། འཇིག་རྟེན་ཕལ་པའི་སེམས་བསྐྱེད་བརྒྱད་ལས་སྔ་བའི་ལམ་གང་ཡོད། སྡེ་སྣོད་ནས་བཤད་པ་མེད་དོ། །ཡང་གཉིས་པ། རང་བཞིན་གྱི་རྣོན་པོ་མེད་པར་སྦྱངས་པ་འབའ་ཞིག་ཡིན་ན། ད་སྦྱངས་པ་མཉམ་པོ་ལ་རྣོ་རྟུལ་འོང་བར་མི་རིགས། འདོད་ན་མངོན་སུམ་གྱི་གསལ། དེ་རྣོ་བ་དེ་དེའི་སྔོན་མ་ལ་སྦྱངས་སམ་ཅི་ཆ་ཞེ་ན། མ་སྦྱངས་སམ་ཅི་ཆ། ཅི་ཆ་ཡོད་ལ་རིགས་པ་མི་བཏུབ་བོ། །ཡང་གསུམ་པ། ཐེག་པ་ཆེ་ཆུང་འོང་བར་མི་རིགས་ཞེ་ན། སྦྱངས་པ་མཉམ་པོ་ལ་བློ་ཆེ་ཆུང་འོང་བར་མི་རིག་ལ། བློ་ལ་ཆེ་ཆུང་མེད་ན་ཐེག་པ་ལ་ཆེ་ཆུང་མི་སྲིད་དོ། །དེ་ཅིས་ན། ཐེག་པ་ཆེ་ཆུང་ནི་བློའི་ཁྱད་ཀྱིས་ཕྱེ་བའི་ཕྱིར་རོ། །གཉིས་པ་ཡོད་པར་བསྒྲུབ་པའི་དངོས་པོ་ནི་གཉིས་ཏེ་ལུང་གིས་བསྒྲུབ་པ་དང་། རིགས་པས་བསྒྲུབ་པའོ། །ལུང་ནི། དགོངས་འདུས་ལས། །རྡོ་རྗེ་སེམས་དཔའི་ཞིང་ཁམས་ན་གནས་པའི་སེམས་ཅན་ཆེན་པོ་དེ་དག་གི་སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར་ཤིན་ཏུ་ཟབ་པ་དང་། མ་ཟབ་པ་དང་། ཡངས་པ་དང་། དོག་པ་དང་། བརྟན་པ་དང་། མྱུར་བ་དང་། རྣོ་བ་དང་། རྟུལ་བ་དང་། ཞེས་པ་དང་། མྱུར་བ་དང་། བུལ་བ་དང་། ཞེས་པ་དང་། ཀུན་བྱེད་ལས། ལྷ་མི་སེམས་ཅན་དབང་པོ་མི་མཐུན་པས། །ཁ་ཅིག་དབང་པོ་ཆིག་ཆོད་ཡེ་ནས་ཡོད། །ཁ་ཅིག་དབང་པོ་སྦྱངས་པའི་འཕྲོ་ཅན་ཡོད། ཅེས་པ་དང་། སྙིང་པོ་ལས། སྐལ་ལྡན་གསང་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། ཞེས་པ་དང་། མངོན་པ་མཛོད་ལས་ཀྱང་། ཁ་ཅིག་ཐོག་མ་ནས་དེའི་རིགས། ཁ་གཅིག་སྦྱངས་པ་ལས་གྱུར་པ། ཞེས་པ་དང་། འདི་ཉིད་ནས་ཀྱང་། མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། ཟེར་བས། རང་བཞིན་གྱི་དབང་པོ་རྣོན་པོ་གཞི་ལ་གྲུབ་པར་གསུངས་སོ། །རིགས་པས་བསྒྲུབ་པ་ནི། མདར་ནག་ན་རེ། སེམས་ཅན་རྣམས་ཀྱི་ཤེས་རྒྱུད་ཆོས་ཅན། །དབང་པོ་རྣོན་པོ་གཞི་ལ་གྲུབ་སྟེ། །ཀུན་གཞི་ལ་བག་ཆགས་སྣ་ཚོགས་བསགས་པའི་ཕྱིར་རོ། །གསུང་སྐད། དེ་མི་འཐད་དོ། །ཀུན་གཞི་ལ་དབང་པོ་རྣོན་པོའི་བག་ཆགས་སོག་པ་དེ། ཐོས་བསམ་ལ་བརྟེན་ནམ་མ་བརྟེན། བརྟེན་ན་སྦྱངས་པར་ཐལ། མ་བརྟེན་ན་དབང་པོ་རྣོན་པོའི་བག་ཆགས་ཇི་ལྟར་ད པོག་སྟེ་མི་རིགས་སོ། །ཡང་ཀུན་གཞི་ལ་བག་ཆགས་བསགས་པ་དེ་ཁོ་ན་ལ་སྦྱངས་པ་ཟེར་བ་ཡིན་ནོ། །ལྷ་རྗེ་ཧོར་པོའི་ཞལ་ནས། སེམས་ཅན་རྣམས་ཀྱི་ཤེས་རྒྱུད་ཆོས་ཅན། རང་བཞིན་གྱི་དབང་པོ་རྣོ་བ་དང་རྟུལ་བ་ལ་སོགས་པ་ཐ་དད་དུ་གྲུབ་སྟེ། སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར། དཔེར་ན་ལྕགས་ཀྱི་རྣོ་རྟུལ་བཞིན་ནོ། །གཏན་ཚིགས་མ་གྲུབ་བོ་ཞེ་ན། མངོན་སུམ་གྱི་གསལ་ཏེ་སེམས་ཅན་རྣམས་ལ་དབང་པོ་ཐ་དད་དུ་གནས་སོ། །དེ་སྦྱངས་པ་ཐ་དད་ལས་བྱུང་བ་ཡིན་ཞེ་ན། སྦྱངས་པ་ཐ་དད་དུ་བྱེད་པ་ཅིའི་ཕྱིར། དེ་སེམས་ཅན་རང་རང་གི་འདོད་པ་དང་བློ་རིགས་ཡིན་ནོ། །ཞེ་ན། དེ་ཀ་ན་སེམས་ཅན་གྱི་རང་བཞིན་སྣ་ཚོགས་པ་ཡིན་ནོ། །ཡང་གཞན་ན་རེ། འོ་ན་གཞི་ལ་རང་བཞིན་གྱིས་རྣོ་བ་དང་། རྟུལ་བ་ལ་སོགས་པ་གྲུབ་ན་གཞི་བཟང་ངན་ཅན་དུ་ཐལ་ཞེ་ན། ལྷ་རྗེའི་ཞལ་ནས། གཞིའི་ངོ་བོ་བཟང་ངན་ཅན་དུ་ཐལ་ཞེས་ཟེར་རམ། ལྡོག་པ་བཟང་ངན་ཅན་དུ་ཐལ་ཟེར། དང་པོ་ལྟར་ན་ཅིའི་ཕྱིར། རྣོ་རྟུལ་གྲུབ་པའི་ཕྱིར་ཞེ་ན། རྣོ་རྟུལ་མ་འགགས་ཀྱང་། ཆོས་ཉིད་དབང་བཙན་པར་གཞི་ལ་ཐ་དད་མེད་པར་བཟང་ངན་དུ་མི་འགྲོ་སྟེ་ཅི་སྟོ་སྟེ་ཁྱབ་པ་མེད་དོ། །གཉིས་པ་ལྟར་ན་འདོད་ཐོག །ལྡོག་པ་བཟང་ངན་བྱུང་བ་ལས་འཁོར་འདས་སྣ་ཚོགས་སུ་ཤར་བ་ཡིན་གསུངས། སློབ་དཔོན་ཁ་རག་པ་དང་ཡམ་ཤུད་པ་ན་རེ །གཞི་བཟང་ངན་དུ་མི་འགྲོ་སྟེ། དོན་དམ་པ་དབང་པོ་རྣོ་རྟུལ་གང་དུ་ཡང་མ་གྲུབ། ཀུན་རྫོབ་ཏུ་རྣོ་རྟུལ་སྣ་ཚོགས་སུ་མ་འགགས། དབྱེར་མེད་དུ་རྣོ་རྟུལ་ཐ་དད་ཀྱི་ཞེན་པ་དང་བྲལ་གསུངས་ངོ་། །ཡང་གཞན་ན་རེ། རང་བཞིན་དབང་པོ་རྣོན་པོ་དེ་རྐྱེན་ཐོས་བསམ་ལ་རག་ལུས་སམ་མ་ལུས། ལུས་ན་རང་བཞིན་མ་ཡིན་ཏེ་སྦྱངས་པར་ཐལ། མ་ལུས་ན་འབད་པ་མེད་པར་གྲོལ་བར་ཐལ་ཞེ་ན། དེ་ཚོད་དུ་ལྕགས་ཀྱི་རྣོ་རྟུལ་རྒྱུ་ལ་ཡོད་པ་དེ་རྐྱེན་མགར་བ་ལ་རག་ལུས་སམ་མ་ལུས། ལུས་ན་འདིར་ཡང་རྐྱེན་ཐོས་བསམ་ལ་རག་ལུས་སོ། །འོ་ན་རང་བཞིན་གྱིས་རྣོ་བ་མ་ཡིན་ཏེ་སྦྱངས་པའི་རྣོ་བར་ཐལ་ཞེ་ན། འདིར་ཡང་རྐྱེན་མགར་བ་ལ་རག་ལུས་པ་དེ་ལྕགས་ཀྱི་རྒྱུ་རྣོ་བ་མ་ཡིན་ཏེ། རྐྱེན་མགར་བས་རྣོ་བ་བྱས་པ་ཐལ། རྐྱེན་མགར་བ་ལ་རག་མ་ལུས་སོ་ཞེ་ན། འདིར་ཡང་རྐྱེན་ཐོས་བསམ་ལ་རག་མ་ལུས་སོ། །འབད་མེད་དུ་གྲོལ་བར་ཐལ་ཞེ་ན། འོ་ན་ལྕགས་རྡོས་ཀྱང་མཚོན་གྱི་དོན་བྱེད་ནུས་པར་ཐལ་ལོ། །དེ་རྐྱེན་མགར་བ་དང་ཕྲད་པ་མཉམ་པོ་ལ་རྣོ་རྟུལ་གྱི་ཁྱད་ཡོད་པ་ཡིན་ཞེ་ན། །འདིར་ཡང་རྐྱེན་ཐོས་བསམ་བྱས་པ་མཉམ་པོ་ལ་རྣོ་རྟུལ་གྱི་ཁྱད་ཡོད་པ་ཡིན་ནོ། །འཇུག་པ་བཞི་ཡི་ཡན་ལག་མཆོག །ཅེས་པ་ནི། རང་བཞིན་གྱི་དཀྱིལ་འཁོར་དུ་འཇུག་པ་ལ། ཐོས་པའི་ཤེས་རབ་མིག་ཕྱེ་བ་དང་འདྲ། དོན་ཁོང་དུ་ཆུད་ཅིང་ལྟ་བ་རྟོགས་པ་དཀྱིལ་འཁོར་མཐོང་བ་དང་འདྲ། དེ་གོམ་པ་དཀྱིལ་འཁོར་དུ་ཞུགས་པ་དང་འདྲ། དེ་མངོན་དུ་གྱུར་པ་དབང་ཐོབ་པ་དང་འདྲའོ། །གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་པ་ནི། གཏན་ལ་དབབ་པར་བྱ་བའི་གཞི་འཁོར་འདས་ཀྱི་ཞེན་སྣང་དང་། དེ་གཏན་ལ་འབེབ་པའི་གཏན་ཚིགས་དང་། དེས་གཏན་ལ་ཕབ་པའི་གྲུབ་མཐའོ། །དེ་ལྟར་རྣམ་པ་གསུམ་ནི་ཡན་ལག་རྒྱས་པ་འབྱུང་བའི་གཞི་རུ་བཞག་གོ །དང་པོ་དེ་གཏན་ལ་དབབ་པ་ནི། གཞི་འཁོར་འདས་ཀྱི་ཞེན་སྣང་བསྟན་པ་ནི། དེ་ཡང་ཡོངས་སུ་བརྟག་པའི་གཞི། ཞེས་པ་ལ་སོགས་པ་སྟེ། འཁོར་དང་འདས་ངོ་ཞེན་སྣང་བརྟག །ཅེས་པ་ནི། སྤྱིར་གཞལ་བར་བྱ་བའི་གཞི་ནི། འཁོར་བ་ཕྱི་ནང་སྣོད་བཅུད་དུ་ཞེན་པ་དང་། །མྱ་ངན་ལས་འདས་པ་སྐུ་དང་ཡེ་ཤེས་སུ་ཞེན་པའི་ཞེན་བྱེད་ཀྱི་བློ་ལ་འཇལ་ལོ། །སྐབས་འདིར་ལམ་རྣམ་བཀོད་ལས་ཞིབ་པར་གསུངས་ཏེ། སྤྱིར་གཞལ་བྱ་ཞེས་པའི་སྣང་བ་ལ་གཞལ་བ་དེ། འཁོར་བའི་ཞེན་སྣང་ལ་གཞལ་ལམ། མྱ་ངན་ལས་འདས་པའི་ཞེན་སྣང་ལ་འཇལ། འདས་པ་ལ་འཇལ་ན། མྱ་ངན་ལས་འདས་པ་རང་གི་མཚན་ཉིད་ལ་འཇལ་ལམ། མྱ་ངན་ལས་འདས་པ་ལ་ཞེན་པའི་སེམས་དེ་ལ་འཇལ། རང་གི་མཚན་ཉིད་ནི་ལས་དང་པོ་བ་ལྐོག་ཏུ་གྱུར་པ་ཡིན་ཏེ་འོ་སྐོལ་རྣམས་ཀྱི་སྤྱོད་ཡུལ་མིན་ནོ། །རྣམ་བཀོད་ལས། འདས་པ་སྤྱོད་ཡུལ་མ་གྱུར་གྱིས། །གཞལ་བྱའི་ཡུལ་དུ་ཇི་ལྟར་རིགས། །ཞེས་སོ། །དེར་ཞེན་པའི་སེམས་དེ་ལ་འཇལ་བར་ཡང་མི་རིགས་ཏེ། འཁྲུལ་པའི་སེམས་ཀྱིས་མྱ་ངན་ལས་འདས་པ་དེ་མི་རྟོགས་པའི་ཕྱིར་རོ། །སེམས་ལ་མྱ་ངན་འདས་ཤེ་ན། །དེ་ཉིད་འདས་པར་རུང་མ་ཡིན། །ཞེས་སོ། །འཁོར་བ་ལ་འཇལ་ན་སྣང་བ་ལ་འཇལ་ལམ། བརྟག་པ་ལ་འཇལ། སྣང་བ་ལ་འཇལ་བར་མི་རིགས་ཏེ། རིག་པ་རང་སྣང་བ་གྲུབ་མཐའ་ལྟར་གནས་པའི་ཕྱིར་རོ། །ཡུལ་མིན་གྲུབ་པའི་མཐའ་ལྟར་སྣང་ཞེས་སོ། །བརྟག་པ་ལ་ཡང་སྐད་ཅིག་མ་གསུམ་གྱི་རང་བཞིན་ཡིན་ཏེ། འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་བ་མི་རྟག་པས་གཞལ་དུ་མི་བཏུབ་སྟེ། སྔ་འདས་ཕྱི་མ་མ་བྱུང་བས། དེ་ལ་བརྟེན་ནས་བརྟག་མི་རིགས། ཞེས་སོ། །འོ་ན་གང་ལ་འཇལ་ན། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་རང་ཐད་རང་ཐད་ཀྱི་ཞེན་སྣང་ལ་འཇལ་ཏེ། ད་ལྟར་རང་ཐད་རང་ཐད་དཔྱད་ཅེས་པ་དང་། ཞེན་སྣང་འཇལ་ལ་སྐྱོན་པ་མེད་ཅེས་བཤད་དོ། །དངོས་གཉིས་ཞེན་དངོས་དུས་གསུམ་ཆོས། ཞེས་པ་ལ་སོགས་པ་གཞལ་གྱིས་མི་ལང་བའི་དོགས་པ་བསལ་བ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་དངོས་པོ་གཉིས་ལ། འཁོར་བ་ངན་པར་ཞེན་ནས་སྤོང་བ་དང་། མྱ་ངན་ལས་འདས་པ་བཟང་པོར་ཞེན་ནས་བསྒྲུབ་པའི་ཞེན་པའི་དངོས་པོ་དང་། དུས་གསུམ་ཆོས། སྐད་ཅིག་གཅིག་ལ་ཀུན་རྫོགས་ཕྱིར། ཞེས་པ་སྟེ། དེ་ཡང་འདས་མ་འོངས་ད་ལྟར་གྱི་དུས་གསུམ་གྱི་ཆོས་ཐམས་ཅད་རིག་པ་སྐད་ཅིག་མ་གཅིག་ལ་རྫོགས་ཏེ། ལོག་པའི་སྐད་ཅིག་མ་དུ་མ་མཐུད་པ་ལས་འཁོར་བའི་ཆོས་རྫོགས། མ་བཅོས་པའི་སྐད་ཅིག་མ་རྒྱུན་གྱི་འབྱུང་བ་ལས་མྱ་ངན་ལས་འདས་པའི་ཆོས་རྫོགས་པའི་ཕྱིར། དེ་དངོས་མཐོང་བས་ཡང་དག་པར། རིག་བཞིན། ཞེས་འབྲེལ་ཏེ། དེ་ལྟར་ཆོས་ཀུན་རྫོགས་པའི་སྐད་ཅིག་མ་དེའི་དངོས་པོ་ཇི་ལྟ་བར་མཐོང་བའམ། ཡང་དག་པར་རིག་པ་བཞིན་དུ་ཀུན་གྱི་དེ་ལྟར་ཞེས་ཏེ། འཁོར་འདས་ཀྱི་ཆོས་ཀུན་ཀྱང་ཡང་དག་པར་ཤེས་ཤིང་ཇི་ལྟ་བར་རིག་གོ །དེ་མི་འཐད་དམ་སྙམ་ན་འཐད་དེ། འདམ་བུ་གཅིག་ཁོག་སྟོང་ན་ཀུན་ཀྱང་ཁོག་སྟོང་པ་བཞིན་དུ་ཞེན་སྣང་གི་ཆོས་སྐད་ཅིག་མ་རྟོགས་ན་ཞེན་སྣང་གི་ཆོས་ཀུན་རྟོགས་ཏེ། ཞེན་སྣང་ཀུན་རིགས་འདྲ་བའི་ཕྱིར་རོ། །མདོ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཀུན་བཏགས་ཤེས་པ་བར་མར་འགྱུར། ཞེས་པ་ལ་སོགས་པ་གཞལ་བྱ་མེད་པའི་དོགས་པ་ཡིན་ཏེ། འོ་ན་ཀུན་བརྟགས་ཀྱི་ཤེས་པ་ཞེན་སྣང་ཅན་དེ་ནི། བར་མ་བསམ་པའི་ཤེས་རབ་ཏུ་གནས་འགྱུར་ནས་མེད་པས། འདིར་གཏན་ཚིགས་ཀྱིས་བརྟགས་དཔྱད་བྱ་བའི་གཞི་མ་གྲུབ། དཔེར་ན་ཕྱིའི་ཡུལ་མེད་པས་ཡུལ་ཅན་མི་འབྱུང་བའམ། ལུས་མེད་གྲིབ་མ་བཞིན་ཞེས་པས་ལུས་མེད་པར་གྲིབ་མ་མི་འབྱུང་བ་བཞིན་དུ། གཞལ་བྱ་འཁོར་འདས་ཀྱི་ཞེན་སྣང་དེ། འཇལ་བྱེད་སོ་སོར་རྟོག་པའི་ཤེས་རབ་ཏུ་འགྱུར་ནས་མེད་པས་མི་བཏུབ་སྟེ། དེའི་ཕྱིར་གཞལ་དུ་མི་བཏུབ་བོ། །རང་ཉིད་ལ་མ་བཏུབ། ཅེས་བསམ་པའི་ཤེས་རབ་དེ་ཉིད་ཀྱིས་དེ་ཉིད་ལ་འཇལ་ལོ་ཞེ་ན་ཡང་མི་བཏུབ་སྟེ། མཛུབ་མོ་བཞིན་དོགས་པས། ཞེས་པ། དཔེར་ན་མཛུབ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་རེག་ཏུ་མི་བཏུབ་པའམ། རལ་གྲི་དེ་ཉིད་ཀྱིས་དེ་ཉིད་མི་ཆོད་པ་བཞིན་དུ་དོགས་པ་ལ། གཉེན་པོ་མེད་པས་དོགས་མིན་ཞིང་། དེས་སྐྱོན་མི་འོང་སྟེ། ཡིད་རྟོག་བཅས་ཀྱི་ཤེས་པ་གཏན་ནས་འདག་པར་བྱེད་པའི་གཉེན་པོ་སྒོམ་པའི་ཤེས་རབ་ཡིན་ཏེ། དེ་ཡང་སྐབས་འདིར་མ་བརྟེན། ཀུན་བརྟགས་རྩ་བ་ནས་སྤོང་བའི་གཉེན་པོ་མཐོང་ལམ་ཡིན་ཏེ། སྐབས་འདིར་དེ་ཡང་མ་སྐྱེས་པས། ཡིད་རྟོག་བཅས་བསམ་པའི་ཤེས་རབ་ཏུ་གནས་འགྱུར་ཡང་། སོ་སོར་རྟོག་པའི་ཤེས་རབ་ཉིད་ལ་ཀུན་རྟོག་སྐྱེ་རུང་དུ་ཡོད། ཞེན་སྣང་འབྱུང་བ་རུང་དུ་ཡོད་པས་ཞེན་སྣང་དག་པ་མིན་ཞིང་། བར་མའི་ཡུལ་ཕྱིར་ངེས་ཚིག་འགྲུབ། ཅེས་པ་དེ་ན་བར་མའི་བསམ་པ་ཤེས་རབ་ཀྱི་ཡུལ་ཞེན་སྣང་ཡིན་པའི་ཕྱིར་བརྟག་གཞིའི་ངེས་ཚིག་འགྲུབ་བོ། །ཡན་ལག་རྫོགས་སངས་རྒྱས་བསྟན་པ། ཞེས་པ་ལ་སོགས་པ་ནི་གཏན་ཚིགས་སྟོན་ཏེ། དེ་ཡང་སྔོན་བྱུང་དུ་སྟོན་པ་སྐུ་ལྔ་ཡིས་གསུང་ལྔའི་སྒོ་ནས། དངོས་སུ་ལྟ་བ་གཏན་ལ་ཕབ་པ་ནི་སྔོན་བྱུང་དངོས་ལྔའི་གཏན་ཚིགས་སོ། །སྐུ་ལྔ་དངོས་མིན། སྐུ་ལྔ་དང་ཚུལ་མཐུན། གསུང་ལྔ་དངོས་མིན། གསུང་ལྔ་དང་ཚུལ་མཐུན། འཁོར་ལྔ་དངོས་མིན། འཁོར་ལྔ་དང་ཚུལ་མཐུན་པས་ནི་ཚུལ་གྱི་གཏན་ཚིགས་སོ། །ཡང་གཏན་ལ་ཕབ་པའི་ཚུལ་དུ་གོ་བ་ཚུལ་གྱི་གཏན་ཚིགས་སོ་གསུངས་སོ། །དེ་ཚིག་ཏུ་བརྗོད་པས་ནི་ཚིག་གི་གཏན་ཚིགས་སོ། །ཡང་དག་རྫོགས་སངས་རྒྱས་སྟོན་པ། ཞེས་པ་སྟོན་པ་སྐུ་ལྔ་དངོས་ཏེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ། རྡོ་རྗེའི་སྐུ། མངོན་པར་བྱང་ཆུབ་པའི་སྐུ་དང་ལྔའོ། །སྐུ་ལྔས་འདུས་པའི་འཁོར་རྣམས་ལ། ཞེས་པ་སྐུ་ལྔའི་འཁོར་ལྔའོ། །གསུང་ལྔ་བསྟན་པ་དེ་ཁོ་ན། ཞེས་པ། གསུང་ལྔ་ནི་དགོངས་པ་བརྡའ་ལ་སོགས་པ་ཡིན་ལ། བསྟན་པ་དེ་ཁོ་ན་གཏན་ལ་འབེབས་ཤིང་འཇལ་བྱེད་པའོ། །ཞེས་པ་ནི། དེ་ལྟར་སྐུ་ལྔས་གསུང་ལྔའི་སྒོ་ནས། འཁོར་ལྔ་ལ་སེམས་ཅན་ཉིད་གསང་སྔགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་འབེབས་པ་དང་འཇལ་བར་བྱེད་པའོ། །དེ་ཉིད་དངོས་ལྔ་ཚུལ་དང་ཚིག །ཞེས་པ་ནི། དེལྟར་སྐུ་ལྔས་ལྟ་བ་དངོས་སུ་གཏན་ལ་ཕབ་པ་དེ་ཉིད་སྔོན་བྱུང་དངོས་ལྔའི་གཏན་ཚིགས་ཡིན་ལ། ཚུལ་དང་ཞེས་པ་ནི་ཚུལ་གྱི་གཏན་ཚིགས་ཏེ། རྗེས་འཇུག་བློ་ཆེ་བ་ལ་སྐུ་ལྔ་དངོས་མིན། སྐུ་ལྔ་དང་ཚུལ་མཐུན་པ་འབྱུང་བ་ལྔ། གསུང་ལྔ་དངོས་མིན་ཏེ། གསུང་ལྔ་དང་ཚུལ་མཐུན་པ་འབྱུང་བ་ལྔ་རང་གི་ངོ་བོས། འཁོར་ལྔ་དངོས་མིན་ཏེ་འཁོར་ལྔ་དང་ཚུལ་མཐུན་པའི་རྗེས་འཇུག་བློ་ཆེ་བ་ལ། །རང་གི་ངོ་བོས་གཏན་ལ་ཕབ་པའོ། །ཚིག་བརྗོད་པ་ལྔས་མཚོན། ཞེས་པ་ནི། ཚིག་གིས་གོ་རྟོགས་སུ་གྱུར་པ་ལ་བརྗོད་པའི་ཚིག་གིས་མཚོན་ནས་ལྟ་བ་གཏན་ལ་འབེབས་པ་སྟེ། དེ་ལྟར་གསུམ་ནི་གཏན་ཚིག་འབྱུང་བའི་གཞིའོ། །དེ་ལ་གཏན་ཚིགས་དངོས་ལྔ་ཡིས། ཞེས་པ་ནི། དེ་ལྟར་གཏན་ཚིགས་གསུམ་ཡོད་པ་དེ་ལ། དང་པོ་ནི་སྟོན་པ། སྐུ་ལྔ་དངོས་ཀྱི་བརྡའ་སྤྲོད། ཅེས་འབྲེལ་ཏེ། གསུང་ལྔ་ཡིས་བརྡའ་སྤྲོད། གང་ལ་སྤྲོད་ན། རྗེས་སུ་འཇུག །ཅེས་པས་འཁོར་ལྔ་ལ་བརྡའ་སྤྲོད་དེ། ཇི་ལྟར་སྤྲོད་ན། སྟོན་པ་ཆོས་ཀྱི་སྐུས། སྐྱེ་མེད་དོན་གྱི་གསུང་གིས་ཡེ་ཤེས་རྒྱ་མཚོ་ལ་བརྡའ་སྤྲོད། སྟོན་པ་ལོངས་སྐུས། དགོངས་པ་བརྡའི་གསུང་གིས་འཁོར་སྨིན་པ་རྒྱ་མཚོ་ལ་བརྡའ་སྤྲོད། སྟོན་པ་སྤྲུལ་པའི་སྐུས། བརྗོད་པ་ཚིག་གི་གསུང་གིས་འཁོར་མོས་པ་རྒྱ་མཚོ་ལ་བརྡའ་སྤྲོད། སྟོན་པ་རྡོ་རྗེའི་སྐུས། དབྱེར་མེད་རྡོ་རྗེའི་གསུང་གི་འཁོར་དབྱེར་མེད་རྡོ་རྗེའི་འཁོར་ལ་ངོ་སྤྲོད། སྟོན་པ་མངོན་པར་བྱང་ཆུབ་པའི་སྐུས། རིག་པ་བྱིན་གྱིས་རླབས་ཀྱི་གསུང་གིས་འཁོར་རྒྱལ་བ་རྒྱལ་མཚོ་ལ་ངོ་སྤྲོད་དོ། །ཇི་ལྟར་སྤྲོད་ན། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ཞེས་པ་སྟེ། དཔེར་ན་གསེར་ཡིན་མིན་བལྟ་བལྟ་བའི་ཕྱིར། བསྲེགས་པ་དང་། བཅད་པ་དང་། བརྡར་བ་བྱས་ནས། གསེར་བཟང་པོར་གཏན་ལ་འབེབས་པ་བཞིན་དུ། དངོས་ལྔ་ལེགས་པར་བརྟགས་ཏེ་དབབ། ཅེས་པ། སྐུ་དངོས་ཀྱི་གཏན་ཚིགས་ལ་བརྟེན་ནས་ལྟ་བ་གཏན་ལ་དབབ་བོ། འོ་ན་སྟོན་པ་སྐུ་ལྔའི་འཁོར་ལྔ་ལ་གཞལ་བྱ་ཞེན་པའི་སྣང་བ་ཡོད་དམ་མེད། མེད་ན་གཞལ་བྱ་མེད་པའི་ཕྱིར། འཇལ་བྱེད་གཏན་ཚིགས་དོན་མེད་དུ་ཐལ། །ཡོད་ན་ཤིན་ཏུ་ཡང་མི་རིགས་ཏེ། །སྟོན་པ་སྐུ་ལྔའི་འཁོར་བྱེད་པ་ནི་མཐོང་ལམ་ཡན་ཆད་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །གལ་ཏེ་མཐོང་ལམ་སྐྱེས་ཀྱང་ཞེན་སྣང་ཡོད་དོ་ཞེ་ན། མཐོང་ལམ་སྐྱེས་པ་དོན་མེད་དུ་ཐལ། ཞེན་སྣང་སྤང་མ་ནུས་པའི་ཕྱིར། །མཐོང་ལམ་དང་ཞེན་སྣང་དངོས་འགལ་ཡིན་པའི་ཕྱིར་རོ། །དེ་ལ་ཁ་ཅིག་དངོས་ལྔའི་གཏན་ཚིགས་ཀྱི་སྐབས་སུ་གཞལ་བྱ་ནི་ཕྱག་ན་རྡོ་རྗེ་སྙན་ཆ་ལྔ་དང་ལྡན་པའོ་ཟེར་རོ། །དེ་ལྟར་ན་ཕྱག་ན་རྡོ་རྗེ་ལ་ཞེན་སྣང་ཡོད་དམ་མེད། ཡོད་ན་མི་རིགས་ཏེ། ཕྱག་ན་རྡོ་རྗེ་སངས་རྒྱས་ཀུན་གྱི་མེས་པོར་བཤད་པ་དང་། ས་བཅུའི་དབང་ཕྱུག་ཏུ་བཤད་པའི་ཕྱིར་རོ། །ཞེན་སྣང་མེད་ན་གཞལ་བྱར་མི་བཏུབ་བོ། །གལ་ཏེ་གཞལ་བྱ་ཞེན་སྣང་མིན་ནོ་ཞེ་ན། །འཁོར་དང་འདས་ངོ་ཞེན་སྣང་བརྟག །ཅེས་གསུངས་པ་དང་འགལ་ལོ། །འོ་ན་ཇི་ལྟར་ཤེས་པར་བྱ་ཞེ་ན། འཁོར་བཞི་ལ་ཞེན་སྣང་མེད་ལ། །སྤྲུལ་སྐུའི་འཁོར་ལ་ཞེན་སྣང་ཡོད་པའང་སྲིད་དོ། །སྤྲུལ་སྐུ་དེ་གདུལ་བྱ་དག་པ་དང་མ་དག་པ་ཀུན་འདུལ་པའི་སྟོན་པ་ཡིན་པའི་ཕྱིར་རོ། །འོ་ན་སྐུ་བཞིའི་འཁོར་ལ་གཞལ་བྱ་ཞེན་སྣང་མེད་པའི་ཕྱིར་རོ། །འཇལ་བྱེད་གཏན་ཚིགས་དོན་མེད་དུ་ཐལ་ཞེ་ན། སྔོན་བྱུང་དུ་དོན་མེད་དུ་ཐལ་ཞེའམ། །རྗེས་འཇུག་ཏུ་དོན་མེད་དུ་ཐལ་ཟེར། སྔོན་བྱུང་དུ་དོན་མེད་དུ་ཐལ་ཟེར་ན། །སྔོན་བྱུང་དུ་དོན་མེད་ཀྱང་། །རྗེས་འཇུག་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་ཞེན་སྣང་ཡོད་པ་ལྟར་བསྟན་ནས། །གཏན་ལ་ཕབ་པ་མི་འགལ་ལོ། །རྗེས་འཇུག་དུ་དོན་མེད་པར་ཐལ་ཞེ་ན། ཅིའི་ཕྱིར་ཏེ། ད་ལྟར་དོན་དང་བཅས་ནས་འདུག་པ་མངོན་སུམ་གྱིས་གསལ་ལོ། །ངོ་བོ་སྣང་ཚིག་རང་སྣང་ཚིག །ཅེས་པ་ལ་སོགས་པ་ནི། འདིར་སྟོན་པ་སྐུ་ལྔའི་གསུང་ལྔ་ལ། ཚིག་བདུན་འབྱུང་བ་ཇི་ལྟར་ཡིན་ཞེ་ན། ངོ་བོ་སྣང་ཚིག་ནི་ཆོས་སྐུའི་ཚིག་ཏུ་སྡུད་ལ། རང་རིག་མངོན་གསལ་ཚིག་གིས་མཚོན། ཞེས་པ་ནི་མངོན་པར་བྱང་ཆུབ་པའི་སྐུའི་ཚིག་ཏུ་སྡུད་པའམ། ཡང་ན་སྤྱིར་སྡུད་པའོ། །མེ་ལོང་བཞིན་དུ་སྐུ་ལ་སྣང་། ཞེས་པ། སྟོན་པ་ལོངས་སྐུ་ནི་འཁོར་བྱང་ཆུབ་སེམས་དཔའ་རྣམས་ལ་གསུང་གིས་ཆོས་མི་སྟོན་ཏོ། །སྐུ་ཡིས་ཆོས་སྟོན་ལ་ཇི་ལྟར་སྟོན་ན། དཔེར་ན་མེ་ལོང་ལ་བལྟས་པས་བཞིན་གྱི་དྲི་མ་ངོས་ཟིན་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ལོངས་སྐུ་ལ་བལྟས་པས་རང་གི་སྒྲིབ་པ་ངོས་ཟིན་ཏོ། །ཇི་ལྟར་ཟིན་ན། ལོངས་སྐུ་ནི། །གཅིག་དང་དུ་མ་ལས་གྲོལ་བར་འདུག་ལ། བྱང་ཆུབ་སེམས་དཔའ་ནི་མ་གྲོལ། ལོངས་སྐུ་ནི་དགོངས་པ་ལ་བཞེངས་བཞུགས་མེད་ལ། བྱང་ཆུབ་སེམས་དཔའ་ལ་ཡོད། ལོངས་སྐུ་ནི་དགོངས་པ་རྫོགས་པས་རྫོགས་པའི་སྐྱིལ་ཀྲུང་དུ་བཞུགས་ལ། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་མིན་པས་སྒྲིབ་པ་ངོས་ཟིན་ནོ། །དེ་ལྟར་མོད་ཀྱང་བསྡུ་ན་གཉིས། ཞེས་པ་ནི། གཏན་ཚིགས་ལ་ཕྱེ་ན། དངོས་ལྔ། ཚུལ་ལྔ། ཚིག་ལྔ་ལ་སོགས་པ་ཡོད་མོད་ཀྱང་། བསྡུ་ན་གཉིས་ཏེ་གང་ཞེ་ན། །བཞི་རྗེས་མི་དཔྱོད་གཅིག་རྗེས་དཔྱོད། །ཅེས་པས། དཔྱད་དུ་ཡོད་པས་གོ་བ་དང་། །དཔྱད་དུ་མེད་པས་གོ་བའོ། །དེ་ཡང་སྐུ་བཞིའི་གསུང་དང་། དེ་དང་ཚུལ་མཐུན་པས་གོ་བ་བཞི་དང་། ཚིག་བཞི་ནི་དཔྱད་དུ་མེད་པས་གོ་བ་སྟེ། དབང་པོ་རྣོན་པོའི་སྤྱོད་ཡུལ་ལོ། །སྤྲུལ་པའི་སྐུའི་གསུང་དང་། དེ་དང་ཚུལ་མཐུན་པའི་གཏན་ཚིགས་དང་། དེའི་མཚན་ཉིད་ཆེད་དུ་དཔྱད་པས་གོ་བ་སྟེ་དབང་པོ་རྟུལ་པོའི་སྤྱོད་ཡུལ་ལོ། །དོན་དང་མཐུན་དང་མི་མཐུན་པ། ཞེས་པ་ནི། དོན་དང་མཐུན་པ་ནི་ཐེག་པ་ཐུན་མོང་བ་བཞིན་དུ་ཚིག་དོན་མཐུན་པར་གཏན་ལ་འབེབས་པའོ། །མི་མཐུན་པ་ནི། ཐེག་པ་ཐུན་མོང་མ་ཡིན་པའི་གཏན་ཚིག་ཏེ། ཚིག་དོན་མི་མཐུན་པའི་གཏན་ཚིགས་ཀྱིས་གཏན་ལ་འབེབས་པའོ། །ཕྱི་མ་མི་མཐུན་མཚོན་བྱེད་ལྟར། ཞེས་པ་ནི། ཐེག་པ་ཐུན་མོང་དང་མི་མཐུན་པའི་གཏན་ཚིགས་གོ་འབྱེད་དུ་གཏོང་བ་སྟེ། དཔེར་ན་མེ་ཚ་བ་ཕྱོགས་གཅིག་ཏུ་ཞེན་པ་ལ། མེ་བྱི་དཀར་པོའི་ལོ་རྒྱུས་བརྗོད་པ་བཞིན་ནོ། །ངོ་བོ་བཞིའི་ཚུལ་གྱིས་དོན་རྟོགས་མངོན། ཞེས་པ་ནི་འབྲུ་ཟུར་གཉིས་ཏེ། དག་པའི་གཏན་ཚིགས་སུ་བྱེད་ན། སྣོད་འབྱུང་བ་ལྔར་དག་པ་དང་། གཅིག །ཕུང་པོ་ལྔ་ཡབ་ལྔར་དག་པ་དང་གཉིས། །དོན་དམ་སྐྱེ་མེད་དུ་དག་པ་དང་གསུམ། ཀུན་རྫོབ་སྒྱུ་མར་དག་པ་དང་བཞིའོ། །མདོར་བསྟན་དུ་བྱེད་ན། དག་པའི་གཏན་ཚིགས། མཉམ་པའི་གཏན་ཚིགས། རྟོགས་པའི་གཏན་ཚིགས། བདེན་པའི་གཏན་ཚིགས་དང་བཞི་ཡིས་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའོ། །སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། ཞེས་པ། སྣོད་འབྱུང་བ་ལྔ་ནི་ཡུམ་ལྔར་དག་སྟེ། ས་སངས་རྒྱས་སྤྱན། ཆུ་མཱ་མ་ཀི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཕྱུག་མའོ། །བཅུད་ཕུང་པོ་ལྔ་ཡབ་ལྔར་དག་ཏེ། གཟུགས་རྣམ་པར་སྣང་མཛད། ཚོར་བ་རིན་ཆེན་འབྱུང་གནས། འདུ་ཤེས་སྣང་བ་མཐའ་ཡས། འདུ་བྱེད་དོན་ཡོད་གྲུབ་པ། རྣམ་པར་ཤེས་པ་རྡོ་རྗེ་སེམས་དཔའོ། །རྒྱུད་ཚོགས་བརྒྱུད་ཡེ་ཤེས་ལྔར་དག་སྟེ། གཞི་དོན་གྱི་ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། སྦྱོར་བ་བདུན་པའི་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་མོངས་པ་ཅན་གྱི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས། སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས། །ཡིད་སོ་སོར་རྟོག་པའི་ཡེ་ཤེས་སོ། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། ཞེས་པ་མཉམ་པ་གཉིས་དང་། ལྷག་པའི་མཉམ་པ་གཉིས་ཏེ་བཞིའོ། །དེ་ཡང་མཉམ་གཉིས་ནི་ཐེག་པ་ཐུན་མོང་བ་དང་མཐུན་ཏེ། དོན་དམ་སྐྱེ་མེད་དུ་མཉམ། ཀུན་རྫོབ་སྒྱུ་མར་མཉམ་པའོ། །ལྷག་པའི་མཉམ་གཉིས་ནི། ངོ་བོ་དང་། རང་བཞིན་དང་། མཚན་ཉིད་གསུམ་གྱིས་ལྷག་སྟེ། འོག་མ་བའི་ཀུན་རྫོབ་རྒྱུ་རྐྱེན་གྱིས་བསྐྱེད་ལ། འདིར་མ་བསྐྱེད་པས་ངོ་བོས་ལྷག །དེ་ཡང་རྒྱུ་རྐྱེན་རག་ལུས་མེད་པའི་ཕྱིར། ཞེས་སོ། །འོག་མ་པའི་ཀུན་རྫོབ་རྒྱུ་རྐྱེན་གྱིས་བསྐྱེད་པ་མཚན་ཉིད་མི་རྟག་པ། འདིར་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་མཚན་ཉིད་ངོ་བོ་ཉིད་ཀྱིས་རྟག་པ་སྟེ། སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་སོ། །འོག་མའི་ཀུན་རྫོབ་བཟང་ངན་ཅན་ཡིན་ལ། འདིར་བཟང་ངན་མེད་པས་རང་བཞིན་གྱིས་ལྷག་གོ །དོན་དམ་པ། འོག་མའི་དོན་དམ་མཐར་ལྟུང་བས་ལྟག་མེ་སྐེ་སྟོང་པ་དང་འདྲ། འདིར་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱི་གྲུབ་པས་ཕྱུག་མོ་སྐེ་གང་པ་དང་འདྲའོ། །མཚན་ཉིད་ཀྱིས་ལྷག་སྟེ་འོག་མ་སྟོང་མཐར་ལྟུང་བས་མཚན་ཉིད་ཕྱོགས་གཅིག་ཏུ་བཟུང་དུ་ཡོད་ལ། འདིར་སྟོང་མཐར་མ་ལྟུང་པས་མཚན་ཉིད་ཕྱོགས་གཅིག་ཏུ་བཟུང་དུ་མེད་དོ། བྱིན་གྱིས་བརླབས་ཀྱིས་ལྷག་སྟེ་འོག་མ་བའི་སྐྱེ་མེད་སྒྲ་ཇི་བཞིན་པར་སོང་བས་བྱིན་རླབས་རིག་པ་རང་སྣང་དུ་མི་འཆར་ལ། འདིར་སྐྱེ་མེད་སྒྲ་ཇི་བཞིན་པར་མ་སོང་བས། རིག་པ་བྱིན་རླབས་རང་སྣང་དུ་འཆར་རོ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། ཞེས་པ། དེ་ཡང་རྒྱུ་གཅིག་པར་རྟོགས་པ་ནི་འཁོར་འདས་ཐམས་ཅད་ཀྱི་རྒྱུ་རང་གི་སེམས་སུ་རྟོགས་པ་སྟེ། སེམས་ལས་མ་རྟོགས་ཆོས་མེད་ཕྱིར་ཞེས་སོ། །ཡིག་འབྲུའི་ཚུལ་ནི། སྣང་བ་ༀ། གྲགས་པ་ཨཱཿ དྲན་རྟོག་ཧཱུྃ་དུ་རྟོགས་སོ། །བྱིན་གྱིས་བརླབས་ནི། ༀ་གྱི་བྱིན་གྱིས་བརླབས་ཀྱིས་སྣང་བ་སྐུར་རྟོགས། ཨཾ་གྱི་བྱིན་གྱིས་བརླབས་ཀྱིས་གྲགས་པ་གསུང་དུ་རྟོགས། ཧཱུྃ་གི་བྱིན་གྱིས་བརླབས་ཀྱིས་དྲན་རྟོག་ཐུགས་སུ་རྟོགས་སོ། །མངོན་སུམ་པར་རྟོགས་པ་ནི། དེ་ཡང་སྤྱིའི་མཚན་ཉིད་མ་ཡིན་ཏེ་རང་གི་མཚན་ཉིད་མངོན་སུམ་པར་རྟོགས་པའོ། །ཉོན་མོངས་པ་རང་དང་སྤྱི་བསྟན་པ། ཞེས་པ། སྤྱིར་རང་སྤྱི་ལ་གཉིས་ཏེ། ཉོན་མོངས་པའི་རང་སྤྱི་དང་། ཆོས་ཉིད་ཀྱི་རང་སྤྱིའོ། །ཉོན་མོངས་པའི་རང་སྤྱི་ནི། མཚན་ཉིད་ཐེག་པ་རྣམས་ཀྱིས་ནི། །རང་གི་མཚན་ཉིད་ནི། ཞེ་སྡང་ཀུན་ནས་མནར་སེམས་པ། གཏི་མུག་ཀུན་ནས་རྨོངས་པ། ང་རྒྱལ་ཀུན་ནས་ཁེངས་པ། གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པའི་ཕྲག་དོག །ཀུན་ནས་ཞེན་པའི་འདོད་ཆགས་སོ། །སྤྱིའི་མཚན་ཉིད་ནི། རབ་ཏུ་མ་ཞི་བའི་རྣམ་པའོ། །ཞེས་ཟེར་རོ། །སྔགས་ཀྱི་ལུགས་ཀྱི་ཉོན་མོངས་པ་རང་གི་མཚན་ཉིད་ནི། རིག་པ་སྒྱུ་མའི་རྩ་འགགས་པ་ཡིན་ལ། སྤྱིའི་མཚན་ཉིད་རིག་པ་སྤྲོས་པ་དང་བྲལ་བར་འདོད་དོ། །ཆོས་ཉིད་ཀྱི་རང་སྤྱི་ནི། མཚན་ཉིད་པའི་ལུགས་ཀྱིས། ཆོས་ཉིད་སྤྱིའི་མཚན་ཉིད་སྒྲོ་འདོགས་ཡིན་ལ། རང་གི་མཚན་ཉིད་ནི་་སྤྲོས་བྲལ་དུ་རྟོགས་པའོ། །ཟེར་རོ། །སྔགས་ཀྱི་ལུགས་ཀྱིས་ནི། ཆོས་ཉིད་སྤྱིའི་མཚན་ཉིད་ནི་ཆོས་ཀྱི་དབྱིངས་ཡིན་ལ། རང་གི་མཚན་ཉིད་ནི་ཡེ་ཤེས་ལྔར་གསལ་བའོ། །དེ་ལྟ་བུའི་དོན་རྟོགས་པར་གྱུར་ན་རྣམ་པར་བྱང་བའི་ལམ་དུ་འགྱུར་རོ་ཞེས་པའི་ཐ་ཚིག་གོ །རྣམ་པར་བྱང་བའི་ལམ་དུ་འགྱུར་ཞེས་པ་འདིས་གསང་སྔགས་པའི་ལུགས་ཀྱིས་ཉོན་མོངས་པ་མི་སྤངས་བའི་གཏན་ཚིགས་སྟོན་པ་ཡིན་ཏེ། དུག་ལྔ་ཆོས་ཅན། གསང་སྔགས་ཀྱི་ལུགས་ཀྱིས་མི་སྤོང་ཞིང་ལམ་དུ་བྱེད་པ་ཡིན་ཏེ། སྤང་བྱའི་རྫས་མ་གྲུབ་པའི་ཕྱིར་དང་། ཡེ་ཤེས་ལྔའི་ངོ་བོ་ཡིན་པའི་ཕྱིར་དང་། ཕྱོགས་གཅིག་པའི་ཞེན་པ་བཟློག་པའི་ཕྱིར་དང་། སྤངས་པས་མི་སྤོང་བའི་ཕྱིར་དང་། དང་པོ་སྤང་བྱའི་རྫས་མ་གྲུབ་སྟེ། སེམས་ཉིད་ཀྱི་རྩལ་མ་འགགས་པར་ཤར་བ་ཡིན་ཏེ། དཔེར་ན་སྨིན་རྒྱུ་ལ་ཆུ་རག་མི་དགོས་པ་བཞིན་ནོ། །སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡང་ཡིན་ཏེ། དུག་ལྔ་མ་སྤངས་སྐུར་སྟོན། ཡེ་ཤེས་ལྔར་ལྡན་ལྷུན་གྱི་གྲུབ། ཅེས་གསུངས་པ་ཡིན་ནོ། །སྤོངས་པས་མི་སྤོང་བ་ཡིན་ཏེ། མེ་ལོང་མ་སྤངས་པར་གཡའ་མི་སྤོང་བ་བཞིན་དུ། སེམས་མ་སྤངས་པར་སེམས་ཀྱི་རྩལ་སྤང་དུ་མི་བཏུབ་བོ། །ཆོས་ཉིད་སྒྱུ་དགོས་པ་ཡིན་ནོ། །ཕྱོགས་གཅིག་པའི་ཞེན་པ་བཟློག་པའི་ཕྱིར་ཡིན་ཏེ། རྒྱུའི་ཐེག་པ་རྣམས་ཉོན་མོངས་པ་སྤང་བྱ་ཕྱོགས་གཅིག་ཏུ་འདོད་ལ། འདིར་ལམ་དུ་འགྱུར་བས་སྤང་བྱ་ཕྱོགས་གཅིག་པའི་ཞེན་པ་དང་བྲལ་བ་ཡིན་ཏེ། དཔེར་ན་རྟ་བོང་གི་ཟས་ཕུབ་མ་ཡིན་པ་བཞིན་ནོ། །བདེན་པ་གཉིས་ཀར་དབྱེར་མེད་པས། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཞེས་པ་ལྟ་བ་རྟོགས་པའི་ཚུལ་ཡིན་ནོ། །བདེན་པ་དབྱེར་མེད་དཀོར་བདུན་ལྷུན་གྱིས་གྲུབ་པ་རང་གི་མཚན་ཉིད་དུ་རྟོགས་ནས་རིག་པ་ཡུལ་མེད་དུ་གསལ་བའོ། །དེ་ཡང་ལམ་གཅིག་ཆར་བའི་སྐབས་སུ་གསལ་བ་ཆིག་ཆོད་དུ་རྟོགས། ཐོད་རྒལ་བའི་སྐབས་སུ་དེ་བས་གསལ་བར་མི་རྟོགས། རིམ་གྱིས་པའི་སྐབས་སུ་ནང་ན་མི་གསལ་བར་རྟོགས་སོ། །དེ་ལྟར་རྟོགས་པ་ལ་རིམ་པ་འབྱུང་བ་ཅིའི་ཕྱིར་ཞེ་ན། །བློ་ཆེ་ཆུང་ཡོད་པས་རྟོགས་པ་ལ་གསལ་མི་གསལ་བྱུང་བའོ། །འོ་ན་རིམ་གྱིས་པ་དང་གཅིག་ཅར་བ་དང་གཉིས་ལ། ལྟ་བའི་ངོ་བོ་ལ་ཁྱད་པར་ཡོད་དམ་མེད་ཅེ་ན། ཁ་ཅིག་ཡོད་པ་བཞེད་དེ། རྟོགས་པ་ཚབ་ཆེ་ཆུང་ཁྱད་པར་ཤིན་ཏུ་ཡང་ཆེའོ་གསུང་། ཁ་ཅིག་ནི་རྟོགས་པ་མྱུར་བུལ་ལས། རང་གི་ངོ་བོ་ལ་ཁྱད་པར་མེད་དེ། རྟ་པ་དང་མི་རེང་བཞིན་གསུང་ངོ་། །ཡང་ཟག་བཅས་ལྟ་བའི་སྐབས་སུ་ཆོས་ཉིདརང་གི་མཚན་ཉིད་མཐོང་ངམ་མ་མཐོང་ཞེ་ན། ཁ་ཅིག་ནི་རང་གི་ཉིད་དེ། ཟག་བཅས་ལྟ་བའི་སྐབས་སུ་དང་ཅི་ལ་མཐོང་སྟེ། ཟག་མེད་མཐོང་ལམ་སྒོམ་ལམ་མཐར་ལམ་གསུམ་དུ་ཡང་མ་མཐོང་། སངས་རྒྱས་ཀྱི་སྐབས་ཁོ་ནར་མཐོང་བ་ཡིན་ཏེ། དགོངས་འདུས་ལས། ཆོས་འདི་ཟབ་སྟེ་མཐོང་བ་དཀའ། །རྟོགས་པར་ཡང་ནི་མ་ཡིན་ཏེ། །མཐར་ཕྱིན་པ་ལ་གནས་པ་ཡིས། །སྐྱེས་བུས་ཀྱང་ནི་མཐོང་བ་མིན། །ཞེས་གསུངས་སོ། །ཟེར་བ་ཡང་མི་འཐད་དེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་ཀྱི། །མཐོང་ལམ་གཉིས་སུ་གྱུར་པ་ཡིན། །ཞེས་པ་ལམ་གྱི་ངེས་ཚིག་ཀྱང་། །ལུང་ཡང་དུས་བཞི་མཉམ་སྦྱོར་གྱི་དགོངས་པ་ཉམས་སུ་སྦྱོར་བ་མྱོང་བ་ལ་དགོངས་པ་ཡིན་གྱི་ལྟ་བ་རང་གི་མཚན་ཉིད་མ་མཐོང་བ་ལ་དགོངས་པ་མིན་ནོ། །ལྷ་རྗེ་སྐྱོ་ན་རེ། ལྟ་བ་མ་རྟོགས་ན་ཕར་ཞོག །རྟོགས་ན་རང་གི་མཚན་ཉིད་བོགས་དང་སྐྱེད་དབྱུང་དུ་མེད་པ་སངས་རྒྱས་ཀྱི་དགོངས་པ་དང་ཁྱད་མེད་པར་ཟག་བཅས་ལྟ་བའི་སྐབས་སུ་རྟོགས་སོ་ཟེར་ཏེ། འོ་ན་ཟག་མེད་ལམ་དང་ཁྱད་མེད་པར་ཐལ་ལོ། །དེ་ནི་ཡུན་རིང་ཐུང་གི་ཁྱད་པར་ཡོད་པ་ཡིན་ཏེ། དཔེར་ན་ཆང་རྫ་མ་དང་ཕུལ་གང་བཞིན་ཟེར་བ་ཡང་མི་འཐད་དེ། མཐོང་ལམ་ན་ཡུན་རིང་དུ་སོང་བ་ལ་ཟེར་བ་མིན། སྔར་མ་མཐོང་བའི་དོན་མཐོང་བ་ལ་ཟེར་བ་ཡིན་ཏེ། ཐུན་མོང་གི་ལུང་ལས་ཀྱང་། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་གསུངས་པ་དང་། འདི་ཉིད་ལས། སྐབས་འདིར་བདེན་པ་བར་མ་མཐོང་། །ཞེས་གསུངས་པ་ཡིན་ནོ། །ཡང་སྔོན་གྱི་ཟུར་ཚོ་བགྲེས་པོ་རྣམས་ན་རེ། ཟག་བཅས་ལྟ་བའི་སྐབས་སུ་སྤྱིའི་མཚན་ཉིད་དུ་མཐོང་ལ། ཟག་མེད་མཐོང་ལམ་དུ་རང་གི་མཚན་ཉིད་དུ་མཐོང་བ་འོ་ཟེར་བ་ཡང་མི་འཐད་དེ། ལ་ཤན་ལས། སྤྱི་མིན་རང་གི་མཚན་ཉིད་དུ། །རང་རིག་མངོན་སུམ་དམིགས་བྲལ་བའོ། །ཞེས་གསུངས་པ་དང་། འདི་ཉིད་ལས། སྒྲ་རྟེན་ཡིད་ལ་བྱེད་མིན་པར། །ཞེས་རང་གི་མཚན་ཉིད་མཐོང་བར་བཤད་པ་དང་འགལ་ལོ། །ཡང་ཁ་ཅིག་ན་རེ། ཟག་བཅས་ལྟ་བའི་སྐབས་སུ་སྤྱིའི་མཚན་ཉིད་དུ་མཐོང་། དེ་ནས་དེ་བཞིན་ཉིད་ཀྱི་སྐབས་སུ་དོན་དམ་རང་གི་མཚན་ཉིད་དུ་རྟོགས། ཀུན་ཏུ་སྣང་གི་སྐབས་སུ་ཀུན་རྫོབ་རང་གི་མཚན་ཉིད་དུ་རྟོགས། ཕྱག་རྒྱ་གཅིག་པའི་སྐབས་སུ་དབྱེར་མེད་རང་གི་མཚན་ཉིད་དུ་མཐོང་། དེ་ནས་སངས་རྒྱས་ཀྱི་ས་ཚུན་ཆད་དུ་རྟོགས་པ་ལ་གནས་མི་གསལ་ལ་ཁྱད་མེད་དེ། ཡུན་རིང་ཐུང་གི་ཁྱད་ཡོད་ཟེར་བ་ཡང་མི་འཐད་དེ། ལྟ་བའི་སྐབས་སུ་རྟོགས་པར་བཤད་པ་དང་། ཏིང་ངེ་འཛིན་གྱི་སྐབས་སུ་རྟོགས་པའི་ལུང་མེད་པ་གཉིས་ཀ་དང་འགལ་ལོ། །འོ་ན་ཇི་ལྟར་ཤེས་པར་བྱ་ན། ཟག་བཅས་ལྟ་བའི་སྐབས་སུ་ལྟ་བ་རང་གི་མཚན་ཉིད་རྟོགས་ནི་རྟོགས་ལ། ཟག་མེད་མཐོང་ལམ་ལ་ལྟོས་ན་མི་གསལ་བའམ། ནུས་པ་མ་ཐོབ་པའི་ཚུལ་དུ་མཐོང་ངོ་། །འོ་ན་མཐོང་ལམ་དུ་ཐལ་ཟེར་རམ། མཐོང་ལམ་ཙམ་དུ་ཐལ་ཟེར། མཐོང་ལམ་ཙམ་དུ་ཐལ་བ་དང་འདོད་ཐོག་ཡིན་ལ། ཟག་མེད་མཐོང་ལམ་དུ་ཐལ་ཞེ་ན། ཅིའི་ཕྱིར། མཐོང་བའི་ཕྱིར་ཞེ་ན། མཐོང་ཡང་ནུས་པ་མ་རྫོགས་པས་ཟག་མེད་མཐོང་ལམ་དུ་མི་འགྲོ་ན་ཅི་སྟོ་སྟེ་ཁྱབ་པ་མེད་དོ། །དཔེར་ན་རྒྱང་རིང་པོ་ནས་མཐོང་བའི་མི་དང་། དྲུང་དུ་ཐུག་པ་བཞིན་ནོ། །འདི་ཉིད་ནས་ཀྱང་དབང་པོ་དང་བའི་སྤྱོད་ཡུལ་ལ། ཉེ་རིང་དྲུང་བཞིན་སྟོབས་འཕེལ་བས། རྒྱུ་རྐྱེན་གོང་འོག་འབྲས་བུར་འགྲོ། གསལ་བའི་བྱེ་བྲག་རིམ་པར་འགྲོ། །ཞེས་གསུངས་པས། ཟག་བཅས་ལྟ་བའི་སྐབས་སུ་རང་གི་མཚན་ཉིད་མི་གསལ་བའི་ཚུལ་དུ་མཐོང་ལ། དེ་ནས་མཐོང་ལམ་མན་ཆད་དུ་ཇེ་གསལ་དུ་འགྲོ །ཟག་མེད་མཐོང་ལམ་དུ་ནུས་པ་ཐོབ་སྟེ། སངས་རྒྱས་ཀྱི་ས་མན་ཆད་ལ་ལྟ་བའི་ངོ་བོ་ལ་ཁྱད་མེད་དེ། གསལ་བ་ཡུན་རིང་ཐུང་གི་ཁྱད་ཡོད། སངས་རྒྱས་ཀྱི་ས་དུས་བཞི་མཉམ་སྦྱོར་གྱི་དགོངས་པ་མངའ་བ་ཡིན་ནོ། །ཐམས་ཅད་དག་ཅེས་བྱ་བ་ཡང་། ཞེས་པ་དང་། ལྷུན་གྲུབ་མཉམ་པ་མ་མཐོང་ཞིང་། ཞེས་པ་ནི། ཀ་དག་དང་ལྷུན་གྲུབ་ཏུ་སྟོན་པའི་ཚིག་ཡིན་ཏེ། དེ་ཡང་ཀ་དག་ལ་སྐྱོན་ཅན་དང་སྐྱོན་མེད་གཉིས། ལྷུན་གྲུབ་ལ་སྐྱོན་ཅན་དང་སྐྱོན་མེད་གཉིས་སོ། །དེ་ལ་ཀ་དག་སྐྱོན་ཅན་ལ། དབྱིངས་ཀ་དག །ཡེ་ཤེས་ཀ་དག །དག་ཕྱོགས་གསུམ་དུ་ཕྱེ་ཡང་། དེའི་ལུགས་ཀྱི། ཆོས་ཉིད་ཀྱི་གཞི་ལ་མ་རིག་ཡོད་མ་མྱོང་སྟེ་མ་རིག་པའི་སྣང་བ་འདི་དང་ཆོས་ཉིད་ཐ་དད་དུ་འདོད་པའོ། །དེ་དང་མི་འཐད་དེ། སྐྱོན་དྲུག་གོ །ཐ་དད་ན་ཆོས་ཉིད་མཐོང་ཡང་མྱ་ངན་ལས་འདས་པ་མི་ཐོབ་པར་ཐལ། མ་རིག་པ་ལོགས་སུ་སྤང་དགོས་པའི་ཕྱིར་རོ། །ཡང་ཆོས་ཉིད་འདི་ལ་རིག་པའི་སྣང་བ་འདིའི་ཆོས་ཉིད་མ་ཡིན་པར་ཐལ། ཐ་དད་པའི་ཕྱིར་རོ། །ཡང་རྣམ་པར་བྱང་བ་འཁོར་བ་གཉིས་ཀ་གང་ཟག་གཅིག་གི་རྒྱུད་ལ་དུས་གཅིག་ཏུ་དམིགས་པར་ཐལ། འདོད་ན་འགྲོ་ལ་ཤེས་རྒྱུད་གཉིས་ལྡན་དུ་ཐལ། ཡང་མ་རིག་པ་དེ་ཆོས་ཉིད་དུ་བསྒྱུར་དུ་མི་བཏུབ་པར་ཐལ། ཐ་དད་པའི་ཕྱིར་རོ། །ཐ་དད་པ་དེ་ནི་བསྒྱུར་དུ་མི་བཏུབ་ཏེ་ནོར་བུ་འཆིང་བུར་བསྒྱུར་དུ་མི་བཏུབ་པ་བཞིན་ནོ། །མཚུངས་ལྡན་གྱི་མ་རིག་པ་མེད་པར་ཐལ། ཐ་དད་པའི་ཕྱིར་རོ། །འདོད་ན་གཟུང་དང་འགལ་ལོ། །ཡང་ཆོས་ཉིད་ཀྱི་གཞི་ལ་མ་རིག་པ་མེད་ན་འཁྲུལ་པ་གཏན་ནས་མི་འབྱུང་བར་ཐལ། གློ་བུར་དུ་བྱུང་བ་ཡིན་ཞེ་ན། གཞི་ལ་མེད་ཀྱང་འཁྲུལ་པ་གློ་བུར་དུ་འབྱུང་ན་རྒྱུད་དག་གི་སངས་རྒྱས་ལ་ཡང་འཁྲུལ་པ་འབྱུང་བར་ཐལ་ལོ། །ལྷུན་གྲུབ་སྐྱོན་ཅན་ལ། ཆོས་ཅན་ལྷུན་གྲུབ། ཆོས་ཉིད་ལྷུན་གྲུབ། ལྷུན་གྲུབ་ཁ་འབྱམས་པ་ལ་སོགས་པ་མང་ཡང་། ཆོས་ཉིད་དང་མ་རིག་པ་གཉིས། མཚོན་ཚུལ་གྱི་དབྱེ་བ་ཡང་མེད་པར་ཆུ་དང་འོ་མ་འདྲེས་པ་བཞིན་དུ་གཅིག་པར་འདོད་པའོ། །དེ་ཡང་མི་འཐད་དེ། སྐྱོན་བཞི་ལས། དང་པོ་མ་རིག་པའི་སྣང་བ་འདི་མཐོང་བས་ཆོས་ཉིད་མཐོང་བར་ཐལ། གཅིག་པའི་ཕྱིར་རོ། །འདོད་ན་འབད་མེད་དུ་གྲོལ་བར་ཐལ་ལོ། །ཡང་མ་རིག་པ་ལ་ཟག་པ་འཕེལ་བ་བཞིན་དུ། ཆོས་ཉིད་ལ་ཡང་ཟག་པ་འཕེལ་བ་བཞིན་དུ། ཆོས་ཉིད་ལ་ཡང་ཟག་པ་འཕེལ་བར་ཐལ། གཅིག་པའི་ཕྱིར་རོ། །འདོད་ན་ལམ་དོན་མེད་དུ་ཐལ་ལོ། །ཡང་ཆོས་ཉིད་ལ་དབྱེ་བ་མེད་པ་བཞིན་དུ། མ་རིག་པའི་སྣང་བ་འདི་ལ་ཡང་དབྱེ་བ་མེད་པར་ཐལ ། འདོད་ན་མངོན་སུམ་གྱིས་གསལ་ལོ། །ཡང་མ་རིག་པའི་སྣང་བ་འདི་མཐོང་ཐོས་ལས་ལོགས་སུ་གྲུབ་པ་མེད་པར་ཐལ། འདོད་ན་ཆོས་ཉིད་དབང་པོའི་མངོན་སུམ་དུ་དམིགས་པར་ཐལ་ལོ། །དེས་ན་སྐྱོན་ཆེན་གཉིས་ནི་འཕུང་འཚེངས་ཅན་གྱི་ལྟ་བ་ཡིན་པས་མི་འཐད་དོ། །སྐྱོན་མེད་གཉིས་ནི་དོན་གཅིག་ཏེ། ཆོས་ཉིད་དང་མ་རིག་པ་གཉིས་ངོ་བོ་དབྱེར་མེད། རྫས་སངས་རྒྱས་ཀྱིས་ཀྱང་མི་ཕྱེད་ལ། མཚོན་ཚུལ་ཐ་དད་དོ། །རྟོགས་པས་ཡེ་ཤེས་སུ་མཚོན། མ་རྟོགས་པས་མ་རིག་པར་མཚོན་པ་ཡིན་ནོ། །དེ་ལྟར་ན། སངས་རྒྱས་ཀྱི་ས་ན་མ་རིག་པ་ཡོད་པར་ཐལ། ངོ་བོ་གཅིག་པའི་ཕྱིར་རོ་ཞེ་ན། མ་རིག་པའི་ངོ་བོ་ཡོད་པར་ཐལ་ལམ། མཚོན་ཚུལ་ཡོད་པར་ཐལ། དང་པོ་འདོད་ཐོག །སངས་རྒྱས་མ་ཡིན་པར་ཐལ་ཞེ་ན། ངོ་བོ་ཡོད་ཀྱང་མཚོན་ཚུལ་མེད་པས་སངས་རྒྱས་མ་ཡིན་པར་མི་འགྱུར་ན་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ། མཚོན་ཚུལ་ཡོད་པའི་ཕྱིར་ཞེ་ན་ཁས་ལེན་མེད་དོ། །ཡང་ཆོས་ཉིད་ཉམས་སུ་བླངས་པས་གྲོལ་བ་བཞིན་དུ་མ་རིག་པ་ཉམས་སུ་བླངས་པས་ཀྱང་གྲོལ་བར་ཐལ་ཞེ་ན། ངོ་བོ་གཅིག་པར་ཤེས་ནས་གྲོལ་བར་ཐལ་ལམ་མ་ཤེས་ཀྱང་གྲོལ་བར་ཐལ། དང་པོ་འདོད་ཐོག །གཉིས་པ་ཅིའི་ཕྱིར། གཅིག་པའི་ཕྱིར་ཞེ་ན། གཅིག་ཀྱང་གཅིག་པར་ཤེས་པས་མི་གྲོལ་ན་ཅི་སྟོ་སྟེ་ཁྱབ་པ་མེད་དོ། །ཡང་མ་རིག་པ་དང་ཡེ་ཤེས་གཉིས་བཟང་ངན་མེད་པར་ཐལ་ཞེ་ན། གཉིས་མེད་དུ་ཤེས་ནས་བཟང་ངན་མེད་པར་ཐལ་ལམ། མ་ཤེས་ཀྱང་བཟང་ངན་མེད་པར་ཐལ། དང་པོ་འདོད་ཐོག །གཉིས་པ་ཅིའི་ཕྱིར། གཅིག་ཀྱང་གཅིག་པར་མ་ཤེས་པས་བཟང་ངན་མེད་པར་མི་འགྲོ་ན་ཅི་སྟོ་སྟེ་ཁྱབ་པ་མེད་དོ། །དེ་ལས་གཞན་པའི་སྐྱོན་ཀྱང་མི་འོང་ལ། ཐ་དད་པའི་སྐྱོན་རྣམས་མི་འོང་སྟེ། འདིར་ངོ་བོ་གཅིག་ཏུ་འདོད་པས་སོ། །མདོར་ན་ཆོས་ཉིད་ཀྱི་གཞི་ལ་མ་རིག་པ་གཉིས་མེད་རིས་མེད་དུ་ཀར་དག་པས་ཀ་དག་ཅེས་བྱ་སྟེ། ཐམས་ཅད་དག་ཅེས་བྱ་བ་ཡང་། ཞེས་སོ། །ཆོས་ཉིད་ཀྱི་གཞི་ལ་རིག་པ་དང་མ་རིག་པ་གཉིས་མེད་རིས་མེད་དུ་ལྷུན་གྱིས་གྲུབ་པས་ལྷུན་གྲུབ་ཅེས་བྱ་སྟེ། ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས། །ཞེས་སོ། །དེས་ན་སྐྱོན་མཐའ་དག་ལས་གྲོལ་བ་ཡིན་ནོ། །དྲུག་གམ་བརྒྱད་ཉིད་གནས་འགྱུར་ཕྱིར། །ཞེས་པ་ནི། ཐེག་པ་ཆུང་ངུ་ཅན་གྱི་འདུག་པ་ལྟར་ན། ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་མ་རྟོགས་པའི་རྣམ་ཤེས་ཚོགས་དྲུག་གམ། ཡང་ན་ཐེག་པ་ཆེན་པོ་ལྟར་དུ་ཚོགས་བརྒྱད་ཡེ་ཤེས་ལྔར་གནས་འགྱུར་བའི་ཕྱིར། ཤེས་རབ་དབང་དྲུག་ཚུལ་ནས་བརྗོད། ཅེས་པ། ཤེས་རབ་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། དྲན་པའི་དབང་པོ་དང་། མོས་པའི་དབང་པོ་དང་དྲུག་གི་ཚུལ་ནས་ལྟ་བའི་མིང་གི་རྣམ་གྲངས་བརྗོད་དོ་ཞེས་པའམ། ཡང་ན། ཤེས་རབ་ཀྱི་མིག་གི་དབང་པོ་དང་། རྣ་བ་སྣ་ལྕེ་ལུས་ཤེས་རབ་ཀྱི་ཡིད་ཀྱི་དབང་པོ་དང་དྲུག་གི་ཚུལ་ནས་བརྗོད་པའོ། །མངོན་བྱས་རིམ་པ་རྟོགས་གོ་རིམ། ཞེས་པ་རྟོགས་པ་བཞི་དང་ཏིང་ངེ་འཛིན་བཞི་སྦྱར་ཏེ། རྒྱུ་གཅིག་པར་རྟོགས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཡིག་འབྲུའི་ཚུལ་ཀུན་ཏུ་སྣང་། བྱིན་གྱིས་བརླབས་ཕྱག་རྒྱ་གཅིག་པ། མངོན་སུམ་པར་རྟོགས་པ་སྤྲོས་པའོ། །རྣམ་བཞིའི་ལམ་དང་སྒོ་བཞི་དང་། །ཞེས་པ། ལམ་བཞི་དང་རྣམ་ཐར་གྱི་སྒོ་བཞི་བསྟུན་པ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་དང་། ཀུན་ཏུ་སྣང་བ་མཚན་མ་མེད་པའི་སྒོ་དང་། ཕྱག་རྒྱ་གཅིག་པ་སྨོན་པ་མེད་པའི་སྒོ་དང་། ཕྱག་རྒྱ་སྤྲོས་པ་རང་བཞིན་གྱིས་འོད་གསལ་བའི་སྒོའོ། །བསྙེན་སྒྲུབ་ལམ་གྲངས་ཉམས་གཡོ་ཐོབ། ཅེས་པ་ནི་ལྟ་བའི་ཉམས་ལྔ་སྟེ། བདག་པོའི་རྐྱེན་དང་། དམིིགས་པའི་རྐྱེན་གྱིས་བྱིན་གྱིས་རློབས་ཙམ་ན་ཉམས་གཡོ་བའོ། །ལྷན་ཅིག་བྱེད་པའི་རྐྱེན་གྱིས་ལྟ་བ་ལ་འཇུག་པ་ཙམ་ན་ཐོབ་སྙམས། དེ་ལྟར་ལྟ་བ་རྟོགས་པའི་ངང་ལ་གནས་ཙམ་ན་གོམས་པ་ལ་རྟོགས་པ་ལ་རྐྱེན་གྱིས་མི་གནོད་པ་ནི་བརྟན་པ། རྟོགས་པ་བསྐྱེད་དུ་བྱར་མེད་པ་ནི་མཐར་ཕྱིན་པའི་ཉམས་སོ། །དེ་བས་རྣམ་བདུན་རིག་པའི་ངང་། ཞེས་པ། རྒྱལ་པ་ལས། འདིར་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་གསུངས་པས། རང་བཞིན་གྱིས་དལ་དང་གཟུགས་བརྙན་གྱི་དང་། ལྷག་པ་གཟུགས་བརྙན་དང་། བྱང་ཆུབ་སེམས་དང་། ཏིང་ངེ་འཛིན་དང་། ལྷག་པའི་ཏིང་ངེ་འཛིན་དང་ཚོགས་ཀྱི་དལ་ཀུན་ཀྱང་སེམས་ཀྱི་རྩལ་ཡིན་ནོ། །ཞེས་པའོ། །ཐོས་བསམ་བཅུ་སྤྱོད་ཆེད་དུ་གཉེར། །ཞེས་པ་ནི། བསླབ་པའི་མཐའ་བཅུ་སྟེ། གཞི་དམ་ཚིག་གིས་བཟུང་བ་ཞིང་ས་གཤིན་པོ་ལ་སོ་ནམ་བྱེད་པ་ལྟར་བསླབ་པ་དང་། རྒྱུད་ཐོས་པས་གྲོལ་བ་གྱི་ལིང་སྒྲོག་གྲོལ་བ་ལྟ་བུ་དང་། སྒོ་ཀུན་ནས་བསྡུར་བ་བུང་བ་ཚོང་ཚོལ་བ་ལྟ་བུ་དང་། ཕུལ་དུ་མཁས་པས་དབྱུང་བ་རི་རྒྱལ་གྱི་རྩེར་ཕྱིན་པ་ལྟ་བུ་དང་། ཐག་ལྟ་བས་བཅད་པ་ཁྱུང་ཆེན་པོ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་པ་རྒྱ་མཚོ་ལས་ནོར་བུ་ལོན་པ་ལྟ་བུ་དང་། ལ་སྤྱོད་པས་དོར་བ་གླང་པོ་ཆེ་ཆུར་ཞུགས་པ་ལྟ་བུ་དང་། རིམ་པ་དབང་གིས་བགྲོད་པ་རྒྱལ་བུ་རྒྱལ་སར་བཏོན་པ་ལྟ་བུ་དང་། དོན་མན་ངག་གིས་སྒྲུབ་པ་གསེར་འགྱུར་གྱི་རྩི་ལྟ་བུ་དང་། མདོ་དོན་གཅིག་ཏུ་བསྡུ་བ་སོ་ནམས་ཀྱིས་ཁེ་བསྒྲུབ་པ་ལྟ་བུ་དང་བཅུ་ཆེད་དུ་གཉེར་བའོ། །ཤེས་རབ་ཆེན་པོའི་སྦྱིན་སྲེག་གིས། ཞེས་པ་ནི། ལྟ་བ་དབྱེར་མེད་དུ་རྟོགས་པའི་ཤེས་རབ་ཆེན་པོའི་སྦྱིན་སྲེག་གིས་སྲིད་གསུམ་ཐམས་ཅད་སྲེག་སྟེ། སེམས་ཅན་ཀུན་གཉིས་མེད་ཀྱི་ངང་དུ་བསྒྲལ་བས་གཞན་དོན་རྫོགས་སོ། །འོ་ན་རྣལ་འབྱོར་གཅིག་གིས་ལྟ་བ་རྟོགས་པས་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པ་དེ་མི་འཐད་དེ། དེ་འཐད་ན། སེམས་ཅན་ཐམས་ཅད་སྔོན་བྱུང་གི་དུས་སུ་གྲོལ་བར་རིགས། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཉིད་རྟོགས་པའི་ཕྱིར་རོ་ཞེ་ན། དེའི་ལན་ནི། རྣལ་འབྱོར་པ་རྟོགས་པ་ཅན་གྱི་འཁོར་ན། སློབ་བུ་ལས་ཅན་གཅིག་ལ་རྟོགས་པའི་བྱིན་རླབས་ཤར་ནས་གྲོལ་བ་ཡང་སྲིད་ལ། སྐལ་མེད་ལ་ཕན་མི་ཐོགས་པས་ཉེས་པ་མེད་དོ་ཞེས་པའམ། ཡང་ན་རིགས་བརྒྱུད་ལ་སྲིད་པ་གསུམ་དུ་འཛིན་པའི་རྟོག་པ་ཡོད་པས། དེ་ཡིས་ཡེ་ཤེས་མེ་ལྟར་འབར་ནས་འཛིན་རྟོག་དེ་བསྲེག་པ་ཡིན་ཏེ། གཞན་མི་གྲོལ་བ་མི་སྟོ་གསུང་ངོ་། །ཡང་ལྟ་བ་ལ་དམིགས་བཟུང་བ་ལན་གསུམ་བྱུང་བས་འདི་མ་བལྡབས་སམ་ཞེ་ན། མ་བལྡབས་ཏེ། དང་པོ་ནི་གཏན་ཚིགས་ཀྱིས་ལྟ་བ་གཏན་ལ་འབེབས་པའི་ལྟ་བའི་དམིགས་བཟུང་བ་ཡིན་ལ། གཉིས་པ་ནི་གོལ་སྒྲིབ་བརྡར་ཤ་བཅད་དེ་མ་ནོར་བའི་དམིགས་བཟུང་བ་ཡིན། གསུམ་པ་ནི་རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བ་ཡིན་ནོ། །ལམ་མཆོག་གསལ་བའི་སྒྲོན་མེ་ལས། ལེའུ་གཉིས་པའི་འགྲེལ་པའོ།། །།ལེའུ་གསུམ་པའི་རྩོམ་པ་ལ་འཇུག་པའི་ཡན་ལག་ནི། བདག་ཉིད་ངང་ཆེན་རྟོགས་པས་མོས། ཞེས་གསུངས་ཏེ། དེ་ལ་བདག་ཉིད་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བདག་པོ་རང་གི་སེམས་ཡིན་ལ། སེམས་ཉིད་དེ་ཤེས་བྱ་བདེན་པ་དབྱེར་མེད་ཆོས་ཀྱི་སྐུའི་ངང་ཡིན་ཏེ། དེ་ལྟར་མོས་ཤིང་རྟོགས་པའི་སྒོ་ནས་ཕྱག་འཚལ་ལོ། །དེ་རྗེས་གོམས་བྱེད་བཤད་པར་བྱ། ཞེས་པ། ལྟ་བ་རྟོགས་པའི་རྗེས་ལ་རྟོགས་པ་རྒྱུན་བསྲིང་བའི་ཕྱིར། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཐབས་བཤད་པར་བྱའོ། །ཞེས་པའོ། །འོ་ན་ལྟ་བ་རང་གི་མཚན་ཉིད་མངོན་སུམ་དུ་རྟོགས་ནས། ཏིང་ངེ་འཛིན་བསྒོམ་ཅི་དགོས་ཤེ་ན། སེམས་ཅན་རྣམས་ཀྱི་ཕྱིན་ཅི་ལོག་ལས་སྤྱད་པ་ཡུན་རིང་བས། རྟོགས་པའི་དོན་ལ་གནས་སུ་མི་བཏུབ་པའི་ཕྱིར། བསྒོམ་ཞིང་རྒྱུན་བསྲིང་བའོ། །འོ་ན་ལྟ་བའི་སྐབས་སུ་བདེན་པ་དབྱེར་མེད་དུ་རྟོགས་ནས། ཏིང་ངེ་འཛིན་ཁ་ཕྲལ་ནས་བསྒོམ་ཅི་དགོས་ཤེ་ན། དེ་ལ་གཉིས་ཏེ། བློ་ཆེ་བ་རྣམས་ནི་དབྱེར་མེད་དུ་རྟོགས་ཤིང་དབྱེར་མེད་དུ་གོམ་པར་བྱེད་དེ་ལམ་ཅིག་ཆར་བ་ཡིན་ལ། །བློ་ཆུང་བས་དབྱེར་མེད་དུ་རྟོགས་པར་ནུས་ཀྱང་། གོམས་པར་མ་ནུས་པས། ཐོག་མར་བདེན་པ་ཁ་ཕྲལ་ནས་གོམས་པར་བྱེད། འཇུག་ཏུ་དབྱེར་མེད་བསྒོམས་པ་ཡིན་ནོ། །སྔ་མ་སྔ་མ་གང་དང་གང་། ཞེས་པ་ལམ་མམ་སེམས་སྔ་མ་གང་ཡིན་པ་ཐམས་ཅད་དོ། །ཕྱི་མ་ཕྱི་མ་ཐབས་དང་རྒྱུ། ཞེས་པ། ལམ་སྔ་མ་དེ་ཕྱི་མ་རྒྱུད་ལ་སྐྱེད་པར་བྱེད་པའི་ཐབས་སམ་རྒྱུ་ཡིན་ནོ། །དེ་བཞིན་ཕྱི་མ་ཕྱི་མ་གང་། ཞེས་པ། ལམ་ཕྱི་མ་གང་ཡིན་པ་ཐམས་ཅད་དོ། །སྔ་མ་སྔ་མ་ལས་བྱུང་འབྲས། ཞེས་པ་ལམ་ཕྱི་མ་དེ་སྔ་མ་ལས་བྱུང་བའི་ཕྱིར་གནས་སྐབས་ཀྱི་འབྲས་བུ་ཡིན་ནོ། །དེ་ལྟར་རྒྱུ་འབྲས་ཐབས་འབྲེལ་བས། ཞེས་པ། ལམ་གོང་མ་གང་ཡིན་པ་ཐམས་ཅད་རྒྱུ་ཡིན་ལ། གྲངས་གང་ཡིན་པ་ཐམས་ཅད་ནི་ཐབས་ཡིན་ཞིང་། ཕྱི་མ་གང་ཡིན་པ་ནི་འབྲས་བུ་ཡིན་ནོ། །དེ་ལྟར་རྒྱུ་དང་འབྲས་བུའི་འབྲེལ་པའམ། ཐབས་དང་ཐབས་བྱུང་དུ་འབྲེལ་ལོ། །སྲིད་པ་འཁོར་ལོ་ཚུལ་བཞིན་དུ། ཞེས་པ། སྲིད་པའི་འཁོར་ལོ་ནི་སྐྱེ་གནས་ལ་བྱ་སྟེ། དེ་ཡང་རྫུས་ཏེ་སྐྱེ་བའི་ཚུལ་དང་འདྲ་བ་གཅིག་ཅར་བ་ཡིན་ལ། མངལ་ནས་སྐྱེ་བའི་ཚུལ་དང་འདྲ་བ་རིམ་གྱིས་པའོ། །དེ་ལྟར་གཉིས་སུ་འབྱུང་བ་གང་གི་ཕྱིར་ཞེ་ན། །དབང་པོ་བརྩོན་འགྲུས་བཟང་ངན་གྱིས། ཞེས་པ། དབང་པོ་ནི། ཤེས་རབ་ཀྱི་དབང་པོ་སྟེ། རྣོ་རྟུལ་གཉིས་དང་། བརྩོན་འགྲུས་དང་། བློ་བཟང་ངན་དང་། དེ་རྣམས་ཀྱིས་རྣམ་པར་ཕྱེ་བའི་ལུས་གཉིས་བསྟན། ཞེས་པ་སྟེ། དབང་པོ་རྣོ་ཞིང་བརྩོན་འགྲུས་ཆེ་བ་ཅིག་ཆར་བ། དབང་པོ་རྟུལ་ཞིང་བརྩོན་འགྲུས་ཆུང་ན་རིམ་གྱིས་པར་བསྟན་ནོ། །འོ་ན་ཅིག་ཆར་བ་དང་རིམ་གྱིས་པ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། འདི་ལ་འདོད་པ་མི་མཐུན་ཏེ། རྗེ་མེ་ཀག་ན་རེ། སྔོན་དུ་ལྟ་བ་རྟོགས་ནས་ཏིང་ངེ་འཛིན། ཁ་སྤོས་ནས་ཉམས་སུ་ལེན་པ་ནི་རིམ་གྱིས་པ། སྔོན་དུ་ལྟ་བ་རྟོགས་ནས་ཏིང་ངེ་འཛིན་ཁ་མ་སྤོས་པར་ཉམས་སུ་ལེན་པ་ཅིག་ཆར་བ་ཡིན་གསུངས་སོ། །དེ་ཡང་མི་འཐད་དེ། ཕྱག་རྒྱ་ལམ་དུ་ཁྱེར་བའི་ཅིག་ཆར་བ་ནི་ཅིག་ཅར་བ་མ་ཡིན་པར་ཐལ། ལྟ་བའི་སྐབས་སུ་ལྷ་སྐུ་མི་བསྒོམ་ལ། ཏིང་ངེ་འཛིན་དུ་ལྷ་སྐུ་བསྒོམས་པས་སྤོས་གདུག་པའི་ཕྱིར་རོ། །ཡང་སློབ་དཔོན་ཡམ་ཤུད་ནི། སངས་རྒྱས་ཀྱི་ས་ལ་དུས་མྱུར་བར་སྦྱོར་ན་ལམ་ཅིག་ཆར་བ། བུལ་བར་སྦྱོར་ན་རིམ་གྱིས་པའོ། །གསུངས་པ་ཡང་མི་འཐད་དེ། ཐོད་རྒལ་བ་ཡང་གཅིར་ཅར་བར་ཐལ། རིམ་གྱིས་པ་ལ་ལྟོས་ན་མྱུར་བའི་ཕྱིར་རོ། །ཁ་རོག་པའི་ཞལ་ནས། སེམས་ལྔ་དུས་མྱུར་བར་སྐྱེ་བ་ལམ་ཅིག་ཆར་བ་ལ། དུས་བུལ་བ་ལས་མི་སྐྱེ་ན་རིམ་གྱིས་པའོ་གསུངས་ཏེ། སྐྱོན་གོང་དུ་མཚུངས་སོ། །འོ་ན་ཇི་ལྟར་ཞེ་ན། དབྱེར་མེད་ཆིག་ཆོད་དུ་རྟོགས། ཆིག་ཆོད་དུ་གོམས། ཆིག་ཆོད་དུ་མཐར་ཕྱིན་ན་ཅིག་ཆར་བ། དབྱེར་མེད་རིམ་གྱིས་རྟོགས། རིམ་གྱིས་གོམས། རིམ་གྱིས་མཐར་ཕྱིན་ན་ལམ་རིམ་གྱིས་པའོ། །ཞེས་ལྷ་རྗེ་ཧོར་པོ་གསུངས་ཏེ་ལེགས་སོ། །འོ་ན་ཅིག་ཆར་བ་ལ་སེམས་ལྔ་སྐྱེ་འམ་མི་སྐྱེ། མི་སྐྱེ་ན་སེམས་ལྔ་ལམ་གྱི་ངོ་བོ་མ་ཡིན་པར་ཐལ། འདོད་ན་མི་རུང་སྟེ། ངོ་བོ་སེམས་ལྔ་སྐྱེས་པའོ་ཞེས་བཤད་དོ། །སྐྱེ་ན་རིམ་གྱིས་སྐྱེ་འམ་ཅིག་ཆར་དུ་སྐྱེ། རིམ་གྱིས་སྐྱེ་ན་གཅིག་ཅར་བ་མ་ཡིན་པར་ཐལ། རིམ་པར་སྐྱེ་བའི་ཕྱིར་རོ། །ཅིག་ཆར་དུ་སྐྱེ་ན་འགྲོ་བ་སེམས་རྒྱུད་ལྔ་ལྡན་དུ་ཐལ། འདོད་དུ་མི་རུང་སྟེ། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་ཞེས་གསུངས་པ་ཡིན་ནོ། །ཞེ་ན། ལན་ལ་གཉིས་ཏེ། དངོས་ལན་དང་། མགོ་བསྒྲེ་བའོ། །དངོས་པོའི་སྐྱེ་སྐྱེ་སྟེ་སྐྱེ་ལུགས་ཡོད། ཇི་ལྟར་ཡོད་ན་རིམ་གྱིས་པ་ལ་ལྟོས་ན་དུས་ཤིན་ཏུ་མྱུར་བར་སྐྱེའོ། །མགོ་བསྒྲེ་བའི་ལན་ནི། སེམས་རིམ་གྱིས་སྐྱེས་སམ་ཅིག་ཅར་དུ་སྐྱེ་ཞེ་ན། ཨུཏྤལ་ལྔ་མདའ་གཅིག་གིས་དུས་གཅིག་ལ་ཕུག་པའི་ཚེ། རིམ་གྱིས་ཕུག་གམ་ཅིག་ཅར་དུ་ཕུག །ཅིག་ཆར་དུ་ཕུག་ཅེ་ན། འདིར་ཡང་སེམས་ལྔ་ཅིག་ཅར་དུ་སྐྱེ། འགྲོ་ལ་སེམས་རྒྱུད་ལྔ་ལྡན་དུ་ཐལ་ཞེ་ན། ཨུཏྤལ་ལྔ་གོ་ས་གཅིག་ན་གནས་པར་ཐལ་ལོ། །རིམ་གྱིས་ཕུག་གོ་ཞེ་ན། འདིར་ཡང་སེམས་རིམ་གྱིས་སྐྱེའོ། །ཅིག ཆར་བ་མ་ཡིན་པར་ཐལ་ཞེ་ན་ཁྱོད་ཀྱིས་དུས་གཅིག་ཏུ་ཕུག་པ་མ་ཡིན་པར་ཐལ་ལོ། །བྱམས་པའི་བསྟན་པའོ། །ཅིག་ཆར་བ་ནི་དོན་གོ་བར་ཟད་དོ། །ཤི་བ་དོན་དམ་བདེན་པ་སྟེ། ཞེས་པ་སྟེ། དོན་ཏིང་ངེ་འཛིན་གྱི་དཔེ་དང་བསླབ་བྱ་གཉིས་ཀ་ཡིན་ཏེ། ཤི་བའི་དུས་ཀྱི་ཚེ་ཕྱི་ནང་གི་རྟོགས་པ་འགགས་ནས་སྤྲོས་བྲལ་གྱི་ངང་ལ་གནས་པ་དང་གཅིག་ཡོང་སྟེ། དེ་ཏིང་སྤྲོས་པ་དང་བྲལ་བར་སྒོམ་པའི་དཔེ་ཡང་ཡིན་ལ། དེ་ངོ་ཤེས་ན་བསླབ་བྱ་གཞི་ཡང་ཡིན་ནོ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། ཞེས་པ་ནི། སྲིད་པ་བར་མ་དོ་དེ་ནི་ཀུན་ཏུ་སྣང་གི་དཔེ་དང་བསླབ་བྱ་ཐུན་མོང་པ་ཡིན་ཏེ། བར་དོའི་ཚེ་སྤྱོད་ཡུལ་ཐམས་ཅད་སྒྱུ་མར་མཐོང་བས་སྙིང་རྗེ་སྒྱུ་མ་སྒོམ་པའི་དཔེ་ཡང་ཡིན་ལ། དེ་ནི་སྒྱུ་མར་ཤར་བས་བསླབ་བྱ་ཡང་ཡིན་ནོ། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། ཞེས་པ་ནི། བར་དོའི་སེམས་དེ་མའི་མངལ་དུ་ཞུགས་ནས་སྐྱེས་པའི་རིམ་པ་ནི། ཕྱག་རྒྱ་གཅིག་པ་དང་། སྤྲོས་པ་དང་། ཚོགས་སྒྲུབ་དང་གསུམ་གྱི་དཔེ་དང་བསླབ་བྱ་ཡིན་ཏེ། དེ་ཡང་རྒྱས་པར་སྦྱར་ན་རིམ་དྲུག་ལས། རྣམ་ཤེས་ལྷུམས་སུ་ཞུགས་དང་སྦྱར། ཟེར་བས། མིའི་ས་བོན་ཡི་གེ་ནྲིའི་གཟུགས་ཅན་དུ་ཡུམ་གྱི་ལྷུམས་སུ་ཞུགས་པ་ནི་གསུང་ཡིག་འབྲུ་དང་མཐུན་ལ། འཆི་བུ་རྡོ་རྗེ་ལྟ་བུའི་གཟུགས་ཟེར་བས། ས་བོན་དེ་རླུང་གིས་བསྐྱོད་ནས་སྐེད་པ་ཉག་གིས་སོང་བའི་སྣ་ཕྱག་མཚན་རྡོ་རྗེ་དང་འདྲའོ། །སྐྱེས་ལ་མ་རག་པ་ནི་སྐུ་ཡོངས་སུ་རྫོགས་པ་སྟེ་ཕྱག་རྒྱ་གཅིག་པའི་དཔེ་ཡིན་ལ། བསླབ་བྱ་ཡང་དེ་ཉིད་དོ། །དེ་ནས་ལུས་རྫོགས་བུ་ཚ་འདབ་རྒྱས་པ་ནི་སྤྲོས་པ་དང་མཐུན་ཏེ། རིམ་དྲུག་པས། སྐྱེན་ལྡན་བུ་སོགས་རྒྱས་པ་སྟེ། །རིགས་ལ་སོགས་པ་རྒྱས་པར་བྱེད། །ཅེས་གསུངས་ཏེ་སྤྲོས་པའི་དཔེ་དང་བསླབ་བྱའོ། །དེ་ནས་བུ་ཚ་འདབ་རྒྱས་པ་དེ་ཡུལ་ནོར་གྱི་སྐྱེ་རིས་དང་། ཁེ་དྲག་ལ་སོགས་པ་བྱེད་པ་ནི་ཚོགས་སྒྲུབས་ཀྱི་དཔེ་དང་བསླབ་བྱ་ཡིན་ཏེ། ཡུལ་ལྷ་ཟས་ནོར་བྱེད་པ། ཆང་གཉིས་ལ་སོགས་པ་ལ་འཇུག་པ་བྱེད་ཅེས་པའོ། །ལོངས་སྤྱོད་རིག་མ་ལྡན་པར་བྱ། །ཞེས་པ། གོང་དུ་སྐྱེས་བུ་སེང་གེ་བཞིན་རྒྱུ་བས། ཟེར་ནས་གཅིག་པར་གནས་པར་བཤད་པ་དང་། འདིར་ཡུམ་དགོས་པར་མཐའ་དག་བཤད་པ་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ། སྐྱེས་བུ་སེང་གེ་བཞིན་རྒྱུ་བས་ཟེར་བ་ནི། སེང་གེ་ནི་སྟོབས་ཆེ་ཞིང་གྲོགས་ངན་སྤོང་བ་ཡིན་ལ། འདིར་ལམ་གྱི་གྲོགས་སུ་མི་འགྱུར་བའི་གྲོགས་ངན་སྤོང་བ་ལ་དགོངས་པ་ཡིན །རིག་མ་མཚན་ལྡན་གྱི་གྲོགས་ངན་མ་ཡིན་ཏེ། ལམ་གྱི་གྲོགས་ཡིན་པས་མི་འགལ་ལོ། །ཐུན་མོང་སྤྱི་ཡི་མངོན་རྫོགས་ནས། ཞེས་པ། ཐུན་མོང་གི་ལམ་རྟགས་སྔོན་དུ་རྫོགས་པའམ། ཡང་ན་སྐྱབས་འགྲོ་དང་སེམས་བསྐྱེད། ཚད་མེད་པ་བསྒོམ་པ་ལ་སོགས་པ་རྫོགས་པར་བྱེད་པ་ཡིན་ནོ། །མཆོད་དོན་ཉེ་བའི་གཟུགས་བརྙན་ནི། ཞི་ཁྲོའི་ལུགས་སྐུའམ་བྲིས་སྐུ་ལ་སོགས་པ་བཞུགས་ཏེ། དངོས་གྲུབ་ཀྱི་རྟེན་ཡིན་ནོ། །ཡན་ལག་བརྒྱད་པའི་ཚུལ་བཟུང་ལ། ཞེས་པ་ནི། བདག་ཉིད་སྟན་བདེ་བ་ལ་འདུག་སྟེ། བཛྲ་ས་མ་ཡ་ཛཿལན་གསུམ་གྱིས་བླ་མ་དང་ཡི་དམ་དང་ཆོས་སྐྱོང་རྣམས་སྤྱན་དྲངས་ལ་ཕྱག་འཚལ། མཆོད་པ་འབུལ། བཤགས་པ་བྱ། རྗེས་སུ་ཡི་རང་། སེམས་བསྐྱེད། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་སྐྱབས་སུ་གསོལ། དགེ་བའི་རྩ་བ་བསྔོ་བ་དང་བརྒྱད་བྱ། དེ་ནས་ལྷ་ཚོགས་རྣམས་ཡོངས་སུ་འོད་དུ་ཞུ་ནས་བདག་ལ་ཐིམ་པར་བསྒོམ། དེ་ཡང་གདམས་ངག་ཤེས་རབ་ཀྱིས། ཞེས་པ་ནི། བློན་ནི་བཞག་ཐབས་ཡིན་ཏེ། དེ་ཡང་གདམས་ངག་གི་སྟོབས་ཀྱིས་འཇོག་པ་ནི་བློ་ཆུང་བ་ཡིན་ལ། ཤེས་རབ་ཀྱི་སྟོབས་ཀྱིས་འཇོག་པ་ནི་བློ་ཆེ་བ་ཡིན་ཏེ། གདམས་ངག་གི་སྟོབས་ཀྱིས་འཇོག་པ་ནི་ལྟ་བ་རྟོགས་པའི་ངང་ལས། ཏིང་ངེ་འཛིན་ལ་བློ་བཞག་པས་གནས་སུ་མ་འདོད་ལྟ་བ་དྲན་པར་བྱས་ནས་བཞག་པས་ཀྱང་གནས་སུ་མ་འདོད་དོ། །བླ་མ་ལ་གདམས་ངག་ཞུས་ནས། གདོད་ཏིང་ངེ་འཛིན་ལ་འཇོག་པའོ། །ཤེས་རབ་ཀྱི་སྟོབས་ཀྱིས་འཇོག་པ་ལ་གཉིས་ཏེ། རིག་པ་སྤྱི་ལུགས་སུ་བཞག་པ་དང་། མཐོང་བའི་རྗེས་ལ་བཞག་པའོ། །ཕྱི་མ་སྤྱི་ལུགས་མཐོང་རྗེས་བཞག །ཅེས་པ་སྟེ། རིག་པ་སྤྱི་ལུགས་སུ་བཞག་པ་ནི། ཆོས་ཉིད་སྤྲོས་བྲལ་དུ་སྒོམ་རྣོ་བ་དྲན་པ་ཙམ་གྱིས། ཏིང་ངེ་འཛིན་ཆོས་ཉིད་ཀྱི་ངང་དུ་རིག་པ་ཡུལ་མེད་དུ་གསལ་བའོ། །མཐོང་བའི་རྗེས་ལ་བཞག་པ་ནི། སྔར་བཞིན་དུ་སྒོ་རྣོ་བ་ཙམ་གྱིས་སེམས་གནས་སུ་མ་འདོད་དེ། སྔར་རྟོགས་པའི་ལྟ་བ་དྲན་པར་བྱས་ནས། དེའི་ངང་ལ་འཇོག་པ་ཡིན་ནོ། །བླ་མ་སྐབས་མིང་མཉམ་ཉིད་དང་། །ཞེས་པ་ནི། དེ་བཞིན་ཉིད་ཀྱི་རྣམ་གྲངས་བདུན་ཡིན་ཏེ། དེ་རེ་རེ་ལ་ཡང་ངོ་བོ་དང་། ངེས་ཚིག་དང་། གཏན་ཚིགས་གསུམ་མོ། །ངོ་བོ་ནི་མིང་གི་རྣམ་གྲངས་ཀྱི་རྗེས་སུ་འཇུག་པ་སྟེ། མཉམ་པ་ཉིད་དང་ལྷུན་གྱིས་གྲུབ་པ་དང་། མཐའ་བྲལ་དང་། ཐ་དད་མེད་པ་དང་། སྟོང་པ་ཆེན་པོ་དང་། མ་སྐྱེས་པ་དང་། ཆོས་ཀྱི་དབྱིངས་རྣམས་སོ། །ངེས་ཚིག་ནི། བཟང་ངན་མེད་པའི་ཕྱིར་ན་མཉམ་པ་ཉིད་ཅེས་བྱ། ཆོས་ཐམས་ཅད་སེམས་སུ་འདུས་པས་ལྷུན་གྲུབ་དང་། མཐའི་ཞེན་པ་མེད་པས་མཐའ་བྲལ་དང་། ཆོས་ཉིད་ལ་ཚིག་གིས་མཚོན་དུ་མེད་པས་ཐ་སྙད་མེད་པ། རང་གི་ངོ་བོ་མ་གྲུབ་པས་སྟོང་པ་ཆེན་པོ། རྒྱུ་རྐྱེན་མེད་པས་མ་སྐྱེས་པ། །མཐའ་དང་མུ་མེད་པས་ཆོས་ཀྱི་དབྱིངས་སོ། །གཏན་ཚིགས་ནི་རེ་རེ་ལ་ལུང་། །མན་ངག་རིགས་པ་གསུམ་མོ། །དེ་ཡང་མཉམ་པ་ཉིད་ཀྱི་ལུང་ནི། རྒྱས་པ་ལས། མཉམ་གཉིས་ལྷག་པའི་མཉམ་ཉིད་ཀྱིས། །ཞེས་སོ། །མན་ངག་ནི། རྣམ་བཀོད་ལས། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ། །རང་བྱུང་ཡེ་ཤེས་འཕྲོ་བ་ཡིས། །ཞེས་སོ། །རིགས་པ་ནི། བཟང་ངན་མེད་ཆེ་ཆུང་མེད་པའི་ཕྱིར་ན་མཉམ་པའི་མཉམ་པ་ཉིད་དོ། །ལྷུན་གྱིས་གྲུབ་པའི་ལུང་ནི། རྩ་རྒྱུད་ལས། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་སོ། །མན་ངག་ནི། འདི་ཉིད་ལས། གཉིས་མེད་ལྷུན་མཉམ་དེ་བཞིན་ཉིད། །ཅེས་སོ། །རིགས་པ་ནི། ཡེ་ནས་གཉིས་མེད་དུ་གནས་པའི་ཕྱིར་ལྷུན་གྲུབ་བོ། །མཐའ་དང་བྲལ་བའི་ལུང་ནི། རྒྱས་པ་ལས། ནམ་མཁའ་བཟུང་དུ་མེད་པ་ལྟར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། །ཞེས་སོ། །མན་ངག་ནི། འདི་ཉིད་ལས། མཐའ་ཀུན་ཕྱོགས་སུ་མ་ཆད་ཕྱིར། །མཐའ་དང་བྲལ་ཕྱིར་མ་བྲལ་ལོ། །ཞེས་སོ། །རིགས་པ་ནི། འདི་འོ་ཞེས་དམིགས་སུ་མེད་པས་མཐའ་བྲལ་བའོ། །ཐ་དད་མེད་པ་ནི། རྩ་རྒྱུད་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །ཞེས་སོ། །མན་ངག་ནི་རྣམ་བཀོད་ལས། འཇིག་རྟེན་འདི་ན་ཅི་ཡོད་པ། །མིང་དང་ཐ་སྙད་འཛིན་པ་དག །སོ་སོའི་རང་བཞིན་བཤིག་བྱས་ན། །རང་བཞིན་མེད་དེ་ཡང་དག་ཉིད། །ཅེས་སོ། །རིགས་པ་ནི་ཚིག་གིས་མཚོན་དུ་མེད་པས་ཐ་སྙད་མེད་པའོ། །སྟོང་ཆེན་ནི། རྒྱས་པ་ལས། ཡན་ལག་རྟོགས་པས་རབ་བརྟགས་ན། དང་པོ་ཐམས་ཅད་སྟོང་པ་ཡིན། ཅེས་སོ། །མན་ངག་ནི་འདི་ཉིད་ལས། རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །ཞེས་སོ། རིགས་པ་ནི་གང་དུའང་མ་གྲུབ་པའི་ཕྱིར་ན་སྟོང་ཆེན་ནོ། །མ་སྐྱེས་པ་ནི། རྩ་རྒྱུད་ལས། སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་སོ། །མན་ངག་ནི་འདི་ཉིད་ལས། བསྒོམ་བྱ་སྒོམ་བྱེད་མ་སྐྱེས་པས། །ཞེས་སོ། །རིགས་པ་ནི་རྒྱུ་རྐྱེན་ལས་མ་གྲུབ་པའི་ཕྱིར་མ་སྐྱེས་པའོ། །ཆོས་དབྱིངས་ནི་རྒྱས་པ་ལས། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ། །ཅེས་སོ། །མན་ངག་ནི། འདི་ཉིད་ལས། དབྱིངས་ལ་དབྱིངས་ནི་རྣམ་པར་སྦྱོར། །ཞེས་སོ། །རིགས་པ་ནི་མཐའ་དབུས་མེད་པའི་ཕྱིར་ན་ཆོས་ཀྱི་དབྱིངས་སོ། །དེ་ལྟར་ངོ་བོ་དང་། ངེས་ཚིག་དང་། གཏན་ཚིགས་དང་གསུམ་གསུམ་འཕྲུགས་པར་འབྱུང་བའོ། །དམིགས་པ་བརྗོད་པ་བྱིང་རྒོད་དྲུག །ཅེས་པ་ལ་སོགས་པ་སྟེ། རྩ་བའི་སྐྱོན་དྲུག་དང་། ཡན་ལག་གི་སྐྱོན་བཅོ་བརྒྱད་དེ། རྩ་བའི་སྐྱོན་དྲུག་ནི། དམིགས་པ་བརྗོད་པ་བྱིང་རྒོད་དྲུག །ཅེས་པ། བསྒོམ་བྱའི་དོན་ལ་ཆེད་དུ་དམིགས་པ་དང་གཅིག །བསྒོམ་བྱའི་དོན་བརྗེད་པ་དང་གཉིས། བྱིང་བ་དང་གསུམ། རྒོད་པ་དང་བཞི། རྩོལ་བ་དང་མི་རྩོལ་བྱེད་པ་དང་། ཞེས་པས། རྩོལ་མི་དགོས་པར་རྩོལ་བ་དང་ལྔ། དགོས་ཀྱང་མི་རྩོལ་བ་དང་དྲུག་གོ །ཡན་ལག་ནི་སྐྱོན་བཅོ་བརྒྱད་ནི། དོགས་པ་ལོགས་པ་བཅུ་གཅིག་ནི། ཐུན་མོང་བདུན་ཏེ་བཅོ་བརྒྱད་དོ། །ཞེས་པ། དེ་ཡང་ལོག་གིས་དོགས་པ་བཅུ་གཅིག་དང་། གོལ་གྱིས་དོགས་པ་བདུན་ནོ། །ལོག་གིས་དོགས་པ་བཅུ་གཅིག་ནི། ཁམས་གསུམ་ས་དགུ །རྟག་ཆད་གཉིས་ཏེ་བཅུ་གཅིག་གོ །གོལ་གྱིས་དོགས་པ་བདུན་ནི། ལྷ་མི། ཉན་ཐོས། རང་རྒྱལ། བྱང་ཆུབ་སེམས་དཔའ། ཀྲི་ཡ། ཨུ་པ་ཡ། ཡོ་ག་དང་བདུན་ནོ། །དེ་ལྟར་བཅོ་བརྒྱད་དོ། །དེ་བཞིན་གཡེངས་བ་རྣམ་དྲུག་སྟེ། ཞེས་པ་ནི། སྒོ་ལྔས་གཡེང་བ་ན་དང། ཡུལ་ལྔས། བྱིང་རྒོད་ཀྱི་རོས། དགེ་སྤྱོད་ཀྱི་མཚན་མས། ཐེག་པ་གཞན་གྱི་སྙོམས་འཇུག་གིས། ང་འོ་སྙོམས་འཇུག་གིས་གཡེང་བ་དང་དྲུག་འོག་ནས་འཆད་དོ། །དྲན་འབྱུང་རྗེས་སུ་འབྲང་བ་དང་། ཞེས་པ་ལ་སོགས་པ་ནི་བར་དུ་གཅོད་པའི་སྐྱོན་ཡིན་ཏེ། དེ་ཡང་སྔར་བྱས་ཀྱི་རྟོག་པ་བྱུང་བ་ནི་དྲན་བྱུང་གི་རྗེས་སུ་འབྲང་བ་ཡིན་ཏེ། བག་ཆགས་རྨི་བ་ལྟ་བུའོ། །ཉམས་ནི་གཡོ་ཐོབ་ལ་སྒྲིབ་བོ། །འགོག་པ་ནི་ཏིང་ངེ་འཛིན་ལ་ཐེ་ཚོམ་དུ་འཛིན་པ་སྟེ། གཟེར་བུ་ཅན་དབང་ཆེས་ན་གྲོལ་ལ་སྲིན་འཇུག་པ་ལྟ་བུ་ཡིན་ཏེ། ཟུང་འབྲེལ་ལ་སྒྲིབ་བོ། །ཐེར་ཟུག་ནི་ཉམས་འཐས་པ་སྟེ། མར་འདོད་ནས་བ་ཉོས་པས་ཞོ་ལ་ཆགས་པ་དང་འདྲ་སྟེ་ལྷག་མཐོང་ལ་སྒྲིབ་བོ། །ཕྱལ་བ་ནི། ཏིང་ངེ་འཛིན་ལ་མི་བརྩོན་པ་སྟེ། འབྲས་སྟོན་ཐོག་འདོད་པའི་མི་སོ་ནམ་ལ་མི་བརྩོན་པ་དང་འདྲ་སྟེ་ཟུང་འབྲེལ་ལ་སྒྲིབ་ཆེད་དུ་གསུམ་འཆོས་ནི། ལུས་ངག་ཡིད་གསུམ་བཅོས་མི་དགོས་པ་བཞིན་དུ་འཆོས་པ་སྟེ། བདེ་བ་འདོད་པའི་མི་སྡུག་བསྔལ་གྱི་རྒྱུ་ལ་བརྩོན་པ་དང་འདྲ་སྟེ་ཟུང་འབྲེལ་ལ་སྒྲིབ་བོ། །ཡིད་ལ་བྱེད་ནི་ཆོས་ཉིད་ལ་དམིགས་པ་ཆེད་དུ་ཡིད་ལ་བྱེད་པ་སྟེ། ནམ་མཁའ་སྤར་བས་འཛིན་པ་དང་འདྲ་སྟེ་ཟུང་འབྲེལ་ལ་སྒྲིབ་བོ། །མྱོང་དང་ནི་ཏིང་ངེ་འཛིན་གྱི་རོ་མྱོང་བར་འདོད་པ་སྟེ་རྨི་ལམ་གྱི་བུད་མེད་ལ་ཆགས་པ་དང་འདྲ་སྟེ་ལྷག་མཐོང་ལ་སྒྲིབ་བོ། །འདུ་ཤེས་གནས་དམིགས་ནི། ཏིང་ངེ་འཛིན་དང་དངོས་སུ་མི་མཐུན་པའི་གེགས་ཡིན་ཏེ། ཐར་པ་འདོད་པའི་ཕྱིར་སྡིག་པ་བྱེད་པ་དང་འདྲའོ། །སྡུད་དང་ནི། ཤེས་པ་ཆེད་དུ་སྡུད་པ་སྟེ། །ཁབ་མིག་དང་འཛུད་པས་ནམ་མཁའ་མི་མཐོང་བ་བཞིན་དུའོ། །མངོན་བྱེད་ནི། ཏིང་ངེ་འཛིན་ལ་ཆེད་དུ་དམིགས་ནས་མངོན་སུམ་དུ་བྱ་བར་འདོད་པ་སྟེ་ནམ་མཁའ་གཟུགས་སུ་སྟོན་པ་ལྟ་བུའོ། །རེ་མར་ནི། དྲོད་རྟོགས་ལ་ཆེད་ངར་རེ་བས་ཏེ། ཏིང་ངེ་འཛིན་ལ་དགའ་དྲོད་ཀྱི་སྐྱོན་ཡིན་ནོ། །རི་མོའི་བ་འཇོ་བ་དང་འདྲ་སྟེ་ཟུང་འབྲེལ་ལ་སྒྲིབ་བོ། །སྒྲིབ་པ་ལྔ་བཅུ་རྩ་ཡན་ལག །ཅེས་པ་ནི། སྒྲིབ་པའི་རྩ་བ་ལྔ། ཡན་ལག་བཅུའོ། །རྩ་བ་ལྔ་ནི། རྟོག་པ་དང་། མཚན་མ་དང་། དྲན་པ་དང་། ཚོར་བ་དང་། བྱུང་ཚོར་རོ། །ཡན་ལག་བཅུ་ནི། རྣམ་པའི་སྒོ་ནས་བཞག་ན་རྟོག་པ་ལ་ཕྲ་རགས་གཉིས་འཛིན་པའི་སྒོ་ནས་བཞག་ན་མཚན་མ་ལ་ཆེ་ཆུང་གཉིས། རྒྱུན་གྱི་སྒོ་ནས་བཞག་ན་དྲན་པ་ལ་རིང་ཐུང་གཉིས། ཉམས་ཀྱི་སྒོ་ནས་བཞག་ན་ཚོར་བ་ལ་གསལ་མི་གསལ་གཉིས། འབྱུང་འཇུག་གི་སྒོ་ནས་བཞག་ན་བྱུང་ཚོར་ལ་མྱུར་བུ་ལ་གཉིས་ཏེ་དེ་ལྟར་ལྔ་དང་བཅུའོ། །འཇིག་རྟེན་དང་པོ་བསམ་གཏན་བཞི་ནི། ཞེས་པ་ནི། འཇིག་རྟེན་དང་པོ་ནི་འདོད་པའི་ཁམས་ཏེ། དེ་ཡང་རྟོགས་པའི་སྐྱོན་གྱིས་ངན་སོང་གསུམ་དུ་སྐྱེའོ། །མཚན་མས་མིར་སྐྱོ། རྒྱུ་བས་སུམ་ཅུ་རྩ་གསུམ་དུ་སྐྱེ། ཚོར་བས་འཐབ་བྲལ་དུ་སྐྱེ། བྱུང་ཚོར་གྱིས་དགའ་ལྡན་དུ་སྐྱེ། །སྒྱུ་མར་ཤེས་པས་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་དུ་སྐྱེ། བསམ་གཏན་བཞི་ནི། གཟུགས་ཁམས་འཇིག་རྟེན་པར་བས་ཏེ། །བྱིང་རྨུགས་ཀྱིས་སྐྱེའོ། །སྙོམས་པར་འཇུག་བཞིར་ས་དགུ་སྟེ། ཞེས་པ། དེ་ཡང་འགོག་པའི་སྙོམས་འཇུག་ལས་སོ། །ས་བཞིས་ནི་འཇིག་རྟེན་ཐ་མ་གཟུགས་མེད་བཞིར། གོལ་ཏེ་མདོར་ན་ས་དགུར་གོལ་ལོ། ། ཐེར་ཟུག་ཆད་པ་ཕྱིན་ཅི་ལོག །ཅེས་པ། ཐེར་ཟུག་ནི་རྟག་པའི་ལྟ་བ་ཡིན་ལ། །ཆད་པ་ནི་ཅང་མེད་དུ་འདོད་པ་སྟེ། །དེ་གཉིས་ནི་ཕྱིན་ཅི་ལོག་མུས་ཕྱོགས་སུ་གོལ་ལོ། །སྤྱོད་ལམ་གྱི་སྐྱོན་ནི། མེལ་ཚེ་དུར་རྐུན་ཉ་གླང་ཉིད། ཅེས་པ། མེལ་ཚེ་ཁྲའི་སྒོམ་དང་། དུར་རྐུན་ཝའི་སྒོམ་དང་། མཚན་མ་ཉའི་སྒོམ་དང་། ཉལ་བ་གླང་གཉིད་ཀྱི་སྒོམ་དང་། །བརྐམ་ཆགས་ཚོང་སེམས་སྤྲེ་སྤྱོད་སྐྱོང་། །ཞེས་པ་ནི། བརྐམ་ཆགས་ཟས་ཀྱི་སྒོམ་དང་། གཡེང་བ་ཚོང་སེམས་སྒོམ་དང་། འདུ་བྱེད་སྤྲེའུའི་སྒོམ་མོ། །སྤང་བའི་འདུ་བྱེད་བརྒྱད་སྟོན་པའང་། ཞེས་པ་ནི། འབྲུ་ལུགས་གཉིས་ཏེ། རྒྱུད་གཅིག་གི་བཅོས་ཐབས་དང་། ཐ་དད་ཀྱི་བཅོས་ཐབས་སོ། །ཐ་དད་ཀྱི་བཅོས་ཐབས་དང་སྦྱར་ན། དབང་པོ་ཐ་མ་ནི། སྤོང་བའི་འདུ་བྱེད་བརྒྱད་སྟོན་པའང་། ཟེར་བས་སྐྱོན་ཆེད་དུ་སྤོང་དགོས་ལ། སྤོང་བའི་འདུ་བྱེད་བརྒྱད་སྟོན་ཏེ། འདུན་པ་དང་དད་པས་དམིགས་པ་བརྗེད་པ་སྤོང་། བརྩོན་འགྲུས་ཀྱིས་ལེ་ལོ་སྤོང་། དྲན་པས་བྱིང་རྒོད་སྤོང་། ཤེས་རབ་ཀྱིས་དོགས་པ་དང་ལོག་པ་གཉིས་སྤོང་། རྒྱུད་གཅིག་གི་བཅོས་ཐབས་དང་། ཐ་དད་ཀྱི་བཅོས་ཐབས་སོ། །ཐ་དད་ཀྱི་བཅོས་ཐབས་སུ་སྦྱར་ན། སེམས་པ་ཡིས་མི་རྩོལ་བ་སྤོང་། བཏང་སྙོམས་ཀྱིས་ཆེད་དུ་རྩོལ་བ་སྤོང་། ཤིན་ཏུ་སྦྱངས་པས་བརྗེད་པ་སྤོང་ངོ་། །དབང་པོ་འབྲིང་ནི། སོ་སོ་ཅུང་ཟད་བལྟ་བར་བྱ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་པས། སྐྱོན་དུ་ངོས་ཟིན་པ་ཙམ་གྱིས་ཆོག་སྟེ། རྐུན་མ་ཚོར་ན་འབྲོས་པ་དང་འདྲའོ། །དབང་པོ་རབ་ནི། ཡང་ན་རང་བྱུང་རང་ཞིར་བཞག །ཅེས་པས། སྐྱོན་བྱུང་ཡང་ཆོས་ཉིད་ལས་བྱུང་ཞིང་། དེ་ཞི་ཡང་དེར་ཞི་བའི་སྐྱོན་གྱིས་གནོད་པ་མ་སྐྱེལ་ཏེ། རྡོ་ཚན་ལ་ཁ་བ་བབས་པ་དང་འདྲའོ། །རྒྱུད་གཅིག་གི་བཅོས་ཐབས་དང་སྦྱར་ན། ཉམས་གཡོ་ཐབས་ཀྱི་དུས་སུ་སྤོང་བའི་འདུ་བྱེད་བརྒྱད་སྟོན་དགོས་པས། གོམས་བརྟན་གྱི་དུས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བལྟས་པས་ཞི། མཐར་ཕྱིན་པའི་དུས་སུ་སྐྱོན་རང་བྱུང་རང་ཞིར་འགྲོ་བ་ཡིན་ནོ། །སྤྲོས་པའི་འཁོར་ལོ་མོས་སྒོམ་ཞིང་། ཞེས་པ་ནི། དེ་བཞིན་ཉིད་ཀྱི་སྐབས་སུ་ལྷ་དུ་མ་བསྒོམ་ལམ་མི་སྒོམ་ན་སྤྲོས་པ་དང་ཁྱད་པར་མེད་པར་ཐལ། མི་སྒོམ་ན་གཞུང་དང་འགལ་ཞེ་ན། ལན་ནི། དངོས་སུ་སྒོམ་ལམ་མི་སྒོམ་ཟེར་རམ། མོས་པས་སྒོམ་ལམ་མི་སྒོམ་ཟེར། དང་པོ་ཟེར་ན། དངོས་སུ་མི་སྒོམ་གཞུང་དང་འགལ་ཞེ་ན། མི་འགལ། གཞུང་ནས་དངོས་སུ་སྒོམ་པར་མ་བཤད་དོ། །མོས་སྒོམ་ཞིང་ཟེར་རོ། །མོས་པ་སྒོམ་མམ་མི་སྒོམ་ཞེ་ན། བསྒོམ་མོ། །སྤྲོས་པ་དང་ཁྱད་མེད་པར་ཐལ་ཞེ་ན། དངོས་སུ་སྒོམ་པའི་ཕྱིར་རམ་མོས་པས་སྒོམ་པའི་ཕྱིར། དངོས་སུ་སྒོམ་པའི་ཕྱིར་གྱི་གཏན་ཚིགས་མ་གྲུབ་སྟེ་ཁས་ལེན་མེད་དོ། །མོས་པས་སྒོམ་པའི་ཕྱིར་ཞེ་ན། མོས་པས་སྒོམ་ཡང་དངོས་སུ་མི་སྒོམ་པས་སྤྲོས་པ་དང་ཁྱད་མེད་དུ་མི་འགྲོའོ། །སྤྲོས་པ་ནི་ལྷ་དུ་མ་དངོས་སུ་སྒོམ་པ་ཡིན་ལ། འདིར་མོས་པ་ཙམ་དུ་གཞན་དོན་བྱེད་པའི་ཚེ་བསྒོམས་པས་གཞུང་དང་མི་འགལ་ལོ། །དངོས་སུ་མི་སྒོམ་མི་ནུས་པས་སྤྲོས་པར་མི་འགྲོའོ། །མི་འཕྲོགས་མྱོས་སྐྲག་དགའ་བྲོད་མེད། ཅེས་པ་ནི། ནང་དུ་ཏིང་ངེ་འཛིན་བརྟན་པའི་རྟགས་སོ། །ཐེག་པ་གཞན་གྱི་གྲུབ་མཐའ་དང་། རྐྱེན་བློ་བུར་བས་ཏིང་ངེ་འཛིན་མི་འཕྲོགས་ཤིང་ཆད་དང་ངལ་དུབ་ཀྱིས་ཀྱང་མི་མྱོས་པ་ལ། བདུད་དང་སྲིན་པོ་མཐོང་ཡང་མི་སྐྲག ། བཟང་པོའི་རྟགས་ལ་ཡང་དགའ་བྲོད་ཀྱིས་ཤེས་པ་མི་སྐྱེའོ། །ཤུགས་སྣང་བརྒྱད་པོ་མཐོང་བར་འགྱུར། །ཞེས་པ་ནི། ཏིང་ངེ་འཛིན་གོམས་པའི་ཤུགས་ལས་སྣང་བ་བརྒྱད་མཐོང་བར་འགྱུར་ཏེ། གླང་པོ་ཞོན་པ་དང་། གྲུར་ཞུགས་པ་དང་། མེ་ལོང་སྐར་མས་བརྒྱན་པ་དང་། ཟད་པར་གྱི་སྐྱེ་མཆེད་མཐོང་བ་དང་། སྟོང་གསུམ་ལག་མཐིལ་ལྟར་མཉམ་པ་དང་། ཀུན་དགའ་ར་བའི་ཞིང་ཁམས་འོད་ཀྱིས་གང་བ་དང་། ནམ་མཁའ་རྡུལ་གྱིས་གང་བ་དང་། ནམ་མཁའ་སྐར་མས་གང་བ་དང་དེ་ལྟར་བརྒྱད་འབྱུང་ངོ་། །བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ནི་འོག་ནས་འབྱུང་ངོ་། །མངོན་པར་ཤེས་པ་རྣམ་དྲུག་དང་། ཞེས་པ་འབྲུ་ཟུར་གཉིས་ཏེ། སྔོན་གྱི་གནས་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ལྷའི་མིག་གི་མངོན་ཤེས་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང་། ཟག་པ་མེད་པའི་མངོན་ཤེས་དང་དྲུག་གམ། ཡང་ན་ཟག་བཅས་ཀྱི་མངོན་ཤེས་གསུམ། ཟག་མེད་ཀྱི་མངོན་ཤེས་གསུམ་སྟེ་དྲུག་གོ །ཟག་བཅས་ཀྱི་གསུམ་ནི་འོག་ནས་སྔོན་ལ་དམིགས་པའི་མངོན་ཤེས་དང་གཅིག །ཡོངས་སུ་རྫོགས་པའི་མངོན་ཤེས་དང་གཉིས། བར་ཆད་མེད་པའི་མངོན་ཤེས་དང་གསུམ་མོ། །ཟག་མེད་ཀྱི་གསུམ་ནི། མཐོང་ལམ་གྱི་མངོན་ཤེས། སྒོམ་ལམ། མཐར་ལམ་གྱིའོ། །ཡང་ན་སྔོན་ལ་དམིགས་པའི་མངོན་ཤེས་ལ་སོགས་པ་གསུམ་པོ་ལ། འོག་ནས། དམིགས་པ་འགའ་དང་འཕེལ་བ་དང་། ཟེར་བས། དེ་གསུམ་རེ་རེ་ལ་དམིགས་པ་འགའ་ཙམ། དེ་རྒྱ་ཆེར་འཕེལ་བ་གཉིས་གཉིས་སུ་བགྲང་པས་ཀྱང་དྲུག་གོ །སྔོན་ལ་དམིགས་པའི་མངོན་ཤེས་དང་། ཞེས་པ་ནི། ཐོག་མའམ་སྔོན་ལ་ཟག་བཅས་ཀྱི་མངོན་ཤེས་སྟོན་པ་དེའང་། ཐོག་མར་ཡུལ་བདེན་པ་གཉིས་ལ་དམིགས་ནས་སྐྱེ་བ། དེ་ཏིང་དང་ཀུན་སྣང་གཉིས་ཀྱི་མངོན་ཤེས་དང་། ཡོངས་སུ་རྫོགས་པའི་མངོན་ཤེས་དང་། ཞེས་པ། ཏིང་ངེའི་རྩལ་ཡོངས་སུ་རྫོགས་པ་ཕྱག་རྒྱ་གཅིག་སྤྲོས་ཀྱི་མངོན་ཤེས་དང་། བར་ཆད་མེད་པའི་མངོན་ཤེས་སོ། །ཞེས་པ། ཟག་མེད་འགྲོ་བ་ལ་ལམ་གཞན་གྱིས་བར་ཆོད་པ་ཚོགས་སྒྲུབ་ཀྱི་མངོན་ཤེས་སོ། །དམིགས་པ་འགའ་དང་འཕེལ་བ་དང་། ཞེས་པ། དམིགས་པ་འགའ་ནི་དྲུང་ན་ཡོད་པའི་སེམས་ཅན་གྱི་སེམས་ལ་ཆེད་དུ་བལྟས་ནས་དམིགས་ན་དེའི་སེམས་ཤེས་ཤིང་མདོར་ན་གང་ཟག་འགའི་བསམ་པ་ཤེས་པ་དེ་དེ་བཞིན་ཉིད་ཀྱི་མངོན་ཤེས་སོ། །དེ་འཕེལ་བ་ནི་དེའི་སྟེང་དུ་སྔོན་གྱི་གནས་པ་རྩེ་གཅིག་འཕེལ་བ་ནི་ཀུན་སྣང་གི་མངོན་ཤེས་སོ། །དེ་བཞིན་དུ་འགྲོའོ། །རེ་རེ་ལ་ཡང་སྦྱར་ཏེ། ཡོངས་སུ་རྫོགས་པ་ལ་ཡང་འགའ་དང་འཕེལ་གཉིས། བར་ཆད་མེད་པ་ཡང་དམིགས་པ་འགའ་དང་འཕེལ་བ་གཉིས་སོགས་སོ། །ཉི་ཤུ་ལྔ་སོགས། ཞེས་པ་ནི། མངོན་པར་ཤེས་པ་ཉི་ཤུ་ལྔ་སྟེ། སྒོ་ལྔ་རེ་རེས་ཀྱང་ཡུལ་ལྔ་ལྔ་གཅོད་པའོ། །སོགས་ནི། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། རྫུ་འཕྲུལ་གྱི་མངོན་ཤེས་རྣམས་བསྡུའོ། །དེ་ནི་ཕྱག་རྒྱ་གཅིག་པའི་མངོན་ཤེས་སོ། །ཡུལ་ཁམས་མཐོང་། ཞེས་པ་ནི། བོད་ཡུལ་དང་རྒྱ་ཡུལ་ཙམ་ཤེས་པ་ནི་སྤྲོས་པའི་མངོན་ཤེས་ཀྱི་ཡུལ་ལོ། །གླིང་གྲངས་མཐོང་ཐོས་རིམ་པས་ཕྱེ། །ཞེས་པ་ནི། ཚོགས་སྒྲུབ་ཀྱི་སྐབས་སུ་སྤྲོས་པ་བས་མངོན་ཤེས་ཀྱི་ཡུལ་ཆེ་སྟེ། གླིང་གཅིག་དང་གཉིས་ལ་སོགས་པ་འབྱུང་ལ། མངོན་ཤེས་ཀྱི་སྟོབས་ཀྱང་རིམ་པས་ཆེ་བ་ཡིན་ནོ། །ཕྱི་མ་སྟོང་གསུམ་རྒྱ་ཡུལ་དང་། །ཞེས་པ། ཚེ་དབང་གི་མངོན་ཤེས་ཀྱི་ཡུལ་ཡིན་ཏེ། གླིང་བཞི་བྱེ་བ་ཕྲག་བརྒྱ་སྤྲུལ་པ་སྐུའི་འདུལ་ཞིང་མཉམ་པ་ཡིན་ནོ། །སྟོང་གསུམ་སྟོང་སོགས་ཡུལ་འགྱུར་སོགས། ཞེས་པ་ནི། མདོར་བསྟན་ནས། སྟོང་གསུམ་སྟོང་ཕྲག་བཅུ་རྡུལ་སྙེད། །ཅེས་པ། སྟོང་གསུམ་གྱི་སྟོང་ཆེན་པོ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །གྲངས་མེད་སྟོང་ཕྲག་བཅུ་ཡི་རྡུལ། ཞེས་པ། གོང་གི་སྟོང་གསུམ་གྱི་སྟོང་ཆེན་པོ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་གཞིར་བཞག་ནས། དེ་གཅིག་གཉིས་སུ་བགྲངས་པ་ལས། གྲངས་ཀྱི་གནས་ལས་འདས་ནས་གྲངས་མེད་དུ་གྱུར་པ་དེ་ལྟ་བུ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནི་སྒོམ་ལ མ་གྱི་མངོན་ཤེས་ཀྱི་ཡུལ་ཡིན་ཏེ། ལོངས་སྐུའི་འདུལ་ཞིང་མཉམ་མོ། །དེ་སྙེད་ཡུལ་གྱུར། ཅེས་པ་ནི་གོང་གི་ཚིག་སྡུད་པ་ཡིན་ལ། རྒྱལ་བ་དང་། མཉམ་པས། ཞེས་འབྲེལ་པ་སྟེ། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱིས་མངོན་ཤེས་ཀྱི་ཡུལ་ནི་སངས་རྒྱས་དང་མཉམ་མོ། །ཕྱི་བ་ལམ་རྫོགས། ཞེས་པ། དེ་ལྟར་སྐུ་གསུམ་གྱི་འདུལ་ཞིང་དང་། ཁམས་གསུམ་མཉམ་ན་ཁྱད་ཚུལ་ཅིས་བྱེད་ཅེ་ན། སྐུ་གསུམ་ནི་ཞིང་ཁམས་རྣམས་དངོས་སུ་འདུལ་ལ། ཁམས་གསུམ་གྱིས་ནི་དངོས་སུ་འདུལ་མི་ནུས་ཏེ་མངོན་ཤེས་ཀྱི་ཡུལ་ཙམ་ཡིན། དེ་ལྟར་ཁྱད་ཆེ་བས་ལམ་རྫོགས་པའམ། ཡང་ན་ལམ་གོང་འོག་ལ་མངོན་ཤེས་ཀྱི་ཁྱད་ཕྱེ་བས་ལམ་རྫོགས་པ་ཡིན་ནོ། །དེ་བས་རྒྱུ་ཡི་སེམས་དཔའ་དང་། ཞེས་པ་ལ་སོགས་པ་ནི། འོ་ན་ལམ་ལྔ་པོ་འདི་རྒྱུའི་སེམས་དཔའ་ལ་ཡང་འདུག་པས། སྔགས་དང་ཁྱད་ཅི་ཡོད་ཅེ་ན། དེ་ནི་ལམ་ལྔ་སྔགས་དང་ཕ་རོལ་དུ་ཕྱིན་པ་གཉིས་ཀ་ལ་ཡོད་ཀྱང་ཁྱད་པར་ཡོད་དེ། རྒྱུའི་ཐེག་པའི་བྱང་ཆུབ་སེམས་དཔའ་དང་། འབྲས་བུའི་ཐེག་པའི་བྱང་ཆུབ་སེམས་དཔའ་གཉིས། སྐལ་མཉམ་ཕྱིར་དང་བརྗོད་ཀྱི་ཚུལ། ཞེས་པ། དེ་གཉིས་སྐལ་བ་མཉམ་པའི་ཕྱིར་མཚན་ཉིད་ཙམ་ནས་ལམ་ལྔར་བརྗོད་པའམ། ཚུལ་མཐུན་པར་བརྗོད་ཀྱིས། དངོས་སུ་མེད་པར་ཤིན་ཏུ་ཆེའོ། །དེ་ཇི་ལྟར་ཁྱད་ཡོད་ན། ཤེས་པའི་ཁྱད་པར་དགོངས་པ་ཡིས། ཞེས་པ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བའི་སྐབས་སུ་དབྱེར་མེད་རྟོགས་མ་རྟོགས་ཀྱི་ཁྱད་པར་དང་། དགོངས་པ་ཏིང་ངེ་འཛིན་སྐབས་སུ་དབྱེར་མེད་ལ་ཉམས་མཐར་ཕྱིན་པར་སློབ་ནུས་མི་ནུས་ཀྱི་ཁྱད་པར་དང་། གཞི་ཡི་ཆེ་བས་རྒྱུ་འབྲས་ངེས། ཞེས་པ། གཞི་སེམས་ཉིད་སངས་རྒྱས་ཀྱི་རྒྱུར་འདོད་པ་དང་། འབྲས་བུའི་ངོ་བོར་འདོད་པས་ཁྱད་པར་ཆེ་སྟེ། དེ་བས་ན་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་གཉིས་སུ་ངེས་སོ། །དྲན་པ་ལམ་གྱིས་རྒྱུན་བཅད་དེ། ཞེས་པ་ནི། འོ་ན་དྲན་པ་དང་ལས་རྒྱུན་ཆད་ནས་ཕྱི་མར་འདོད་ཁམས་ལྷར་མིར་སྐྱེ་བར་མི་རིགས་སོ། །ཞེ་ན། སྤྱིར་ཀུན་གཞི་ལ་བརྟེན་ནས་ཚོགས་བདུན་སྐྱེ་ལ། དེ་འགག་པའི་དུས་ཀྱང་གསུམ་ཡོད་དོ། །གཉིད་ལོག་པའི་དུས་སུ་སྒོ་ལྔའི་རྣམ་ཤེས་འགགས་ཏེ་ཡུལ་ལ་མི་འཕྲོ། བརྒྱལ་བའི་དུས་སུ་ཡིད་ཀྱི་རྣམ་ཤེས་འགགས་ཏེ། ཆོས་འདུས་བྱས་དང་འདུས་མ་བྱས་ལ་མི་འཕྲོ། ཤི་བའི་དུས་སུ་བདག་ཏུ་རྟོགས་པའི་ཉོན་མོངས་པ་ཅན་གྱི་ཡིད་འགགས་ནས། འགྲོ་བ་ཀུན་ལ་ཆོས་ཉིད་འོད་གསལ་འཆར་བ་ཡིན་ལ། དེ་རྣམས་འགགས་ཀྱང་ཀུན་གཞི་འགག་ཏུ་མི་བཏུབ་པས། ཀུན་གཞི་ལ་བག་ཆགས་ཡོད་པས་ཚོགས་བདུན་ལངས་ནས་ལུས་ལེན་པ་ཡིན་པས་འགལ་པ་མེད་དོ། །ཡང་ན་གསང་བའི་གསེར་སྒྲོམ་དུ། ཞེས་པ་མན་ངག་གི་ལུགས་མི་མཐུན་པ་སྟོན་པ་ཡིན་ཏེ། གསང་བའི་གསེར་སྒྲོམ་ནི། བདག་ཉིད་ལྷའི་སྐུར་གསལ་བར་མོས་པ་བྱས་ཙམ་ན། སྙིང་ཆོས་ཀྱི་འཁོར་ལོ་གསང་བའི་གསེར་སྒྲོམ་དང་འདྲ་བ་དེར། མཚོན་གང་ནོར་བུ་ཟླ་བའི་ཧཱུྃ། ཞེས་པ་ནི། གསེར་སྒྲོམ་གྱི་ནང་དུ་སྒོ་ལྔའི་རྣམ་ཤེས་ཀྱི་ངོ་བོར་ཡེ་ཤེས་སེམས་དཔའ་ཚོན་གང་བ་བསྒོམ། དེ་ལ་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོ་འོད་ཁ་དོག་ལྔ་འཕྲོ་བར་བསྒོམ། དེའི་ཐུགས་དཀར་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རང་བཞིན་ཟླ་བའི་དལ་གཅིག་བསྒོམ། དེའི་སྟེང་དུ་ཡིད་ཀྱི་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་དཀར་པོ་གཅིག་བསྒོམ། རིང་པོ་བརྩེགས་པ་དམིགས་ཐོབ་ནས། ཞེས་པ་ནི། དེ་ལྟར་ལྷ་སུམ་བརྩེགས་ལ་དམིགས་པ་ཤིན་ཏུ་བརྟན་པ་ཐོབ་ནས་སོ། །རླུང་གི་འཕྲོ་འདུས་འོད་བརྡལ་འདུག །ཅེས་པ་ནི། དེ་ལྟར་བརྟན་ནས་དབུགས་ཕྱིར་རྒྱུ་བའི་རླུང་དང་། ཧཱུྃ་གི་འོད་འགྲོགས་ནས་འཕྲོས་པས། སྣོད་བཅུད་ལ་ཕོག་པས་འོད་དུ་ཞུ། རང་ལ་ཐིམ་པས་རང་འོད་དུ་ཞུ་ནས་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་འོད་དུ་ཞུ་ནས་ཟླ་བ་ལ་ཐིམ། ཧཱུྃ་ཞུ་བས་སྟོང་གསུམ་འོད་ཀྱིས་གང་བར་བསམ་པ་དེའི་ངང་ལ་འཇུག་གོ །སྔོན་བྱས་ལྷག་པའི་ཆོས་བསྐུར་སྦྱོར། ཞེས་པ། འོ་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འབྲས་བུ་ཆོས་སྐུ་ལ་སྦྱོར་ན། ཀུན་ཏུ་སྣང་གི་ཏིང་ངེ་ལ་སོགས་པ་དོན་མེད་དུ་ཐལ་ཞེ་ན། ལན་ནི། འདིར་ནི་དེ་བཞིན་ཉིད་ཀྱི་འབྲས་བུ་ཆོས་སྐུ་ལ་དངོས་སུ་སྦྱོར་བ་མ་ཡིན་ཏེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་ཉིད་བསྒོམ་པ། ཆོས་ཀྱི་སྐུ་སྟོང་པ་ཉིད་དུ་གནས་པ་ཆོས་མཐུན་པའི་ཕྱིར་སྨྲས་པ་ཡིན་ཏེ། ཕྱོགས་མཐུན་བརྗེད་ཀྱི་རིས་མ་ཡིན། །ཅེས་པའོ། །འབྲས་བུ་ཉིད་ལ་ལམ་ཕྱིར་ཏེ། ཞེས་པ་ནི། འདིར་གསང་སྔགས་ཀྱི་ལུགས་ཀྱི་འབྲས་བུ་ལམ་དུ་བྱེད་པ་ཡིན་ནམ་མིན། མིན་ན་རྩ་རྒྱུད་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཅེས་པ་དང་། འདི་ཉིད་ལས། ཀུན་ཀྱང་སྨིན་ཟིན་བགྲོད་པ་མེད། །དེ་ཉིད་ལམ་གྱི་ངོ་བོ་སྟེ། །འཇུག་ནས་འབྱིན་པས་ཕྱེ་བ་ཡིན། །ཅེས་གསུངས་པ་དང་འགལ། འབྲས་བུ་ལམ་དུ་བྱེད་ན། སྨིན་པ་ལམ་དུ་བྱེད་དམ། །མ་སྨིན་པ་ལམ་དུ་བྱེད། །དང་པོ་ལྟར་ན། སྨིན་ནས་ཀྱང་ལམ་དུ་བྱེད་དགོས་ན་ཐུག་པ་མེད་པར་ཐལ། མ་སྨིན་པ་ལ་ལམ་དུ་བྱེད་ན། མ་སྨིན་པའི་ཕྱིར་འབྲས་བུ་མ་ཡིན་པར་ཐལ། དཔེར་ན་མྱུ་གུ་སྔོན་པོ་བཞིན་ནོ། །ལན་ལ་གཉིས་ལས། དངོས་ཀྱི་ལན་དང་། མགོ་བསྒྲེ་བའི་ལན་ནོ། །དངོས་སུ་ལེན་ནི། འབྲས་བུ་ལ་ལམ་དུ་བྱེད་དམ་མི་བྱེད། མི་བྱེད་ན་མི་བྱེད་དེ། བྱེད་ན་སྨིན་པ་ལ་ལམ་དུ་བྱེད་དམ། མ་སྨིན་པ་ལ་ལམ་དུ་བྱེད་ཅེ་ན་སྨིན་ཞེས་སྒྲོས་མི་འདོགས། མ་སྨིན་ཞེས་སྐུར་པ་མི་འདེབས་ཏེ། འབྲས་བུའི་ངོ་བོ་ལམ་དུ་བྱེད་དོ། །ངོ་བོ་གང་ཡིན་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡིན་ཏེ། དེ་ཉིད་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་ལ། དེ་མ་ཤེས་པ་ཤེས་པར་བྱེད་པའམ། མི་གསལ་བ་གསལ་བར་བྱེད་པ་ཙམ་ཞེས་བྱ་སྟེ། མདོར་ན་ཐོབ་བྱ་ད་ལྟ་ཉིད་ནས་རང་ལ་གནས་པ་ནི་འབྲས་བུ། དེ་ལ་སྒྲིབ་པའི་ཞེན་པ་འདག་པར་བྱེད་པ་ཙམ་ལ་ལམ་དུ་བྱེད་ཅེས་བྱའོ། །མགོ་བསྒྲེ་བའི་ལན་ནི། ཁྱེད་གསང་སྔགས་པ་འབྲས་བུ་ལ་ལམ་བྱེད་དམ་མི་བྱེད་ཅེ་ན། ཁྱེད་མཚན་ཉིད་པ་ཕ་རོལ་ཏུ་ཕྱིན་པ་ལམ་དུ་བྱེད་དམ་མི་བྱེད། བྱེད་ན་འདིར་ཡང་འབྲས་བུ་ལམ་དུ་བྱེད། འོ་ན་སྨིན་པ་ལ་ལམ་དུ་བྱེད་དམ་མ་སྨིན་པ་ལམ་དུ་བྱེད་ཅེ་ན། ཁྱེད་ཀྱང་ཕ་རོལ་དུ་ཕྱིན་ཟིན་ནས་ལམ་དུ་བྱེད་དམ། མ་ཕྱིན་ཀྱང་ལམ་དུ་བྱེད། ཕྱིན་ཟིན་ནས་ལམ་དུ་བྱེད་ཅེ་ན། སྨིན་ནས་ཀྱང་ལམ་དུ་བྱེད་དགོས་ན་ཐུག་པ་མེད་པར་ཐལ་ཞེ་ན། ཁྱེད་ཀྱང་ཕ་རོལ་ཏུ་ཕྱིན་པ་ལམ་དུ་བྱེད་ན་ཐུག་པ་མེད་པར་ཐལ། མ་ཕྱིན་པ་ལ་ལམ་དུ་བྱེད་ཅེ་ན། འདིར་ཡང་མ་སྨིན་པ་ལ་ལམ་དུ་བྱེད། མ་སྨིན་པའི་ཕྱིར་འབྲས་བུ་མ་ཡིན་པར་ཐལ་ཞེ་ན། ཕ་རོལ་ཏུ་མ་ཕྱིན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་མ་ཡིན་པར་ཐལ་ལོ། །ཤིན་ཏུ་ཡང་འདྲ་སྟེ་བྱམས་པའི་བསྟན་པ་ལ་འགྲོ་བ་ཡིན་ནོ། །ལམ་མཆོག་གསལ་བའི་སྒྲོན་མ་ལས། ལེའུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།ལེའུ་བཞི་པ་ལ་གཉིས་ལས། རྩོམ་པ་ལ་འཇུག་པའི་ཡན་ལག་ནི། ཆོས་ཀྱི་སྐུ་ལ་ཕྱག་འཚལ་ཏེ། ཞེས་པ་སྟེ། དེ་ཡང་ལེའུ་གསུམ་པར། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྐུ་སྟོང་པ་ཙམ་དུ་ཆོས་མཐུན་པས་ན་དེ་ཏིང་ལ་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེ་ལ་ཕྱག་འཚལ་ལོ། །འོ་ན་ལམ་གོང་མས་འོག་མ་ལ་ཕྱག་འཚལ་བར་མི་རིགས་ཏེ། རྒྱུད་ཚོད་ལ་མཐོ་དམན་ཡོད་པའི་ཕྱིར་རོ། །ཞེ་ན། ལན་དུ་ལམ་འོག་མ་པས་གོང་མ་རྒྱུད་ཚོད་མཐོ་བ་ཡིན་ཀྱང་། གོང་མ་ཡང་འོག་མ་ལ་བརྟེན་ནས་བྱུང་བ་ཡིན་པས་ན། འདི་ལམ་གོང་མ་ལ་འོག་མ་བཀའ་དྲིན་ཆེ་བས་བཀའ་དྲིན་དྲན་པའི་ཕྱག་ཡིན་ཏེ། དཔེར་ན། ཐོག་མར་ཆོས་སྒོར་འཇུག་པའི་བླ་མ་བཀའ་དྲིན་ཆེ་བས་དུས་ཕྱིས་ཆོས་སློབ་མ་མཁས་ཤིང་རྒྱུད་ཚོད་སློབ་མ་མཐོང་ཡང་བཀའ་དྲིན་བླ་མ་ཆེ་བས་བཀའ་དྲིན་དྲན་པའི་བླ་མ་ལ་ཕྱག་འཚལ་བ་བཞིན་ནོ། །གཉིས་པ་དམ་བཅའ་བ་ནི། སྙིང་རྗེ་ཆེན་པོའི་རྣལ་འབྱོར་བཤད། །ཅེས་པ། དེའང་སྙིང་རྗེ་ཆེན་པོ་ཅིའི་ཕྱིར་ཡིན་ཞེ་ན། ཐེག་པ་འོག་མ་བ་ནི་སྙིང་རྗེ་བྱ་བའི་ཡུལ་སེམས་ཅན་རང་རྒྱུད་པ་ལ། སྙིང་རྗེ་བྱེད་ཀྱི་མཁན་པོ་བདག་རང་རྒྱུད་པ་གཅིག་གིས། སྙིང་རྗེའི་དངོས་པོ་ནི་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་པས་འདི་སྙིང་རེ་རྗེ་ཞེས་དམིགས་པ་དང་བཅས་ནས་ཁ་འཁུན་ཅིང་སྡོད་པ་ཡིན་ཏེ། དེ་ནི་སྙིང་རྗེ་ཙམ་པོ་ཡིན་ཀྱང་། ཆེན་པོ་མ་ཡིན་ལ། འདིར་སྙིང་རྗེ་བྱ་རྗེ་བྱེད་དང་། སྙིང་རྗེའི་དམིགས་པ་གསུམ་མ་གྲུབ་སྟེ། བདག་དང་སེམས་ཅན་ཐ་དད་དུ་མི་འབྱེད་ལ། དེ་ལྟར་རྟོགས་པའི་ངང་ལ་རིག་པ་སྒྱུ་མའི་རྩལ་མ་འགགས་པས་སེམས་ཅན་ལ་ཕན་འདོགས་པ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །རྣལ་འབྱོར་ནི་དེ་ལྟ་བུ་དེ་ཡང་སྤྱི་ཡུལ་ཙམ་དུ་འཇོག་པ་མ་ཡིན་ཏེ། རང་གི་རྒྱུད་ལ་ཇི་ལྟ་བ་བཞིན་དུ་སྦྱར་ནས་ཉམས་སུ་ལེན་པ་ཡིན་ཏེ། དེ་ལྟ་བུའི་ལེའུ་འདི་བཤད་པར་བྱའོ་ཞེས་པའོ། །འོ་ན་སྤྱི་ལུགས་ཀྱི་ལམ་གོང་མ་གོང་མ་དང་། འོག་མ་འོག་མ་རྣམས། གོང་མ་བཟང་བ་མིན་ནམ། མིན་ན་ལམ་གོང་དུ་བགྲོད་པ་དོན་མེད་པར་ཐལ། གོང་མ་བཟང་བ་ཡིན་ན། འོ་ན་དོན་དམ་པ་བས་ཀྱང་ཀུན་རྫོབ་བཟང་བར་ཐལ། ལམ་གོང་མ་ཀུན་རྫོབ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །དེ་འདོད་ན་ཐེག་པ་ཐམས་ཅད་ཀྱང་འགལ་ཏེ། ཀུན་རྫོབ་བྱ་བ་སམ་སྐྲྀ་ཏའི་སྒྲ་ལས་དྲངས་ན་ངན་པའམ་བསླུ་བའི་རྣམ་པ་ཡིན་ལ། དོན་དམ་པར་ཆོས་ཉིད་མི་བསླུ་བར་ཡིན་པར་ཐེག་པ་ཐམས་ཅད་མཐུན་པའི་ཕྱིར་རོ་ཞེ་ན། ལན་ནི། སྤྱིར་ནི་ལམ་གོང་མ་དང་འོག་མ་གཉིས་ལམ་གོང་མ་བཟང་བར་འདོད་ལ། འོ་ན་དོན་དམ་པས་ཀུན་རྫོབ་བཟང་བར་ཐལ། ཞེ་ན། དོན་དམ་པ་བས་ལྷག་པ་ཀུན་རྫོབ་བཟང་བར་ཐལ་ཞེས་ཟེར་རམ། ཀུན་རྫོབ་ཙམ་པོ་བཟང་བར་ཐལ་ཟེར། ཀུན་རྫོབ་ཙམ་སོ་བཟང་བར་ཐལ་ཟེར་ན། ཅིའི་ཕྱིར་ལམ་གོང་མ་ཡིན་པའི་ཕྱིར། ཞེ་ན། གཏན་ཚིགས་མ་གྲུབ་སྟེ། ཀུན་ཏུ་སྣང་བའི་སྐབས་སུ་ཀུན་རྫོབ་ཙམ་བསྒོམ་པ་ཡིན་ནོ། །ལྷག་པ་ཀུན་རྫོབ་བཟང་བར་ཐལ་ཞེ་ན་འདོད་ཐོག །འོ་ན་ཐེག་པ་སྤྱི་ལུགས་དང་མི་འགལ་ཏེ། ཐེག་པ་སྤྱི་ལུགས་ཀྱི་ཀུན་རྫོབ་བཟང་ངན་པར་འདོད་པ་དེ་ཀུན་རྫོབ་ཙམ་པོ་ལ་ཟེར་བ་ཡིན་ཏེ། འདིར་ལྷག་པ་ཀུན་རྫོབ་བསྒོམ་པ་ཡིན་པས་དོན་དམ་པ་བས་བཟང་བར་འདོད་པ་ཡིན་ནོ། །འོ་ན་དོན་དམ་པས་ཀུན་རྫོབ་བཟང་བར་འདོད་པ་ཅིའི་ཕྱིར་ཞེ་ན། སྤྱི་ལུགས་ཀྱིས། སེམས་ཅན་རྣམས་བདག་ཏུ་ལྟ་བའི་དངོས་པོ་ལ་ཞེན་པས། དེ་ལ་སྤོང་བའི་གཉེན་པོ་སྟོང་པ་ཉིད་ཡིན་པ་ལ། སྟོང་ཉིད་ལ་རང་རྒྱུད་པར་ཞེན་ན་དེ་ཡང་འཆིང་བ་ཡིན་པས། དེ་སྤོང་བའི་གཉེན་པོ་ལྷག་པ་ཀུན་རྫོབ་ཡིན་པས་དེ་བས་ཀྱང་བཟང་བ་ཡིན་ནོ། །ཡང་ལམ་གོང་འོག་མའི་དོན་དམ་ནམ་ཡང་རྒྱུད་ལ་ལྡན་ལ། དེའི་སྟེང་དུ་ཡང་ལྷག་པ་ཀུན་རྫོབ་བསྒོམ་ནུས་པས་ཡོན་ཏན་ཡར་ལྡན་ཡིན་ཏེ། དེ་ཡང་། སྔ་མ་སྔ་མ་རྒྱུད་ལྡན་པས། །ཕྱི་མ་ཕྱི་མ་གོམས་པར་བྱེད། །ཅེས་སོ། །ཡན་ལག་བརྒྱད་སྔོན་བཞིན་བྱས་ནས། །ཞེས་པ། སྔོན་དེ་ཏིང་གི་སྐབས་ཡན་ལག་བརྒྱད་པ་བྱས་ཏེ། བཛྲ་ས་མཱ་ཛཿལན་གསུམ་གྱིས་རྟེན་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། དེ་ལ་ཕྱག་འཚལ་ལོ། །མཆོད་པ་ཕུལ། བཤགས་པ་བྱ། རྗེས་སུ་ཡི་རང་བ་བྱ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ། སྐྱབས་སུ་འགྲོ། དགེ་བའི་རྩ་བར་བསྔོ་བ་བྱས་ལ་རྟེན་འོད་དུ་ཞུ་ནས་རང་ལ་བསྟིམ་མོ། །དེ་ནས་སྙིང་རྗེ་སྒྱུ་མ་བསྒོམ་མོ། །འཇུག་པའི་མཐུན་མཚམས་དུས་ཀྱི་ཚེ། ཞེས་པ་ནི། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་བསྒོམ་པའི་སྐབས་སུ། ཐུན་མཚམས་རིང་ཐུང་གི་ཉམས་ཀྱི་དུས་ལྔ་དང་སྦྱར་ལ་བྱ་སྟེ། གཡོ་བའི་དུས་སུ་ཉིན་ཞག་ཕྲུགས་གཅིག་ལ་དྲུག་ཅུ་རྩ་བཞིར་ཕྱེ་བའི་ཆ་གཅིག་བསྒོམ་མོ། །ཉམས་ཐོབ་པའི་དུས་སུ་ཉིན་ཞག་ཕྲུགས་གཅིག་ལ་སུམ་ཅུ་སོ་གཉིས་སུ་ཕྱེ་བའི་ཆ་གཅིག་བསྒོམ། ཉམས་གོམས་པའི་དུས་སུ་བཅུ་དྲུག་ཏུ་ཕྱེ་བའི་ཆ་གཅིག་བསྒོམ། ཉམས་བརྟན་པའི་དུས་སུ་བརྒྱད་དུ་ཕྱེ་བའི་ཆ་གཅིག་བསྒོམ། ཉམས་མཐར་ཕྱིན་པའི་དུས་སུ་བཞིར་ཕྱེ་བའི་ཆ་གཅིག་བསྒོམ་ནུས་པ་ཡིན་ནོ། །སྒྱུ་མ་མིག་ཡོར་སྤྲུལ་པ་དང་ཞེས་པ་དང་། སྒྱུ་མའི་དངོས་པོ་དྲུག་སྟོན་པ་ཡིན་ཏེ། སྒྱུ་མ་ནི་རང་རྒྱུད་པ་མེད་པ་ཡིན་ཏེ། ལོག་རྟོག་སྒྱུར་མའི་དཔེ་ཡིན་ལ། མིག་ཡོར་སྣང་ལ་མ་གྲུབ་པ་སྟེ་རྟེན་འབྲེལ་སྒྱུ་མའི་དཔེ་ཡིན་ནོ། །སྤྲུལ་པ་ནི་གཅིག་ཏུ་མ་ངེས་ཏེ་ཐབས་སྒྱུ་མའི་དཔེའོ། །སྨིག་རྒྱུར་འཇའ་ཚོན་ཆུ་ཟླ་བཞིན། ཞེས་པ་སྨིག་རྒྱུ་ནི་སྣང་ལ་ཚིམ་པ་མེད་པ་སྟེ་ཡན་ལག་སྒྱུ་མའི་དཔེའོ། །འཇའ་ཚོན་ནི་མེད་བཞིན་དུ་བཀྲ་བ་སྟེ་ཡེ་ཤེས་སྒྱུ་མའི་དཔེའོ། །ཆུ་ཟླ་ནི་སྣང་ལ་རྟོགས་པ་མེད་པ་སྟེ་ཕྱག་རྒྱ་མའི་དཔེའོ། །གདུང་འདྲ་མ་བསྒྲལ་དུས་གཅིག་བསྒྲལ། ཅེས་པ་ལ་སོགས་པ། གསང་སྔགས་ཀྱི་ལུགས་ཀྱིས་ཚད་མེད་པ་བཞི་སྟོན་ཏེ། སྤྱིར་གསང་སྔགས་པའི་སྙིང་རྗེ་ཆེན་པོ་ལ་འོག་མའི་ཚད་མེད་བཞི་ཀ་རྫོགས་པར་ཆེན་པོར་སྟོན་པ་ཡིན་ཏེ། དེ་ཡང་འོག་མ་ཀུན་ནི། ཡང་དག་པར་ན་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་འདི་དག་སྙིང་རེ་རྗེ་སྙམ་ནས་སྙིང་རྗེ་བསྒོམ། འདི་དག་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་སྙམ་པ་བྱམས་པ་བསྒོམ། འདི་དག་སྡུག་བསྔལ་དང་བྲལ་ནས་བདེ་བ་ཐོབ་ན་རེ་ལེགས་ཏེ་སྙན་དུ་དགའ་བ་བསྒོམ། དེ་དག་ཀྱང་སེམས་ལ་ཕྱོགས་རིས་མི་འབྱེད་པའི་བཏང་སྙོམས་བསྒོམ། ད་རེས་འདིར་གསང་སྔགས་ཀྱི་ལུགས་ཀྱི་གདུལ་བྱ་འདུལ་བྱེད་རང་རྒྱུད་པ་དེ་ལྟ་བུ་མི་འདོད་དོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་སྒྱུ་མའི་ཡེ་ཤེས་སུ་གསལ་ཙམ་ན། མ་བསད་པའི་བསད་པ་ཆེན་པོ་སྙིང་རྗེ་ཡིན་ཏེ། དེ་ཡང་འབྱེད་པ་མེད་པའི་ངང་ལས་ཕན་འདོགས་པས་བྱམས་པ། འབྱེད་པ་མེད་པར་ཡེ་ཤེས་སྒྱུ་མའི་ངང་དུ་སངས་རྒྱས་པས་དགའ་བ། གདུལ་བྱ་དང་འདུལ་བྱེད་གཉིས་ཀ་རིགས་པ་སྒྱུ་མའི་ངང་དུ་འདུ་འབྲལ་མེད་པས་བཏང་སྙོམས་ཡིན་ཏེ། དེ་ཡང་འབྲས་བུ་ལ་སྦྱར་ན། གདུང་འདྲ་མ་བསྒྲལ་དུས་གཅིག་བསྒྲལ། ཅེས་པ། ཐེག་པ་འོག་མ་བ་ནི་སྙིང་རྗེའི་ཡུལ་ཁམས་གསུམ་གྱི་སེམས་ཅན་ལ་ཆེད་དུ་གདུང་ལ། འདིར་ཆེད་དུ་མི་གདུང་ཡང་དོན་གདུང་པ་དང་འདྲ་སྟེ། ཇི་ལྟར་འདྲ་ན། འཁོར་འདས་ཐམས་ཅད་རིག་པ་སྒྱུ་མར་རྟོགས་པས། ཆེད་དུ་མ་བསྒྲལ་ཡང་རང་བཞིན་གྱིས་བསྒྲལ་བ་ཡིན་ནོ། །གསོད་ཆེན་སྙིང་རྗེའི་རང་བཞིན་ཏེ། ཞེས་པ་ནི། དེ་ནི་ཐ་མལ་གྱི་ལུས་སྲོག་འབྲལ་བ་ལྟ་བུ་མ་ཡིན་ཏེ། རིག་པ་སྒྱུ་མའི་ངང་དུ་བསད་པ་མེད་པར་བསད་པ་ཡིན་པས། གསོད་པ་ཆེན་པོ་ཡིན་ལ། དེ་ནི་ཐེག་པ་འོག་མ་བའི་སྙིང་རྗེ་བཞིན་དུ་གདུང་མི་དགོས་པས་སྙིང་རྗེ་ཆེན་པོའི་རང་བཞིན་ཡིན་ནོ། །མི་འདོད་ཕན་འདོགས་བྱམས་པ་ཆེན་པོ། ཞེས་པ་ནི། དེ་ཙམ་ན་གདུལ་ལ་རང་རྒྱུད་དུ་གྲུབ་པ་མེད་པས་ཆེད་དུ་ཕན་འདོགས་པ་མེད་ལ། དེ་ལྟར་རྟོགས་པ་ཉིད་ཕན་པ་ཀུན་གྱི་གཞི་ཡིན་པས་བྱམས་པ་ཆེན་པོའོ། །མི་འགྱོད་དགའ་མཆོག་འབྲལ་མེད་སྙོམས། ཞེས་པ། དེ་ལྟར་རྟོགས་པ་ལ་འགྱོད་པ་མེད་པས་དགའ་བ་ཡིན་ལ། རིག་པ་སྒྱུ་མ་དང་མི་འབྲལ་བས་བཏང་སྙོམས་སོ། །ཚངས་པའི་རྒྱུ་བཞི་དུས་གཅིག་རྫོགས། ཞེས་པ་ནི། སྤྱིར་སྐབས་དེའི་ཚད་མེད་པ་བཞིས་ཚངས་གནས་སུ་སྐྱེ་བ་མིན་ཀྱང་། ཐེག་པ་འོག་མ་བའི་ཚད་མེད་པ་བཞིས་ཚངས་གནས་སུ་སྐྱེ་ལ། འདིར་ཡང་མི་ལ་སྙིང་དྲིན་ཆགས་པ་ལྟ་བུ་ཡིན་ཏེ་བཙུན་ལོག་ལྟ་བུའོ། །དེ་ན་འདིར་སྙིང་རྗེ་གཅིག་པུ་ལ་ཚད་མེད་པ་བཞི་ཀ་རྫོགས་སོ། །མངོན་པར་གདུང་པ་དེ་ལ་མེད། ཅེས་པ་ཐེག་པ་འོག་མ་བཞིན་དུ་སྙིང་རྗེ་དམིགས་པ་ཅན་དུ་བྱས་ནས་ཆེད་དུ་གདུང་བ་མེད་དོ། །མིང་ལ་དངོས་མེད་འདོད་མ་ཡིན། ཞེས་པའི་སྐབས་སུ། འོ་ན་སྒྱུ་མའི་ཏིང་ངེ་འཛིན་གྱི་སྐབས་འདིར། ལོག་རྟོག་སྒྱུ་མ་དང་རྟེན་འབྲེལ་སྒྱུ་མ་བསྒོམ་ལམ་མི་བསྒོམ་མི་བསྒོམ་ན་སྒྱུ་མའི་ཆོས་དྲུག་བསྒོམ་པ་དང་འགལ། བསྒོམ་ན་དེས་གྲོལ་ལམ་མི་གྲོལ། མི་གྲོལ་ན་བསྒོམ་པ་དོན་མེད་དུ་ཐལ། གྲོལ་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བར་ཐལ། ཅིས་ནས། ལོག་རྟོག་དང་རྟེན་འབྲེལ་བསྒོམ་པའི་ཕྱིར་རོ་ཞེ་ན། ལན་ནི། ཁ་ཅིག་ན་རེ་མི་བསྒོམ་ཟེར་རོ། །འོ་ན་སྒྱུ་མའི་ཆོས་དྲུག་བསྒོམ་པར་བཤད་པ་དོན་མེད་དོ། །བྱས་པས། དོན་ཡོད་དེ། ཤེས་ནས་སྤང་བར་བྱ་བ་ཡིན་ལ་བསྒྲུབ་པར་བྱ་བ་མིན་གསུང་སྟེ། ལེགས་སོ། །ཁ་ཅིག་ན་རེ། ལོག་རྟོག་དང་རྟེན་འབྲེལ་གཉིས་བསྒོམ་མམ་མི་བསྒོམ་ཟེར་རམ། ལོག་རྟོག་སྒྱུ་མ་དང་རྟེན་འབྲེལ་ལ་སྒྱུ་མ་བསྒོམ་མམ་མི་བསྒོམ་ཟེར། དང་པོ་ཟེར་ན་མི་བསྒོམ་མོ། །འོ་ན་སྒྱུ་མའི་ཆོས་དྲུག་སྨོས་པ་ལ་དགོས་པ་མེད་ཅེ་ན། ནོར་བའི་ཤེས་རབ་དམིགས་བསལ་བའི་དགོས་པ་ཡོད་དོ། །གཉིས་པ་ཟེར་ན་བསྒོམ་མོ། །གྲོལ་ལམ་མི་གྲོལ་ཞེ་ན་གྲོལ་ལོ། །སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ་ཞེ་ན། ཅིའི་ཕྱིར། བསྒོམ་པའི་ཕྱིར། ཞེ་ན། ལོག་རྟོག་དང་རྟེན་འབྲེལ་རང་རྒྱུད་ལ་བསྒོམ་པའི་ཕྱིར་ཟེར་རམ། ལོག་རྟོག་སྒྱུ་མ་དང་རྟེན་འབྲེལ་སྒྱུ་མ་བསྒོམ་པའི་ཕྱིར་ཟེར། དང་པོ་ལྟར་ན་གཏན་ཚིགས་མ་གྲུབ་སྟེ། རྟེན་འབྲེལ་དང་ལོག་རྟོག་རང་རྒྱུད་པ་མི་བསྒོམ་མོ། །གཉིས་པ་ལྟར་ན་འདོད་པ་ཡིན་ཏེ། །མདོར་ན་སེམས་ཅན་རྣམས་ཀྱི་ལོག་རྟོག་དང་རྟེན་འབྲེལ་རང་རྒྱུད་པ་བསྒོམས་པས་མི་གྲོལ་ལ། འདིར་ལྷག་པ་ཀུན་རྫོབ་ཅེས་བྱ་སྟེ། ལོག་རྟོག་སྒྱུ་མ་དང་རྟེན་འབྲེལ་སྒྱུ་མ་བསྒོམ་སྟེ། མདོར་ན་སྒྱུ་མ་ཙམ་དུ་བསྒོམས་ན་གྲོལ་བར་འདོད་པའོ། །ཚོར་ནས་ལོ་རྒྱུས་བཤད་པས་ཞི། ཞེས་པ་ནི། སྐྱོན་ཆེ་ཆུང་གང་ཡིན་ཡང་སྐྱོན་ཚོར་ནས་སྤང་སླ་སྟེ། ལོ་རྒྱུས་བཤད་པས་ཞི་བའོ། །ཇི་ལྟར་བཤད་པས་ཞི་ན། སྐྱོན་བྱུང་བའི་ཚེ་སྐྱོན་དུ་ངོ་ཤེས་ནས་གོང་དུ་ལོ་རྒྱུས་བཤད་པའི་མི་བསལ་ཤིན་ཏུ་བུལ་བར་བྱེད། ཅེས་གསུངས་པས། སྐྱོན་དེ་ལྟ་བུ་ཡོད་དོ་སྙམ་དུ་ཤེས་པས་ཞི་འོ། །ཡང་ན་སྐྱོན་དེ་དང་པོ་གང་ནས་བྱུང་བའི་ལོ་རྒྱུས་རྩད་བཅད་པས། བྱུང་ས་མ་རྙེད་དེ་སེམས་ཉིད་དུ་ཤེས་པས་ཞིའོ། །ཡང་ན་རྟོག་པའི་གནས་ཡུལ་ལྟ། ཞེས་པ། དེ་ལྟར་བྱས་པས་མ་ཞི་ན་རྟོག་པའི་གནས་ཡུལ་ལྟ་སྟེ། རྟོག་པའི་སྐྱོན་དེ་རང་ཇི་ལྟ་བུ་གཅིག་འདུག་བལྟས་པས། རྟོགས་པས་བརྟག་མ་ཐུབ་སྟེ། ངེས་གཟུང་མེད་པས་རང་ཞིར་འགྲོའོ། །འབྱུང་བ་བཞི་ཡི་གཉེན་པོས་གཞིལ། །ཅེས་པ། འབྱུང་བ་འཁྲུགས་པའི་སྐྱོན་ནི། གོང་དུ་མི་གསལ་མདོག་མཐིང་ཁམས་འཁྲུགས་ལྟར་ཞེས་གསུངས་པ་ཡིན་ནོ། །དེ་དང་མཐུན་པའི་གཉེན་པོས་འཇིལ་བའོ། །དེ་ཡང་འབྱུང་བ་ས་ཤས་ཆེ་ན་ཁོང་པར་རྡོ་བཅུག་པ་དང་འདྲ་སྟེ་བདུད་རྩི་སྦྱར་ལ་ཟ་བར་བྱའོ། །འབྱུང་བ་ཆུ་ཤས་ཆེ་ན་བདེ་བ་མེད་པར་བྱང་ཆུབ་སེམས་འཛག་སྟེ། དེ་ལ་སྤྲུལ་བའི་འཁོར་ལོའི་གནས་སུ་དྲོད་མེད་མེ་མར་ཙམ་གཅིག་བསྒོམ་ལ་བསྲེག་གོ །འབྱུང་བ་མེ་ཤས་ཆེ་ན་ཁ་སྐོམ་གདོང་པའི་མདངས་འཆོར། དེ་ལ་དྲི་ཆུའི་བཅུད་ལེན་བྱའོ། །འབྱུང་བ་རླུང་ཤས་ཆེ་ན་མགོ་མཇུག་མེད་པར་འདར་ཏེ། དེ་ལ་ཤ་ཆེན་གྱི་བཅུད་ལེན་བྱའོ། །ཡང་ན་འབྱུང་བ་ཆུ་ཤད་ཆེ་ན་དྲོད་ཀྱི་སྨན་མར་བརྟེན་ནོ། །མེ་ཤས་ཆེ་ན་བསིལ་གྱི་ཕྱེ་མ་བརྟེན། རླུང་ཤས་ཆེ་ན་འཇམ་རྩི་དང་ཟས་བཅོས་བརྟེན། ས་ཤས་ཆེ་ན་དྲོད་ཀྱི་སྨན་སྦྱོར་བྱའོ། །སྔོན་བཞིན་སྔར་འབྲངས་ཕྱིས་སྔོན་བྱེད། ཅེས་པ་ནི། སྔོན་དེ་བཞིན་ཉིད་ཀྱི་ཏིང་ངེའི་སྐབས་བཞིན་དུ། སྔར་འབྲངས་ཀྱི་སྐྱོན་ནི་གོང་གི་བག་ཆགས་རྙིང་པ་ཡིད་ལ་དྲན་པ་ཡིན་ལ། ཕྱིས་སྔོན་བྱེད་ནི་ངས་འདི་བྱ་དང་རྣམ་པ་འདི་བྱའི་བག་ཆགས་ཡིད་ལ་བྱུང་བའོ། །ད་ལྟ་རང་བཞིན་རྐྱེན་གྱིས་སྐྱེ། ཞེས་པ། ད་ལྟ་ཡུལ་ལྔ་ལ་བརྟེན་ནས་དངོས་སུ་འཕྲོ་བའི་རྟོག་པ་སྣ་ཚོགས་སོ། །དེ་ལྟ་བུ་ཡིན་པར་ཤེས་ནས་སྤང་ངོ་། །འོབ་འགྱེས་འཐིམ་པས་རི་དྲག་ཆུ། ཞེས་པ་ནི། ཉམས་གཡོ་བའི་དུས་སུ་ནི། ཏིང་ངེའི་ཕྱོགས་སུ་བློ་འབོ་ཞིང་འགྱེས་ལ། ཏིང་ངེ་ལ་བློ་ནང་དུ་ཐིམ་པས་ཤིན་ཏུ་མྱུར་བར་སློབ་བོ། །རི་དྲག་ཆུ། ཞེས་པ་ནི། དཔེར་ན་རི་དྲག་པོའི་ཆུ་དང་འདྲ་སྟེ་བློ་མི་གཏོད་པར་ཏིང་ངེ་ལ་རྩོལ་བ་དྲག་ཏུ་བྱེད་པའོ། །ཅུང་ཟད་ཐུན་གྱི་སུམ་ཆར་ཡོད། ཅེས་པ་ནི། གཡོ་བའི་ཉམས་ལ་ཐུན་སུམ་ཆར་གནས་པ་ཡོད་དོ། །བཞི་ཆ་ལྔ་ཆར་དེ་མེད་ཐོབ། ཅེས་པ་ནི། ཐོབ་པའི་ཉམས་ཀྱི་སྐབས་སུ་ཐུན་གྱི་བཞི་ཆའམ་ལྔ་ཆར་དེ་མེད་ཐོབ་སྟེ། དེ་ཡང་གཡོ་བའི་ཉམས་ཀྱི་སྐབས་སུ་སྐྱོན་དང་འདྲེས་མར་ཐོབ་པ་ལས། འདིར་དེ་ལྟར་མེད་དེ། སྐྱོན་དེ་ལྟར་མེད་པར་ཐོབ་བོ། །འོ་ན་གཡོ་བའི་ཉམས་ལ་ཐུན་གྱི་སུམ་ཆ་ཐོབ་ལ། ཐོབ་པ་ལ་བཞི་ཆ་ལས་མེད་པས། ལམ་གོང་དུ་བགྲོད་པ་དོན་མེད་དེ། ཉམས་ངན་དུ་སོང་ནས་འདུག་པ་ཞེ་ན། དེ་ལྟར་མ་ཡིན་ཏེ། གཡོ་བའི་སྐབས་སུ་ཐུན་གྱི་སུམ་ཆ་ཐོབ་ཀྱང་། སྐྱོན་དང་འདྲེས་མ་ཡིན་ལ། ཐོབ་པའི་སྐབས་སུ་བཞི་ཆ་ལས་མ་ཐོབ་ཀྱང་། སྐྱོན་དང་མ་འདྲེས་པའི་ཏིང་ངེ་འཛིན་ཡིན་ཏེ། དེ་མེད་ཅེས་པ་འདིས་ཤེས་པ་ཡིན་ནོ། །ཡང་ན་གཡོ་བའི་ཉམས་ཀྱི་སྐབས་སུ་དྲུང་ཅུ་རྩ་བཞིའི་སུམ་ཆ་ཐོབ་པ་ཡིན་ནོ། །ཐོབས་པའི་ཉམས་ཀྱི་སྐབས་སུ་སུམ་ཅུ་སོ་གཉིས་ཀྱི་བཞི་ཆ་ཡིན་པས་མིང་དེ་ལྟར་བཏགས་ཀྱང་དོན་བཞི་ཆ་རིགས་གསུངས་ཏེ། དོན་ལ་གཉིས་ཀ་འཐད་དོ། །ཐུན་བསྐྱང་ནུས་ཤིང་གསལ་ལྡན་ན། ཞེས་པ། གོམས་པའི་ཉམས་ཀྱི་སྐབས་སུ་སྐྱོན་ཕྲ་མོས་གནོད་མི་ནུས་པའི་ཐུན་བསྐྱང་ནུས་ཤིང་གསལ་བ་ཡིན་ཏེ། དཔེར་ན། ཆུ་ཀླུང་བུལ་འབབ་ཚུལ་བཞིན་ནོ། །ཞེས་པ་སྟེ། བརྩོན་པ་དྲག་པོ་མི་དགོས་པའི་དཔེ་ཡིན་ནོ། །སྒོ་གཏན་རྫས་ལྟར་རྟོག་རླུང་གིས། ཞེས་པ། དཔེར་ན་སྒོ་ལ་གཏན་པ་བཅུག་ན་ནང་གི་རྫས་མི་འགུལ་བ་བཞིན་དུ། མི་བསྒུལ་བཞི་ལ་གནས་པའོ། །ཞེས་པ། རྣམ་རྟོག་དྲག་པོའི་རླུང་གིས་མི་བསྒུལ་བར་གནས་པའོ། །དབང་པོའི་མངོན་སུམ་གང་བྱས་པ། ཞེས་པ། དཔེར་ན་རྫས་ཀྱི་དངོས་པོ་མིག་གི་དབང་པོས་མངོན་སུམ་དུ་བྱས་པ་དང་འདྲ་བར། ཤེས་རབ་ཀྱི་དབང་པོ་ཏིང་ངེ་། རྣལ་འབྱོར་གྱི་མངོན་སུམ་གང་བྱས་པ། ཞེས་པ། དཔེར་ན་རྫས་ཀྱི་དངོས་པོ་མིག་གི་དབང་པོས་མངོན་སུམ་དུ་བྱས་པའོ། །བསྐྱེད་དུ་བྱད་མེད་ཕྱིར་མཐའ་འོ། །ཞེས་པ། ཏིང་ངེ་འཛིན་གསལ་བར་མཐར་ཕྱིན་པ་སྐྱེད་དབྱུང་དུ་མེད་པ་ནི་མཐར་ཕྱིན་པའི་ཉམས་སོ། །ས་བོན་ཉི་འོད་སྐྱུར་སྒྲ་བཞིན། ཞེས་པ། དཔེར་ན་ཉི་མ་ལས་མ་གཡོས་པར་འོད་འབྱུང་བའམ། ས་བོན་ལས་མ་གཡོས་པར་མྱུ་གུ་བཞིས་འབྱུང་བ་བཞིན། སྐྱུར་གྱི་སྒྲ་ལས་མ་གཡོས་པར་རྣལ་འབྱོར་པས་དོན་བློ་ཡུལ་དུ་མངོན་སུམ་དུ་བྱེད་པ་བཞིན་དུ། འཕོ་བ་མེད་བཞིན་འགྱུར་སྣང་ཆེ། ཞེས་པ། ཡང་དག་གསར་ན་ལུས་ངག་ཡིད་གསུམ་སྒྱུ་མ་ལྟ་བུ་ལས་མ་གཡོས་པར། ལུས་འདི་གཞན་དུ་འཕོ་བར་སྣང་བའི་ཚེ་ཞེས་བྱའོ། །དབང་ཕྱུག་ཆེན་པོའི་གནས་ཉིད་དུ། ཞེས་པ་ནི། འབྲས་བུ་ལ་ལོག་པར་རྟོག་པ་བསལ་བ་ནི། དེ་ནི་ཉིད་ཀྱི་སྐབས་སུ་བཤད་པ་དང་མཐུན་ནོ། །ལམ་མཆོག་གསལ་བའི་སྒྲོན་མ་ལས། ལེའུ་བཞི་པའི་རྣམ་པར་འགྲེལ་བའོ།། །།ལེའུ་ལྔ་པར། གཉིས་མེད་ངང་ལ་ཕྱག་འཚལ་ནས། ཞེས་པ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྐབས་སུ་དོན་དམ་པའི་བདེན་པ་བསྟན་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གྱི་སྐབས་སུ་ཀུན་རྫོབ་ཀྱི་བདེན་པ་བསྟན། དེ་གཉིས་ཐ་དད་རིས་སུ་ཆད་པ་མ་ཡིན་ཏེ། སྣང་སྟོང་གཉིས་སུ་མེད་པ་དེ་ལྟ་བུའི་ངང་ལ་ཕྱག་འཚལ་ལོ། །གནས་གཅིག་ཡེ་ཤེས་སེམས་དཔའ་བསྒོམ། ཞེས་པ། གནས་གཅིག་ནི་ཐུགས་ཀ་སྟེ། ཙིཏྟ་རིན་པོ་ཆེའི་ནང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་བ། སྐུ་མདོག་ཕྱི་རོལ་དང་འདྲ་བ་ཞལ་གཅིག་ཕྱག་གཉིས་བསྒོམ། དེའི་ཐུགས་དཀར་ཉི་མའི་དལ་གྱི་སྟེང་དུ་རྡོ་རྗེ་བསྒོམ། དེའི་ལྟེ་བར་ཡི་གེ་ཧཱུྃ་བསྒོམ། སྤྱི་མགྲིན་ཙིཏྟའི་གནས་གསུམ་དུ། ཞེས་པ། གོང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ། སླར་འདུས་ཏེ་སྐུའི་བྱིན་རླབས་སྤྱི་བོར་ཐིམ་པས་ཡི་གེ་ༀ་དུ་གྱུར། མགྲིན་པར་གསུང་གི་བྱིན་རླབས་ཐིམ་པས་ཡི་གེ་ཨཾ་དུ་གྱུར། ཐུགས་ཀྱི་བྱིན་རླབས་སྙིང་གར་ཐིམ་པས་ཡི་གེ་ཧཱུྃ་དུ་གྱུར། དེའི་ངང་ལ་ༀ་ན་མ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་པས། ༀ་འོད་དུ་ཞུ་ནས་རྣམ་པར་སྣང་མཛད་དུ་གྱུར་པར་བསམ། དེས་འགྲེ་ཨཱོཾ་ལ་སྔགས་བརྗོད་པས་སྣང་བ་མཐའ་ཡས། ཧཱུྃ་ལ་སྔགས་བརྗོད་པས་རྡོ་རྗེ་སེམས་པར་བསྒོམ་ཏེ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའོ། །བྱིན་རླབས་རྡོ་རྗེ་གསུམ་བསྒོམ་བྱ། ཞེས་པ། དེ་ལྟར་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ནས། ཡི་དམ་ལྷ་ཡི་སྐུ་གསུང་ཐུགས་རྡོ་རྗེར་བསྒོམས་པའོ། །དབུ་ཡི་གནས་ལྔར་ཡི་གེ་ལྔ། ཞེས་པ། སྤྱི་བོར་ༀ། མཚོག་མར་ཧཱུྃ། རྣ་ལྟག་གཡས་པར་སྭཱ། གཡོན་པར་ཧཱ། ལྟག་པར་ཨཱོཾ་བསྒོམ་མོ། ཡི་གེ་དབང་ལྔས་རྫོགས་པར་བརྒྱན། ཅེས་པ་དེ་ལྟར་ཡི་གེ་ལྔ་ལས། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྟ་མ་ཀོ་྅་ཧཾ། ཞེས་པ་ལ་སོགས་པ། ཡིག་འབྲུ་རྣམས་འོད་དུ་ཞུ་བ་ལས་རིག་ལྔར་གྱུར་ཏེ་དབུ་བརྒྱན་པར་བསྒོམ་མོ། །ཡང་སྐབས་འདིར་འདི་སྐད་གསུང་སྟེ། ཕྱག་རྒྱ་གཅིག་པའི་སྐབས་སུ་ལྷ་དུ་མ་བསྒོམ་མམ་མི་སྒོམ། མི་སྒོམ་ན་གཞུང་དང་འགལ་ལ། བསྒོམ་ན་ཕྱག་རྒྱ་གཅིག་པ་མ་ཡིན་པར་ཐལ། ཞེ་ན། ལན་དུ་རྩ་བའི་ལྷ་དུ་མ་བསྒོམ་མམ་མི་བསྒོམ་ཟེར་རམ། ཡན་ལག་གི་ལྷ་དུ་མ་བསྒོམ་མམ་མི་སྒོམ་ཟེར། རྩ་བའི་ལྷ་དུ་མ་བསྒོམ་མམ་མི་སྒོམ་ཟེར་ན་མི་སྒོམ་ཟེར། ཡན་ལག་གི་ལྷ་དུ་མ་བསྒོམ་མམ་མི་སྒོམ་ཟེར་ན་སྒོམ་མོ། །ཕྱག་རྒྱ་གཅིག་པ་མ་ཡིན་པར་ཐལ་ཞེ་ན། ཅིའི་ཕྱིར། ཡན་ལག་གི་ལྷ་དུ་མ་བསྒོམ་པའི་ཕྱིར་ཟེར་ན་ཡན་ལག་དུ་མ་བསྒོམ་ཡང་རྩ་བ་གཅིག་ལས་མི་སྒོམ་པས་ཕྱག་རྒྱ་གཅིག་པ་ཡིན་ཏེ། དཔེར་ན་ཤིང་གི་སྡོང་པོ་བཞིན་ནོ། །བརྒྱད་མཐར་བྱིན་ཕབ་ལྷར་བསྐྱེད་ལ། ཞེས་པ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གསལ་བརྟན་གྱི་ཚད་བརྒྱད་མཐར་ཕྱིན་ནས་དྲང་ཞིང་མཆོད་པ་དབུལ་ཞེས་པའི་དོན་ཡིན་ཏེ། གསལ་བརྟན་གྱི་ཚད་བརྒྱད་ནི། སང་ངེ་བ། ས་ལེ་བ། ལྷང་ངེ་བ། ལྷག་གེ་བ། མི་འགྱུར་བ། མི་འཕྲོག་པ། མི་གཡོ་བ། ཅིར་བསྒྱུར་ཡང་དུ་བཏུབ་པ་དང་བརྒྱད་ཡིན་ཏེ། དེ་ལྟར་གྱུར་ནས་སྙན་གསན་ཕབ་ལ་སྤྱན་དྲངས་ཞེས་པའམ། ཡང་ན་ཡན་ལག་བརྒྱད་མཐར་ཕྱིན་པར་བྱས་ལ། དེ་ནས་མཚམས་བཅད། བཤགས་པ་བྱ། བྱིན་ཕབ་ལ་ལྷར་བསྐྱེད་ལ་ཞེས་པར་ཡང་འགྱུར་རོ། །མཆོད་པ་བྱིན་བརླབས་བསྐུར་བསྒོམས་ལ། ཞེས་པ་ནི། བདག་ཉིད་ལས་ཀྱི་ལྷའི་སྐུར་བསྒོམས་ནས་མཆོད་པ་བྱིན་གྱིས་བརླབས་ཏེ། ཁྱད་པར་གྱི་མཆོད་པ་སྨན་རག་གཏོར་གསུམ་དང་། ཐུན་མོང་གི་མཆོད་པ་ལྔའམ་བདུན་ནམ། ལས་བྱང་ནས་འབྱུང་བ་བཞིན་དུ་བྱིན་གྱིས་བརླབ་བོ། །ཡན་ལག་ལྡན་བྱས་མཆོད་བསྟོད་བྱ། །ཞེས་པ། ཡན་ལག་ལྷག་པའི་ལྷ་དགུར་ལྡན་ཞིང་། རྫོགས་པར་གོང་དུ་བཤད་པ་བཞིན་དུ་བསྐྱེད་ལ། དེ་ནས་རང་བཞིན་གྱི་དཀྱིལ་འཁོར་སྙན་གསན་དབབ། སྤྱན་དྲངས་པ་གཉིས་སུ་མེད་པར་བསྟིམ། རིག་པའི་མེ་ཏོག་དོར་རོ། །བརྟན་པར་བཞུགས་སུ་གསོལ་ལོ། །མཆོད་པ་རྣམས་བྱ། བསྟོད་པ་རྣམས་བྱའོ། །ཞི་ཁྲོའི་ལས་བྱང་ནས་འབྱུང་བ་བཞིན་དུ་བྱའོ། །ཡན་ལག་མ་ཉམས་སྔགས་བཟླས་པ། ཞེས་པ། སྔགས་ཀྱི་ཡན་ལག་ལྔ་དང་ལྡན་ཞིང་དམ་ཚིག་གི་མ་ཉམས་པ་ཡིན་ཏེ། སྔགས་ཀྱི་ཡན་ལག་ལྔ་ནི་དབུ་རྒྱན་རིག་ལྔ་གཅིག་ཏུ་སྦྲེལ། སྐུ་གསུམ་ཐུགས་ཀྱི་ལྷ་གསུམ་སོ་སོར་བགྲངས། ཡེ་ཤེས་སེམས་དཔའ་དང་ལྔའོ། །དམ་ཚིག་ནི་སྤྱིར་སྐུ་གསུང་ཐུགས་གསུམ་ཀའི་དམ་ཚིག་མ་ཉམས་པ་དགོས་ལ། ཁྱད་པར་དུ་གསུང་གི་དམ་ཚིག་མ་ཉམས་པའོ། །དེ་ལྟ་བུ་དེས་སྔགས་བཟླས་པ་གང་ཞེ་ན། སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱིས། ཞེས་པ། བཟླས་པའི་སྐྱོན་བཅུ་ནི་རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པ་མ་ཡིན་བུལ་བ་མིན། །དྲག་པ་མ་ཡིན་ཞན་པ་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །གཡེངས་བར་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པ་མིན། །ཅེས་པ་བཅུའོ། །རྣམ་གསུམ་ནི་གསལ་བ་རྣམ་པ་གསུམ་སྟེ། བདག་དམ་ཚིག་སེམས་དཔར་གསལ་བ་ལྷ་ཡེ་ཤེས་སེམས་དཔར་གསལ་བ་བར་གྱི་འཕྲོ་འདུ་སྔགས་སུ་གསལ་བ་གསུམ་མོ། །བཟླ་ཐབས་གསུམ་ནི་འོག་ནས། ཕྱི་ནང་གསང་བ་གང་མོས་སུ། ཞེས་པ་སྟེ་བཟླ་ཚུལ་ལོ། །དེ་ཡང་ཕྱི་ལྟར་བཟླས་པ་དང་། ནང་ལྟར་བཟླས་པ་དང་། གསང་བ་ལྟར་བཟླས་པའོ། །དེ་གསུམ་གྱི་ཁྱད་པར་ཡང་འདོད་པ་མི་མཐུན་མང་དུ་གསུང་སྟེ། ཁ་ཅིག་ན་རེ། དམ་ཚིག་གི་ལྷ་དང་ཡེ་ཤེས་ཀྱི་ལྷ་ཕྱེ་ནས་བཟླས་པ་ནི་ཕྱི་ལྟར་བཟླས་པ་ཡིན། དམ་ཚིག་དང་ཡེ་ཤེས་ཐ་དད་མེད་པར་བཟླས་པ་ནི་ནང་ལྟར་བཟླས་པ་ཡིན། དམ་ཚིག་དང་ཡེ་ཤེས་ཞལ་དང་ཁ་རུ་འཁོར་བར་ཟློས་པ་གསང་བ་ལྟར་བཟླས་པ་ཡིན་གསུངས་ཏེ། དེ་ལྟར་བྱེད་ན། སྥ་ར་ཎ་ཕཊ་ཀྱིས་ཡེ་ཤེས་པ་མདུན་གྱི་ནམ་མཁའ་ལ་ཕྱེ་ནས། བདག་དང་ཡེ་ཤེས་སེམས་དཔའི་སྙིང་གའི་ཐུགས་ཀའི་ཡིག་འབྲུ་ལ་སྔགས་ཀྱིས་བསྐོར་བ་གསལ་བཏབ་ལ། དམ་ཚིག་གི་ཐུགས་ཀ་ནས་ཡིག་འབྲུ་བྱང་ཆུབ་སེམས་ཀྱི་འོད་ཟེར་དང་བཅས་པ་ཞལ་ནས་ཕར་ལ་འཕྲོས་ཏེ། ཡེ་ཤེས་ཀྱི་ལྷའི་ཞལ་དུ་ཞུགས། ཀླད་པའི་རྒྱས་སམ་ཐུགས་ཀའི་ཧཱུྃ་ལ་ཐིམ། རྩ་ཨ་ཝ་དྷུ་ཏིའི་ནང་ན་མར་ལ་ཞུགས། གསང་བའི་རྡོ་རྗེ་ནས་འཕྲོས་ནས་འཕགས་པ་ལ་མཆོད་པ་ཕུལ། སེམས་ཅན་གྱི་སྒྲིབ་པ་སྦྱངས་ནས། བདག་གི་རྡོ་རྗེའི་ནང་དུ་ཞུགས་ཏེ། ཐུགས་ཀར་ཐིམ་པར་ཡིན་ནོ། །དེ་ནི་ཕྱི་ལྟར་འཕྲོ་འདུ་བྱའོ། །ནང་ལྟར་བྱེད་ན་ཡེ་ཤེས་སེམས་དཔའ་མི་འབྱེད་པར། བདག་གི་ཐུགས་ཀ་ནས་ཡིག་འབྲུའི་འོད་ཟེར་ཞལ་ནས་ཕར་ལ་འཕྲོས་ཏེ། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ནས། སླར་ལ་རྡོ་རྗེའི་ནང་དུ་འདུས་ཏེ་རྩ་དབུ་མར་ཞུགས་ཏེ་ཐུགས་ཀར་ཐིམ་མོ། །གསང་བ་ལྟར་བྱེད་ན་ཡེ་ཤེས་སེམས་དཔའ་མདུན་དུ་ཕྱེ་ལ། བདག་གི་ཐུགས་ཀ་ནས་ཡིག་འབྲུ་ཞལ་ནས་ཕར་ལ་འཕྲོས་ཏེ་ཡེ་ཤེས་སེམས་དཔའི་ཞལ་དུ་ཐིམ་སྟེ། རྩ་དབུ་མར་ཞུགས་ཏེ་རྡོ་རྗེ་ནས་ཐོན་ནས། བདག་གི་ཞལ་དུ་ཞུགས་ནས་ཐུགས་ཀར་ཐིམ་པར་འདོད་དོ། །ཡང་ན་འདི་ལྟར་བྱེད་དེ། བདག་དང་ཡེ་ཤེས་པ་ཕྱེ་ནས་ཟློས་པའི་དུས་སུ་ཕར་འཕྲོས་ནས་སེམས་ཅན་གྱི་དོན་བྱས་པ་མཐུན་ལ། ཚུར་འདུས་ནས་བདག་གི་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱས་པ་ཕྱི་ལྟར་བཟླས་པ་ཡིན། ཡང་ཕར་འཕྲོས་ནས་འཕགས་པ་མཆོད་ནས། ཚུར་འདུས་ནས་དངོས་གྲུབ་ཐོབ་པར་འདོད་པ་ནང་ལྟར་བཟླས་པ་ཡིན། ཕར་མི་སྤྲོ་བར་ཚུར་ལ་དངོས་གྲུབ་འབའ་ཞིག་སྡུད་པ་ནི་གསང་བ་ལྟར་བཟླས་པ་ཡིན་གསུང་སྟེ་ལེགས་སོ། །ཡང་ཕྱི་བ་སྤུའི་བུ་ག་ནས་འཕྲོ་འདུ་བྱེད། ནང་ཐུགས་ཀ་ནས་འཕྲོ་འདུ་བྱེད། གསང་བ་མཁའ་མཚམས་ནས་འཕྲོ་འདུ་བྱེད་གསུངས་པ་ཡང་ཡོད། ཡང་ན་ཕྱི་སྐུ་གསུང་ཐུགས་གསུམ་ཆར་བརྒྱུད་ནས་འཕྲོ་འདུ་བྱེད། ནང་ཡེ་ཤེས་སེམས་དཔའ་གཅིག་པུའི་འཕྲོ་འདུ་བྱེད། གསང་བ་དྲག་སྟོང་དབྱེར་མེད་དུ་ཟློས་ཟེར་བ་ཡང་ཡོད། དེ་ལྟར་གསུམ་ཆར་རམ་ཡང་ན་གང་རུང་གཅིག་ཚད་དུ་ཕྱིན་པ་ཡིས་ཞེས་བྱའི། བཟླས་པའི་གྲངས་བཞིན་རྫོགས་པར་བྱ། །ཞེས་པ། གྲངས་ཀྱི་བསྙེན་པའམ། དུས་ཀྱི་བསྙེན་པའམ། མཚན་མའི་བསྙེན་པ་རྫོགས་པར་བྱ་བ་ཡིན་ཏེ། གྲངས་ཀྱི་བསྙེན་པ་ནི་ཐུན་རེ་རེ་ལ་སྔགས་འདི་ཙམ་རེ་བཟླས་སྙམ་པའམ། སྤྱིར་འདི་ཙམ་གཅིག་བཟླས་སྙམ་དུ་དམ་བཅའ་བ་ཡིན། དུས་ཀྱི་བསྙེན་པ་ནི། ཟླ་བ་གཅིག་བྱ་སྙམ་པའམ། ལོ་གཅིག་བྱ་སྙམ་དུ་དམ་བཅས་པ་ཡིན་ཏེ། མཚན་མའི་བསྙེན་པ་ནི། ཕྱག་རྒྱ་གཅིག་པ་ལ་ཉམས་མཐར་མ་ཕྱིན་གྱི་བར་དུ་བསྙེན་པ་བྱེད་པ་ཡིན་ནོ། །དུབ་ན་ཡེ་ཤེས་ཐིག་ལེ་ལྟ། ཞེས་པ། སྔགས་དང་ཏིང་ངེ་འཛིན་གྱིས་དུབ་ན། རྩ་དབུ་མའི་ནང་ན་མི་རྟོག་པའི་ཐིག་ལེ་ཡུངས་འབྲུ་ཙམ་གཅིག་ཡོད་པས་དེ་ལ་དམིགས་པ་གཏད་དེ་ལྟའོ། །དེ་ཡང་མེ་སྟག་ཕུས་བཏབ་པ་ལྟར་འདུག་པར་བསྒོམ་མོ། །ཡང་ན་ལྷ་ཚོགས་རྣམས་རིམ་པར་བསྡུས་ཏེ་ཐུགས་ཀའི་ༀ་ལ་ཐིམ། ཧཱུྃ་ཡང་རིམ་པར་བསྡུས་ཏེ་མཇུག་ཏུ་ཐིག་ལེ་ལ་ཐིམ་སྟེ། ཐིག་ལེ་དེ་ལ་དམིགས་པ་གཏད་དེ་སྒོམ་མོ། །དེས་ནི་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་འགྱུར་རོ། །སྨིག་རྒྱུ་དུ་བ་སྲིན་མེ་ཁྱེར། །ཞེས་པ་ནི་ཉམས་དཔེ་ཡིན་ཏེ། གཡོ་བའི་དུས་སུ་ཏིང་ངེ་འཛིན་མི་གསལ་བ། སྨིག་རྒྱུ་བཞིན་དུ་བྲང་དྲོད་འབྱུང་། ཐོབ་པའི་ཉམས་ཀྱི་སྐབས་སུ་མི་བརྟན་པ་དུ་བ་བཞིན་དུ་རེས་ཡོད་རེས་མེད་དུ་འབྱུང་། གོམས་པའི་ཉམས་ཀྱི་སྐབས་སུ་གསལ་ལ་སྟོབས་ཆུང་བ་སྲིན་བུ་མེ་ཁྱེར་བཞིན་དུ་འབྱུང་། བརྟན་པའི་ཉམས་ཀྱི་སྐབས་སུ་གསལ་བ་མར་མེ་ཙམ་དུ་འབྱུང་། མཐར་ཕྱིན་པའི་ཉམས་ཀྱི་སྐབས་སུ་གསལ་ལ། མཐར་ཕྱིན་པ་ཉི་མ་བཞིན་དུ་འབྱུང་། དེ་ལྟར་ཉམས་ལྔ་སྐྱེ་བའི་ཚུལ་དང་སྦྱར་རོ། །བཏང་སྙམས་རིམ་དང་བརྩོན་པ་དག་ཅེས་པ། ལམ་གྱི་ཉམས་ལྔ་ལ། བཏང་སྙོམས་གསུམ་དང་བརྩོན་འགྲུས་གཉིས་བྱས་ཏེ། །དང་པོ་ཉམས་གཡོ་བ་ལ་སྩོལ་བ་དང་བཅས་པའི་བཏང་སྙོམས་བྱ། ཐོབ་པའི་ཉམས་ལ་རྩོལ་བ་མེད་པའི་བཏང་སྙོམས་བྱ། གོམས་པའི་ཉམས་ལ་དུས་ཕྱད་པའི་བཏང་སྙོམས་བྱ། བརྟན་པའི་ཉམས་ལ་བརྩོན་འགྲུས་འདོར་བར་བྱས་པ། མཐར་ཕྱིན་པའི་ཉམས་ལ་བརྩོན་འགྲུས་མ་དོར་བར་བྱས་ཏེ། དེ་ལྟར་ཉམས་ལྔ་སྐྱེ་བའི་སྐབས་ལ་བཏང་སྙོམས་བླང་དོར་བྱའོ། །ནང་གི་སྦྱིན་སྲེག་བླང་བར་བྱ། ཞེས་པ། རྒྱུན་གྱི་སྤྱོད་ལམ་ཡིན་ཏེ། བཟའ་བཏུང་ལ་ལོངས་སྤྱོད་པའི་ཚེ་ན། བདག་ཡི་དམ་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སྲེག་ལྷའི་ཚུལ་དུ་བསྐྱེད། ཁ་ཧོམ་ཁུང་དུ་བསྐྱེད། ལག་པ་གཡས་པ་དགང་གཟར། གཡོན་པ་བླུག་གཟར། ཟས་ཟོས་པའི་ཚེ་ལྕེ་མེ་དཔུང་འབར་བར་བསམ་ལ་ཟོས་པས་སྲེག་ལྷ་ལ་མཆོད་པ་ཕུལ་བར་བསམ། དེ་ནས་ཟས་ཁོང་དུ་སོང་བས་བསྲེག་རྫས་བདུད་རྩིར་ཞུ་ནས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཞལ་དུ་གསོལ་བར་བསམ་མོ། །རྣམ་སྨིན་རིགས་ལ་ཐེ་ཚོམ་མེད། །ཅེས་པ་ནི། ཐོད་རྒལ་སྟོན་པ་ཚིག་ཡིན་ཏེ། །སྤྱིར་ཐོད་རྒལ་བ་ལ་ཆོས་བཞིས་གཏན་ལ་འབེབས་པ་ཡིན་ཏེ། ཐོད་རྒལ་ལ་དེ་གང་ནས་འབྱུང་བའི་ལམ་དང་གཅིག །ཇི་ལྟར་འབྱུང་བའི་ཚུལ་དང་གཉིས། འབྱུང་མི་འབྱུང་གི་རྒྱུ་མཚན་བསྟན་པ་དང་གསུམ། སྒྲོས་འདོགས་ཀྱི་བློས་ཐ་སྙད་བསལ་བ་དང་བཞིའོ། །གང་ནས་འབྱུང་བ་ལ་གཉིས་ཏེ། ཟག་བཅས་ཐོད་རྒལ་དང་ཟག་མེད་ཀྱི་ཐོད་རྒལ་ལོ། །ཟག་བཅས་ལ་གསུམ་སྟེ། ཕྱག་རྒྱ་གཅིག་པ། སྤྲོས་པ། ཚོགས་སྒྲུབ་གསུམ་ནས་འབྱུང་ངོ་། །ཟག་མེད་ནི་ཕྱག་རྒྱ་ཆེན་པོ་དང་། ཚེ་དབང་གཉིས་ནས་འབྱུང་། གཉིས་པ་ཇི་ལྟར་འབྱུང་བའི་ཚུལ་ནི། ཕྱག་རྒྱ་གཅིག་པ་ནས་ལམ་གསུམ་བཞག་སྟེ། རྣམ་སྨིན་ལ་སྦྱོར་ཏེ། འདི་ནས་ཀྱང་། རྣམ་སྨིན་རིག་པ་ཐེ་ཚོམ་མེད། ཅེས་བཤད་པ་དང་། ལམ་ཆུང་ལས། ཕྱག་རྒྱ་གཅིག་བརྟན་འཕོ་བ་ཡང་། ཁྱུང་དང་སེང་གེ་ཇི་བཞིན་དུ། སྤྲོས་ཚོགས་སྐབས་ནས་སྨོས་ཅི་དགོས། ཞེས་སོ། །སྤྲོས་པ་ནས་ཀྱང་རིག་འཛིན་ལ་སྦྱོར་ཏེ། ཕྱི་མར་བར་དོའམ་གཉིས་འཛིན་འབྱོར་ཞེས་སོ། །ལམ་ཆུང་ལས། སྤྲོས་ཚོགས་སྐབས་ན་སྨོས་ཅི་དགོས། ཞེས་བཤད་དོ། །ཚོགས་སྒྲུབ་ནས་ཀྱང་བློ་ཆེན་མཐོང་ལམ་བོར་ནས་ཕྱག་རྒྱ་ཆེན་པོ་ལ་སྦྱོར་ཏེ། སྤར་ཁབ་ལས། ཡོ་བྱད་རྣམ་པ་བཞི་ལ་ལྟ་སྤྱོད་གསུས་སུ་མེད་པས་བསྒྲུབས་ན་འབྲས་བུ་ཆེན་པོའི་རིག་འཛིན་ཐོབ་བོ་ཞེས་བཤད་དོ། །ཟག་མེད་ཀྱི་ཐོད་རྒལ་ཡང་ཚེ་དབང་ནས་སངས་རྒྱས་ཀྱི་བར་ལ་སྦྱར་ཏེ། ལམ་ཆུང་ལས། ཁ་ཅིག་དབང་བསྒྱུར་རིགས་ཉིད་ནས། བཅུ་དྲུག་རྒྱུན་གྱི་དབང་ལྔ་རྫོགས། ཞེས་སོ། །ཡང་ཚེ་དབང་ནས་མཐར་ལམ་ལ་སྦྱོར་ཏེ། རྒྱ་དོར་ཅིག་ཅར་མཐར་འགྲོ་བ། ཞེས་སོ། །ཕྱག་རྒྱ་ཆེན་པོ་ནས་སངས་རྒྱས་ཀྱི་ས་ལ་སྦྱོར་ཏེ། ཁ་གཅིག་ཕྱག་རྒྱ་ཆེན་པོ་ནས། །བླ་མེད་ཀུན་ཏུ་བཟང་པོར་སྦྱོར། །ཅེས་སོ། །དེ་རྣམས་མ་ཡིན་པ་རྣམས་ལ་ནི་ཐོད་རྒལ་མེད་དོ། གསུམ་པ་ཐོད་རྒལ་འབྱུང་མི་འབྱུང་གི་རྒྱུ་མཚན་ནི། སྤྱིར་ཐོད་རྒལ་འབྱུང་བ་ལ་ཆོས་གསུམ་དང་ལྡན་དགོས་ཏེ། ལམ་གཞན་གོང་ན་བགྲོད་དུ་ཡོད་པ་དང་གཅིག །དབྱེར་མེད་སྒོམ་ནུས་པ་དང་གཉིས། བློ་ཆེ་བ་དང་གསུམ་མོ། །དེ་རྣམས་དང་ལྡན་ན་ཐོད་རྒལ་འོང་ལ། མི་ལྡན་ན་མི་འོང་ངོ་། །དེ་བས་དེ་བཞིན་ཉིད་དང་ཀུན་ཏུ་སྣང་གཉིས་ཀྱིས་དབྱེར་མེད་སྒོམ་མི་ནུས་པས་ཐོད་རྒལ་མི་འབྱུང་ངོ་། །རྣམ་སྨིན་ནི་བློ་ཆུང་བས་མི་འབྱུང་སྟེ། སྟོབས་ཆུང་བསྐྱེད་མོས་ཞན་པའི་ཕྱིར། ཞེས་གསུངས་སོ། །ལྷུན་གྲུབ་ལ་ལམ་གཞན་གོང་ན་བགྲོད་བྱ་མེད་པས་མི་འོང་སྟེ། སངས་རྒྱས་ཀྱི་ས་ལ་སྦྱོར་བ་ལ་ལམ་གཞན་གྱིས་བར་མ་ཆོད་པ་ཡིན་ནོ། །བཞི་པ་སྒྲོ་འདོགས་ཀྱི་བློས་ཐ་སྙད་བསལ་བ་ནི། ཁ་ཅིག་ན་རེ། སྟོང་པ་ཆེན་པོ་ནས་ཀྱང་ཐོད་རྒལ་འབྱུང་བར་འདོད་དོ། །མངོན་བྱས་ལྷག་པའི་ཆོས་སྐུར་སྦྱོར། ཞེས་བཤད་པས་ཆོས་སྐུ་ལ་སྦྱོར་ཟིན་ཏེ་ནོར་རོ། །ལུང་དེ་ནི་དེ་བཞིན་ཉིད་དང་ཆོས་སྐུ་གཉིས་སྟོང་པ་ཙམ་དུ་ཆོས་མཐུན་པར་བཤད་པ་སྟེ། དངོས་སུ་སྦྱོར་བ་མིན། འདི་ཉིད་རང་ནས་ཕྱོགས་མཐུན་བརྗོད་ཀྱི་དངོས་མ་ཡིན། ཅེས་སོ། །འོ་ན་གཅིག་སྤྲོས་ནས་ཐོད་རྒལ་འབྱུང་བ་དེ་ཡང་དངོས་སུ་སྦྱོར་བ་མིན་ཞེ་ན། དེ་ཡིས་མགོ་མི་བསྒྲེ་སྟེ། ཐོད་རྒལ་འོང་བ་ལ་ཆོས་གསུམ་ལྡན་དགོས་པ་ཡིན་ཏེ། འདིར་དབྱེར་མེད་སྒོམ་མི་ནུས་པ་ཡིན་ནོ། །ཁ་ཅིག་སྒྱུ་མ་ལྟ་བུ་ནས་ཐོད་རྒལ་ཡོང་བར་འདོད་དོ། །མི་ལྡོག་དབང་སྒྱུར་རིགས་སུ་ངེས། ཞེས་པས། ཚེ་དབང་ལ་སྦྱོར་བ་ཡིན་ཟེར་ཏེ་ནོར་རོ། ཅེས་ན། འདིར་དབྱེར་མེད་སྒོམ་མ་ནུས་པས་ཆོས་གསུམ་མ་ཚང་ངོ་། །ལུང་ནས་བཤད་པ་དེ་ཡང་དགོངས་པ་ཅན་ཡིན་ནོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་རིག་པ་ས་ལ་དབང་བསྒྱུར་ནས་སྐྱེ་བ་ཕྱི་མ་ལ་སྔགས་ཀྱི་ཐེག་པ་ལ་སྦྱོར་བའི་ཁུང་ཡིན་ནོ། །ཡང་ཁ་ཅིག་ན་རེ། ཚོགས་སྒྲུབ་ནས་ཐོད་རྒལ་མི་འོང་ཟེར་ཏེ། དེ་མི་འཐད་ཐོད་རྒལ་གྱི་ཆོས་གསུམ་ཀ་ཡང་ཚང་ལ། སྤར་ཁབ་ལས་ཀྱང་ཡོ་བྱད་རྣམ་པ་བཞི་ལྟ་སྤྱོད་གཉིས་སུ་མེད་པས་བསྒྲུབས་ན་འབྲས་བུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་བོ་ཞེས་བཤད་པ་ཡིན་ནོ། །དེ་རྣམས་ནི། གཞན་གྱིས་སྒྲོ་འདོགས་བསལ་བ་ཡིན་ནོ། །ཁོ་བོ་ནི་རྣམ་སྨིན་ལ་ཐོད་རྒལ་འོང་བར་འཐད་སྙམ། དེས་ཅིས་ཤེ་ན། མི་འོང་བའང་ཅིས། རྣམ་སྨིན་བློ་ཆུང་བས་ཐོད་རྒལ་མི་འོང་བ་ཡིན་ཞེ་ན། འོ་ན་ཕྱག་རྒྱ་གཅིག་པ་དང་རྣམ་སྨིན་གཉིས་ཕྱག་རྒྱ་གཅིག་པ་བློ་ཆེ་བར་ཐལ། ཕྱག་རྒྱ་གཅིག་པ་ལ་ཐོད་རྒལ་འོང་བའི་ཕྱིར་ཞེ་ན། འདོད་ཐོག་ནས་ལམ་གོང་དུ་བགྲོད་པ་དོན་མེད་དུ་ཐལ་ལོ། །ཡང་ཁོ་ན་རེ། རྣམ་སྨིན་དེ་ཕྱག་རྒྱ་གཅིག་པ་བས་བློ་མི་ཆུང་སྟེ། ལམ་ཁད་སྙོམས་པ་ཚེ་དབང་བ་བློ་ཆུང་བ་ཡིན་ཞེ་ན། འོ་ན་ཕྱག་རྒྱ་གཅིག་པ་ཡང་སྤྲོས་པ་བས་བློ་ཆུང་བས་ཐོད་རྒལ་མི་འབྱུང་བར་ཐལ་ལོ། །ཡུང་ལུང་གིས་མ་ཟིན་ཟེར་ན། ལམ་ཆུང་ལས། སྙམ་ཟིན་ཆེ་ཡི་ལུས་ཕྱེ་ནས། ལྷག་མ་ཡོད་མེད་ལུང་བསྟན་པ། མཐར་མ་དངོས་ལ་སྦྱོར་བ་བྱེད། ཅེས་ཟེར་བས། ཕྱག་རྒྱ་ཆེན་པོ་བོར་ནས་མཐར་ལམ་ལ་སྦྱོར་བ་ཡིན་ནོ། །འོན་ཀྱང་བླ་མ་རྣམས་ཀྱང་མི་གསུང་། གཞན་གསུངས་པ་ཡང་མ་ཐོས་པས་སྒྲོ་འདོགས་ཀྱི་བློར་ཤེས་པར་བྱའོ། །དེ་ཉིད་བར་ཕྱིའམ་ལན་གྲངས་གཞན། ཞེས་པ། ཐོད་རྒལ་བ་རང་ལ་ཡང་བློ་རབ་འབྲིང་གི་སྦྱོར་ཚུལ་གསུམ་སྟེ། རབ་འདི་ལ་སྦྱོར། འབྲིང་བར་དོ་ལ་སྦྱོར། ཐ་མ་ལན་གྲངས་གཞན་ལ་སྦྱོར་རོ། །འོ་ན་བར་དོ་ལ་རྣམ་སྨིན་ཐོབ་པ་དེ། ལུང་ལས་གྲུབ་པར་ཡོད་དམ་མེད། ཡོད་ན་བར་དོར་མི་བཏུབ་སྟེ། བར་དོ་འབྱུང་བ་ལས་གྲོལ་བ་ཡིན་ཏེ། ཡིད་ཀྱི་གཟུགས་སུ་བཤད་དོ། །འབྱུང་པའི་ལུས་སུ་མེད་ན་ཡང་རྣམ་སྨིན་མི་བཏུབ་སྟེ། རྣམ་སྨིན་ཚེ་སྔ་མའི་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་ལུས་དང་མ་བྲལ་བས་རྣམ་སྨིན་ཟེར་བ་ཡིན་ནོ་ཞེ་ན། ལན་ནི་ཁ་ཅིག་ན་རེ། བར་དོ་ལ་ཐོབ་པའི་རྣམ་སྨིན་དེ་ལུས་བག་ཆགས་ཀྱི་ཚུལ་དུ་ཡོད་ལ། དགོངས་པ་ལྷའི་སྐུར་གསལ་བ་ཡིན་ཏེ། དེ་ཡང་མི་འཐད། འོ་ན་ལུས་བག་ཆགས་ཀྱི་ཚུལ་དུ་ཡོད་པ་ལ་རྣམ་སྨིན་མི་བཏུབ་སྟེ་ངེས་ཚིགས་ཉམས་སོ། ཁོང་ཁ་ཅིག་ན་རེ། རྣམ་སྨིན་བར་དོ་ལ་ཐོབ་པ་སྟེ། ལུས་ནི་ལྷའི་སྐུ་ཡིན་ལ་དགོངས་པ་ནི་ཆོས་ཉིད་དོ་ཞེས་བཤད་དོ། །དེ་ཡང་མི་འཐད་དོ། །འོ་ན་ཕྱག་རྒྱ་ཆེན་པོ་དང་ཁྱད་མེད་དུ་ཐལ། ལུས་ལྷ་སྐུར་སྣང་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། འདི་ལ་ཚིག་གི་འཇུག་སྒོ་གསུམ་ཡོད་དེ། བར་དོ་རུ་ཐོབ་པ་དང་། བར་དོ་ལ་ཐོབ་པ་དང་། བར་དོ་ནས་ཐོབ་པ་དང་གསུམ་མོ། །བར་དོ་རུ་ཐོབ་པ་ནི། ཚེ་འདིར་ཚོགས་སྒྲུབས་ཀྱང་བདེན་པ་མ་མཐོང་སྟེ་རྣམ་སྨིན་མ་ཐོབ་པ་ལ་ལུས་དང་བྲལ་མ་ཐག་ཏུ་འཆི་བའི་འོད་གསལ་ལ་བརྟེན་ནས། བདེན་པ་མཐོང་སྟེ་རྣམ་སྨིན་ཐོབ་བོ། །བར་དོ་ལ་ཐོབ་པ་ནི། ཚེ་འདིར་ཚོགས་བསྒྲུབས་ཀྱང་བདེན་པ་མ་མཐོང་སྟེ་རྣམ་སྨིན་མ་ཐོབ་པ་ལ་ལུས་དང་བྲལ་མ་ཐག་ཏུ་འཆི་བའི་འོད་གསལ་ལ་བརྟེན་ནས། བདེན་པ་མཐོང་སྟེ་རྣམ་སྨིན་ཐོབ་བོ། །བར་དོ་ལ་ཐོབ་པ་ནི། ཚེ་འདིར་ཚོགས་བསྒྲུབས་ཀྱང་བདེན་པ་མ་མཐོང་བ་ལ་འཆི་བའི་འོད་གསལ་ལ་ངོ་མ་ཤེས་ཏེ། བར་དོ་དངོས་ཀྱི་སྣང་བ་ཤར་བའི་དུས་སུ་སྤྱོད་ལ་སྒྱུ་མར་མཐོང་བའི་དུས་སུ་དེ་ལ་བརྟེན་ནས་བདེན་པ་མཐོང་སྟེ་སྨིན་ཐོབ་བོ། །འོ་ན་དེ་ཉིད་ལ་རྣམ་སྨིན་ལས་གྲུབ་པའི་ལུས་མེད་པས་རྣམ་སྨིན་གྱི་ངེས་ཚིག་ཉམས་སོ། །ཞེ་ན། དེ་ནི་རྣམ་སྨིན་བཏགས་པའོ། །ཡིན་ཏེ་འབྱུང་བའི་ལུས་མེད། བདེན་པ་མཐོང་བ་ཙམ་གྱི་ཆ་ཤས་འཇོག་གོ །འོ་ན་ཚེ་དབང་དང་འདྲ་མོད་ཅེ་ན། ཚེ་དབང་ཅི་འབྱུང་བ་དྭངས་མའི་ལུས་སུ་ཡོད་ལ། འདིར་ནི་བག་ཆགས་ཀྱི་ལུས་སུ་ཡོད་པས་མི་འདྲའོ། །ཕྱག་རྒྱ་ཆེན་པོ་དང་ཁྱད་པར་ཅི་ཡོད་ཅེ་ན། ཕྱག་རྒྱ་ཆེན་པོ་ནི་ལྷ་སྐུའི་ཆ་ལུགས་སུ་ཡོད་དོ། །བར་དོ་ནས་ཐོབ་པ་ནི། བར་དོའི་སྣང་བ་ནུབ་ནས། ལུས་ལེན་ཁར་བདེན་པ་མཐོང་སྟེ། དེ་ནི་ལུས་རྣམ་སྨིན་གྱི་ལུས་སུ་འགྱུར་བ་དགོངས་པ་ལྷའི་སྐུར་གསལ་བ་ཡིན་ནོ། །ལམ་མཆོག་གསལ་བའི་སྒྲོན་མ་ལས། ལེའུ་ལྔ་པའི་འགྲེལ་པའོ།། །།ལེའུ་དྲུག་པའི་གཞུང་ལ་བཅོ་ལྔས་བསྟན་པ་ལས། སྒོམ་པའི་ཐབས་རྒྱས་པར་བསྟན་པ་ནི། དང་པོ་བཅོ་བརྒྱད་བཞི་བཅུ་གཉིས། ཞེས་པ་ལ་སོགས་པས་བསྟན་པ་སྟེ། དེ་ཡང་དཀྱིལ་འཁོར་བསྡུས་པ་ལ་ལྷ་ཚོག་བཅོ་བརྒྱད་ཡོད་པས་དང་པོ་བཅོ་བརྒྱད་ཅེས་བྱ་སྟེ། མདོར་ན་རིག་ལྔ་ཡབ་ཡུམ་བཅུའི་སྟེང་དུ་སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །བཞི་བཅུ་གཉིས་ཞེས་པ། དཀྱིལ་འཁོར་འབྲིང་པོ་ལ་ལྷ་ཚོགས་བཞི་བཅུ་རྩ་གཉིས་གཉིས་ཡོད། རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་དྲུག །སྒོ་བ་ཡབ་ཡུམ་བརྒྱད། ཐུབ་པ་དྲུག ཀུན་བཟང་ཡབ་ཡུམ་གཉིས་ཏེ། རྒྱས་པའི་དཀྱིལ་འཁོར་རིམ་བཞིན་བསླབ། ཅེས་པ། དཀྱིལ་འཁོར་རྒྱས་པ་ལ་ལྷ་ཚོགས་བརྒྱད་ཅུ་རྩ་གཉིས་ཡོད་དོ། །དེ་ཡང་དབུས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་བསྐོར་ཏེ། རྡོ་རྗེ་སེམས་དཔའ། རྡོ་རྗེ་སེམས་མ། རྡོ་རྗེ་རིན་ཆེན། རྡོ་རྗེ་འབར་མ། ཆོས་རྡོ་རྗེ། སྒྱུ་མ་རྡོ་རྗེ། ལས་ཀྱི་རྡོ་རྗེ། བསྐྱོད་མ་རྡོ་རྗེའོ། །ཤར་རྣམ་སྣང་ཡབ་ཡུམ་ལ་རིགས་ཆུང་བརྒྱད་ཀྱིས་བསྐོར་བ་ནི། རྡོ་རྗེ་སེམས་དཔའ། རྡོ་རྗེ་སྒེག་མོ། །རྡོ་རྗེ་རྒྱལ་པོ། རྡོ་རྗེ་དྷུ་པེ་མ། རྡོ་རྗེ་ཆགས་པ། རྡོ་རྗེ་ལྕགས་ཀྱུ་མ། རྡོ་རྗེ་ལེགས་པ། རྡོ་རྗེ་སྒྲོལ་མའོ། །ལྷོ་རིན་འབྱུང་ཡབ་ཡུམ་ལ་རིགས་ཆུང་བརྒྱད་ཀྱིས་བསྐོར་ཏེ། རྡོ་རྗེ་རིན་ཆེན། རྡོ་རྗེ་ཕྲེང་བ་མ། རྡོ་རྗེ་གཟི་རྗིད། རྡོ་རྗེ་མེ་ཏོག་མ། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་ཞགས་པ་མ། རྡོ་རྗེ་བཞད་པ། རྡོ་རྗེ་བདེ་བ་མའོ། །ནུབ་སྣང་བ་མཐའ་ཡས་ལ་རིགས་ཆུང་བརྒྱད་ཀྱིས་བསྐོར་ཏེ། རྡོ་རྗེ་དབྱངས་ལེན་མ། རྡོ་རྗེ་ཆོས། རྡོ་རྗེ་རྣོན་པོ། རྡོ་རྗེ་སྒྲོན་མ། རྡོ་རྗེ་འཁོར་ལོ། རྡོ་རྗེ་ལྕགས་སྒྲོག་མ། རྡོ་རྗེ་སྨྲ་བ། རྡོ་རྗེ་གསལ་བཀྲ་མའོ། །བྱང་དོན་ཡོད་གྲུབ་པ་ལ་ལས་ཀྱི་རིགས་ཆུང་བརྒྱད་ཀྱིས་བསྐོར་ཏེ། རྡོ་རྗེ་རིན་ཆེན་རྡོ་རྗེ་ལས། རྡོ་རྗེ་གར་བྱེད་མ། རྡོ་རྗེ་བསྲུང་བ། རྡོ་རྗེ་དྲི་ཆབ་མ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་དྲིལ་དཀྲོལ་མ། རྡོ་རྗེ་ཁུ་ཚུར། རྡོ་རྗེ་འབེབས་མ་སྟེ་དེ་ལྟར་ལྔ་བཅུའོ། །སེམས་དཔའ་ཡབ་ཡུམ་བཅུ་དྲུག་ནི། ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་བརྒྱད། ཀུན་བཟང་ཡབ་ཡུམ་གཉིས་ཏེ་ལར་བརྒྱད་ཅུ་རྩ་གཉིས་ཡོད་དོ། །ཚོམ་བུ་ལ་བསླབ་པ་ནི། གཉིས་པ་བདག་ཅག་ཡབ་ཡུམ་གཉིས། ཞེས་པ་གཉིས་པ་ཚོམ་བུ་སྤྲོས་པ་ནི། གཙོ་བོ་བདག་ཅག་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་ལ། གནས་པའི་དཀྱིལ་འཁོར་གསལ་བྱས་ཏེ། ཞེས་པ། དབུས་ན་གནས་པའི་འཁོར་ལོ་གཞལ་ཡས་ཁང་ལ་སོགས་པ་གསལ་བར་བྱ་སྟེ། གདན་ལྡན་དབུས་ན་བདག་པོ་གཉིས། ཞེས་པ་དབུས་ན་གདན་ལྔ་བརྩེགས་པའི་སྟེང་ན། རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གནས་པའོ། །དེ་ལ་སེམས་དཔའ་ཁྲོ་བོས་བསྐོར། ཞེས་པ་གཙོ་བོ་དེ་ལ་རྡོ་རྗེ་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བརྒྱད་དང་། སྒོ་བ་ཁྲོ བོ་ཁྲོ་མོ་བརྒྱད་ཀྱིས་བསྐོར་ཏེ་དེ་ལྟར་བཅོ་བརྒྱད་ཡིན། དཀྱིལ་འཁོར་བསྡུས་པ་དང་ལྷ་གྲངས་མཉམ་ཡང་། ལྷ་ངོ་ལ་ཁྱད་ཡོད་དོ། །བརྟན་ནས་རྒྱབ་མདུན་སྐུ་གསུང་ཐུགས། །ཞེས་པ་ལ་སོགས་པ་ཚོམ་བུ་གསུམ་པ་ཡིན་ཏེ། ཚོམ་བུ་གཅིག་པ་ལ་བརྟེན་ནས་འཁོར་ལོ་མདུན་ཤར་དུ་ནི་སྐུའི་རིགས་རྣམ་པར་སྣང་མཛད་ལ་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་དང་། རྒྱབ་ནི་འཁོར་ལོའི་ནུབ་གཙོ་བོའི་རྒྱབ་ཏུ་གསུང་གི་རིགས་སྣང་བ་མཐའ་ཡས་ཡབ་ཡུམ་ལ་པདྨ་རིགས་ཀྱི་སེམས་དཔའ་བརྒྱད་ཀྱིས་བསྐོར། དབུས་སུ་ཐུགས་ཀྱི་རིགས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་ཏེ་དེ་ལྟར་སུམ་ཅུ་ཐམ་པའོ། །དེའི་སྟེང་དུ་སྒོ་བ་ཡབ་ཡུམ་དེ་བརྒྱད་དམ། ཡང་ན་ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་བཅུ་དྲུག་སྟེ་ཞེ་དྲུག་གོ །འཁོར་ལོ་རྫོགས་པའི་འབྲུ་གསུམ་བརྡ། ཞེས་པ་ནི། འོ་ན་ཚོམ་བུ་གསུམ་དུ་ཡོད་པ་ཇི་ལྟར་ཞེ་ན། ཐ་མལ་གྱི་ལུས་ངག་ཡིད་གསུམ། ལྷའི་སྐུ་གསུང་ཐུགས་སུ་རྫོགས་པའི་ཕྱིར་ༀ་ཨཱཿཧཱུྃ་གི་ཡིག་འབྲུ་གསུམ་གྱི་བརྡ་སྦྱོར་བའོ། །མི་ཡི་དབང་དུ་ཚོམ་བུ་གསུམ། ཞེས་པ་ནི། ལྷ་གྲངས་དང་མི་གྲངས་བསྟུན་ཞེས་པའི་ཐ་ཚིག་གམ། ཡང་ན་མི་ལ་ལུས་ངག་ཡིད་གསུམ་ཡོད་པས་དེའི་སྒྲིབ་པ་སྦྱོར་བའི་ཚུལ་དུ་ཚོམ་བུ་གསུམ་དུ་བསྟན་ཏེ། དེ་ལ་གོམས་པར་བྱ་བ་ཤིན་ཏུ་གཅེས་སོ། །བརྟན་ནས་གཡས་དང་གཡོན་ཉིད་དུ། ཞེས་པ། ཚོམ་བུ་གསུམ་པ་བརྟན་ནས་ལྔ་བསྒོམ་སྟེ། དབུས་ཀྱི་གཙོ་བོས་གཡས་ལྷོའི་འཁོར་ལོ་ཡིན་ལ་གཡོན་བྱང་གི་འཁོར་ལོའོ། །ཡོན་ཏན་ཕྲིན་ལས་དཀྱིལ་འཁོར་གནས། ཞེས་པ་གཡས་སུ་ནི་ཡོན་ཏན་གྱི་དཀྱིལ་འཁོར་བཞག་སྟེ། རིན་ཆེན་འབྱུང་ལྡན་ཡབ་ཡུམ་ལ་རིན་ཆེན་རིགས་ཀྱི་སེམས་དཔའ་ཡབ་ཡུམ་གྱིས་བསྐོར། གཡོན་དུ་ཕྲིན་ལས་ཀྱི་དཀྱིལ་འཁོར་བཞག་སྟེ། དོན་ཡོད་གྲུབ་པ་ཡབ་ཡུམ་ཀྱི་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བས་ལྔ་བཅུ་རྩ་བརྒྱད་དམ་ཡང་ན་དྲུག་ཅུ་རྩ་དྲུག་གོ །རྣལ་འབྱོར་དབང་དུ་ཚོམ་བུ་ལྔ། ཞེས་པ་རྣལ་འབྱོར་པའི་ཉོན་མོངས་པ་ལྔ་འདུལ་བའི་དོན་དུ་ཚོམ་བུ་ལྔ་བསྟན་པའམ། ཡང་ན་རྣལ་འབྱོར་པའི་གྲངས་ཀྱང་ཚོམ་བུའི་ལྷ་གྲངས་དང་མཉམ་མོ་ཞེས་པའི་ཐ་ཚིག་གོ །དེ་ལྟར་འདྲིས་ནས་ཚོགས་བསྒྲུབ་པ་ལ་སྦྱོར་རོ། །འོ་ན་ཚོམ་བུ་དང་དཀྱིལ་འཁོར་ལ་ཁྱད་ཅི་ཡོད་ན། འདོད་པ་མི་མཐུན་ཏེ། ལྷ་རྗེ་སྒྲོ་ཕུག་པའི་ཞལ་ནས། རྣམ་གྲངས་སྟོན་པ་དཀྱིལ་འཁོར། གཙོ་བོ་དབྲི་བསྣན་དུ་སྟོན་པ་ཚོམ་བུ། གཙོ་བོ་གཅིག་ན་ཚོམ་བུ་གཅིག །གཙོ་བོ་གསུམ་ན་ཚོམ་བུ་གསུམ། གཙོ་བོ་ལྔ་ན་ཚོམ་བུ་ལྔ་ཡིན་གསུངས་ཏེ་མི་འཐད། དེ་ལྟར་ན་དཀྱིལ་འཁོར་གྱིས་ཚོམ་བུ་ལ་མ་ཁྱབ་པར་ཐལ། འདོད་ན་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ཟེར་ནས་ཁྱབ་པར་བཤད་པ་དང་འགལ་ལོ། །ཡང་སྐྱོ་ན་རེ། གནས་སྐབས་སུ་གཙོ་བོ་ངེས་པ་ནི་དཀྱིལ་འཁོར་ལ། མ་ངེས་པ་ནི་ཚོམ་བུ་གསུང་། ལྷ་མང་དུ་སོང་ཡང་གཙོ་བོ་གཅིག་ལས་མི་འཕོ་བ་ནི་དཀྱིལ་འཁོར་ཡིན། ཚོམ་བུ་ནི་ལྷ་མང་དུ་སོང་ན་གཙོ་བོ་ཡང་མང་དུ་འགྲོ་བ་ཡིན་གསུངས་ཏེ་ལེགས་སོ། །ཡང་ཁ་གཅིག་ན་རེ་མི་གྲངས་ངེས་པ་མེད་པས་ལྷ་གྲངས་ངེས་པ་མེད་པ་སྒྲུབ་ན་དཀྱིལ་འཁོར་ལ། གྲངས་ངེས་པ་མེད་པ་སྒྲུབ་ན་དཀྱིལ་འཁོར་ལ། མི་གྲངས་ངེས་ཅན་གྱིས་ལྷ་གྲངས་ངེས་པ་ཅན་བསྒྲུབ་ན་ཚོམ་བུ་ཡིན་གསུངས། དེ་ཡང་མི་འཐད། ཅེས་ན། ཚོམ་བུ་གཅིག་པ་བརྟན་ན་གསུམ་པར་འཕོ་བའི་ཚེ་མི་གྲངས་མང་དུ་མ་སོང་ལ་ལྷ་གྲངས་མང་དུ་སོང་བ་ཡིན་ནོ། །དེས་ན་འདིར་ནི་གཙོ་བོ་གཅིག་ལ་ལྡོག་པ་ཐ་དད་པས་ཁྱད་བྱས་པས་ཁྱབ་ཆེ་ཆུང་དུ་གྱུར་པ་ཡིན་ནོ། ངོ་བོ་གཅིག་སྟེ་ཚོམ་བུ་དང་དཀྱིལ་འཁོར་གཉིས་ལ་ལྷ་ངོ་ལ་ཁྱད་མེད་དོ། །ལྡོག་པ་ཐ་དད་དེ་ཚོམ་བུ་ནི་གཙོ་བོའི་ཕྲི་བསྣན་གྱི་ལྡོག་པ་ནས་སྨོས་གཙོ་བོ་གཅིག་གིས་བྱེད་ན་ཚོམ་བུ་གཅིག་ལ་གཙོ་བོ་གསུམ་གྱིས་བྱེད་ན་ཚོམ་བུ་གསུམ་མོ། །གཙོ་བོ་ལྔས་བྱེད་ན་ཚོམ་བུ་ལྔ་ཡིན་ནོ། །དཀྱིལ་འཁོར་ནི་རྣམ་གྲངས་བྱུང་ཚོགས་སུ་བསྟན་པ་ཡིན་ཏེ། ལྷ་གྲངས་མང་ན་དལ་རྒྱས་པ། ལྷ་གྲངས་ཉུང་ན་དལ་བསྡུ་བ་ཡིན་ནོ། །ཁྱབ་ཆེ་ཆུང་ཡང་ཡོད་དེ་དལ་གྱི་ཚོམ་བུ་ལ་ཁྱབ་པ། ཚོམ་བུས་དལ་ལ་མ་ཁྱབ་པ་ཡིན་ནོ། །ཡན་ལག་བཞི་བཅུ་རྩ་གཉིས་ལྡན། ཞེས་པ་ནི། རྩ་བའི་ལྷ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་ལ་ཡན་ལག་གི་ལྷ་བཞི་བཅུ་ལྡན་པའོ། །དེ་ཡང་ཇི་ལྟར་ལྡན་ན། ཡབ་ལ་ཡབ་དགོད་ཡུམ་ལ་ཡུམ་དགོད་དེ། ཡབ་ཀྱི་སྤྱིར་བོར་རྣམ་སྣང་མགྲིན་པར་སྣང་མཐའ་ཐུགས་དཀར་རྡོ་རྗེ་སེམས་དཔའ། ལྟེ་བར་རིན་འབྱུང་། སྟ་ཟུར་གཡས་པར་དོན་གྲུབ། ཡུམ་ཡང་དེས་འགྲེའོ། །ཡབ་ཀྱི་མིག་གི་ནང་རྩར་ནམ་སྙིང་། རྣ་བའི་ནང་རྩར་ཕྱག་རྡོར༔ སྣའི་ནང་རྩར་ནམ་སྙིང་། ལྕེའི་ནང་རྩར་སྤྱན་རས་གཟིགས། མིག་གི་ཕྱི་རྩར་བྱམས་པ། རྣ་བའི་ཕྱི་རྩར་སྒྲིབ་སེལ། སྣའི་ཕྱི་རྩར་ཀུན་ཏུ་བཟང་པོ། ལྕེའི་ཕྱི་རྩར་འཇམ་དཔལ། ཡུམ་ལ་ཡུམ་དགོད་པ་དེ་དང་འདྲའོ། །ཡབ་ཀྱི་སྤྱི་བོར་ལྷའི་ཐུབ་པ། མགྲིན་པར་ཡི་དྭགས་དཔུང་པར་ལྷ་མ་ཡིན། སྙིང་གར་བྱོལ་སོང་། པུས་མོར་མི། རྐང་མཐིལ་དུ་དམྱལ་བ། ཡུམ་ལ་དགོད་པའི་དོད་མེད་དོ། །ཡབ་ཀྱི་ལག་པ་གཡས་གཤིན་རྗེ་གཤེད། གཡོན་སྟོབས་པོ་ཆེ། རྐང་པ་གཡས་རྟ་མགྲིན། གཡོན་བདུད་རྩི་འཁྱིལ་པ། ཡབ་ཀྱི་ཐུགས་ཀར་ཀུན་ཏུ་བཟང་པོ། ཡུམ་ལ་ཡུམ་དགོད་པ་ཡབ་དང་འདྲའོ། །རྩ་བའི་ལྷ་སྤྱིར་ཐིམ་པ་ཡིན་མདོར་ན་ལྷ་ཚོགས་བཞི་བཅུ་ལ་བརྩི་བ་ཡིན་ནོ། །རྩ་བའི་ལྷ་སྤྱིར་ཐིམ་ནས་བཞི་བཅུ་ཐམ་པ་ལ་བརྩི་བ་ཡིན་ནོ། །གོང་ནས་དེ་ཉིད་ཡན་ལག་སྤྲོས། ཞེས་པ་ཐབས་ཀྱི་ལྷ་རེ་རེའི་ཐུགས་དཀར་ཡེ་ཤེས་སེམས་དཔའ་རེ་རེ་བསྒོམས་པས་བརྒྱད་ཅུའོ། །འོག་ནས། བཞི་བཅུ་རྩ་གཉིས་གསུམ་འཕྲོས་འགྱུར། ཞེས་པས། དེ་ལྟར་ཡན་ལག་བཞི་བཅུ་པོ་དེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་འཕྲོས་ཏེ། དེ་རྣམས་ཀྱི་སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་སྣང་མཐའ། ཐུགས་ཀར་རྡོ་རྗེ་སེམས་དཔའ་དང་གསུམ་མོ། །བདག་ཅེས་པས། དེ་རྣམས་རེ་རེ་ལ་དབུ་རྒྱན་རིགས་ལྔ་བརྩིས་པས་མདོར་དྲིལ་བས་སྟོང་ཐམ་པའོ། སྟངས་ནི་ཡབ་དཔྱལ་ནི་ཡུམ་སྟེ། ཡབ་ཡུམ་གྱི་སྐུ་ལ་ཕྱག་རྒྱའི་དལ་བཀོད་པའོ། རྩ་བའི་ལྷ་དང་ཡན་ལག་གི་ལྷའི་ཁྱད་པར་སྟོན་པ་ཡིན་ཏེ། ཁ་ཅིག་ན་རེ་རྩ་བའི་ལྷ་རི་རབ་ཙམ་ལ་ཡན་ལག་གི་ལྷ་ཏིལ་འབྲུ་ཙམ་སྟོན་པ་ཡིན་ཏེ། བློ་ཆུང་བ་ལ་དེ་ལྟར་འཐད་དོ། །ཁ་ཅིག་ན་རེ་རྩ་བའི་ལྷ་དང་ཡན་ལག་གི་ལྷ་ལ་ཆེ་ཆུང་མེད་དེ། རྩ་བའི་ལྷ་རི་རབ་ཙམ་ལ་ཡན་ལག་གི་ལྷ་ཡང་རི་རབ་ཙམ་ལ་ཡན་ལག་གི་ལྷ་ཡང་རི་རབ་ཙམ་བསྒོམ་སྟེ། བློ་འབྲིང་ལ་དེ་ལྟར་ཡང་བཏུབ་བོ། །ལྷ་རྗེ་ཟུར་ཆུང་ན་རེ། རྩ་བའི་ལྷ་ཏིལ་འབྲུ་ཙམ་ལ་ཡན་ལག་གི་ལྷ་ཡང་ཏིལ་འབྲུ་ཙམ་མམ། རི་རབ་ཙམ་བསྒོམས་ཀྱང་མི་འགལ་གསུངས་ཏེ། ཏིང་ངེ་འཛིན་ལས་སུ་རུང་ན་དེ་ཡང་བཏུབ་ཏུ་རུང་བ་ཡིན་ནོ། །ཁ་རག་པ་ན་རེ་དཔེར་ན། ལག་པ་མཛེས་པ་སོར་གདུབ། སོར་གདུབ་མཛེས་པར་བྱེད་པ་གཡུ་ཕྲ། དེ་བཞིན་དུ་རྩ་བའི་ལྷ་མཛེས་པར་བྱེད་པ་ཡན་ལག་གི་ལྷ། ཡན་ལག་ལྷ་མཛེས་པར་བྱེད་པ་ཐབས་དང་ཤེས་རབ་ཀྱི་ལྷ་ཡིན་པས། རྩ་བའི་ལྷ་རི་རབ་ཙམ་ལ་ཡན་ལག་གི་ལྷ་ནི་མཚན་དང་དཔེ་བྱད་ཀྱི་ཚུལ་དུ་དེ་བས་ཀྱང་ཆུང་བ་བྲག་ཙམ་དུ་བསྒོམ། ཐབས་དང་ཤེས་རབ་ཀྱི་ལྷ་ནི་དེ་བས་ཆུང་བ་བྲག་ལ་ལྕོང་རྡོ་བཀོད་པ་བཞིན་དུ་བསྒོམ་གསུངས་ཏེ་བདེའོ། །འོ་ན་ཡན་ལག་ལྷས་རྩ་བའི་ལྷ་མི་སྒྲིབ་བམ་ཞེ་ན། མི་སྒྲིབ་སྟེ། དཔེར་ན་གསེར་གྱི་བུ་གར་རིན་པོ་ཆེ་ཟེའུ་ཀ་བཅུག་པ་ལྟར་གཅིག་ལ་གཅིག་མི་སྒྲིབ་པར་གསལ་བ་ཡིན་ནོ། དཔེ་བྱེད་མཚན་གྱིས་རྒྱན་སྤྲས་པའོ། །ཞེས་པ་དེ་ལྟར་བཀོད་པ་དེ་ཡང་རྩ་བའི་ལྷ་ལ་ཡན་ལག་གི་ལྷ་རྣམས་མཚན་དང་དཔེ་བྱེད་ཀྱི་ཚུལ་དུ་བརྒྱན་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབས་པ་ཡིན་ནོ། །དེ་ལྟར་གཙོ་མཆོག་ལྡན་བྱས་ནས། ཞེས་པ་གཙོ་བོ་ཡབ་ཡུམ་གཉིས་ལ་བྷུདྡྷ་སྟོང་དང་ལྡན་པར་བྱས་ནས། བྱ་བྱེད་རིགས་བཞི་སྟོང་བསྒོམ་བྱ། ཞེས་པ་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ལ་ཡང་སྟོང་བསྒོམ། རིགས་བཞི་ཡབ་ཡུམ་ལ་ཡང་སྟོང་པ་རེ་རེ་བསྒོམ། བཅུ་གཉིས་དྲུག་གི་འོད་འཕྲོ་འབར། ཞེས་པ་སེམས་དཔའ་ཡབ་ཡུམ་བརྒྱད་སྒོ་བ་ཡབ་ཡུམ་བཞི་སྟེ་བཅུ་གཉིས་ལ་ཡང་སྟོང་སྟོང་སྔར་ལྟར་བསྒོམ། ཐུབ་པ་དྲུག་ལ་སྟོང་བསྒོམ། ཉི་ཁྲི་བཞི་སྟོང་དུས་གཅིག་གསལ། ཅེས་པ་རྣམ་གྲངས་བྱུང་ཚོགས་སུ་ཉི་ཁྲི་བཞི་སྟོང་ངོ་། །ཡང་ན་བཞི་སྟོང་དུ་བྱེད་ན་ཐབས་ཤེས་ཀྱི་ལྷ་བཞི་བཅུ་ལ་དབུ་རྒྱན་མ་བརྩིས་པས་དབུ་རྒྱན་གྱི་ལྷ་བརྒྱད་བརྒྱ་ལས་མེད། དེའི་སྟེང་དུ་དབུ་རྒྱན་བརྩིས་པའི་ཐབས་ཀྱི་ལྷ་དང་ཤེས་རབ་ཀྱི་ཉིས་བརྒྱ་ཐམ་པ་ལ་དབུ་རྒྱན་བརྩིས་པས་སྟོང་ཕྲག་བཅད། གཞི་དེ་ནས་རྩིས་པས་ལྷ་ཚོགས་ཉི་ཁྲི་བཞི་སྟོང་ཁྲེགས་བཅད་ཡིན་ནོ། །འོ་ན་ཡུམ་ལ་ཡུམ་དགོད་པའི་ཚེ་ཐུབ་པ་ལ་ཡུམ་ཇི་ལྟར་དགོད་ཅེ་ན། ལྷ་རྗེ་གླན་ན་རེ། རིགས་ལྔ་དང་ཀུན་ཏུ་བཟང་པོའི་ཡུམ་གཡར་བ་ཡིན་ཟེར་རོ། །ལྷ་རྗེ་ཧོར་པོ་ན་རེ། ཡུམ་ལ་ཡུམ་དགོད་པའི་དོད་སོར་རང་གི་གཡོན་ཕྱོགས་སུ་དགོད་པ་ཡིན་གསུངས་སོ། །དང་པོ་ལྔ་བཅུ་བརྒྱད་བསྒོམས་ནས། ཞེས་པ་དལ་བསྡུས་པ་ཡིན་ཏེ། རིགས་ལྔ་ཡབ་ཡུམ་བཅུ། ལྷ་མོ་ཉི་ཤུ། དབང་མོ་ཉེར་བརྒྱད་དོ། །དྲུག་ཅུ་རྩ་བརྒྱད་དེ་བཞིན་ཏེ། ཞེས་པ་སྔར་གྱི་སྟེང་དུ་ཁྲོ་བོ་བཅུ་བསྣན་པས་དྲུག་ཅུ་རྩ་བརྒྱད་དོ། །བདུན་ཅུ་རྩ་བརྒྱད་དེ་བཞིན་ནོ། །ཞེས་པ་ཁྲོ་མོ་བཅུ་བསྣན་པས་བདུན་ཅུ་རྩ་བརྒྱད་དོ། །ཡང་ན་གཞུང་ལ་ལར་ཚིག་ཕྱི་མ་དེ་མེད་པ་ཡོད་དེ་ལྟར་འོག་གི །ལྔ་བཅུའི་ཚོམ་བུ་གནས་ཡུལ་དང་། ཞེས་པ་ཡར་བླང་སྟེ། འཁོར་འོག་གཞི་འཁོར་ལོ་ཆེན་པོ་གཅིག་གི་སྟེང་ན་འཁོར་ལོ་རྩིབས་བཞི་པ་ཡོད་པའི་ཆ་ལྔ་པ་སྟེ། དབུས་ཀྱི་བཛྲ་ཧེ་རུ་ཀ་ཡབ་ཡུམ་གཉིས་ལ་རིགས་ཆུང་གི་ཧེ་རུ་ཀ་བརྒྱད་དེ་བཅུ་ཐམ་པ། ཤར་དུ་བུདྡྷ་ཧེ་རུ་ཀ་ལ་རིགས་ཆུང་གིས་བསྐོར་བ་བཅུ། ལྷོར་རཏྣ་ཧེ་རུ་ཀ་ལ་རིགས་ཆུང་གིས་བསྐོར་བ་བཅུ། ནུབ་པདྨ་ཧེ་རུ་ཀ་ལ་རིགས་ཆུང་གིས་བསྐོར་བ་བཅུ། བྱང་ཀརྨ་ཧེ་རུ་ཀ་ལ་རིགས་ཆུང་གིས་བསྐོར་བ་བཅུ་སྟེ་ལྔ་བཅུ། ལྷ་མོ་ཉི་ཤུ། ཁྲོ་བོ་ཁྲོ་མོ་ཉི་ཤུ། དབང་མོ་ཉེར་བརྒྱད་དེ། བརྒྱ་དང་བཅོ་བརྒྱད་དོ། །དེ་གསུམ་ནི་དཀྱིལ་འཁོར་སྤྲོས་པའོ། །དབུས་ཀྱི་ཧེ་རུ་བཞི་བོ་ལ། ཞེས་པ་དབུས་ཀྱི་གཙོ་བོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་མོ། །འོག་ནས། ལྔ་བཅུའི་ཚོམ་བུ་གནས་ཡུལ་དང་། ཞེས་པ་ཡར་བླང་སྟེ། ལྔ་བཅུའི་ཚོམ་བུ་ནི་རྡོ་རྗེ་རིགས་ཀྱི་གཙོ་བོ་ཡབ་ཡུམ་ལ་རྡོ་རྗེ་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བའོ། །སྒོ་སླབ་ཧཱུྃ་ཆེན་བརྒྱད་རྩ་བརྒྱད། ཅེས་སྒོ་མ་བཞི་དཔལ་གྱི་ཕོ་བྲང་སླས་པར་བྱེད་པའི་དབང་མོ་ཉེར་བརྒྱད་དང་། ཧཱུྃ་ཁྲོ་བོ་ཁྲོ་མོ་ཉི་ཤུ། དབང་མོ་ཉེར་བརྒྱད་དེ། མདོར་དྲིལ་བས་ཚོམ་བུ་གཅིག་པ་ལ་ལྷ་ཚོགས་བདུན་ཅུ་རྩ་བརྒྱད་དོ། །བརྒྱ་རྩ་བརྒྱད་ཅེས་པ་འོག་མ་ཚོམ་བུ་ལྔ་པའི་དབང་དུ་སྦྱོར་རོ། །སྐུ་གསུང་ཁྲོ་བོའི་མདུན་རྒྱབ་ལ། ཞེས་པ་དེ་ལྟར་ཚོམ་བུ་གཅིག་པ་བསྟན་པ་གཙོ་བོའི་མདུན་ཤར་དུ་བུདྡྷ་ཧེ་རུ་ཀ །གཙོ་བོའི་རྒྱབ་ནུབ་ཏུ་པདྨ་ཧེ་རུ་ཀའོ། །དེ་བསྟན་འཁོར་དང་བཅས་པ་བསྒོམ། ཞེས་པ། གཙོ་བོ་བརྟན་ནས་འཁོར་བསྒོམ་སྟེ། ཤར་དུ་བུདྡྷ་ཧེ་རུ་ཀ་ལ་བུདྡྷ་རིགས་ཀྱི་རིགས་ཆུང་བརྒྱད། ནུབ་ཏུ་པདྨ་ཧེ་རུ་ཀ་ལ་པདྨ་རིགས་ཀྱི་རིགས་ཆུང་ཡབ་ཡུམ་བརྒྱད། ཐུན་མོང་གི་འཁོར་གོང་དང་འདྲའོ། །མདོར་ན་ཚོམ་བུ་གསུམ་པ་ལ་ལྷ་ཚོགས་དགུ་བཅུ་རྩ་བརྒྱད་དོ། །སྐུ་གསུང་ཐུགས་ལ་བརྟན་བྱས་ནས། ཞེས་པ་ཚོམ་བུ་གསུམ་པ་བརྟེན་ནས་གཡས་གཡོན་ཡོན་ཏན་ཕྲིན་ལས་ཁྲོ། ཞེས་པ་གཡས་ཀྱི་འཁོར་ལོ་ལ་ཡོན་ཏན་གྱི་ཁྲོ་བོ་རཏྣ་ཧེ་རུ་ཀ །གཡོན་གྱི་འཁོར་ལོ་ལ་ཕྲིན་ལས་ཀྱི་ཁྲོ་བོ་ཀརྨ་ཧེ་རུ་ཀའོ། །ཡབ་ཡུམ་གསལ་ནས་འཁོར་ལོ་སྟེ། ཞེས་པ། རཏྣ་ཧེ་རུ་ཀ་དང་ཀརྨ་ཧེ་རུ་ཀ་ཡབ་ཡུམ་གསལ་ནས། འཁོར་ལོའི་ལྷ་རིགས་ཆུང་བསྒོམ་ཏེ། ལྷོར་རིན་ཆེན་རིགས་ཀྱི་རིགས་ཆུང་བརྒྱད། བྱང་དུ་ལས་ཀྱི་རིགས་ཀྱི་རིགས་ཆུང་བརྒྱད། རྫོགས་པའི་འཁོར་ལོ་རིམ་པ་བཞིན། ཞེས་འཁོར་ལོ་ཐུན་མོང་པ་རྣམས་ཀྱང་གོང་དང་མཐུན་པར་རིམ་པ་བཞིན་བསྐྱེད་དོ། །མདོར་ན་ཚོམ་བུ་ལྔ་པ་ལ་ལྷ་ཚོགས་བརྒྱ་དང་བཅོ་བརྒྱད་དོ། །གཅིག་དང་གཉིས་དང་གསུམ་བཞི་ལྔ། ཞེས་པ་རྣམ་གྲངས་སྤྲོས་པའི་སྐབས་སུ། ཇི་ལྟར་ལྕོགས་པ་ལ་སློབ་པ་ཡིན་ཏེ། རྡོ་རྗེ་རིགས་གཅིག་པུ་ལ་སློབ་བམ། དེ་བཞིན་གཤེགས་པའི་རིགས་དང་གཉིས་སམ། པདྨའི་རིགས་དང་གསུམ་མམ། རིན་པོ་ཆེའི་རིགས་དང་བཞིའམ། ལས་ཀྱི་རིགས་དང་ལྔའོ། །ཡབ་ཡུམ་མཐར་ཕྱིན་འཁོར་ལོའི་ཆས། ཞེས་པ། དེ་ལྟར་རིགས་ལྔ་ཡབ་ཡུམ་བཅུ་ལ་མཐར་ཕྱིན་ནས་འཁོར་ལོའི་ལྷ་གཞན་བསྒོམ་སྟེ། ལྔ་བཅུའི་ཚོམ་བུ་གནས་ཡུལ་དང་། ཞེས་པ་གཙོ་བོ་རིགས་ལྔའི་ཁྲག་འཐུང་ལ། རང་གི་རིགས་ཆུང་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་ལྔ་བཅུའོ། །དེ་སྟེང་དུ་གནས་ཀྱི་མ་མོ་བརྒྱད། ཡུལ་གྱི་ཕྲ་མེན་བརྒྱད། སྒོ་སླས་ཧཱུྃ་ཆེན་བརྒྱ་རྩ་བརྒྱད། ཅེས་པ། སྒོ་མ་བཞི། དབང་མོ་ཉེར་བརྒྱད། ཧཱུྃ་ཁྲོ་བོ་བཅུ་སྟེ། བརྒྱ་རྩ་བརྒྱད་དོ། །ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། ཅེས་པ། དེ་ལྟར་རྩ་བའི་ལྷ་ཡབ་ཡུམ་ཟུང་འབྲེལ་རེ་རེ་ལ་ཡང་། ཡན་ལག་ལྔ་བཅུ་བརྩ་བརྒྱད་དགོད་དེ་དབུས་ཀྱི་བཛྲཱ་ཧེ་རུ་ཀ་ཡབ་ཡུམ་ལ་བརྩིས་ན། བཛྲ་ཧེ་རུ་ཀའི་དབུ་ལ་བུདྡྷ་ཧེ་རུ་ཀ་དང་། ཕྱག་ལས་བཛྲ་ཧེ་རུ་ཀ །གཡོན་རཏྣ་ཧེ་རུ་ཀ །རྐང་གཡས་པདྨ། གཡོན་ཀརྨ། ཡུམ་དེས་འགྲེས། རྣམ་ཤེས་ཚོགས་བརྒྱད་ཀེ་རི་བརྒྱད། ཡུལ་བརྒྱད་ཕྲ་མེན་མ་བརྒྱད། ཡན་ལག་བཞིར་སྒོ་མ་བཞི། རྒལ་ཚིགས་ལ་དབང་མོ་དགོད་དོ། །དེ་ལྟར་ལྔ་བཅུ་རྩ་བརྒྱད་ལ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་རེ་རེ་ཐུགས་ཀར་བསྒོམས་པས་བརྒྱ་དང་བཅུ་དྲུག །ཐབས་ཤེས་ཀྱི་ལྷ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་བསྒོམས་པས། བཞི་བརྒྱ་དང་དྲུག་ཅུ་རེ་བཞི། དེ་རེ་རེ་ལ་དབུ་རྒྱན་ལྔ་ལྔ་བརྩིས་པས་ཉིས་སྟོང་སུམ་བརྒྱ་ཉི་ཤུའོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །འོ་ན་ཡབ་ལ་ཡབ་དགོད་པའི་དོང་པོར་ལྷ་མོ་རྣམས་ལ་གར་དགོད་ཅེ་ན། ལུས་ཀྱི་གཡོན་ཕྱོགས་སུ་དགོད་པ་ཡིན་གསུངས་སོ། །ཆ་ལྔའི་གྲངས་ནི་ཉིས་བརྒྱད་དང་། ཞེས་པ་བགྲང་ལུགས་མི་གཅིག་པ་ཡིན་ཏེ། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རེ་རེ་ལ་དབུ་རྒྱན་ལྔ་ལྔ་བརྩིས་པས། དགུ་བཅུ་ལྷ་ལ་ཡན་ལག་ལྡན། ཞེས་པ་གཉིས་བརྒྱ་དགུ་བཅུ་ཡོད་པར་འདོད་དོ། །ཡང་ན་གོང་བཞིན་དུ་ཚིག་འདི་ཡར་སྡེབ་པ་ཡིན་ནོ། །རིམ་བརྗོད་བརྟན་པའི་སྤྱོད་ཡུལ་ནི། ཞེས་པ་ཕྱག་ཞབས་དེ་ཙམ་སྐབས་འདིར་སྒོམ་མམ་ཞེ་ན། འདིར་གོ་རིམ་སྡེབ་པའི་ཆེད་དུ་བརྗེད་པ་ཡིན་གྱིས་དངོས་སུ་བསྒོམ་མི་ནུས་སོ། །འོ་ན་གང་སྒོམ་ཞེ་ན། ཉི་ཤུ་གཅིག་དང་དགུ་བརྒྱ་དང་། ཞེས་པ་དབུ་དགུ་ཕྱག་བཅོ་བརྒྱད་པ་ནི་ཚོགས་སྒྲུབ་སྐབས་སུ་བསྒོམ། དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས་ནི་མཐོང་ལམ་ཚེ་དབང་དུ་བསྒོམ་མོ། །དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ་ཕྱག་རྒྱ་ཆེན་པོར་བསྒོམ་མོ། །གྲངས་མེད་མཐར་ལམ་རིམ་པར་ལྡན། ཞེས་པ། དབུ་ཕྱག་གྲངས་མེད་རྣམས་ནི་མཐར་ལམ་དུ་བསྒོམ་མོ། །གྲངས་ཉམས་སྦྱར་ན་མཐར་ལམ་འགྱུར། ཞེས་པ། རྣམ་གྲངས་སྤྲོས་པ་ལ་ཉམས་རྣམ་པ་ལྔ་ལ་སྦྱར་ན་མཐར་ལམ་དུ་ཐལ་བར་འགྱུར་རོ། །འདིར་རྣམ་གྲངས་སྤྲོས་པ་དངོས་སུ་བསྒོམ་མི་ནུས་ཏེ། མཐར་ལམ་དུ་དངོས་སུ་གསལ་བ་ཡིན་ནོ། །དེ་བས་ཉམས་ཚོད་ཟིན་པ་གཅེས། ཞེས་པ། དེ་བས་ཏིང་ངེ་འཛིན་གྱི་སྐབས་འགར་འོང་བ་ཉམས་ཚོད་ཟིན་དགོས་ཏེ། ཇི་ལྟར་ཟིན་ནས་འདིར་ཕྱག་རྒྱ་སྤྲོས་པའི་སྐབས་སུ་དངོས་སུ་གསལ་བ་བཞི་བཅུ་རྩ་གཉིས་ཡིན་ལ། གཞན་མོས་པ་ཙམ་ཡིན་ནོ། །དེ་ནས་ཚོགས་སྒྲུབ་ཏུ་ཚོམ་བུ་སྤྲོས་པ་གསལ། དེ་ནས་ཚེ་དབང་དང་རྣམ་སྨིན་གྱི་དུས་སུ་བུདྡྷ་སྟོང་གི་དཀྱིལ་འཁོར་གསལ། མཐར་ལམ་ལྷུན་གྲུབ་ཏུ་བསམ་ཡས་ལྷུན་གྱི་གྲུབ་པའི་ཏིང་ངེ་འཛིན་གསལ་བ་ཡིན་ནོ། དེ་ཕྱིར་ལམ་བཞི་ཟག་ལྡོག་ཡོད། ཅེས་པ་ལ་སྐབས་འདིར་ཟག་ལྡོག་ཡོད་མེད་ཀྱི་དབྱེ་བ་གསུངས་ཏེ། སྤྱིར་ལམ་ལ་རིག་གསུམ་སྟེ། ཟག་པ་ཡོད་པ་ལྡོག་པ་མེད་པའི་ལམ། ཟག་པ་མེད་ལ་ལྡོག་པ་ཡོད་པའི་ལམ། གཉིས་ཀ་མེད་པའི་ལམ་དང་གསུམ་མོ། །དེའང་དེ་བཞིན་ཉིད། ཀུན་ཏུ་སྣང་། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་པ་བཞི་ནི་ཟག་ལྡོག་གཉིས་ཀ་ཡོད་དེ། འདི་ནས་དེ་ཕྱིར་ལམ་བཞི་ཟག་ལྡོག་ཡོད། ཅེས་བཤད་པས། ལམ་ཆུག་ནས། ལྡོག་བཅས་བཞི་དག་སྦྱོར་ལམ་དུ། ཞེས་བཤད་པ་ཡིན་ནོ། ཟག་ལྡོག་གཉིས་ཀ་མེད་པའི་ལམ་ནི། རིག་འཛིན་བཞི་ཡིན་ཏེ། ཐུགས་ཐིགས་ལས། དེ་ནས་བཞི་ཡི་ཟག་དང་བྲལ། ལྕགས་ཟངས་གསེར་དངུལ་གོ་རིམ་བཞིན། ཅེས་སོ། །ལམ་ཆུང་ལས། མཐར་ཤེས་འཇུག་ལ་ག་ལ་ཡོད། ཅེས་སོ། །ཚོགས་སྒྲུབ་ན་ཟག་པ་ཡོད་ལ་ཟློག་པ་མེད་དོ། །ཅེས་ན། ལྡོག་བཅས་བཞི་དང་སྦྱོར་ལམ་དུ། ཞེས་པས། ལྡོག་པ་མེད་པར་དོན་གྱིས་ཤེས་ལ། ཟག་པ་ནི་ལུས་ཁམས་སྐྱེ་གནས་ཉོན་མོངས་པ་ཐམས་ཅད་ཡོད་པ་ཡིན་ནོ། །འོ་ན་སྐབས་འདིར། དེ་ཕྱིར་ལམ་བཞི་ཟག་ལྡོག་ཡོད་ཟེར་ནས་སྤྲོས་པ་ནས་ལྡོག་པར་བཤད་པ་དང་། ལྟ་བའི་སྐབས་འདིར། དངོས་གྲུབ་མཆོག་གི་དང་པོ་འདིར། དང་པོར་དོན་རྟོགས་མཐར་མི་ལྡོག །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། སྐྱེ་བར་བགྲང་ཀྱང་ལྷུང་མི་སྲིད། ཟེར་ནས། ལྟ་བ་རྟོགས་ནས་མི་ལྷུང་བར་བཤད་པ་དང་མི་འགལ་ལམ་ཞེ་ན། སློབ་དཔོན་ཡམ་ཤུད་ན་རེ། འདིར་སྤྲོས་པ་ནས་ལྡོག་པར་བཤད་པ་དེ་དམ་ཚིག་ཉམས་པའི་ཉེས་པ་བརྗོད་པ་ཡིན། ལྟ་བའི་སྐབས་སུ་བརྗོད་པ་དེ། དམ་ཚིག་ཉམས་པའི་ཉེས་པས་ངན་སོང་དུ་སྐྱེས་ཀྱང་ལྟ་བ་རྟོགས་པའི་ཡོན་ཏན་གྱི་དུཿཁ་དྲག་པོ་ཉམས་སུ་མི་མྱོང་ཞིང་ཡུན་ཐུང་བ་ལ་དགོངས་པ་ཡིན་ཏེ། གཉིས་ཀ་དགོངས་པ་ཅན་ཡིན་ཏེ། དཔེར་ན་ལྷ་མོ་རྐེད་མེད་མ་དང་འདྲ་གསུངས། དགོངས་འདུས་ལས་ཀྱང་། དཔེར་ན་དར་གྱི་ཕོ་ལོང་བརྡབས་པ་བཞིན། འཕེན་འགྲོའི་སྟོབས་ཀྱིས་དེར་མི་གནས། ཞེས་བཤད་པ་ཡིན་གསུང་ངོ་། །ལྷ་རྗེ་གླན་ན་རེ། འདིར་སྤྲོས་པ་ནས་ལྡོག་པར་བཤད་པ་དེ་དམ་ཚིག་ཉམས་པའི་ཉེས་པ་ནས་སྨོས་པ་ཡིན། ལྟ་བ་ནས་མི་ལྡོག་པར་བཤད་པ་དེ་ལྟ་བའི་ཚེ་བང་བྱུང་བ་ཡིན། དགོངས་པ་ཅན་ཡིན་གསུངས། སློབ་དཔོན་སོའི་ཞལ་ནས། འདིར་སྤྲོས་པ་ནས་ལྡོག་པར་བཤད་པ་དེ། དམ་ཚིག་ཉམས་པའི་ཉེས་པས་འཁོར་བར་སྤྱི་ཙམ་དུ་ལྡོག་པར་བཤད་པ་ཡིན་གྱིས། ངན་སོང་དུ་ལྡོག་པའི་ངེས་པ་མེད། ལྟ་བའི་སྐབས་ནས་མི་ལྡོག་པར་བཤད་པ་དེ་འཁོར་བའི་བྱེ་བྲག་ངན་སོང་དུ་མི་སྐྱེ་བ་ལ་དགོངས་པ་ཡིན་ཏེ། འཁོར་བ་ཙམ་པོར་མི་ལྡོག་པ་མིན། དེས་ན་འགལ་བ་མེད་གསུངས་སོ། །དེ་རྣམས་གང་གཙུག་བྱས་ཀྱང་ལེགས་སོ། །རྫུ་འཕྲུལ་ཉི་ཤུ་ཆ་གཡོ་ཐོབ། ཅེས་པ་སྤྱིར་བུདྡྷའི་རྫུ་འཕྲུལ་ཉི་ཤུ་དང་། བུདྡྷ འི་རྫུ་འཕྲུལ་ཉི་ཤུ་ལས། བུདྡྷའི་རྫུ་འཕྲུལ་ཉི་ཤུ་འདུས་ནས་བཤད། འདིར་དེ་མིན་ཏེ། དེའི་རྫུ་འཕྲུལ་སྟེ། རྒྱས་པ་ལས། མཁའ་ལ་འགྱོ་ཞིང་རིག་འཛིན་པ། །ཆུ་རྒྱུན་ཟློག་དང་རླུང་མི་འགུལ། །རི་བྲག་ལ་སོགས་ཐོག་མེད་འཛུལ། །དུག་མཚོན་འབྱུང་བས་མི་ཚུགས་ཤིང་། །འབྱུང་བ་ལྔ་ལ་དབང་ཡང་བསྒྱུར། །ནད་དང་ལོངས་སྤྱོད་ངན་སོང་སྦྱོང་། །དགུག་དང་བཅིང་དགྲོལ་གསོ་བསད་དང་། །ཉུང་འབྲུར་སྟོང་གསུམ་བསྡུ་བ་དང་། །བདུད་དང་གཅན་ཟན་ལ་སོགས་པ། །ཚུགས་པར་མི་འགྱུར་བྲན་བཞིན་འགྱུར། །ཞེས་གསུངས་སོ། །ལམ་མཆོག་གསལ་བའི་སྒྲོན་མེད་ལས། ལེའུ་དྲུག་པའི་རྣམ་པར་འགྲེལ་བའོ།། །།ལེའུ་བདུན་པ་ལའང་གཉིས་ལས། རྩོམ་པའི་ཡན་ལག་ནི། དཀྱིལ་འཁོར་གཉིས་ལ་ཕྱག་འཚལ་ནས། ཞེས་པ། སྤྲོས་པའི་སྐབས་སུ་བསྟན་པའི་ཞི་བ་དང་། ཁྲོ་བོའི་དལ་གཉིས་ལ་ཕྱག་བཙལ་བའོ། །བར་ཆད་མེད་པར་སྦྱོར་བ་ཡི། ཞེས་པ། བར་ཆད་མེད་པའི་ལམ་དུ་ཚོགས་སྒྲུབ་ནས་འབྲས་བུ་རིག་འཛིན་ལ་སྦྱོར། གང་གིས་བར་ཆད་མེད་ཅེ་ན། མདའ་སེང་ན་རེ། ཟག་བཅས་ནས་ཟག་མེད་དུ་སྦྱོར་བ་ལ་ལམ་གཞན་གྱིས་བར་མ་ཆོད་པས་བར་ཆད་མེད་པ་ཡིན་གསུང་ངོ་། །གླན་ན་རེ། ཕལ་ཆེ་བའི་དབང་དུ་ལམ་གཞན་གྱིས་བར་མ་ཆོད་པའི་ཕྱིར་བར་ཆད་མེད་པ་ཡིན་གསུང་ངོ་། །ལྷ་རྗེ་ཧོར་པོ་ན་རེ། ངན་སོང་དུ་འགྲོ་བའི་བར་ཆད་མེད་པ་ཡིན་གསུང་སྐད་ན། ཁོ་བོ་ནི་སྤྱིར་སྤྲོས་པ་མན་ཆད་ལ་དམ་ཚིག་ཉམས་པའི་ཉེས་པས་འཁོར་བར་ལྡོག་པའི་བར་ཆོད་ཡོད་ལ། ཚོགས་སྒྲུབ་ཡན་ཆད་ལ་ལྡོག་པའི་བར་ཆད་མེད་དོ། །སྤྱིར་ཚོགས་སྒྲུབ་ཡན་ཆད་ཅག་གེ་ལ་བར་ཆད་མེད་ཀྱང་སྤྱིའི་སྒྲ་བྱེ་བྲག་ལ་ཞུགས་ཏེ། ཚོགས་སྒྲུབ་ལ་བར་ཆད་མེད་པའི་ལམ་དུ་བཏགས་པ་ཡིན་སྙམ་མོ། །བསྒྲུབ་པ་དུས་ཀྱི་ཚོས་བཤད་བྱ། ཞེས་པ་ནི། ཟླ་བ་དྲུག་ལ་སོགས་པར་དུས་བཏབ་ནས་ཚོགས་སྒྲུབ་བམ། ཡང་ན་སྤྲོས་པ་མཐར་ཕྱིན་པའི་དུས་སུ་མཆོད་མང་པོ་འཚོགས་ཏེ་བསྒྲུབ་པར་བྱའོ་ཞེས་བྱའོ། །ཆ་ཡི་དང་པོ་བསྙེན་པ་ནི། ཞེས་པ་ལ་སོགས་པ་ལམ་ལ་བསྙེན་བསྒྲུབ་ཏུ་སྦྱར་བ་ཡིན་ཏེ། དེ་ནི་ཉིད་དང་ཀུན་ཏུ་སྣང་བསྙེན་པ། གཅིག་པ་དང་སྤྲོས་པ་ཉེ་བསྙེན། ཚོགས་སྒྲུབ་ནི་སྒྲུབ་པ། རིག་འཛིན་བཞི་ནི་སྒྲུབ་པ་ཆེན་པོ་ཡིན་ནོ། །ཆོ་ག་ལྔ་ནི་རྫོགས་བྱ་ཞིང་། ཞེས་པ། ཏིང་ངེ་འཛིན་གྱི་ཆོ་ག་ལྔ་སྟེ། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་། ཕྱག་རྒྱ་ཕྲ་བ། རགས་པ། སྤྲོས་པའོ། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། ཞེས་པ། སྒྲུབ་པའི་ཡོ་བྱད་ལྔ་ཡིན་ཏེ། ཨ་ལི་ཀཱ་ལིའི་ཡོ་བྱད། རྒྱན་དང་བགོ་བའི་ཡོ་བྱད། །བཟའ་བ་དང་བཏུང་བའིཡོ་བྱད། །བྲོ་གར་འདུ་འཕྲོའི་ཡོ་བྱད། གླུ་ཚིག་སྒྲ་ཡི་ཡོ་བྱད་དོ། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པ། ཞེས་པ། སྔགས་ཀྱི་ཡན་ལག་ལྔ་ནི། ཡན་ལག་གི་ལྷ་དགུ་ནི། སྔགས་ཀྱི་ཡན་ལག་ལྔར་སྡུད་པ་ཡིན་ཏེ། དབུ་རྒྱན་རིགས་ལྔ་གཅིག་ཏུ་བརྩིས་པས་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་སྟེ་བཞི། ཡེ་ཤེས་སེམས་དཔའ་དང་ལྔའོ། །སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། ཞེས་པ་ལ། སྟོན་པ་དེ་ཡང་གསང་སྔགས་ཀྱི་མཛོད་སྒོ་གསུམ་རྫོགས་པ་སྟེ། རྟོགས་པ་ལྟ་བའི་མཛོད་ཨ་ཏི་ཡོ་ག །གོམས་པ་བསྒོམ་པའི་མཛོད་ཨ་ནུ་ཡོ་ག མི་འདའ་བ་དམ་ཚིག་གི་མཛོད་མ་ཧཱ་ཡོ་ག་དང་ལྡན་ཏེ། དབང་གི་ཆུ་བོ་རྫོགས་པ་སྟེ། ལྷའི་དབང་ཐོབ་པ་དགའ་རབ་རྡོ་རྗེ། རིག་པ་ལ་དབང་ཐོབ་པ་པདྨ་འབྱུང་གནས། པོ་ཏི་གླེགས་བམ་ལ་དབང་ཐོབ་པ་ཨིནྡྲ་བོ་དྷི། གང་ཟག་ལ་དབང་ཐོབ་པ་བི་མ་ལ་མི་ཏྲ་དང་བཞི་ཆུ་བོའི་རྒྱུན་དང་འདྲ་བ། བར་མ་ཆད་པར་ཐོབ་པའོ། །གཉེར་ལྡན་རྒྱུད་འཆད་ལས་ལ་མཁས། ཞེས་པ་རྡོ་རྗེ་སློབ་དཔོན་གྱི་གཉེར་ནི། བློ་མཐོན་པོའི་གཉའ་གཅོག་པ། དམའ་མོའི་རྒབ་བརྟེན་པ། འཁོར་གྱི་བར་ཆོད་སེལ་བ། སྣོད་དང་ལྡན་པ་ལ་ཡལ་བར་མི་འདོད་བའི་གཉེར་དང་ལྡན་པའོ། །རྒྱུད་འཆད་པ་ལ་མཁས་པ་དང་། ཕྲིན་ལས་ཀྱི་སྡེབས་སྦྱོར་ལ་མཁས་པའོ། །མན་ངག་དྲོད་འཆང་བརྒྱད་འཆང་བ། ཞེས་པ་སྙན་རྒྱུད་ཀྱི་མན་ངག་འཆང་བའམ། སྒྲུབ་པའི་དྲོད་ཚད་ཀྱི་མན་ངག་བརྒྱད་འཆང་བའོ། །ཞེས་པ་དེ་ལྟར་དཀོར་མཛོད་གསུམ་སོ་སོར་བགྲངས་པ་དང་བརྒྱད་དམ། ཡང་ན་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ལ་གནས་ཤིང་དབང་ཆོས་སྐུ་གསུང་ཐུགས་ཀྱི་དམ་ཚིག་གང་ལྡན་པ། བཀའ་དོག་ཅིང་དབང་ཐོབ་པས་འབྲས་བུ་ལ་འདོད་པ་མེད་པའི་ཡོན་ཏན་དང་། དམ་ཚིག་གཙང་ཞིང་སྒྲིབ་པ་ལ་བརྩོན་པས་ལྷ་དང་སྲུང་མ་ཉེ་བའི་ཡོན་ཏན་དང་། སྒོམ་སྲན་ཆེ་ཞིང་མཐུན་རྩལ་ཆེ་བས་བགེགས་ཀྱིས་མི་ཚུགས་པའི་ཡོན་ཏན་དང་། རྐྱེན་ཐུབ་ཅིང་དགོངས་པ་ཟབ་པས་བར་ཆད་མི་འབྱུང་བའི་ཡོན་ཏན་དང་། གཉིད་དང་ཆང་དང་ཆུང་བས་ལས་མཐར་ཕྱིན་པའི་ཡོན་ཏན་དང་། སྙིང་རྗེ་ཞིང་འཁོར་ལ་བརྩེ་བས་ཀུན་གྱིས་ཁུར་ཞིང་བསྔགས་པའི་ཡོན་ཏན་དང་། དགོངས་པ་ཟབ་ཅིང་ཁོང་ཡངས་པས་ཡ་ག་དང་ཕྲ་བས་མི་ཚུགས་པའི་ཡོན་ཏན་ཡོད་དོ། །ལོ་རྒྱུས་རྣམ་གཉིས་ལྡན་པ་དང་། ཞེས་པ། སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་ནི་གཙུག་ལག་ནས་འབྱུང་བ་བཞིན་ནམ་ཡང་ན་ཡིད་དང་འཐད་པ་ཡིན་ནོ། །དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས་ནི། གནས་དེའི་ཤར་གཞོལ་བ། ལྷོ་བྲེས་པ། ནུབ་མཐོ་བ། བྱང་སྐྱོབ་པ། ཤིང་ཡ་ག་ཐམས་ཅད་གར་བྱེད་པ་འདྲ་བ། །བུང་བ་རྒྱང་རིང་པོ་ནས་གླུ་ལེན་པ། །ཕུ་ཆུ་ལྷུང་ལྷུང་གི་སྒྲ་འབྱིན་པ་གནམ་འཁོར་ལོ་རྩིབས་བརྒྱད་དུ་ཡོད་པ། ས་པདྨ་འདབ་བརྒྱད་དུ་ཡོད་པ། བར་སྣང་འོལ་ཀ་ཆུས་བཀང་བ་འདྲ་བའི་གནས་དེར་བསྒྲུབ་བོ། །ཚོ་གསུམ་བཅད་ལ་བྱིན་གྱིས་བརླབ། ཅེས་པ། ཡོ་བྱད་ཚོ་གསུམ་དུ་བཅད་དོ། །ཆ་གཅིག་ལ་སྔོན་དུ་མཆོད་སྦྱིན་བྱའོ། །ཆ་གཅིག་མཇུག་ཏུ་དཔའ་བོའི་སྟོན་མོ་ལ་བཞག་གོ །ཆ་གཅིག་ལ་སྒྲུབ་པའི་ཆ་རྐྱེན་བྱེད་པས། རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས་ལ། ཏྲཾ་ལས་རིན་པོ་ཆེ་འམ་འདོད་པའི་ཡོན་ཏན་དུ་བྱིན་གྱིས་བརླབ་བོ། །ཡང་ན་རྒྱང་གྲགས་དཔག་ཚད་དམ། ཞེས་པ། བློ་ཆུང་བ་ལས་ཡང་ན་ཆེ་བ་ཡིན་ན་དངོས་སུ་མི་འབྲི་བར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྒྱང་གྲགས་དཔག་ཚད་ལ་སོགས་པར་བསྒོམ་པའོ། །ཁ་ཅིག་འབྲི་བ་ཡིན་ཟེར་ཏེ་ནོར་རོ། །སོ་སོ་འཚམས་པའི་གཟུགས་བརྙན་བྲི། ཞེས་པ། བློ་ཆུང་ཏིང་ངེས་འབྲི་མ་ནུས་ན་གཟུགས་བརྙན་གྱི་དཀྱིལ་འཁོར་འབྲིའོ། །དེའང་མཆེད་མང་ཉུང་དང་གནས་ཆེ་ཆུང་འཚམས་པར་བྲིའོ། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། ཞེས་པ་ལ་སོགས་པ་ལེའུ་དྲུག་པར་བཤད་པ་དང་མཐུན་པར་ཚོམ་བུ་གསུམ་པའི་ལྷ་གྲངས་སྦྱར་རོ། །ཟླ་ཕྱེད་ཕྱེད་ཞག །ཅེས་པའི་ཕྱིར་བསྙེན་བསྒྲུབ་བཞིའི་དུས་ཚིགས་དང་འཕྲོ་སྟོན་པ་ཡིན་ཏེ། དེའང་སྒྲུབ་པ་ཟླ་བ་ཕྱེད་བྱེད་ཀྱང་། །ཟླ་བ་གཅིག་ལྟ་བུ་ལ་བརྩིས་ན། །ཆ་རྐྱེན་ཚང་ནས་བསྒྲུབ་པ་ལ་ཞུགས་ཏེ། །ཞག་གཅིག་ཕན་ཆད་ནི་བསྙེན་པ་ཡིན་ནོ། །ཟླ་ཕྱེད་ཕྱེད་ཞག་ཉེ་བསྙེན་པ། ཞེས་པ། ཚེས་གཅིག་ནས་དབུ་བཙུགས་ཏེ་ཉ་གསུམ་ཚུན་ཆད་ཉེ་བསྙེན་ཡིན་ནོ། །གོང་དུ་ཞག་གཅིག་བསྙེན་པར་སོང་བ་ཡིན་ནོ། །ལྷ་གསལ་འཕྲོ་འདུ་སྣོད་དུ་རུང་། ཞེས་པ། དེའི་དུས་སུ་འཕྲོ་འདུའི་ཏིང་ངེ་འཛིན་ཡིན་ཏེ། མདུན་དུ་ཡེ་ཤེས་ཀྱི་ལྷ་ཕྱེ་ནས་འཕྲོ་འདུ་བྱེད་པའི་ཚེ་ཕར་ལ་འཕྲོས་པས་ཡེ་ཤེས་སེམས་དཔའ་ལ་ཕོག་པས་སྐུ་གསུང་ཐུགས་མཉེས་ཚུར་འདུས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱས་སོ། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། ཞེས་པ། ཉ་ནས་དགུ་སྟོང་ཡན་ཆད་ཞག་བཅུ་བཞི་སྒྲུབ་པ་ཡིན་ནོ། །འཕྲོ་འདུ་བསྣོལ་ནས་བསྒྲུབ་པར་བྱ། ཞེས་པ་སྒྲུབ་པའི་དུས་སུ་ཕར་ལ་འཕྲོས་པས་མཉེས་པའི་མཆོད་པ་ཕུལ་ནས་དངོས་གྲུབ་བསྐུལ། ཚུར་འདུས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། དེ་ལྟར་འཕྲོ་འདུ་བསྣལ་ནས་བྱེད་པའོ། །ཞག་གྲངས་ཚངས་ནས་རྟགས་བྱུང་ན ། ཞེས་པ། སྤྱིར་སྒྲུབ་པ་ཇི་ཙམ་བྱེད་པ་ལ་ཆ་རྩི་བ་ཡིན་གྱིས། ཟླ་བ་གཅིག་ལ་སྒྲུབ་པ་རྫོགས་པ་མ་ཡིན། འདིར་ཟླ་བ་གཅིག་ལ་སྦྱར་བ་ནི་གོ་བདེ་བའི་ཆེད་དུ་བྱས་པ་ཡིན་ནོ། །དེ་ལྟར་སྒྲུབ་པ་བྱེད་པ་ཇི་ཙམ་བྱེད་གྲངས་ཚད་ནས་སྒྲུབ་རྟགས་བྱུང་བའི་ཚེ། ནུབ་ཐ་མ་ནི་སྒྲུབ་པ་ཆེན་པོ་ཡིན་ནོ། །དངོས་གྲུབ་བཟླས་བླང་སྒྲུབ་ཆེན་པ། ཞེས་པ། དེའི་དུས་ཀྱི་འཕྲོ་འདུ་ནི་བཟླས་པའི་སྒོ་ནས་དངོས་གྲུབ་ལེན་པ་ཡིན་ཏེ། སྔགས་ཀྱི་འོད་ཟེར་ཕར་མི་སྤྲོ་བར་ཁ་དོག་དམར་པོ་འབའ་ཞིག་མཚོ་ལ་ཆར་པ་བབ་པ་དང་འདྲ་བར། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་གི་ལུས་ངག་ཡིད་གསུམ་དང་དངོས་གྲུབ་ཀྱི་རྫས་རྣམས་ལ་སིབ་སིབ་ཐིམ་པར་བསམ་མོ། །བསྙེན་བསྒྲུབ་གསང་བ་བཞི་རིམ་པས། ཞེས་པ་སྦྱོར་བ་དུས་ཀྱི་བསྙེན་པ་བཞི་ཡིན་ཏེ། དེའང་ཡུམ་བཙལ་ནས་ཁྲུས་བྱས། རྒྱན་གདགས། ཆོས་བཤད། དམ་ཚིག་དབོག །ཡུམ་ལྷར་བསྐྱེད། འདོད་པའི་བསྟན་ཆོས་བསྐུལ་བར་བྱ་སྟེ། དྲུད་པའི་གནས་སུ་དྲུད། བརྩེ་བའི་གནས་སུ་བརྩེ། འོ་དང་འཛུམ་བུ་བྱེད་པ་ནི་བསྙེན་པ། ཡབ་ཡུམ་སྙོམས་པར་ཞུགས་ཏེ། ཕྱག་རྒྱ་བཞིས་རོལ་པ་ནི་ཉེ་བའི་བསྙེན་པ། དབབ་པའི་གནས་སུ་དབབ་པ། དྲུད་པའི་གནས་སུ་དྲུད་པ། བསྐྱོད་པའི་གནས་སུ་བསྐྱོད་པ་སོགས་བདེ་བ་གཡོ་ཞིང་སྒྲུབ་པ་ནི་སྒྲུབ་པ། ཐིག་ལེ་བྱང་ཆུབ་ཀྱི་སེམས་ཡབ་ཡུམ་གྱི་རྩ་བྱེ་བ་ཕྲག་བཅུ་གསུམ་འདུས་པའི་བདུད་རྩི་ཡུམ་གྱི་མཁའ་ལ་དུས་གཅིག་ཏུ་བབས་ནས་བདེ་བ་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ལྟར་བསྙེན་བསྒྲུབ་བཞི་གཅིག་ཏུ་དྲིལ་ནས་ཡབ་ཡུམ་གཉིས་རོལ་བས་ཆོས་ཐམས་ཅད་གཉིས་མེད་དུ་རྟོགས་ཤིང་མྱོང་བའོ། །འོ་ན་ལམ་གྱི་སྒྲུབ་པ་ཆེན་པོ་དང་། སྦྱོར་བའི་སྒྲུབ་པ་ཆེན་པོ་དང་། སྒྲུབ་པ་དུས་ཀྱི་སྒྲུབ་པ་ཆེན་པོ་དང་གསུམ་ལ་ཁྱད་ཅི་ཡོད་ཅེ་ན། ལམ་གྱི་སྒྲུབ་པ་ཆེན་པོ་ནི་རིག་འཛིན་ལ་སྦྱོར་ལ་མ་རེག་པའི་ཆ་ནས་འཇོག་པའོ། །སྦྱོར་བ་དུས་ཀྱི་སྒྲུབ་ཆེན་ནི་ཡེ་ཤེས་ཀྱི་ཐིག་ལེ་བརྟན་པའི་ཆ་ནས་བཞག་པའོ། །སྒྲུབ་པ་དུས་ཀྱི་སྒྲུབ་ཆེན་ནི་རྫས་དང་ཡུམ་གྱི་མཁའ་ལ་དངོས་གྲུབ་ལེན་པ་གཉིས་ཀའི་ཆ་ནས་འཇོག་པའོ། །ཕྱག་རྒྱ་བཞི་དང་ལྷ་མོ་བརྒྱད། ཅེས་པ། ཡུམ་དང་ཡབ་རོལ་བའི་དུས་སུ་ཕྱག་གཅིག་ལ་གཅིག་གཟུང་བ་ལྕགས་ཀྱུ། འཁྱུད་པ་ཞགས་པ། སྟོད་སྨད་བསྡམས་པ་ལྕགས་སྒྲོག །བདེ་བས་དགྱེས་པ་དྲིལ་བུ། བདེ་བས་ཚིམ་པ་སྤོས་མེ་མ། བྱང་ཆུབ་ཀྱི་སེམས་འཕྲོ་བ་མེ་ཏོག །བདེ་བས་གསལ་བ་མར་མེ། །བདེ་བས་རྒྱས་པ་དྲི་ཆབ། ཡབ་ཡུམ་ཐིག་ལེ་དཀར་དམར་འདྲེས་པ་གཟུགས། རྩ་གནས་བདེ་བ་ཧ་སའི་སྒྲ་སྒྲོགས་པ་གིརྟི། བདེ་བ་རྒྱུན་མ་ཆད་པ་ཕྲེང་བ་མ། རྩ་མདུད་གྲོལ་བ་ནིཪྟི་མ་སྟེ་དེ་ལྟར་བཅུ་གཉིས་དོན་གྱིས་ལྡན་ནོ། །ཐིག་ལེ་རྡོ་རྗེའི་གཟུགས་སུ་ཆགས། ཞེས་པ་སྒྲུབ་པ་ཆེན་པོའི་དུས་སུ་ཡབ་ཡུམ་གྱི་ཐིག་ལེ་དངོས་གྲུབ་ཀྱི་རྫས་ཡིན་ཏེ། དེ་ནི་སྐྱེ་འཆི་མེད་པ་རྡོ་རྗེའི་གཟུགས་དང་འདྲའོ། །དེ་ཅིས་ན། གོང་གི་ཟོས་པ་དེ་སྐྱེ་འཆི་མེད་པ་རྡོ་རྗེའི་གཟུགས་སུ་འགྲོ་བའི་ཕྱིར་རོ། །དེ་ཉིད་ལ་ཐབས་ལས་གྲུབ་ཚེ་དབང་ཡང་ཟེར་བ་ཡིན་ནོ། །མཆོད་ཆེན་མཁའ་འགྲོ་གསལ་འབར་འགྱུར། ཞེས་པ་གཞན་གྱིས་མཆོད་པའི་གནས་སུ་ཁུར་བ་དང་། ནམ་མཁའ་ལ་འགྲོ་བ་དང་མདོག་གསལ་བ་ལ་སོགས་པ་འབྱུང་ངོ་། །རྒྱན་ཆ་བཅུ་དྲུག་ཚང་བ་དང་། ཞེས་པ་རྒྱན་ཆ་བཅུ་དྲུག་ནི། དཔལ་གྱི་ཆས་བརྒྱད་དང་། དུར་ཁྲོད་ཀྱི་ཆས་བརྒྱད་དོ། དཔལ་གྱི་ཆས་བརྒྱད་ནི། ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །གནོད་འདུག་འདུལ་བྱེད་དཔའ་བོ་ལྗགས་ཀྱི་ཆས། །ཏིང་ངེ་དཔའ་བཏུལ་འབར་བ་སྟག་གི་ཆས། །དབང་གི་བསེ་ཁྲབ་དམར་པོ་བགྲོད་པའི་ཆས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྲིལ་བའི་ཆས། །རྡོ་རྗེ་ལྔ་ཡི་སློག་པ་རིག་པའི་ཆས། གཟི་མདངས་ཆེ་བ་གཙིགས་པ་སྤྲུལ་པའི་ཆས། བསྐལ་པ་མེ་ལྟར་འབར་བ་བསྐལ་མེའི་ཆས་སོ། །དུར་ཁྲོད་ཀྱི་ཆས་བརྒྱད་ནི། བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི་རྫས་གསུམ་མོ། །བགོ་བའི་གོས་གསུམ་ནི། གླང་ཆེན་གྱི་ཀོ་རློན། ཞིང་ཆེན་གྱི་གཡང་གཞི། སྟག་གི་ཤམ་ཐབས་སོ། །གདག་པའི་རྒྱན་གཉིས་ནི། ཐོད་པ་ཚར་གསུམ་དང་སྦྲུལ་གྱི་ཆུན་འཁོར་རོ། །བྱུག་པའི་རྫས་གསུམ་ནི། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། དེ་ལྟར་རྒྱན་ཆས་བཅུ་དྲུག་ཚང་བའོ། །ཞག་ནི་བཅུ་དྲུག་ཚང་བའོ། །ཞག་ནི་བཅུ་དྲུག་ཕྲག་དྲུག་གམ། ཞེས་པ་འདིར་ནི་ཞི་བ་ལས་ཁྲོ་བོར་སྒྲུབ་ཐག་ཉེ་བ་ཅིའི་ཕྱིར་ཞེ་ན་ཁ་ཅིག་ན་རེ། ཞི་བ་འཛབ་འཐོར་ལ། ཁྲོ་བོ་འཛབ་མི་འཐོར་བ་ཡིན་གསུང་ངོ་། །ཁ་ཅིག་ན་རེ། ཞི་བ་ལ་བར་ཆོད་འབྱུང་ལ། ཁྲོ་བོ་ལ་བར་ཆོད་མི་འབྱུང་བས་སྒྲུབ་ཐག་ཉེ་ཟེར་རོ། །ཐུན་མོང་བསྲུང་བའི་ལས་རྫོགས་ནས། ཞེས་པ། གང་དང་ཐུན་མོང་ངམ་ཞེ་ན། ལྷ་རྗེ་ཧོར་པོའི་ཞལ་ནས། ཁྲོ་བོ་བཅུའི་མཚམས་ནི། བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོ་རྣམས་ཀྱི་ཐུན་མོང་གི་མཚམས་ཡིན་གསུངས་སོ། །ལྷ་རྗེ་གླན་ན་རེ། ཚོམ་བུ་གཅིག་པ་དང་ལྔ་པ་གསུམ་པ་ཀུན་གྱི་ཐུན་མོང་གི་མཚམས་ཡིན་གསུང་ངོ་། །ལྷག་པའི་དཀྱིལ་འཁོར་ལྷ་དགུར་ལྡན། ཞེས་པ། དེ་ལྟར་དཀྱིལ་འཁོར་བསྐྱེད་ནས་ཡན་ལག་ལྷག་པའི་ལྷ་དགུ་བསྒོམ་སྟེ། ཇི་ལྟར་བསྒོམ་ན། བྱིན་དབང་ཐོབ་པའི་དཀྱིལ་འཁོར་ལ། ཞེས་པ། གནས་སུ་ཡེ་ཤེས་སེམས་དཔའ་དགོད་པ་དང་། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ། །གནས་སུ་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི། བདག་དམ་ཚིག་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་བསྒོམ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེའི་ལྟེ་བ་ལ་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་ཕྱོགས་བཅུ་སངས་རྒྱས་ལ་ཕོག་པས་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བསྡུས་ཏེ་བདག་གནས་གསུམ་དུ་ཐིམ་པས་ༀ་ཨཱཿཧཱུྃ་དུ་གྱུར། དེ་ལས་སྔགས་བརྗོད་པས་སྐུ་གསུང་ཐུགས་ཀྱི་ལྷ་བསྒོམ་མོ། །ཡང་དབུའི་གནས་ལྔར་ཡི་གེ་ༀ་ཧཱུྃ་སྭཱ་ཨཱཾ་ཧཱ་ལྔ་བསྒོམ་མོ། །དེ་ལས་སྔགས་བརྗོད་པས་ཡིག་འབྲུ་རྣམས་ཞུ་ནས་ཧེ་རུ་ཀ་ལྔར་གྱུར་ནས་དབུ་བརྒྱན་པར་བསམ་མོ། །དེ་ནི་ཡན་ལག་ལྷག་པའི་ལྷ་དགུའོ། །རང་བཞིན་ཕན་མཆོད་བཀུག་ཅིང་བསྟིམ། ཞེས་པ། དེ་ལྟར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་ནས། བདག་གི་ཐུགས་ཀའི་ཧཱུྃ་ལས་འཕྲོས་འོག་མིན་ན་གནས་པའི་བདེ་བར་གཤེགས་པ་རྣམས་ཆོས་ཀྱི་སྐུའི་ངང་ལ་བཞུགས་པ་རྣམས་སྨོན་ལམ་གྱི་སྟོབས་དྲན་ནས་གཟུགས་སྐུར་བཞེངས་པར་བསམ་སྟེ། སྙན་གསན་དབབ། སྤྱན་དྲངས་མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ་རིག་པའི་མེ་ཏོག་དོར། ཕྱག་རྒྱ་བཞིས་བསྡམ། བརྟན་པར་བཞུགས་སུ་གསོལ། ཡང་ན་ལྕགས་ཀྱུ་མས་འགུག། ཞག་པ་མས་བཅིངས། ལྕགས་སྒྲོ་མས་བསྡམ། །དྲིལ་བུ་མས་མཆོད་པར་བྱའོ། །དགྱེས་ནས་རིམ་བཞིན་བརྟན་བྱས་ཏེ། ཞེས་པ། དེ་ནས་མཉེས་པ་ཕྱག་མཆོད་ལ་སོགས་པ་བྱས་ཏེ། ལས་བྱང་བཞིན་ནོ། །དེ་སོགས་བཟླས་བསྙེན་འཕྲོ་འདུ་དང་། ཞེས་པ། གོང་དུ་བསྟན་པའི་བསྙེན་སྔགས་ནི་གཙོ་བོ་ཡབ་ཡུམ་ཀྱི་ཡིན་ལ་སོགས་ཁོངས་སུ་རིགས་གཞན་བཞི་པོ་སྡུད་དོ། །འཕྲོ་འདུ་ནི་བདག་དམ་ཚིག་གི་ཐུགས་ཀ་ནས་འོད་དཀར་པོ་འཕྲོས་པ་དང་ཚུར་ལ་དམར་པོ་འདུས་པའོ། །འདུན་པར་བསྐུལ་དང་གནོད་བྱེད་པ། ཞེས་པ་ནི། འོད་དཀར་པོ་ཕར་ལ་འཕྲོས་པའི་དུས་སུ་ན་བདེ་བར་གཤེགས་པ་རྣམས་སྒྲུབ་པ་པོ་ལ་འདུག་ཅིག་པར་བསྐུལ་བ་དང་། ཚུར་འདུས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པས། དངོས་གྲུབ་ཀྱི་སྣོད་དུ་རུང་བར་གྱུར་པར་བསྒོམ་མོ། །བསྙེན་པའི་དཀྱིལ་འཁོར་རྫོགས་པའོ། །ཞེས་པ་ནི། དེ་རྣམས་ཀྱིས་བསྙེན་པ་དང་ཉེ་བའི་བསྙེན་པ་བསྟན་ཏོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་བསྙེན་དེ་བཞིན་སྒྲུབ་པ་ཡང་། ཞེས་པ། དེ་བསྙེན་ཞེས་པ་གོང་དུ་སྙག་པའི་ཚིག་ཡིན་ལ། སྒྲུབ་པའང་དེ་དང་འབྲེལ་བར་སྟོན་པའོ། །འཕྲོ་འདུ་བསྐུལ་དང་དངོས་གྲུབ་རྫོགས། ཞེས་པ་སྒྲུབ་པའི་དུས་སུ་བདག་དམ་ཚིག་གི་ཐུགས་ཀ་ནས་འཕྲོས་ནས་ཡེ་ཤེས་སེམས་དཔའ་ལ་ཕོག་པས་དངོས་གྲུབ་སྩོལ་ཅིག་བར་བསྐུལ། ཚུར་འདུས་པས་དངོས་གྲུབ་ཐོབ་པར་བསམ་པའོ། །དེ་ལྟར་སྐྱོན་སྤངས་ནས་བསྒྲུབ་པ་ནི་བསྒྲུབ་པའི་དུས་ཡིན་ནོ། །གཅིག་ལ་རྫས་ལྟར་འཕྲོ་འདུ་དང་། ཞེས་པ། སྒྲུབ་པའི་རྟགས་ཐོན་ནས་ཐ་མའི་ནུབ་གཅིག་ལ་འོད་ཟེར་ཕར་མི་སྤྲོ་བར་ཚུལ་ལ་དངོས་གྲུབ་ཀྱི་རང་བཞིན་ཁ་དོག་དམར་པོ་ཁོ་ན་བསྒྲུབ་རྫས་ལ་སྡུད་པ་ནི་སྒྲུབ་པ་ཆེན་པོའི་བཟླས་པར་ཤེས་པར་བྱའོ། །ཤེལ་དང་བྱུ་རུ་བུང་བ་དང་། །ཞེས་པ། འདི་ལ་འབྲུ་སྦྱོར་ལུགས་གསུམ་སྟེ། བསྙེན་པའི་དུས་སུ་འོད་ཟེར་དཀར་པོ་ཤེལ་ལྟར་འཕྲོ་བ་དང་། སྒྲུབ་པའི་དུས་སུ་དམར་པོ་བྱུ་རུ་ལྟར་དུ་སྡུད་པ་དང་། སྔགས་ཀྱི་འོད་ཟེར་ཆེ་ཆུང་བུང་བ་ལྟར་དུ་བྱེད་པའོ། །མཐིང་གི་བུམ་པ་མང་པོ་དག །ཅེས་པ། ཉེ་བསྙེན་གྱི་དུས་སུ་བདག་ཉིད་དངོས་གྲུབ་ཀྱི་སྣོད་དུ་རུང་བ་ནི་མཐིང་གི་བུམ་པ་ལྟ་བུ་ཡིན་ནོ། །བཟླས་པའི་གྲངས་མང་པོ་དག་བྱའོ། །ཞེས་པའམ། ཡང་ན་སྐུའི་གནས་སུ་དཀར་པོ་ཤེལ་ལྟ་བུའི་འཕྲོ་འདུ་བྱ། གསུང་གི་གནས་སུ་དམར་པོ་བྱེ་རུ་ལྟ་བུའི་འཕྲོ་འདུ་བྱ། ཐུགས་གི་གནས་སུ་མཐིང་གི་བུམ་པ་ལྟ་བུའི་འཕྲོ་འདུ་བྱའོ། །ཞེས་པའོ། །ཡང་ན་ཕར་འཕྲོས་པའི་དུས་སུ་འོད་ཟེར་དཀར་པོ་ཤེལ་ལྟ་བུ་འཕྲོ་ལ། ཚུར་འདུས་པའི་དུས་སུ་དམར་པོ་བྱེ་རུ་ལྟ་བུ་འདུས། ཆེ་ཆུང་གི་ཚད་བུང་བ་ཙམ་ཡིན། །དངོས་གྲུབ་ཐོབ་པའི་དཔེ་མཐིང་གི་བུམ་པ་སྦྲང་རྩིས་གང་བ་ལྟ་བུ་ཡིན་ནོ། །རིམ་བཞིན་བུང་བ་མེ་ཏོག་དང་། ཞེས་པ་རིམ་པ་བཞིན་གོང་དུ་བསྟན་པ་ལ་སྙེག་པའི་ཚིག་ཡིན་ལ། བུང་བ་ཕར་ལ་འཕྲོས་ཏེ་མེ་ཏོག་གཞིབས་ནས་ཚུར་ལ་སྦྲང་རྩི་ཁྱེར་ནས་འོང་བ་དང་འདྲ་བར། སྒྲུབ་པའི་དུས་སུ་འོད་ཟེར་དཀར་པོ་ཕར་ལ་འཕྲོས་ནས་མཆོད་པ་ཕུལ་ཏེ་དམར་པོ་ཚུར་སྡུད་པའི་དུས་སུ་དངོས་གྲུབ་ཐོབ་པའོ། །མཚོ་ལ་སྦྲང་ཆར་བབ་བཞིན་ནོ། །ཞེས་པ་མཚོ་ལ་སེར་བ་བབ་པ་ནི། ཡར་ལ་མི་འཕྲོ་བར་མར་ལ་འབབ་པ་ཡིན། དེ་བཞིན་དུ་སྒྲུབ་པ་ཆེན་པོ་དུས་སུ་ཕར་མི་སྤྲོ་བར་ཚུལ་ལ་ཁོ་ན་སྡུད་པ་ཡིན་ནོ། །ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་པ། འདི་ལ་རྒྱུད་གཅིག་གི་དབང་དུ་བྱས་པ་དང་། ཐ་དད་ཀྱི་དབང་དུ་བྱས་པ་གཉིས་སོ། །ཐ་དད་ཀྱི་དབང་དུ་བྱས་ན་ལྷ་མོ་དངོས་དང་། ཀླུ་མོ་དངོས་དང་། རིགས་ངན་མོ་མིའི་བུ་མོའོ། །རྒྱུད་གཅིག་གི་དབང་དུ་བྱས་གསུམ་ལས། ལོ་གྲངས་ཀྱི་སྒོ་ནས་བཞག་ན་ལྷ་མོ་ནི་བཅུ་གཉིས་ལོན་པ་ལ་བྱ། ཀླུ་མོ་ནི་བཅུ་དྲུག །རིགས་ངན་མོ་ནི་ཉི་ཤུ་རྩ་གཉིས་ལོན་པའོ། །མཚན་གྱི་སྒོ་ནས་དབྱེ་ན། ལྷ་མོ་ནི་པདྨ་ཅན་ཡིན་ལ། ཀླུ་མོ་ནི་དུང་ཅན་མ། རིགས་ངན་མོ་ནི་རི་མོ་ཅན། སྟོབས་ཀྱི་སྒོ་ནས་དབྱེ་ན། ལྷ་མོ་ནི་བདག་གཞན་གཉིས་ཀ་བདེ་བ་སྐྱེད་ནུས་པ་ཡིན་ལ། ཀླུ་མོ་ནི་གཞན་བདེ་བ་སྐྱེད་ནུས་པ། རིགས་ངན་མོས་རང་བདེ་བ་སྐྱེད་ནུས་པའོ། །རབ་འབྲིང་གི་སྒོ་ནས་དབྱེ་ན། ལྷ་མོ་རབ་ཡིན་ལ། ཀླུ་མོ་འབྲིང་། རིགས་ངན་མོ་ཐ་མའོ། །དབྱེའམ་ཡང་ན་མི་དབྱེ་ཞེས་པ། དེའང་ལྟ་དགོངས་དམའ་ན་དབྱེ་དགོས་ཏེ། ངན་པ་དོར་ནས་རིགས་བཟང་པོ་ལ་འཇུག་གོ །ལྟ་དགོངས་མཐོ་ན་དབྱེ་མི་དགོས་ཏེ། བསྙེན་སྒྲུབ་བཞི་ནི་ཞི་བ་དང་མཐུན་ནོ། །སེམས་ལྔ་རིམ་པར་ཟིན་པ་ཡིས། ཞེས་པ། ཡབ་ཡུམ་གྱི་བདེ་བ་མགོ་གཡོ་ཞིང་ཐིག་ལེ་མགོ་ལྡང་ཙམ་ན་གཡོ་ལྡང་བྱང་ཆུབ་ཀྱི་སེམས། སྔ་མའི་བདེ་བ་འཇིག་ཅིང་ཕྱི་མ་ལ་འཇུག་ཙམ་ན། འཇིག་འཇུག་བྱང་ཆུབ་ཀྱི་སེམས། བདེ་བ་སྐྱེས་པ་མ་འགགས་པ་གནས་པ་བྱང་ཆུབ་སེམས། སྔ་མའི་བདེ་བས་ཀྱང་ཕྱི་མ་ལ་དམིགས་པ་ནི་དམིགས་པ་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྩ་གནས་ནས་འོང་ཞིང་སླར་རྩ་གནས་སུ་འགྲོ་བ་ནི་འགྲོ་འོང་བྱང་ཆུབ་ཀྱི་སེམས་སོ། །ལམ་མཆོག་གསལ་བའི་སྒྲོན་མེ་ལས། ལེའུ་བདུན་པའི་རྣམ་པར་འགྲེལ་པའོ། །།ལེའུ་བརྒྱད་པའི་གཞུང་ལ་གཉིས་ལས། རྩོམ་པའི་ཡན་ལག་ལ་གཉིས་ལས། དངོས་གྲུབ་ལྷག་པའི་མཆོག་ཉིད་དང་། ཞེས་པ་ལ་སོགས་པ་སྟེ། དེའང་དངོས་གྲུབ་ནི་མཆོག་ཐུན་གཉིས་ལས། འདི་ཐུན་མོང་གི་དངོས་གྲུབ་པས་ལྷག་པ་མཆོག་གི་དངོས་གྲུབ། ཕྱག་རྒྱ་ཆེན་པོ་ཚེ་དབང་རྣམ་སྨིན་གསུམ་བློ་ཆུང་གི་ཅི་རིགས་པར་ཐོབ་པ་ཡིན་ལ། དེ་དག་གང་ལ་བརྟེན་པ་ཐོབ་ན། བསྙེན་བསྒྲུབ་བཞི་ལ་མོས་བྱས་ནས། ཞེས་པ་སྟེ་ལེའུ་བདུན་པར་ཞི་ཁྲོ་གཉིས་ཀྱི་ཚོགས་སྒྲུབ་པའི་སྐབས་སུ། བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་པ་ཆེན་པོ་བཞི་ལ་བརྟེན་ནས་ཐོབ་པས་དེའི་ཕྱིར་དེ་ལ་མོས་ཤིང་ཕྱག་བཙལ་བའོ། །བདེ་ཆེན་ས་ལ་འགོད་པའི་ཕྱིར། ཞེས་པ་ནི། མཐར་ཐུག་གིས་སངས་རྒྱས་བདེ་བ་ཆེན་པོའི་སྐུ་ལྔའི་ས་ལ་འགོད་པའི་ཕྱིར་རམ་ཆེད་དུ་བཤད་དོ། །གང་བཤད་ན། མཐར་ཕྱིན་འབྲས་བུའི་མཚན་ཉིད་བཤད། ཅེས་པ་སྟེ། ལམ་ཟག་བཅས་མཐར་ཕྱིན་པའི་འབྲས་བུ་རིག་འཛིན་བཞི་བཤད་པར་བྱའོ། །ཞེས་པའོ། །ཡང་འདི་སྐད་ཟེར་ན་རིག་འཛིན་བཞི་པོ་འདི་ལམ་མཐར་ཐུག་པའི་འབྲས་བུ་ཡིན་ནམ་མིན། མིན་ན་གཞུང་དང་འགལ། ཡིན་ན་སངས་རྒྱས་དང་ཁྱད་མེད་དུ་ཐལ། ཞེ་ན། འདོད་ན་མི་རིགས་ཏེ། སངས་རྒྱས་སྤངས་རྟོགས་མཐར་ཐུག་པས་ལམ་བགྲོད་དུ་མེད་པ་ཡིན་ལ། རིག་འཛིན་བཞི་པོ་ནི། སྤངས་རྟོགས་མཐར་མ་ཐུག་སྟེ། ཤེས་བྱའི་སྒྲིབ་པ་དང་བག་ལ་ཉལ་གྱི་སྒྲིབ་པ་གཉིས་ཡོད་དོ། །ལམ་བགྲོད་པར་བཤད་པ་དང་འགལ་ལོ་ཞེ་ན། ལན་ནི། སྤྱིར་འབྲས་བུ་ལ་གཉིས་ཏེ། ལམ་དུ་གྱུར་པའི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུ་གཉིས་སོ། །དེ་ལ་རིག་འཛིན་བཞི་ནི་ལམ་དུ་གྱུར་པའི་འབྲས་བུ་སྟེ། འབྲས་བུ་བཏགས་པ་བ་ཡིན་ནོ། །སངས་རྒྱས་ནི་མཐར་ཐུག་གི་འབྲས་བུ་མཚན་ཉིད་པ་ཡིན་ནོ། །དེའང་ལམ་དུ་གྱུར་འབྲས་མཐར་ཐུག་འབྲས་ཞེས་གསུངས་པ་ཡིན་ནོ། །འོ་ན་རིག་འཛིན་བཞི་ལ་འབྲས་བུ་ཟེར་བ་ཅིའི་ཕྱིར་ཞེ་ན། དེ་ན་ལམ་ཟག་བཅས་མཐར་ཕྱིན་པས་གནས་སྐབས་ཀྱི་འབྲས་བུ་ཡིན་པས་སམ། ཡང་ན་འབྲས་བུ་སངས་རྒྱས་ལ་སྦྱོར་བ་ལ་ཉེ་བ་ཡིན་པས་འབྲས་བུ་མིང་བཏགས་པ་ཡིན་ཏེ་དཔེར་ན་ལྷ་མོ་རྐེད་མེད་མ་བཞིན་ནོ། །དུས་ཚིག་བར་ཆད་མེད་པ་ནས། ཞེས་པ་ནི། དུས་ཀྱི་ཚོགས་བསྒྲུབས་ནས་འབྲས་བུ་ལ་སྦྱོར་ཚུལ་གཉིས་ཡོད་དོ། །གང་ཞེ་ན། ལྷག་མ་ཡོད་དང་མེད་པ་ཡི། ཞེས་བྱ་སྟེ། ལྷག་བཅས་སུ་སྦྱོར་བ་དང་། ལྷག་མེད་དུ་སྦྱོར་བའོ། །ལྷག་མའི་གོ་བར་རང་ཇི་ལྟར་ཡིན་ཞེ་ན། ལྷག་མ་ལུས་འདི་བཞག་ནས། ཡི་གེ་འཁོར་ལོར་ཚོགས་ཆེན་ལ། འགྲོ་བ་ནི་ལྷག་མ་མེད་པ་ཡིན་ལ། ལྷག་མའི་ལུས་འདི་འཇིག་པ་མེད་པ་རྡོ་རྗེའི་ལུས་སུ་བྱས་ནས་སངས་རྒྱས་ཀྱི་ས་ལ་སྦྱོར་ནུས་པ་ནི་ལྷག་བཅས་སོ། །དེའང་ཚོགས་སྒྲུབ་ནས་བློ་ཆུང་བ་རྣམ་སྨིན་ཐོབ་པའི་དུས་སུ་ཕུང་པོ་འདི་སངས་རྒྱས་ཀྱི་ས་ལ་ཁྱེར་མི་ནུས་པས་ལྷག་མེད་ཡིན་ལ། ཚེ་དབང་ཐོབ་པའི་དུས་སུ་ལྷག་མའི་ལུས་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་བྱས་ནས་སངས་རྒྱས་ཀྱི་ས་ལ་ཁྱེར་ནུས་པ་ལྷག་བཅས་ཡིན་ནོ། །དེའང་འབྱུང་བ་དངས་མ་ལས་གྲུབ་པ་ལྷག་མའི་ལུས་མིན་པ། འབྱུང་བ་རགས་པ་རྙིགས་མའི་ཆ་ལས་གྲུབ་པ་ནི་ལྷག་མའི་ལུས་སོ། །ཡང་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་པའི་ལྷག་མའི་རིག་འཛིན་ཐོབ་པའི་ལུས་འདི་ཡིན་ལ། འདི་སངས་རྒྱས་ཀྱི་ས་ལ་ཁྱེར་ནུས་པ་དང་མི་ནུས་པ་གཉིས་ཡིན་ནོ། ཐུན་མོང་ངམ་ལྟ་བུར་ཟུང་དུ་འགྱུར། ཞེས་པ་ནི། ཐེག་པ་ཐུན་མོང་བ་ལ་ལྷག་བཅས་ལྷག་གཉིས་ཟུང་དུ་ཡོད་པ་བཞིན་དུ། འདིར་ཡང་ལྷག་བཅས་ལྷག་མེད་གཉིས་ཟུང་དུ་འགྱུར་རོ། །ཐུན་མོང་ལ་ཇི་ལྟར་ཡོད་ཅེ་ན། འཕགས་པ་དགྲ་བཅོམ་པའི་སྐབས་ན། འཁོར་བར་སྐྱེ་བར་བྱེད་པའི་རྒྱུ་ལས་དང་ཉོན་མོངས་པ་ཟད་ནས་ཚེ་སྔ་མའི་ལས་ཀྱི་ལྷག་མས་བསྐྱེད་པའི་ལུས་འདི་དང་མ་བྲལ་ན་ལྷག་བཅས། འཁོར་བར་སྐྱེ་བར་བྱེད་པའི་ལས་དང་ཉོན་མོངས་པ་ཟད་ནས་སྐྱེ་བ་འདིའི་ཕུང་པོ་དང་བྲལ་ན་ལྷག་མེད་དོ། །ཡང་ན་ཀུན་འབྱུང་གི་བདེན་པ་སྤངས་ཀྱང་འབྲས་བུ་སྡུག་བསྔལ་གྱི་བདེན་པ་མ་སྤངས་ན་ལྷག་བཅས་ལ། རྒྱུ་ཀུན་འབྱུང་གི་དུས་སུ་འབྲས་བུ་སྡུག་བསྔལ་གཉིས་ཀ་སྤངས་ན་ལྷག་མེད་དོ། །དེ་བཞིན་དུས་འདིར་ཡང་ངོ་བོ་མི་འདྲ་ཡང་རྣམ་པར་འདྲའོ། །ཡིད་ཀྱིས་ལྷ་ཡི་གཟུགས་གཟུང་ཞིང་། ཞེས་པ་ལ་སོགས་པ་ནི་རྣམ་སྨིན་གྱི་ངོ་བོ་བསྟན་པ་ཡིན་ཏེ། དེ་ལ་འདོད་ལུགས་མི་མཐུན་ཏེ། ཁ་ཅིག་ནི་རྣམ་སྨིན་སྐད་ཅིག་མས་ཐོབ་པར་འདོད་དོ། །དེའང་ཚོགས་སྒྲུབ་ནས་ཚེ་འཕོ་བའི་དུས་སུ། སྐད་ཅིག་མ་དང་པོ་ཚོགས་སྒྲུབ། །གཉིས་པ་རྣམ་སྨིན། གསུམ་པ་ཕྱག་རྒྱ་ཆེན་པོ་ཡིན་ཟེར་རོ། །དེ་མི་འཐད་དེ། རྣམ་སྨིན་གྱིས་གཞན་དོན་བྱེད་དམ་མི་བྱེད། མི་བྱེད་ན། སྨིན་པས་ཕྲིན་ལས་རྫོགས་མཛད་པ། །མི་འདོར་དགོད་པ་གཞན་གྱིའོ། །ཞེས་གཞན་དོན་བྱེད་པ་དང་འགལ། །བྱེད་ན་སྐད་ཅིག་མ་ལ་གྲུབ་པས་སངས་རྒྱས་དང་ཁྱད་མེད་པར་ཐལ་ལོ། །ཁ་ཅིག་རྣམ་སྨིན་ནི་ཕྱག་རྒྱ་ཆེན་པོ་དང་ཆ་ལུགས་མཐུན་ཏེ། ཡེ་ཤེས་སྒྱུ་མའི་སྐུ་ཡིན་ཟེར་རོ། །འོ་ན་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་ཁྱད་པར་མེད་དམ་བྱས་པ་ལ་སྒྱུ་མའི་ཆ་ལུགས་ལ་ཁྱད་མེད་ཀྱང་དགོངས་པ་ལ་ཁྱད་ཡོད་པར་འདོད་དོ། །དེ་མི་མཐད་དེ། སྤྱིར་རྣམ་པར་སྨིན་པའི་རིག་འཛིན་བློ་ཆུང་ཤོས་ཆུང་བ་ཡིན་ལ། བློ་ཆེ་ཤོས་ཚེ་དབང་གིས་ཀྱང་ལུས་འདི་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་ལས་ལྷའི་སྐུར་སྣང་མ་ནུས་པ་ལ་བློ་ཆུང་ཤོས་རྣམ་སྨིན་གྱིས་ལྷ་སྐུར་སྣང་བ་མི་འཐད། འཐད་ནི་བློ་ཆེ་བར་ཐལ། འདོད་ཐོག་མི་བཏུབ་སྟེ། རྡོ་རྗེའི་ལུས་སུ་མ་གྱུར་པར། །སྟོབས་ཆུང་སྐྱེད་མོས་ཞན་པ་དང་། །ཞེས་བཤད་དོ། །གཞན་ཡང་ཐེག་པ་ནང་འཛེགས་ཀྱི་དབང་དུ་མ་ཧཱ་ཡོ་ག་བློ་ཆུང་བ་ཡིན་ལ། ཨ་ནུ་ཡོ་ག་བློ་ཆེ་བ་ཡིན་ཏེ། མ་ཧཱ་ཡོ་གའི་མཐོང་ལམ་དང་། མཉམ་པའི་ཨ་ནུའི་ས་དྲུག་པ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཀྱིས་ཀྱང་ལུས་འདི་རྡོ་རྗེའི་ལུས་ལས་ལྷ་སྐུར་སྣང་མ་ནུས་པ་ཡིན་ལ། འདིར་དེ་བས་དམའ་བའི་མ་ཧཱ་ཡོ་གའི་མཐོང་ལམ་གྱིས་ལྷའི་སྐུར་སྣང་བ་ཤིན་ཏུ་མི་འཐད་དོ། །ཡང་ལུས་ལྷའི་སྐུར་སྣང་ན་ལྷག་མེད་ཀྱི་ངེས་ཚིག་ཀྱང་ཉམས་སོ། །ཡང་ཁ་ཅིག་ནི་རྣམ་པར་སྨིན་པའི་རིག་འཛིན་གྱི་ལུས་ནི་ལྷའི་སྐུར་གསལ་བ་དེ་ཡིན་ལ། ལྷག་མའི་ལུས་འདི་རྣམ་སྨིན་གྱི་ལུས་མིན། དཔེར་ན་ཁྱུང་ཕྲུག་གི་ལུས་ནང་གི་གཤོག་ཏུ་རྒྱས་པ་དེ་མིན་གྱིས་ཕྱིའི་སྒོ་ང་མིན་པ་བཞིན་ཟེར་བ་དེའང་མི་འཐད་དོ། །འོ་ན་ལྷའི་སྐུར་གསལ་བ་དེ་ཡིད་ཡིན་ནམ་ལུས་ཡིན། ཡིད་ཡིན་ན་ལུས་ག་རེ། ལུས་ཡིན་ན་ཡིད་ག་རེ། དཔེར་ན་སྟག་དོང་ནང་གི་མདའ་གཅིག་ལ་དགྲ་མདའ་བྱས་ན་རྩེ་མདའ་མེད། རྩེ་མདའ་བྱས་ན་དགྲ་མདའ་མེད་པ་བཞིན་ནོ། །ཡང་ལྷག་མེད་ཀྱི་ངེས་ཚིག་ཀྱང་ཉམས་ཏེ། ལྷ་སྐུར་གསལ་བ་དེ་ཡིད་ཡིན། དེ་མི་འདོར་བར་སངས་རྒྱས་ཀྱི་ས་ལ་འགྲོ་བས་ལྷག་བཅས་སུ་ཐལ་ལོ། །ལྷ་རྗེ་ཧོར་པོ་ནི་ཆོས་གསུམ་ལྡན་ལ་བཞེད་དོ། །ཡིད་ལྷའི་སྐུར་སྨིན་པ། ལུས་ཀྱི་རྒྱ་མདུད་དང་མ་བྲལ་བ། བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་ནུས་པའི་ཆོས་གསུམ་དང་ལྡན་པ་ཡིན་ཏེ། དེའང་ཅུང་ཟད་མི་འཐད་དོ། །ཚོགས་སྒྲུབ་བགྲེས་པོ་བློ་ཡང་རབ་དེ་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བར་བཤད་པ་ཡིན་ཏེ། སྤར་ཁབ་ལས་ཡོ་བྱད་རྣམ་པ་བཞི་ལ་ལྟ་སྤྱོད་གཉིས་སུ་མེད་པར་བསྒྲུབས་ནས་འབྲས་བུ་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་བོ། །ཞེས་པ་དེ་དང་རྣམ་སྨིན་ཁྱད་པར་མེད་པར་འགྱུར་རོ། །དེ་ཅིའི་ཤེ་ན། ཆོས་གསུམ་དང་ལྡན་པའི་ཕྱིར་རོ། །དེ་ཡིད་ལྷའི་སྐུར་གསལ་ཏེ་སྤྲོས་པར་ཡང་གསལ་བས་འདིར་ཅི་སྟེ་མི་གསལ། ལུས་ཀྱི་རྒྱ་མདུད་དང་ནམ་ཡང་མ་བྲལ། བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བར་བཤད་པའི་ཕྱིར་རོ། །དེ་ལུང་དགོངས་པ་ཅན་ཡིན་ཏེ། ཚོགས་སྒྲུབ་ནས་ཐོད་རྒལ་མེད་ཅེ་ན། དེ་ལྟར་ན་ཐོད་རྒལ་དང་གཞན་གྱི་ལུང་ཡང་དགོངས་པ་ཅན་དུ་ཐལ་ལོ། །སློབ་དཔོན་ཡམ་ཤུད་ན་རྣམ་སྨིན་ལ་བཏགས་པ་དང་། མཚན་ཉིད་པ་གཉིས་སུ་འདོད་དོ། །ཕྱག་རྒྱ་ཆེན་པོ་འབྲས་བུ་ལ་བཏགས་པ་ཡིན་ལ། ཚོགས་སྒྲུབ་མན་ཆད་ནི་རྣམ་སྨིན་རྒྱུ་ལ་བཏགས་པ་ཡིན་ནོ། །མཚན་ཉིད་པ་ནི་ལྷ་རྗེ་ཧོར་བོ་དང་མཐུན་པར་ཆོས་གསུམ་ལྡན་ལ་འདོད་དེ། དེའང་མི་འཐད་དེ། སྤྱིར་རྣམ་སྨིན་ལ་གཉིས་སུ་དབྱེ་མི་དགོས་ཏེ། ལུང་ཡང་སྦྱོར་ཚུལ་གྱི་ཁུངས་ཡིན་ཏེ། རྒྱུ་རྣམ་སྨིན་ལ་ཚོགས་སྒྲུབ་ཏུ་འདོགས་པ་མི་འཐད་དེ། ཕྱིས་འོང་བའི་སྒྲ་ལ་ཞུགས་པ་རྒྱུ་འབྲས་གོ་ལོག་གོ །འབྲས་བུ་ཕྱག་རྒྱ་ཆེན་པོ་ལ་འདོགས་པའང་མི་འཐད་དེ། ལྷའི་སྐུར་གསལ་བ་ལ་རྣམ་སྨིན་གྱི་ལུས་ལྷག་མེད་དུ་མི་བཏུབ་བོ། །ཁོ་བོ་ནི་ཆོས་བཞི་ལྡན་དུ་འདོད་དེ། ཡིད་ལྷ་སྐུར་གསལ་བ། ལུས་ཀྱི་རྒྱ་མདུད་དང་མ་བྲལ་བ། བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ་ལ་བར་གཞན་གྱིས་མི་ཆོད་པའི་ནུས་པ་དང་ལྡན་པ་རང་གི་ངོ་བོ་ནུས་ཐོབ་ཀྱི་མཐོང་ལམ་ལ་གནས་པ་དང་ཆོས་བཞིར་འདོད་དོ། །ཕྱི་མ་དེས་ཚོགས་སྒྲུབ་བགྲེས་པོ་བློ་ཡང་རབ་དང་ཁྱད་པར་བྱས་པ་ཡིན་ནོ། །མྱ་ངན་འདས་པ་སྨིན་ཞེས་བརྗོད། ཅེས་པའི་སྐབས་འདིར་འདི་སྐད་གསུང་སྟེ། སྤྱིར་ལམ་ལ་ཟག་བཅས་དང་ཟག་མེད་གཉིས་སུ་འདུས་པས། རྣམ་སྨིན་འདི་གང་ཡིན་ཞེ་ན། འདི་ལ་བཞེད་ལུགས་མང་སྟེ། མདའ་ཏིག་ཇོ་ཤཱཀ་ན་རེ། རྣམ་སྨིན་འདི་ཟག་བཅས་ཡིན། གསུང་ཇི་ལྟར་ཡིན་ན། དཔེར་ན་ནད་པར་འགྲོ་བ་ལ་ནད་འདུ་བ་བཞི་ཀ་ཚང་མི་དགོས་ཏེ། གང་ན་ཡང་ནད་པར་འགྲོ་བ་ཡིན། དཔེ་དེ་བཞིན་དུ་ཟག་བཅས་སུ་འགྲོ་བ་ལ་ཟག་པ་གསུམ་ཀ་ཚང་མི་དགོས་ཏེ། འདིར་ལུས་ཀྱི་ཟག་པ་འདུག་པས་ཟག་བཅས་ཡིན་གསུང་སྐད། དེ་མི་འཐད་དེ། དཔེ་མ་གྲུབ་ལ་དོན་མི་གནས་ཏེ། དཔེ་ནད་པར་འགྲོ་བ་ལ་ནད་གང་རུང་གཅིག་གིས་ཆོག་པ་བཞིན་དུ། ཟག་མེད་དུ་འགྲོ་བ་ལ་ཟག་པ་གང་རུང་གཅིག་མེད་པས་ཆོག་པར་འགྱུར་ཏེ། འདིར་རྣམ་སྨིན་ལ་སྐྱེ་གནས་ཀྱི་ཟག་པ་མེད་པས་དེ་བས་ཀྱང་ཟག་མེད་དུ་འགྲོ་ལ། དོན་ཡང་མི་འཐད་དོ། །རྣམ་སྨིན་མྱ་ངན་ལས་འདས་པ་ཡིན་ནམ་མིན། མིན་ན། མྱ་ངན་འདས་པ་སྨན་ཅིས་བརྗོད། ཅེས་པ་དང་འགལ། ཡིན་ན་མྱ་ངན་ལས་འདས་པ་ཟག་བཅས་པར་ཐལ་ལོ། །གླན་ན་རེ། རྣམ་སྨིན་འདི་ཟག་མེད་ཡིན་ཏེ། ལམ་གྱིས་ཤན་འབྱེད་པའི་དུས་སུ་ཡང་ཟག་མེད་དུ་བྱེད་ལ། ད་ལྟའི་ལུས་འདིས་ཕྱི་མའི་ལུས་མི་བསྐྱེད་པར་ལུས་ཀྱི་ཟག་པ་མེད་པ་ལ། ཁམས་དང་སྐྱེ་གནས་ཀྱང་དེ་དང་འདྲ་བར་འདོད་དོ། །དེ་མི་འཐད་དེ། གཅིག་སྤྲོས་ནས་ཐོད་རྒལ་དུ་ཚེ་དབང་ལ་སྦྱོར་བ་དེའང་ཟག་མེད་དུ་ཐལ་ཏེ། འདིའི་ཟག་པ་ཕྱི་མའི་ཟག་པ་མི་སྐྱེད་དེ་ཚེ་དབང་ལ་སྦྱོར་བའི་ཕྱིར་རོ། །ཡང་ཁོང་ན་རེ། འདུག་ཟག་བཅས་སུ་འདུག་ཀྱང་གདབ་ཟག་མེད་ཀྱི་ཁོངས་སུ་གདབ་སྟེ། དཔེར་ན་ཉ་ལྕགས་ཀྱུས་བཟུང་བའམ། སྐྱེས་བུ་གནད་དུ་མཚོན་བསྣུན་པ་ལྟ་བུ་ཡིན་གསུང་ངོ་ལོ། དེའང་མི་འཐད་དེ། དཔེ་མ་གྲུབ་ལ་དོན་མི་གནས་སོ། །དཔེ་མ་གྲུབ་སྟེ། སྐྱེས་བུ་དང་ཉ་གཉིས་ཀ་མ་ཤིའི་བར་དུ་གཤིན་པོའི་ཁོངས་སུ་གདབ་ཏུ་མི་འདོད་དོ། །འཆི་ངེས་པས་འདེབས་པ་ཡིན་ཟེར་ན། སེམས་ཅན་ཐམས་ཅད་གཤིན་པོར་ཐལ། འཆི་ངེས་པའི་ཕྱིར། མྱུར་དུ་འཆི་བའི་ཕྱིར་ཞེ་ན། ཉི་ཚེ་བ་ལ་སོགས་པའི་སེམས་ཅན་ཚེ་ཐུང་བ་རྣམས་ཀྱང་གཤིན་པོར་ཐལ་ལོ། །དོན་མི་གནས་ཏེ། ཟག་པ་དང་མ་བྲལ་གྱི་བར་དུ་ཟག་མེད་དུ་བགྲང་དུ་མི་འདོད། ཟག་མེད་དུ་འགྱུར་ངེས་པའི་ཕྱིར་ཞེ་ན། སྤྲོས་ཚོགས་ཀྱང་ཟག་མེད་དུ་ཐལ། ཟག་མེད་དུ་འགྱུར་ངེས་པའི་ཕྱིར་རོ། །ཡང་ལྷ་རྗེ་གྲུ་ཕུག་པ་ནི། རྣམ་སྨིན་ལ་སྐྱེ་གནས་ཀྱི་ཟག་པ་མེད་པས་ཟག་མེད་དུ་འདོད་པ་ཡིན་གསུང་ངོ་། །དེ་ཅིས་ན། སྐྱེ་གནས་ཀྱི་ཟག་པ་ཡོད་ན་ལུས་དང་ཁམས་ཀྱང་ཞར་ལ་ཡོད ལ། སྐྱེ་གནས་མེད་ན་དེ་གཉིས་ཀྱང་མི་འོང་བས་སྐྱེ་གནས་གཙོ་བོ་ཡིན་གསུང་ངོ་། །དེའི་མི་འཐད་དེ། འོ་ན་རིག་འཛིན་བཞི་ལ་ཡང་སངས་རྒྱས་སུ་ཐལ། སྒྲིབ་པའི་གཙོ་བོ་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པ་མེད་ཀྱང་ཤེས་བྱའི་སྒྲིབ་པ་ཡོད་པས་སངས་རྒྱས་སུ་མི་འགྲོ་ཞེ་ན། འོ་ན་རྣམ་སྨིན་གྱི་ཟག་པའི་གཙོ་བོ་སྐྱེ་གནས་ཀྱི་ཟག་པ་མེད་ཀྱང་། ལུས་ཁམས་ཀྱི་ཟག་པ་ཡོད་པས་ཟག་མེད་མི་འགྲོའོ། །སྐྱེ་གནས་ལ་ཟག་པའི་གཙོ་བོར་བཞག་པ་རང་ཡང་མི་འཐད་དོ། །དེས་ན་སྤྱིར་རྣམ་སྨིན་ལ་འདོད་ལུགས་མང་ཡང་ཟག་མེད་ལ་ཁ་འཆམ། འོ་ན་ཡང་སྐྱོན་མེད་དུ་སྐྱོང་བ་ནི་ཤིན་ཏུ་ཉུང་ངོ་། །ཁོ་བོ་ནི་མེ་ཉག་དང་སྤར་ཁབ་ཀྱི་རྗེས་སུ་འབྲངས་ནས་འདི་ལྟར་འདོད་དེ། སྤྱིར་ཟག་པ་ལ་གཙོ་བོ་དང་ཕྲན་གཉིས་སུ་གནས། གཙོ་བོ་ནི་ཉོན་མོངས་པའི་འཛིན་པ་ཡིན་ལ་ཕྲན་ནི་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཡིན་ནོ། །ཉོན་མོངས་པའི་འཛིན་པ་ཟག་པའི་གཙོ་བོ་ཡིན་པའི་རྒྱུ་མཚན་ཡང་། ཉོན་མོངས་པའི་འཛིན་པ་བྱུང་ན་འཁོར་བར་ཟག་པའི་རྒྱུ་བྱེད་ལ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པས་འཆིང་མི་ནུས་པས་ཕྲན་དུ་འགྱུར་རོ། །དེས་ན་འཇིག་རྟེན་ལས་འདས་པ་དང་མཐོང་ལམ་ལ་ཉོན་མོངས་པའི་འཛིན་པ་མེད་དེ། ཉོན་མོངས་པའི་འཛིན་པ་གཏན་ནས་འདག་པར་བྱེད་པའི་གཉེན་པོ་མཐོང་ལམ་ཡིན་པ་དང་། འཛིན་པ་བྱུང་ན་མྱ་ངན་ལས་འདས་པར་མི་འགྲོ་བའི་ཕྱིར་རོ། །ཉོན་མོངས་པའི་འཛིན་པ་ལ་ཟག་པར་བཤད་པ་མེད་དམ་ཞེ་ན། སྤར་ཁབ་ལས། དེ་དག་འཇིག་རྟེན་ལ་ཡོད་པ་ནི་འཛིན་པའི་ཕྱིར་ཟག་པར་འགྱུར་ལ་ཞེས་བཤད་དོ། །འདིར་ལུས་ཁམས་སྐྱེ་གནསཀྱི་ཟག་པ་སྨོས་པ་ནི་ཕྲན་ཡིན་ནོ། །དེས་ན་རྣམ་སྨིན་ལ་ཟག་པའི་གཙོ་བོ་ཉོན་མོངས་པའི་འཛིན་པ་དེ་མེད་པས་ཟག་མེད་དུ་འགྱུར་རོ། །དེ་ཇི་ལྟར་མེད་སྙམ་ན། སྤྱིར་ཉོན་མོངས་པའི་འཛིན་པ་གཏན་ནས་འདག་པར་བྱེད་པའི་གཉེན་པོ་མཐོང་ལམ་ཡིན་ལ། མཐོང་ལམ་ལ་ཟག་པ་མེད་པས་ཁྱབ། མཐོང་ལམ་ནི་ཚེ་དབང་ཡིན་ཏེ། །སྐབས་འདིར་བདེན་པ་བར་མ་མཐོང་། །ཞེས་བཤད། ཚེ་དབང་རྣམ་སྨིན་ལམ་ཁོད་སྙོམས་པ་ཡིན་ཏེ། རྣམ་སྨིན་ལ་མཐོང་ལམ་གྱིས་ཁྱབ། རྣམ་སྨིན་མཐོང་ལམ་ཡིན་ཙམ་ན་ཉོན་མོངས་པའི་ཟག་པ་མི་འབྱུང་ངོ་། །ཡང་ཉོན་མོངས་པའི་འཛིན་པ་བྱུང་ན་མྱ་ངན་ལས་འདས་པར་མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་ཉོན་མོངས་པའི་ཟག་པ་མེད་པས་ཁྱབ། དེས་རྣམ་སྨིན་ལ་ཁྱབ་སྟེ། རྣམ་སྨིན་ནི་འདི་ཉིད་ནས་མྱ་ངན་འདས་པར་བཤད་པའི་ཕྱིར་རོ། །སྐྱེ་གནས་ཀྱི་ཟག་པ་ཡང་མེད་དེ་སྐྱེ་བ་བཞིར་རང་དབང་མེད་པར་མི་འཇུག་གོ །དེས་ན་རྣམ་སྨིན་ཟག་མེད་དུ་བདེའོ། །གལ་ལྟེ་ལུས་དང་ཁམས་ཀྱི་ཟག་པ་ཡོད་པས་ཟག་བཅས་སུ་འགྲོ་ན། མཆོག་གི་སྤྲུལ་པའི་སྐུ་ཤཱཀྱ་སེང་གེ་ལ་ཡང་ལུས་ཡོད་ལ། ཁམས་བདེ་མི་བདེ་ཡང་འདའ་བའི་དུས་སུ་བྱུང་བས་དེ་ཡང་ཟག་བཅས་སུ་འགྱུར་རོ། །དེས་ན་རྣམ་སྨིན་འདི་ཟག་མེད་ཡིན་ནོ། །ལམ་མཆོག་དབྱིངས་གཅིག་ཡིན་ནོ། །ཞེས་པ། ཚོགས་བསྒྲུབས་ནས་བློ་ཆེ་ཆུང་གིས་ལམ་ལྷག་བཅས་ཚེ་དབང་དུ་འབྱོར་བ་དང་། ལྷག་མེད་རྣམ་སྨིན་དུ་སྦྱོར་བ་དང་གཉིས་སུ་གྱེས་པ་ཡིན་ཏེ། དེ་གཉིས་ལ་བློ་ཆེ་ཆུང་ཡོད་ཀྱང་ལམ་ཁད་སྙོམས་པར་ཡོད་པས་གཅིག་ལ་གཅིག་སྦྱོར་བ་མེད་དོ། །འོ་ན་ལམ་ཆུང་ལས། དུས་དེ་ཉིད་སྨིིན་ལུས་དེ་ཉིད། རྡོ་རྗེའི་ལུས་འགྱུར་ཚེ་ལ་སྦྱོར། ཞེས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། དེ་ནི་ཚོགས་སྒྲུབ་བློ་ཆེ་བས་ཚེ་དབང་ལ་སྦྱོར་བ་སྟེ། ཚེ་སྔ་མའི་ལས་ཀྱི་རྣམ་པར་སྨིན་པའི་ལུས་དེ་མ་སྤངས་པར་རྡོ་རྗེའི་ལུས་ལ་སྦྱོར་བའི་ཁུངས་ཡིན་ཏེ་རྣམ་སྨིན་འདི་ལ་ཟེར་བ་མིན་ནོ། །དགོངས་སྤྱོད་བརྩོན་པས་སྟོབས་རྫོགས་པ། ཞེས་པ། ལམ་ཡོངས་སུ་རྫོགས་པའི་ཚེ་དབང་ཡིན་ཏེ། དེ་ཡང་ཐབས་ལམ་དང་གྲོལ་ལམ་གྱི་དགོངས་པ་ལ་བརྟེན་ནས། ལམ་གྱི་སྟོབས་རྫོགས་ཏེ་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་བྱས་སོ། །སྟོབས་གང་ཡིན་ཞེ་ན། མངོན་ཤེས་ཉི་ཤུ་རྩ་ལྔ་དང་། འཇིགས་པ་ལྔ་དང་བྲལ་བ་ལ་སོགས་པ་ཡིན་ནོ། །ཡོ་བྱད་ཐབས་ཀྱི་སྟོབས་ལས་སྐྱེ། ཞེས་པ་ནི། ཡོ་བྱད་ནི་རང་ལ་གནས་པའི་རྩ་དང་རླུང་ཡིན་ལ། ཐབས་ནི་སྟེང་རླུང་མནན་འོག་རླུང་བསྡམས་ཏེ་རླུང་ལས་སུ་རུང་བས་ཚེ་རིང་བར་འགྱུར་རོ། །སྒྲོལ་ལམ་རླུང་ལས་གྲུབ་པའི་ཚེ་རིང་བ་ཡིན་ནོ། །གཞན་པའི་ཡོ་བྱད་རྟགས་ལྡན་པ། ཞེས་པ་གཞན་པ་ནི་གོང་བཞིན་དུ་རང་ལ་གནས་པའི་ཡོ་བྱད་ལ་མི་བརྟེན་པར་དེ་ལ་གཞན་པ་ཕྱི་རོལ་གྱི་ཡོ་བྱད་སྨན་ར་མོ་ཤག་ལ་སོགས་པའི་བཅུད་ལེན་གྲུབ་པས་ཚེ་རིང་བ་ཡིན་ཏེ། སྨན་ལས་གྲུབ་པའི་ཚེ་དབང་ངོ་། །དངོས་གྲུབ་རོལ་པའི་མཐུ་ལས་བྱུང་། ཞེས་པ་སྒྲུབ་པ་ཆེན་པོའི་དུས་སུ་དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལ་བླང་བའི་དུས་སུ་ཡབ་ཡུམ་རོལ་པའི་བྱང་ཆུབ་ཀྱི་སེམས་ཟོས་པས་ཚེ་རིང་བ་ཡོད་དེ་ཐབས་ལས་གྱུར་པའི་ཚེ་དབང་ངོ་། །དེ་ལྟར་ཐུན་མོང་གི་ཚེ་དབང་གསུམ་པོ་ཡང་ལྟ་བའི་རྩིས་མ་ཟིན་ན་ལམ་ཡིན་གྱིས། ལྟ་བའི་རྩིས་ཟིན་ན་ཐབས་ལམ་དུ་འགྲོའོ། །འོ་ན་ལམ་མཆོག་ཡོངས་སུ་རྫོགས་པ་དང་། ཁྱད་ཅི་ཡོད་ཅེ་ན། ཁྱད་པར་ཆེ་སྟེ། ཐུན་མོང་གི་ཚེ་དབང་གསུམ་ནི། རྒྱུ་རྫས་ལ་བརྟེན་ནས་འགྲུབ་པས་ཟག་བཅས་ཡིན་ལ་ལམ་ཡོངས་སུ་རྫོགས་པའི་ཚེ་དབང་ནི་རྒྱུ་ལྟ་བ་དང་ཏིང་ངེ་འཛིན་ལས་གྲུབ་པས་ངོ་བོ་ཟག་མེད་ཡིན་ནོ། །རྡོ་རྗེའི་ལུས་འགྱུར་ཐེ་ཚོམ་མེད། །ཅེས་པ། འོ་ན་ཚོགས་སྒྲུབ་ན་ཚེ་དབང་ཐོབ་པའི་དུས་སུ་ཚོགས་སྒྲུབ་ཀྱི་ལུས་བོར་ནས་རྡོ་རྗེའི་ལུས་སུ་འགྱུར་རམ་མ་བོར་བར་འགྱུར་ཞེ་ན། ཚོགས་སྒྲུབ་ཀྱི་ལུས་དེ་བོར་ན་ལྷག་བཅས་སུ་མི་འགྲོ་ལ། མ་བོར་ན་ཚོགས་སྒྲུབ་ཀྱི་འབྱུང་བ་རགས་པའི་ལུས་དེ་ཉིད་འབྱུང་བ་དངོས་པོ་རྡོ་རྗེའི་ལུས་སུ་གནས་འགྱུར་ནས་འགྲོ་བ་ཡིན་ནོ། །ཟེ་བདེ་བ་རྒས་པ་ཆ་བདེ་བར་འགྲོ་བ་དང་འདྲ་བའོ། །གསུང་། ལུས་ཁམས་སྐྱེ་གནས་ཟག་པ་ཟད། ཅེས་པ་ནི། ཚེ་དབང་ནི་ཟག་པ་གསུམ་དང་བྲལ་བ་ཡིན་སྟེ། རྡོ་རྗེའི་ལུས་སུ་གྱུར་པས་འཆི་བ་དང་བྲལ། གཤང་གཅི་མི་འབྱུང་བས་ལུས་ཀྱི་ཟག་པ་དང་བྲལ་ལ། ལུས་ལ་བཀྲེས་སྐོམ་དང་ན་ཚ་མི་འབྱུང་བས་ཁམས་ཀྱི་ཟག་པ་མེད་ལ། སྐྱེ་གནས་བཞིར་བདག་དོན་དུ་རང་དབང་མེད་པར་ཞུགས་མི་དགོས་པས་སྐྱེ་གནས་ཀྱི་ཟག་པ་མེད་དོ། །གཞན་དོན་སྤྲུལ་པའི་སྐུར་ཞུགས་པ་ལ་ངེས་པ་མེད་དོ། །མདོར་ན་ཚེ་དབང་གི་རྩ་བའི་ལུས་འདི་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་ཡིན་ལ། སྤྲུལ་པའི་ལུས་ནི་ལྷ་མི་སྟོད་རིམ་གྱི་ཆ་ལུགས་བཟུང་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །བདག་གི་དོན་དུ་གཉེར་བ་ནི། །བརྒྱ་ཕྲག་བཅུ་དྲུག་ཚེ་ཡི་རྫོགས། །ཞེས་པ་ཚེ་དབང་ནི་རིག་འཛིན་འདི་དག་རང་དོན་དུ་ལོ་སྟོང་དྲུག་བརྒྱ་སྡོད་པ་མིན་ནམ། མིན་ན་གཞུང་འདི་དང་འགལ། ཕྱག་རྒྱ་ཆེན་པོ་ལ་སྦྱོར་ལ་རྣམ་སྨིན་མགྱོགས་པའི་ཕྱིར་རོ། །དེ་ཅིས་མགྱོགས་ན་ཚེ་དབང་ནི་བདག་གི་དོན་དུ་ཡང་ལོ་སྟོང་དྲུག་བརྒྱ་སྡོད་ལ། རྣམ་སྨིན་ལ་ཚེ་ལོ་དེ་ཙམ་སྡོད་མི་ནུས་པའི་ཕྱིར་རོ། །རྣམ་སྨིན་བློ་ཆེ་བ་འདོད་ཐོག་ཅེ་ན་གཞུང་དང་འགལ་ལོ། །སྟོབས་ཆུང་སྐྱེད་མོས་ཞན་པའི་ཕྱིར། ཞེས་གསུངས་པ་ཡིན་ནོ། །རིགས་མཐུན་མཆོག་བརྒྱ་སྤྲུལ་པ་ལས། ཞེས་པ་ནི། ཚེ་དབང་གི་རང་དོན་གྱི་སྤྱོད་པ་ནི་རང་གི་རིགས་མཐུན་པ་བློ་མཆོག་ཏུ་གྱུར་པའི་ཚེ་དབང་ལ་ཆོས་ཉན། ཕྱག་རྒྱ་ཆེན་པོའི་རིག་འཛིན་ལའང་ཆོས་ཉན་ལ་སྤྲུལ་པའི་སྐུ་ལ་ཡང་ཆོས་ཉན་པ་ཡིན་ནོ། །གོམས་པ་ལས་ཀྱང་མངོན་དུ་འགྱུར། ཕྱག་རྒྱ་ཆེན་པོའི་ཆ་ལུགས་ནི་རིགས་གང་རུང་གི་སྐུར་གསལ་བ་ཡིན་ཏེ། དེ་ཡང་སྤྲོས་བཅས་སུ་གཙོ་བོ་གང་ལ་བྱས་པ་གོམས་པའི་ལྷའི་སྐུ་རུ་གཅིག་ཏུ་གསལ་བ་ཡིན་ཏེ། དེའང་གཅིག་སྤྲོས་བཅས་སུ་གཙོ་བོ་གང་བྱས་སུ་གསལ་བ་ཡིན་ནོ། །སྤྲུལ་པའི་ལུས་ནི་ངེས་པ་མེད་དེ་རྔོན་པ་དང་སྨད་འཚོང་ལྟ་བུར་བསྟན་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། ཞེས་པ་ནི། ཐུན་མོང་གི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་ལྡན་པ་ལ་སོགས་པ་ཡིན་ལ། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་ལ་སོགས་པ་འབུམ་ཉི་ཁྲི་ནས་བཤད་པ་རྣམས་ཡིན་ཏེ། མཆོག་གི་མཚན་དཔེ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡིན་ལ་དེ་རེ་རེ་ལ་དབུ་རྒྱན་རིགས་ལྔ་ལྔ་བསྣན་ཏེ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡིན་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ་ཡིན་ནོ། །འོ་ན་ལོངས་སྐུ་ཁྱད་ཅི་ཡོད་ཅེ་ན། ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། ཞེས་པ། ལོངས་སྐུ་དངོས་མིན་ཏེ་ལོངས་སྐུ་དང་ཆ་ལུགས་མཐུན་པས་ལོངས་སྐུ་གཉིས་པ་ཟེར་བ་ཡིན་ཏེ། དགོངས་པ་ལ་བཞེངས་བཞུགས་ལ་སོགས་པ་ཁྱད་པར་ཤིནཏུ་ཆེའོ། །ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། ཞེས་པ་ནི། ཚེ་དབང་གིས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བའི་དུས་སུ་རྡོ་རྗེའི་ལུས་དེ་སྤངས་སམ་དེ་ཀ་ལྟར་ཁྱེར། སྤངས་ན་ལྷག་བཅས་མི་བཏུབས་ལ། དེ་ཁོ་ན་ལྟར་ཁྱེར་ན་ཡེ་ཤེས་སྒྱུ་མའི་སྐུར་མི་འགྲོ་འོ། །ཞེ་ན། མ་སྤངས་ལ་མི་ལྡན་ཞེས་བྱ་སྟེ། ཚེ་དབང་གི་ལུས་དེ་སྤངས་པ་མ་ཡིན་ལ་དེ་ཁོ་ན་ལྟར་ཡང་མི་ལྡན་ལ། འོ་ན་ཇི་ལྟར་སྦྱོར་ཞེ་ན། རྡོ་རྗེའི་ལུས་དེ་ཉིད་ཡེ་ཤེས་སྒྱུ་མའི་ལུས་སུ་གནས་འགྱུར་བ་ཡིན་ནོ། །སྔ་མའི་རིག་འཛིན་ལ་མཐུ་རྫོགས། ཞེས་པ་ལམ་སྔ་མ་ཕྱག་རྒྱ་ཆེན་པོའི་རིག་འཛིན་སྐབས་སུ་ལྟ་སྤྱོད་ཀྱི་མཐུ་རྫོགས་པར་བྱས། བཤད་པ་བཞིན་དུ་དྲི་མ་དག་པར་བྱས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐབས་སུ་བཤད་པ་བཞིན་དུ་ལྷན་ཅིག་གནས་པའི་དྲི་མ་དག་པའོ། །སངས་རྒྱས་གཉིས་པ་ནི་ལོངས་སྐུ་སྟེ། ཤེས་རབ་གསུམ་ནི་ལོངས་སྐུ་དེ་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་བརྟེན་ནས་ལྷུན་གྲུབ་ཐོབ་པར་འགྱུར་རོ། །སྐད་ཅིག་རག་ལས་རིག་འཛིན་མཐའོ། །ཞེས་པ་ནི། ལྷུན་གང་གིས་གྲུབ་པའི་རིག་འཛིན་དེས་སངས་རྒྱས་ཐོབ་པའི་དུས་ནི། བྱ་བ་རྫོགས་པའི་སྐད་ཅིག་མ་ལ་ཐོབ་སྟེ། དེ་ཡང་བག་ལ་ཉལ་གྱི་སྒྲིབ་པ་ཆ་ཕྲ་ཞིང་ཕྲ་བ་ལས་མེད་དོ། །ཉིན་མོའི་སྐར་མ་དང་འདྲ་བ་ཡོད་དུ་མི་ཚོར་བ་བག་ཙམ་པ་གཅིག་གིས་བསྒྲིབས་པ་ཡིན་ལ། དེའི་གཉེར་པོ་རྡོ་རྗེ་ལྟ་བུ་ལ་བརྟེན་ནས་སྦྱོང་བ་ཡིན་ཏེ། དེའང་རིག་འཛིན་རྣམས་ཀྱི་ཐ་མ་སྟེ་ཡར་མཐའ་ཡིན་ནོ། །ཆ་བྱད་རྒྱལ་བ་ཉིད་དུ་སྟེ། ཞེས་པ་ནི་ལྷུན་གྱི་གྲུབ་པ་དེའི་རིག་འཛིན་གྱི་ཆ་ལུགས་ནི་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ཆ་ལུགས་སུ་བཞུགས་པ་ཡིན་ནོ། །ཆོས་སྐུའི་རྒྱལ་ཚབ་ཡིན་ལ་སྤྲུལ་པའི་ལུས་ནི་མ་ངེས་ལ། ཞི་བ་དང་ཁྲོ་བོ་རྒྱལ་བུ་དོན་གྲུབ་ལ་སོགས་པ་སྟོན་པ་ཡིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། ཞེས་པ། དཔེར་ན་རྡོ་རྗེ་ཕ་ལམ་དེས་ཕར་ལ་དངོས་པོ་སྲ་ཞིང་སྲ་བ་ཡོངས་ལ་འཇོམས་པར་ནུས་ལ། ཚུར་ལ་གང་གིས་ཀྱང་མི་ཚུགས་པ་བཞིན་དུ། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་སྐབས་འདིར་ཡང་ཡིད་འཛུམ་མུ་ལེ་བའི་ཏིང་ངེ་འཛིན་གྱིས་ཕར་ལ་སྒྲིབ་པ་ཆ་ཕྲ་ཞིང་ཕྲ་བ་བག་ལ་ཉལ་བ་ཐམས་ཅད་ཀྱང་འཇོམས་པར་ནུས་ལ་ཚུར་ལ་ཉོན་མོངས་པ་སོགས་སྒྲིབ་པ་གང་གིས་ཀྱང་མི་གོས་པས། དེས་ན་ཏིང་ངེ་འཛིན་རྡོ་རྗེ་ཕ་ལམ་དང་འདྲ་བས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་ཇི་ལྟར་འཇོག་ན། ལྷུན་གྱི་གྲུབ་པའི་རིག་འཛིན་དེ་རང་གི་འབྲས་བུ་ལ་སྦྱོར་བའི་ཚེ་ན། ཕྱོགས་བཅུ་སངས་རྒྱས་རྣམས་ཀྱིས་བསྐུལ་བ་མཛད་དེ་ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱིས་རིགས་ཀྱི་བུ་དེའི་མགོ་ལ་ཕྱག་གིས་བྱུག་སྟེ། ཕྱག་བརྐྱང་ནས་རིགས་ཀྱི་བུ་ཡིད་འཛུམ་མུ་ལེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིག་ཅེས་བརྗོད་པས་རིགས་ཀྱི་བུ་དེ་ལ་དེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་ཏེ། བདག་ཏུ་རྟོག་པའི་མཚན་མ་བག་ལ་ཉལ་གྱི་སྒྲིབ་པ་ཕྲ་ཞིང་ཕྲ་བ་དེ་རྣམས་བཅོམ་སྟེ་སངས་རྒྱས་ཀྱི་ས་མངོན་དུ་གྱུར་པར་བྱེད་པ་ཡིན་ནོ། །འོ་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བག་ལ་ཉལ་གྱི་སྒྲིབ་པ་སྤོང་བའི་དུས་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་ནས་སྒྲིབ་པ་སྤོང་ངམ། སྒྲིབ་པ་སྤོངས་པའི་ཤུལ་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེ། སྒྲིབ་པ་སྤངས་པའི་ཤུལ་དུ་སྐྱེ་ན་ཏིང་ངེ་འཛིན་དོན་མེད་དུ་ཐལ། སྤང་བྱ་མེད་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་ནས་སྤོང་ཞེ་ན། འོ་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་པའི་དུས་སུ་སྤང་བྱའི་སྒྲིབ་པ་ཡོད་དམ་མེད། མེད་ན་ཏིང་ངེ་འཛིན་སྐྱེས་པ་དོན་མེད་དུ་ཐལ། ཡོད་ན་སྤང་བྱ་གཉེན་པོ་ལྷན་ཅིག་འཚོགས་པ་དངོས་འགལ་ལྷན་ཅིག་མ་ཡིན་པར་ཐལ། ཡང་གཉེན་པོ་སྐྱེས་ཀྱང་སྤང་བྱ་ཡོད་ན། གཉེན་པོ་སྐྱེས་པ་དོན་མེད་དུ་ཐལ་ཞེ་ན། འདི་ལྟར་འདོད་དེ། རྡོ་རྗེ་ལྟ་བུ་སྐྱེས་པ་དང་སྒྲིབ་པ་སྤངས་བ་དུས་མཉམ་སྟེ། དུས་ལ་སྔ་ཕྱི་མི་འདོད་དེ། དེ་ཡང་སྐད་ཅིག་མ་དང་པོ་ལ་སྤང་བྱ་གཉེན་པོ་ལྷན་གཅིག་ཏུ་འཚོགས། །སྐད་ཅིག་མ་གཉིས་པར་གཉེར་པོས་སྤང་བྱ་ནུས་མེད་དུ་བྱས། སྐད་ཅིག་མ་གསུམ་པ་ལ་སྤང་བྱ་མི་གནས་པར་གཉེན་པོའི་ཡེ་ཤེས་འབའ་ཞིག་ཏུ་གནས་པར་གྱུར་ནས། །དེ་ཕན་ཆད་སངས་རྒྱས་ཀྱིས་ཞེས་བྱ་སྟེ་སྤངས་པ་དང་རྟོགས་པ་མཐར་ཐུག་པ་ཡིན་ནོ། །མཉམ་དང་མི་མཉམ་མི་མཉམ་མཉམ། །ཞེས་པ་ལ་སོགས་པར་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངོ་བོར་གནས་པས་མཉམ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ལས་དགེ་སྡིག་ལ་སྤང་བླང་དགོས་པས་མི་མཉམ་མོ། །དེ་ལྟར་ལས་དགེ་སྡིག་ལ་སྤང་བླང་དགོས་པས་མི་མཉམ་པའི་དུས་ན། ཡང་དག་ལྡན་པར་ལས་དགེ་སྡིག་ཏུ་མ་གྲུབ་པས་མཉམ་མོ། །བྱ་དང་མི་བྱ་བྱ་མེད་བྱ། །ཞེས་པ་འབྲས་བུ་ལམ་ལ་བརྟེན་ནས་ཞེས་རྒྱས་པ་དང་། འབྲས་བུ་དེ་ཡང་རིག་པ་ལས་ཐོབ་བྱ་ལོགས་ན་མེད་པས། གཞན་ནས་ཐོབ་པར་མི་བྱ་དེ་ལྟར་གཞན་ནས་ཐོབ་བྱ་མེད་པ་དེ་ཉིད་ཐོབ་པར་བྱས་པ་ཡིན་ནོ། །གྲུབ་དང་མ་གྲུབ་ཐམས་ཅད་གྲུབ། ཅེས་པ་དེ་ལྟར་ལྟ་བ་དང་ཏིང་ངེ་འཛིན་ལ་བརྟེན་ནས་འབྲས་བུ་གྲུབ་པ་དང་། གྲུབ་པའི་དུས་སུ་ཡང་ལོགས་སུ་གྲུབ་རྒྱུ་མེད་པས་མ་གྲུབ་པ་དང་། དེ་ལྟར་མ་གྲུབ་གྲུབ་ཙམ་རིག་པའི་ཆོ་འཕྲུལ་ཡིན་གྱིས། ཡེ་ནས་འབྲས་བུའི་ངོ་བོར་གནས་པས་ཐམས་ཅད་གྲུབ་པ་ཡིན་པ་ཡིན་ནོ། །གྲུབ་དང་མ་གྲུབ་ཐམས་ཅད་ཀུན། ཞེས་པ་གཉིས་མེད་ཀྱི་རིག་པ་མངོན་དུ་གྱུར་པ་ཙམ་དེ་ལ་ནི་རིག་འཛིན་ཞེས་བྱ་བའི་ཐ་སྙད་དང་བྲལ་ལོ། །འདིའི་གནས་སྐབས་སུ་རིག་འཛིན་གྱི་ཁྱད་པར་ཡང་གསུངས་ཏེ། ལམ་གྱི་ཁྱད་པར་དང་གཅིག །ཆ་ལུགས་ཀྱི་ཁྱད་པར་དང་གཉིས། རྩོལ་བ་ཡོད་མེད་ཀྱི་ཁྱད་པར་དང་གསུམ། སྟོན་འཁོར་གྱི་ཁྱད་པར་དང་བཞི། དང་པོ་ལམ་གྱི་ཁྱད་པར་ཡོད་དེ། རྣམ་སྨིན་དང་ཚེ་དབང་གཉིས་ནི་མཐོང་ལམ་ཡིན་པས་ས་དང་པོ་དང་སྐལ་པ་མཉམ་མོ། །དེའང་སྐབས་འདིར་བདེན་པ་བར་མ་མཐོང་། ཞེས་པ་དང་། རྒྱུ་ཡི་དང་པོར་སྐལ་བ་མཉམ། ཞེས་གསུངས་སོ། །དེའང་ཕྱག་རྒྱ་ཆེན་པོ་སྒོམ་ལམ་པ་ཡིན་ཏེ། དེ་ཡང་ཕྱག་རྒྱ་ཆེན་པོ་སྒོམ་ལམ་བའི། ཞེས་སོ། །ས་གཉིས་པ་ནས་དགུ་པའི་བར་བརྒྱད་དང་སྐལ་པ་མཉམ་སྟེ། ལམ་ཆུང་ལས། བརྒྱད་པའི་སེམས་པར་སྐལ་བ་མཉམ། ཞེས་སོ། །ལྷུན་གྲུབ་ནི་མཐར་ལམ་པ་ཡིན་ཏེ། དེ་ཉིད་དང་ནི་མཐར་སྦྱོར་ལམ། །ཞེས་པ། ས་ནི་བཅུ་པ་དང་མཉམ་སྟེ། །བཅུ་པ་གསུམ་དང་སྐལ་མཉམ་མོ། །ཞེས་སོ། །ཆ་ལུགས་ཀྱི་ཁྱད་པར་ནི། རྣམ་སྨིན་ཐ་མལ་གྱི་ལུས་སུ་ཡོད་དེ། ལུས་ཀྱི་རྒྱ་མདུད་མ་བྲལ་ཞིང་། ཞེས་སོ། །ཚེ་དབང་ནི་འབྱུང་བ་དྭངས་མ་རྡོ་རྗེའི་ལུས་སུ་ཡོད་དེ། དབང་སྒྱུར་རྩ་བ་རྡོ་རྗེའི་ལུས། ཞེས་སོ། །ཕྱག་རྒྱ་ཆེན་པོ་ནི་རིགས་ལྔ་གང་རུང་གཅིག་གི་ཆ་ལུགས་སུ་གནས་ཏེ། ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། ཞེས་སོ། །ལྷུན་གྱི་གྲུབ་པའི་རིག་འཛིན་ནི་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་པོའི་ཆ་ལུགས་སུ་བཞུགས་ཏེ། ཆ་བྱད་རྒྱལ་བ་ཉིད་དུ་སྟེ། ཞེས་སོ། རྩོལ་བ་ཡོད་མེད་ཀྱི་ཁྱད་པར་ནི། རྣམ་སྨིན་ཚེ་དབང་ནི་གདུལ་བྱའི་དོན་ཆེད་དུ་རྩོལ་བ་བྱེད་དགོས་ལ། ཕྱག་རྒྱ་ཆེན་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སེམས་ཅན་གྱི་དོན་བྱེད་དོ། །དེའང་ལམ་ཆུང་ལས། མཐོང་བས་ཆེད་དུ་ཆོ་འཕྲུལ་ཏོ། །རྣོ་ངར་མི་བཞིན་སྤྲུལ་པ་དང་། །རྩོལ་བ་མེད་པར་ཆོ་འཕྲུལ་མཛད། །ཅེས་སོ། །སྟོན་འཁོར་གྱི་ཁྱད་པར་ནི། རྣམ་སྨིན་ཚེ་དབང་གཉིས་ནི། ཕྱག་རྒྱ་ཆེན་པོ་ལ་ཆོས་ཉན། ཕྱག་རྒྱ་ཆེན་པོ་ནི་ལྷུན་གྲུབ་ལ་ཆོས་ཉན། དེ་ཡང་ལམ་ཆུང་ལས། གཅིག་གི་སྟོན་པར་གཅིག་གྱུར་པས། ཁྱད་པར་ཆེ་བ་དེ་ལྟའང་། ཞེས་སོ། །ཡང་རྣམ་སྨིན་ཚེ་དབང་གཉིས་ཏེ་སྤྲུལ་སྐུ་ལ་ཆོས་ཉན། ཕྱག་རྒྱ་ཆེན་པོ་ནི་ལོངས་སྐུ་ལ་ཆོས་ཉན། མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ནི། ཆོས་སྐུ་ལ་ཆོས་ཉན་ཅིང་དེ་དག་གི་རྒྱལ་ཚབ་ཀྱང་རིག་པ་བཞིན་དུ་བྱེད་པ་ཡིན་ནོ། །དེ་ཡང་སྤྲུལ་པ་ལོངས་སྤྱོད་སྤྲུལ་པ་ལས། རིམ་པར་ཞལ་མཐོང་ཉན་ཡོད་ཀྱང་། །ཞེས་གསུངས་སོ། །ལམ་མཆོག་གསལ་བའི་སྒྲོན་མེ་ལས། །ལེའུ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།ལེའུ་དགུ་པ་ལ་གཉིས་ལས། རྩོམ་པ་ལ་འཇུག་པའི་ཡན་ལག་ནི། རང་བཞིན་ཉིད་དུ་མངོན་རྫོགས་པའི། །ཞེས་པ་ལ་སོགས་པ་སྟེ། དེའང་རང་བཞིན་ནི་ལེའུ་དང་པོར་བསྟན་པ་བཞིན་དུ་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གནས་ལ། དེ་ལ་རྟོག་པ་གློ་བུར་བའི་སྒྲིབ་པ་བསལ་བའི་ཆེད་དུ། ལེའུ་གཉིས་པར་ལྟ་བ་གཏན་ལ་ཕབ་ནས་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་ལ་བློ་སྦྱངས་ཏེ། མདོར་ན་ལམ་གྱི་རྩལ་ཡོངས་སུ་རྫོགས་པར་བྱས་པའི་རྡོ་རྗེ་འཛིན་པ་ཉིད་ལ་མོས། ཞེས་པ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་ཆང་ཆེན་པོའི་ཆ་ལུགས་སུ་གནས་པའི་ལྷུན་གྱི་གྲུབ་པའི་རིག་འཛིན་ལ་མོས་ཤིང་ཕྱག་བཙལ་བའོ། །སྲིད་པ་རིམ་དང་རྫོགས་ཚུལ་གྱིས། ཞེས་པ་སྤྱིར་ལམ་ས་ལ་བློ་ཆེ་ཆུང་ཡོད་པས་འབྲས་བུ་ལ་སྦྱོར་ཚུལ་ཡང་གཉིས་ཡོད་དེ། རྫུས་སྐྱེས་དང་ཚུལ་མཐུན་པ་ཅིག་ཅར་དུ་སྦྱོར་བ་དང་། མངའ་སྐྱེས་དང་ཚུལ་མཐུན་པ་རིམ་གྱིས་པར་སྦྱོར་བ་ཡིན་ནོ། །དེ་རེ་རེ་ལའང་གཉིས་གཉིས་འགྲོ་སྟེ། གཞི་གནས་ཀྱི་རིམ་གྱིས་པ་དང་། །ཅིག་ཆར་བ་དང་། གནས་སྐབས་ཀྱི་རིམ་གྱིས་སྦྱོར་བ་དང་། ཅིག་ཅར་དུ་སྦྱོར་བ་གཉིས་སུ་ཡོད་དོ། །སྦྱོར་ཚུལ་གཉིས་ཀྱིས་སོ། །གཞི་གནས་ཀྱི་རིམ་གྱིས་པ་ནི། དང་པོ་ལྟ་བ་གཏན་ལ་ཕབ་ནས་ཏིང་ངེ་འཛིན་རིམ་པར་བསྒོམ་སྟེ། འབྲས་བུ་ལ་དུས་བུལ་བས་མི་སྦྱོར་བ་ཡིན། གཞི་གནས་ཀྱི་ཅིག་ཅར་བ་ནི། །ལྟ་བ་དབྱེར་མེད་ཆིག་ཆོད་དུ་རྟོགས། ཆིག་ཆོད་དུ་བསྒོམ། ཆིག་ཆོད་དུ་མཐར་ཕྱིན་ནས་འབྲས་བུ་ལ་དུས་མྱུར་བ་སྦྱོར་བ་ཡིན་ནོ། །གནས་སྐབས་ཀྱི་རིམ་དང་ཅིག་ཆར་བ་ནི། དེ་རེ་རེ་ལའང་བློ་ཆེ་ཆུང་གིས་རིམ་གྱིས་སྦྱོར་བ་དང་ཅིག་ཅར་སྦྱོར་བ་གཉིས་སུ་ཡོད་དེ། དེ་ལྟར་སྦྱོར་ཚུལ་གཉིས་ཀྱིས་སོ། །མངོན་བྱས་དོན་ཡོད་བཤད་པར་བྱའོ། །ཞེས་པ་སྟེ། དེའང་ལམ་གྱི་རྩོལ་བས་གཞི་ཇི་ལྟ་བ་བཞིན་དུ་མངོན་དུ་བྱ་སྟེ། ལམ་གྱི་རྩོལ་བ་དོན་ཡོད་པར་བྱ་བའི་འབྲས་བུ་བཤད་པར་བྱའོ། །ཞེས་སོ། །འོ་ན་འབྲས་བུའི་གནས་སྐབས་སུ་གཞི་ཇི་ལྟ་བ་བཞིན་དུ་བྱས་པ་ཡིན་ནམ་མིན། མིན་ན་འདི་ཉིད་དང་འགལ། ལེའུ་གསུམ་པ་ལས། མངོན་བྱས་ལྷག་པའི་ཆོས་སྐུར་སྦྱོར། །ཞེས་བཤད་པ་དང་འགལ། འབྲས་བུ་ལམ་དུ་བྱེད་པ་དང་ཡང་འགལ་ཏེ། །འབྲས་བུ་རང་ལ་རང་ཆས་སུ་གནས་པ་དེ་ལམ་གྱིས་མངོན་སུམ་དུ་བྱེད་པར་འདོད་པའི་ཕྱིར་རོ། །ཡང་གཞི་ལྷུན་གྲུབ། འབྲས་བུ་ལྷུན་གྲུབ། ལམ་ལྷུན་གྲུབ་གསུམ་དུ་བྱེད་པ་དང་ཡང་འགལ། སྤར་ཁབ་ལས། དེ་དག་ངོ་བོ་གཅིག་ལ་རིམ་པ་སྣང་བ་ནི། ཞེས་པས་གཞི་ལམ་འབྲས་བུ་གསུམ་ངོ་བོ་གཅིག་པར་བཤད་པ་དང་འགལ་ལོ། །གཞི་ཇི་ལྟ་བ་བཞིན་དུ་མངོན་དུ་བྱས་ནས་གཞིའི་དུས་ཀྱི་རིག་པ་སྤངས་སམ་མ་སྤངས། སྤང་ན་ཇི་ལྟ་བ་བཞིན་དུ་མངོན་དུ་བྱས་པ་མ་ཡིན་པར་ཐལ། གཞིའི་དུས་ན་མ་རིག་པ་མ་སྤངས་ལ། །འབྲས་བུའི་དུས་སུ་སྤངས་པའི་ཕྱིར་རོ། །མ་རིག་པ་མ་སྤངས་ན་རྒྱུད་དག་གིས་སངས་རྒྱས་མ་ཡིན་པར་ཐལ། མ་རིག་པ་ཡོད་པའི་ཕྱིར་རོ། །ཡང་གཞི་དང་ལམ་གྱི་ཉམས་པ་ཡང་མ་ཟད་པར་ཐལ། གནས་ཀྱི་མ་རིག་པ་མ་སྤང་པའི་ཕྱིར་རོ། །ཉེས་པ་མ་ཟད་པ་འདོད་པའི་ཕྱིར་རོ་ཞེ་ན། གཞུང་དང་འགལ་ཏེ། སྤར་ཁབ་ལས། གཞི་དང་ལམ་གྱི་ཉེས་པ་ཟད་པ་སྟེ་དེ་ལྟར་སྣང་བའི་ཕྱིར་ན་འབྲས་བུའོ། །ཞེས་པ་དང་། སྤྱན་འགྲེལ་ལས། ཉེས་པ་གཉིས་ཟད་འབྲས་བུ་ཏེ། །ཞེས་བཤད་པ་དང་འགལ་ལོ། །ལན་ནི། གཞི་ཇི་ལྟ་བ་མངོན་དུ་བྱས་སམ་མ་བྱས་ཤེས་ན། ཇི་ལྟ་བ་བཞིན་དུ་མངོན་དུ་བྱས་པ་ཡིན་ནོ། །འོ་ན་མ་རིག་པ་སྤངས་སམ་མ་སྤངས་ཤེ་ན། ངོ་བོ་མ་སྤངས་ལ་དེ་ཀ་ལྟར་མི་ལྡན་ནོ། །མ་སྤངས་པས་རྒྱུད་དག་གི་སངས་རྒྱས་མི་བཏུབ་ལ། དེ་ཀ་ལྟར་མི་ལྡན་པས་གཞི་ཇི་ལྟ་བ་མངོན་དུ་བྱས་པ་མི་བཏུབ་བོ་ཞེ་ན། ལན་དུ་མ་རིག་པ་ཡེ་ཤེས་གཉིས་དབྱེར་མེད་ཡིན་པས་ཡེ་ཤེས་གང་ན་ཡོད་པ་ན་མ་རིག་པ་བག་ལ་ཉལ་དུ་ཡོད་པས་མ་རིག་པ་མ་སྤངས་ཏེ། གཞི་ཇི་ལྟ་བ་བཞིན་དུ་མངོན་དུ་བྱས་པ་ཡིན་ལ་མ་རིག་པ་བསལ་དུ་མེད་དེ། མ་རིག་པ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཤར་བས་མ་རིག་པ་རང་རྒྱུད་མི་ལྡན་པས། རྒྱུད་དག་ཏུ་མི་འགྱུར་བའི་སྐྱོན་མེད་དོ། །རྒྱལ་བའི་རྒྱལ་བ་ལྷ་ཡི་ལྷ། །ཞེས་པ་ལ་འབྲུ་སྦྱོར་ལུགས་གཉིས་ཏེ། རྒྱལ་བ་ནི་ཐུན་མོང་གི་ཐེག་པ་སངས་རྒྱས་ཏེ། །འཁོར་བའི་མཐའ་ལས་རྒྱལ་བ་ཡིན་ལ། དེའི་རྒྱལ་བ་ནི་མ་ཧཱ་ཡོ་གའི་རྒྱལ་བ་ཡིན་ཏེ། ཐེག་པ་འོག་མའི་རྒྱལ་བ་དང་མྱ་ངན་ལས་འདས་པའི་གཉིས་ལས་ཀྱང་རྒྱལ་ལོ། །མ་ཧཱ་ཡོ་ག་རང་ལ་སྦྱར་ན་རྒྱལ་བ་ནི་རིགས་ལྔའམ་སྐུ་ལྔ་ཡིན་ལ། དེའི་ཡང་སངས་རྒྱས་རྒྱལ་བ་ནི་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་པོ་ཡིན་པས་རྒྱལ་བའི་རྒྱལ་བ་ཞེས་བྱའོ། །དེ་ལྟར་འབྲུ་ཟུར་གཉིས་ག་ལ་སྦྱོར་རོ། །ཆོས་དྲུག་ནོར་བུས་མཚོན་པ་ནི། །ཞེས་པ་ནི། སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་དེ་ནི་ནོར་བུ་རིན་པོ་ཆེ་དང་འདྲ་ལ། ནོར་བུ་ལ་ཆོས་མཐུན་དྲུག་ཡོད་དེ་དགོས་འདོད་ཐམས་ཅད་ལྷུན་གྱི་གྲུབ་པ་དང་། དགོས་འདོད་འདིའོ་ཞེས་རང་རྒྱུད་པ་མེད་པ་དང་། འགྲོ་བ་ལ་དགོས་འདོད་ཇི་ལྟ་བ་བཞིན་མོས་པར་སྣང་བ་དང་། དགོས་འདོད་སྦྱིན་སྙམ་པའི་རྟོག་པ་མེད་པ་དང་། རྩོལ་བ་མེད་པར་རང་བྱུང་བ་དང་། འདི་དང་འདིའི་ཕྱོགས་རིས་མེད་པའོ། །དེ་བཞིན་དུ་རིགས་དྲུག་པའི་སངས་རྒྱས་དེ་ལ་ཡང་སྐུ་ལྔ་ལྷུན་གྲུབཀྱི་ངོ་བོར་གནས་པ་དང་། སྐུ་ལྔ་ཐ་དད་ཀྱི་ངོ་བོ་མེད་པ་དང་། གདུལ་བྱ་ལ་ཇི་ལྟར་མོས་པ་བཞིན་དུ་དོན་བྱེད་པ་དང་། དོན་བྱེད་པའི་ཚེ་རང་རྒྱུད་པའི་རྟོགས་པ་མེད་པ་དང་། རྩོལ་བ་བྱ་མི་དགོས་པ་དང་། །གདུལ་བྱ་ལ་ཕྱོགས་རིས་མེད་པའོ། །གཅིག་དང་དུ་མ་ཀུན་བྲལ་ལྡན། །ཞེས་པ་ནི། དེ་ལྟ་བུའི་རིགས་དྲུག་པ་དེ་ཡང་གཅིག་དང་དུ་མ་ལ་སོགས་པའི་གཟུང་ཡུལ་ལ་སོགས་པས་གྲོལ་ཞིང་མཐའ་ཐམས་ཅད་ལས་མ་སྤངས་པར་བྲལ་བ་ལ་བྲལ་བའི་དུས་ན་ལྡན་པའོ། །འོ་ན་སྐུ་ལྔ་ལྷུན་གྲུབ་དེ་གཅིག་དང་དུ་མ་ལས་གྲོལ་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དགོངས་པ་གཅིག་གམ་ཐ་དད། གཅིག་ན་སྟོང་པར་ཐལ། གནས་ཀྱི་མ་རིག་པའི་དུས་ན་གཅིག་ཐ་དད་ལས་གྲོལ་བའི་ངོ་བོར་གནས་ལ། དེའི་དོན་མ་རིག་པ་སྟེ་འབྲས་བུའི་གནས་སྐབས་གཅིག་ཏུ་སོང་བས་གནས་ཀྱི་མ་རིག་པ་མེད་པར་ཐལ་ལོ། །ཐ་དད་ན་སྣང་མཐར་ཐལ། གནས་ཀྱི་མ་རིག་པ་མེད་པར་ཐལ། གཞིའི་དུས་ན་ཐ་དད་ལས་གྲོལ་བ་ལས། འདིར་དེའི་དོན་དམིགས་སྟེ། འབྲས་བུའི་དུས་སུ་ཐ་དད་དུ་སོང་བའི་ཕྱིར་རོ། །ལན་ནི། སྤྱིར་སངས་རྒྱས་ཐམས་ཅད་རྒྱུད་གཅིག་དང་། ཐ་དད་ལས་གྲོལ་བ་ཡིན་བྱ། །དེ་ཡང་དུ་མ་མ་སྤངས་གཅིག་ཏུ་ཤར། །གཅིག་མ་སྤངས་དུ་མར་ཤར་རོ། །འོ་ན་ཁྱབ་བྱེད་གཅིག་མ་གྲུབ་པས་ཁྱབ་བྱ་དུ་མ་མ་གྲུབ་པར་ཐལ་ཞེ་ན། དེ་ནི་གཅིག་མེད་དུ་མ་མེད་ཟེར་བ་མེད། གཅིག་མ་སྤངས་དུ་མའི་མཐའ་ལས་གྲོལ། དུ་མ་མ་སྤངས་གཅིག་གི་མཐའ་ལས་གྲོལ་བ་ཡིན་ནོ། །དེ་ཉིད་ཆེ་རེ་བརྗོད་པ་ནི་སྐུ་ལྔ་ལྷུན་གྲུབ་དེ་ཉིད་ལ་ཡོན་ཏན་གྱི་སྒོ་ནས། སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་སྟེ་རེ་རེ་ལ་ལྔ་མཚན་ལྔ་ལྔར་བརྗོད་པའོ། །འཇིག་རྟེན་འདས་དང་མ་འདས་ཀུན། །ཞེས་པ་ལ་སོགས་པས་ཆོས་སྐུ་སྟོན་ཏོ། །དོན་དམ་པའི་གདམས་པ་སྐྱེ་འགག་མེད་པ་ཆོས་སྐུ་མངོན་དུ་བྱས་པ་ཆོས་སྐུའོ། །ཐམས་ཅད་རང་རིག་མངོན་སུམ་སྣང་། །ཞེས་པ་མཚན་དང་དཔེ་བྱད་ཐམས་ཅད་མངོན་དུ་སྣང་བའམ། ཡང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་ལ་མངོན་སུམ་དུ་སྣང་བར་བྱས་པའམ། མདོར་ན་མངོན་པར་བྱང་ཆུབ་པའི་སྐུ་ནི་མཚན་དང་དཔེ་བྱད་སོགས་ཐུབ་བགྲང་ཐུབ་ཏུ་ཡོད་པར་གསལ་ལ། ལོངས་སྐུ་ལ་མཚན་དཔེ་ཡོད་ཀྱང་སྔོ་ཐུབ་བགྲང་ཐུབ་ཏུ་མེད་དོ། །ཡུལ་མེད་ཀུན་རོལ་ལོངས་སྤྱོད་ཆེ། ཞེས་པ་ནི་འཁོར་འདས་གཉིས་ཀ་ལ་ཡུལ་མེད་དུ་རོལ་པ་ཡིན་ལ། འོ་ན་ཐུན་མོང་གི་ལོངས་སྐུ་དང་ཁྱད་ཅི་ཡོད་ཅེ་ན། ཐུན་མོང་གི་ལོངས་སྐུ་ནི་མྱ་ངན་ལས་འདས་པ་ལ་ལོངས་སྤྱོད་ཀྱང་འཁོར་ལ་ལོངས་སྤྱད་མི་ནུས། འདིར་ནི་འཁོར་འདས་གཉིས་ཀ་ལ་འགྱོད་མེད་པས་ཁྱད་ཆེའོ། །སོ་སོར་འདུལ་བ་ཡེ་ཤེས་འཁོར། །ཞེས་པ་ནི། སྐུ་ལྔ་ལྔ་སོ་སོས་འཁོར་ལྔ་སོ་སོར་འདུལ་ཏེ། ཡེ་ཤེས་འཁོར་ཞེས་པ་ནི། ཆོས་སྐུའི་འཁོར་ཡེ་ཤེས་རྒྱ་མཚོ་སྟེ། ཐུན་མོང་མ་ཡིན་པའི་ཡེ་ཤེས་ལྔའི་ཚུལ། །མ་ཧཱ་ཡོ་གའི་རིག་ལྔར་སྣང་བའོ། །ཡང་ན་རྒྱུད་ལས་སྦྱངས་སོ། །རྒྱ་མཚོའི་ཚོགས་དང་ཤེས་བྱ་ཡི། །ཞེས་པ་ནི། རྒྱ་མཚོའི་ཞེས་པ་ནི་གཉིས་ཏེ། །རྒྱལ་བ་རྒྱལ་མཚོ་དང་། སྨིན་པ་རྒྱ་མཚོའོ། །དེ་ལ་རྒྱལ་བ་རྒྱ་མཚོ་ནི་མངོན་པར་བྱང་ཆུབ་པའི་འཁོར་ཡིན་ཏེ། ཕྱི་པའི་ལམ་བགྲོད་ནས་རང་རང་གི་སངས་རྒྱས་ཐོབ་པའམ། ཡང་ན་འདི་ཉིད་ཀྱི་རྒྱུད་མས་སྦྱངས་སོ། །སྨིན་པ་རྒྱ་མཚོ་ནི། ལོངས་སྐུའི་འཁོར་ཏེ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འོ། །ཚོགས་དང་ཡེ་ཤེས་པ་སྤྲུལ་པའི་འཁོར་ནི་གདུལ་བྱ་དག་པ་དང་མ་དག་པ་ཐམས་ཅད་དོ། །དབྱེར་མེད་གོ་བའི་སྐབས་དང་ལྡན། །ཞེས་པ་ནི་དབྱེར་མེད་རྡོ་རྗེའི་འཁོར་རོ། །སྒྲིབ་པ་མཐའ་སྤོང་སེམས་དཔའ་ཆེ། །ཞེས་པ་ནི། ཤེས་བྱའི་སྒྲིབ་པ་མཐའ་ནས་སྤོང་བ་སྟེ། །སེམས་དཔའ་ཆེ་ནི་འཁོར་ལོངས་སྐུའི་འཁོར་ལ་སྙག་པའོ། །རྒྱལ་བ་ལྔ་སོགས་རྒྱུད་སྦྱངས་པ། །ཞེས་པ་ནི། རྒྱལ་བ་ནི་སྐུ་ལྔ་ལ་སོགས་པ་ནི་རིགས་ལྔ་སྟེ། དེ་དག་ལ་རིམ་པ་བཞིན་དུ་རྒྱུད་སྦྱངས་པས། མོས་སྤྱོད་དང་སེམས་དབང་བསྒྱུར་རིགས་ཏེ། ཚེ་ལ་དབང་བའི་རིག་འཛིན་གྱིས་བརྟུལ་ནས་སྔགས་སྦྱོར་བའོ། །རྡོ་རྗེ་ཚོགས་མཐོང་ཕྱིར་མིང་འགྲུབ། །ཅེས་པ་སྟེ། དེ་ལྟར་གསུང་སྔགས་རྡོ་རྗེ་ཐེག་པ་ལ་སྦྱོར་བ་ལ། ཡི་གེ་འཁོར་ལོའི་ལྷ་ཚོགས་དང་དབྱེར་མེད་དུ་མངོན་སུམ་དུ་མཐོང་བའི་ཕྱིར་ན་འཁོར་གྱི་མིང་འགྲུབ་བོ། །ཡི་གེ་དྲུག་ཅུ་དྲུག་གསུམ་སངས་རྒྱས། ཞེས་པ་ནི་སྤྲུལ་པའི་སྐུའི་གསུང་དབྱངས་སུམ་བརྒྱ་དྲུག་ཅུའོ། །དེ་ལ་རྩ་བའི་གསུང་དྲུག་ཏེ། །ལྷ་ལ་ཚངས་པ་ལྟ་བུ་དང་། ལྷ་མ་ཡིན་ལ་སྒྲ་སྙན་ལྟ་བུ་དང་། མི་ལ་གླུ་གར་ལྟ་བུ་དང་། བྱོལ་སོང་ལ་ཀ་ལ་པིང་ཀ་ལྟ་བུ་དང་། ཡི་དྭགས་ལ་འབྲུག་སྒྲ་ལྟ་བུ་དང་། དམྱལ་བ་ལ་སིལ་སྙན་ལྟ་བུའོ། །ཚངས་པའི་དབྱངས་གཅིག་པུ་ལ་ཡང་བྲེང་དེ་བ་དང་། དུང་ངེ་བ་དང་། ཤ་ད་པ་དང་། ག་ད་པ་དང་། ཅང་ཀ་དེའུ་དང་། བང་ཀ་དེའུ་སྟེ་དྲུག་གོ །དེ་རེ་རེ་ལའང་འདུ་ཤེས་བསྐྱེད་པ་དང་། རྣམ་པར་རིག་པ་དང་། མི་མཐུན་པ་མེད་པ་དང་། མཉན་པར་འོས་པ་དང་། ཤིན་ཏུ་ཟབ་པ། རྗེས་སུ་འབྱུང་བ་གང་གིས་ཀྱང་མི་ཚུགས་པ། ན་བར་སྙན་པ། མ་འཁྲུགས་པ། ཤིན་ཏུ་གསལ་བ་དང་བཅུའོ། །དེ་ལྟར་ཚངས་པའི་དབྱངས་ལ་དྲུག་ཅུའོ། །དེ་བཞིན་དུ་འགྲོ་བ་གཞན་གྱི་ལ་ཡང་དྲུག་ཅུ་ཕྲག་དྲུག་ཏུ་འགྱུར་ཏེ། དེ་རྣམས་ལ་སུམ་བརྒྱ་དྲུག་ཅུའོ། །སྙན་ཆ་ལྔར་ལྡན་ཕྱིར་ཐོས་པ། ཞེས་པ་ནི། གསང་བའི་བདག་པོ་དེ་སྐུ་ལྔ་ཀའི་སྡུད་པ་པོ་མིན་པས། སྙན་ལྔར་ལྡན་ཏེ། ཆོས་ཀྱི་སྐུ་ལ་ཆོས་ཉན་ཙམ་ན་སྐྱེ་མེད་དོན་གྱི་སྙན་གྱིས་སོ། །ལོངས་སྐུ་ལ་དགོངས་པ་བརྡའི་སྙན་གྱིས་གོ །མངོན་པར་བྱང་ཆུབ་པའི་སྐུ་ལ་རིག་པ་བྱིན་རླབས་སྙན་གྱིས་གོ །རྡོ་རྗེའི་སྐུ་ལ་དབྱེར་མེད་རྡོ་རྗེའི་སྙན་གྱིས་གོ །སྤྲུལ་པའི་སྐུ་ལ་རྣ་བ་ཤའི་རྣ་བས་ཐོས་སོ། །གསང་བའི་རྒྱུད་བཤད་ཐོས་ཞེས་གསུངས། །ཞེས་པ་ནི་སྐུ་ལྔས་གསང་བ་སྔགས་ཀྱི་རྒྱུད་བཤད་པའི་ཚེ་ན། སྐུ་བཞི་ནི་སྤྲུལ་སྐུ་ལ་དངོས་སུ་ཐོས་སོ། །དེས་ན་གསང་བདག་གིས་ཀྱང་ཚིག་ཏུ་སྡུད་པའི་ཚེ་ན། སྐུ་བཞིས་བསྟན་པ་ལ་འདི་སྐད་བཤད་པའི་དུས་ན་ཞེས་བཤད་ལ། སྤྲུལ་པའི་སྐུ་ལ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་གསུངས་པ་ཡིན་ནོ། །མེ་ལོང་ལྟ་བུའི་ཆོས་བརྒྱད་ཀྱིས། །ཞེས་པ་ནི། ལོངས་སྐུ་དགོངས་པས་འཁོར་གྱི་སྒྲིབ་པས། སེལ་བའི་དཔེ་ཡིན་ཏེ། དཔེར་ན་མེ་ལོང་ནི་ཆོས་བརྒྱད་དང་ལྡན་ཏེ། བྱད་ཀྱི་དྲི་མ་སེལ་བ་དང་། །ལེགས་པ་བསྐྱེད་པ་དང་། བཞིན་གསལ་བར་བྱེད་པ་དང་། གཟུགས་བརྙན་འབྱུང་བ་དང་། རྩོལ་བ་མེད་པ་དང་། འདུ་བྱེད་མེད་པ་དང་། ལྡན་པ་མ་ཡིན་པ་དང་། མི་ལྡན་པ་མ་ཡིན་པའོ། །དཔེ་དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དེས་ཀྱང་འཁོར་གྱི་སྒྲིབ་པ་སེལ་བ་དང་། ཆོས་ཉིད་གསལ་བར་སྟོན་པ་དང་། །དོན་གསལ་བར་བྱེད་པ་དང་། རྩོལ་བ་མེད་པ་དང་། དངོས་པོར་མི་ལྡན་པ་དང་། མ་འགགས་པར་ལྡན་པའོ། །དྲངས་དོན་སྔ་ཕྱི་སངས་རྒྱས་པ། །ཞེས་པ་ནི། རྒོལ་བ་ཁོང་ནས་བཏོན་ནས་ལན་དཀྱུས་ཀྱིས་འདེབས་པ་ནི། དེའང་རྒྱུའི་ཐེག་པའི་སངས་རྒྱས་དང་། འབྲས་བུའི་ཐེག་པའི་སངས་རྒྱས་གཉིས་རྒྱུད་གཅིག་གམ་ཐ་དད། གཅིག་ན་ཁྱོད་ཀྱི་འབྲས་བུ་ཀུན་ཏུ་འོད། ཐེག་ཆེན་ཐེག་པའི་བསྟི་གནས་པ། །ཞེས་པ་དང་། ཀུན་ཏུ་འོད་ལ་གནས་ནས་པདྨ་སྤྱན་དུ་འགྱུར་ཞེས་པ་མི་འགལ་ལམ། ཐ་དད་ན་དགོངས་འདུས་ལས། གསང་བའི་སྙིང་པོར་ངེས་པ་ན། །ཐེག་པའི་སྒོ་ཡང་གཅིག་ལས་མེད། །ཅེས་པ་དང་མི་འགལ་ལམ་ཞེ་ན། གཅིག་ཐ་དད་ལས་གྲོལ་ལོ་ཞེས་སྟོན་པ་ནི། ལན་ནི། དྲང་དོན་སྔ་ཕྱི་སངས་རྒྱས་པ། །ཞེས་པ་སྟེ། དྲང་དོན་གྱི་ཐེག་པ་སེམས་ཙམ་པ་བཞིན་དུ་རྒྱུ་སྔ་མ་ལས་འབྲས་བུ་ཕྱི་མ་བྱུང་ནས་རྒྱུ་ཐ་དད་དུ་འདོད་པ་ཡང་མི་འཐད་དེ། དོན་དམ་གཅིག་པུ་མ་ཡིན་ཕྱིར། །ཞེས་པ་དབུ་མ་བཞིན་དུ་འབྲས་བུ་ཐམས་ཅད་གཅིག་པར་འདོད་པ་ཡང་མི་འཐད་དེ། ཆུ་ལ་ཆུ་ལྟར་གཅིག་པ་མེད། །ཅེས་པ་ནི། སངས་རྒྱས་ཀྱི་ཐུགས་ཆུ་གཅིག་ལ་གཅིག་ཐིམ་པ་ལྟར་གཅིག་ཏུ་ཡོང་བ་མེད། གཅིག་ཤེས་ལྡན་པ་མ་ཡིན་པས། །ཞེས་པ། དེས་ནི་གཅིག་ཤོས་རྒྱུའི་ཐེག་པ་སྟེ། དེ་དག་གི་འདོད་པ་ཡང་བདེན་པ་མ་ཡིན་ཏེ། འོ་ན་ཇི་ལྟར་གནས་ཤེ་ན། །སོ་སོ་ཐ་དད་ཆ་རིགས་མེད། །ཅེས་པ་ནི། ངེད་གསང་སྔགས་ཀྱི་ལུགས་ཀྱིས་འདོད་པ་བསྒྲུབ་པའི་འབྲས་བུ་རེ་རེ་ཐེག་པ་ཀུན་ལ་ཡོད་པས་ཐ་དད་པ་ལྟར་གནས་ཏེ། ཐ་དད་པར་བཤད་པ་དང་ཡང་མི་འགལ་ལ། མཐར་ཐུག་གསང་སྔགས་ཀྱི་འབྲས་བུར་གཅིག་པས་གཅིག་པར་བཤད་པ་དང་ཡང་མི་འགལ་ཏེ། མདོར་ན་མཐར་ཐུག་གི་འབྲས་བུ་ལ་རྒྱུད་སོ་སོའི་ཆ་དང་རིགས་སོ་སོ་མེད་དོ། །ངོ་བོ་གཅིག་ལ་རྒྱུད་འདྲེས་མིན། །ཞེས་པ་ནི། སེམས་ཙམ་པ་ནི་འདས་མ་འོངས་ད་ལྟར་གྱི་སེམས་ཅན་རྣམས་མི་རྟོག་པའི་ངོ་བོར་གཅིག་ཀྱང་། སྦྱངས་པའི་ཡེ་ཤེས་ཐ་དད་དེ་རང་རྒྱུད་ལ་འདྲེས་པར་འདོད་དེ། དཔེར་ན་ཤིང་ཕུང་དུ་མ་ལ་མེ་བཏང་ན་མེ་ཙམ་དུ་ངོ་བོ་གཅིག་ཀྱང་མེའི་ནང་དུ་རིས་མི་འདྲ་བ་བཞིན་དུ་འདོད་པའང་མི་འཐད་དེ། དྲང་དོན་ཡིན། ཆུ་ལ་ཆུ་ལྟར་འདོད་པ་ཡང་དེའོ། །ཞེས་པ། དབུ་མ་པ་སངས་རྒྱས་ཀྱི་རྒྱུ་སྟོང་པ་ཉིད་དུ་གཅིག་ཏེ། འདས་མ་འོངས་ད་ལྟར་གྱི་སངས་རྒྱས་རྣམས་ཆུ་ལ་ཆུ་ཐིག་པ་ལྟར་འདོད་པ་མི་འཐད་དོ། །ལྔ་དང་ལྔ་ལྔར་ལྷུན་གྲུབ་པའི། ཞེས་པ་ནི། འདི་ལྟར་སྐུ་གསུང་ཐུགས་ཡོ་ཏན་རེ་རེ་ལའང་ལྔ་ལྔར་གྲུབ་པའོ། །རྒྱལ་བ་གསུམ་རྫོགས་ས་སོ་མ། ཞེས་པ་ནི། ཐེག་པ་འོག་མ་པའི་རྒྱལ་བ་སྐུ་གསུམ་ཡང་རྫོགས་པའོ། །གྲུབ་མཐའི་སངས་རྒྱས་ལ་ཞེས་པ་ནི། །འོག་མ་བ་སོ་སོ་གྲུབ་པའི་སངས་རྒྱས་ལས་འདིར་དཔགས་སོ། །གང་གིས་དཔགས་ན། གྲངས་དང་ངོ་བོ་བྱིན་རླབས་ལས། ཞེས་པ་ལ་གཉིས་ཏེ། དེའང་གྲངས་ཀྱིས་དང་པོ་དཔགས་ཏེ། འོག་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས། འདིར་རེ་རེ་ལའང་ལྔ་ལྔ་ལས་དཔགས་སོ། །ངོ་བོ་དཔགས་ཏེ། འོག་མའི་ཆོས་སྐུ་སྐྱེ་མེད་ཕྱོགས་གཅིག་ཏུ་བྱས་པ་ཡིན། འདིར་སྣང་བ་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་མངོན་དུ་བྱས་པ་ཡིན་ནོ། །བྱིན་གྱིས་རླབས་ཀྱིས་འཕགས་ཏེ། འོག་མའི་གཟུགས་སྐུ་སྨོན་ལམ་གྱི་བྱིན་རླབས་ལས་གྲུབ་པ་ཡིན་ལ། འདིར་རིག་པ་རང་ཤར་ལས་གཟུགས་སྐུ་གཉིས་གྲུབ་པ་ཡིན་ནོ། །སྣང་དང་དོན་བྱེད་ཆེ་ཆུང་གིས། ཞེས་པ། སྣང་ལུགས་ཀྱིས་འཕགས་ཏེ། འོག་མ་པའི་སངས་རྒྱས་འདོད་ཡོན་སྤང་བའི་ཚུལ་དུ་སྣང་བས་ཐབས་ཆུང་ལ། འདིར་འདོད་ཡོན་མི་སྤང་བའི་ཚུལ་དུ་སྣང་བས་ཐབས་ཆེའོ། །དོན་བྱེད་པ་ལ་རྒྱ་ཆེ་ཆུང་གིས་འཕགས་ཏེ། འོག་མའི་སངས་རྒྱས་ཀྱིས་གདུལ་བྱ་སོ་སོའི་སྐྱེ་བོ་དང་ལམ་པ་འདུལ་ལ། འདིར་འོག་མའི་སངས་རྒྱས་ཀྱང་འདུལ་བས་དེས་ན་འཕགས་པ་ངོ་བོ་ཉིད་ཀྱིས་གསལ་ལོ། །དེ་ཚུལ་ས་བཞི་རྒྱལ་བ་དག །ཅེས་པ། ས་བཞི་ནི་མདོ་ཀུན་ཏུ་འོད་ཀྱི་ས། །ཀྲི་ཡ་རིགས་གསུམ་རྡོ་རྗེ་འཛིན་གྱི་ས། །ཨུ་པ་ཡ་རིགས་བཞི་རྡོ་རྗེ་འཆང་གི་ས། ཡོ་ག་འཐུག་པོ་བཀོད་པའི་རྒྱལ་བའོ། །རྒྱུད་གཅིག་འདྲེས་དང་གྲོལ་སྨྲ་བ། ཞེས་པ། དབུ་མ་པ་སངས་རྒྱས་ཀྱི་རྒྱུད་ཆུ་ལ་ཆུ་ཐིམ་པ་ལྟར་གཅིག་ཏུ་སྨྲ་བ་དང་། སེམས་ཙམ་པ་རྒྱུད་ཐ་དད་དུ་སྨྲ་བ་དང་། ཀྲི་ཡ་པ་གཅིག་ཐ་དད་ལས་གྲོལ་བར་སྨྲ་བ་དང་། ཀུན་འདིར་དྲང་བའི་ཐབས་ཙམ་ཡིན་ཏེ། བཤད་པ་མིན་ནོ། །དེས་ན་སངས་རྒྱས་ཀྱི་རྒྱུད་ཀྱི་ཁྱད་པར་འདི་འདྲ་འོ་ཞེས་བསམ་པ་ལས་འདས་སོ། །ས་རི་དབུ་མར་ཇི་བཞིན་ནམ། །ཞེས་པ། གནས་དེར་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། །འདི་ནི་རྒྱལ་ཚབ་སྐྱེས་བུའོ། །འདིས་ནི་སྟོན་པའི་ཞལ་མཐོང་བའོ། །ཞེས་ཟེར་ནས་རྒྱལ་ཚབ་ཏུ་དབང་བསྐུར་བ་ཡིན་ནོ། །ཐུན་མོང་གི་ཐེག་པའི་མིང་གི་དབུ་མར་བ་ཡིན་ནོ། །རྡོ་རྗེ་ཟམ་པ་ལས། བྱ་རྒོད་ཕུང་པོའི་འདབས་ལོགས་སུ། །དགོན་ཕུག་ཕྱེ་མ་འདབ་སྣ་རུ། །དང་པོར་ལྟ་བའི་རིགས་ཅན་དེས། །བྲམ་ཟེ་ནས་ཟན་རྒན་མོའི་བུ། །དགེ་སློང་ས་རི་ཞེས་བྱ་བ། །དངོས་ནི་དགྲ་བཅོམ་ཟག་པ་ཟད། །རྒྱལ་ཚབ་སྐྱེས་བུའི་ས་འཛིན་ཟེར། །དགྲ་བཅོམ་ལྔ་བརྒྱ་སྟོང་འདུས་ཏེ། །སྐྱེས་བུ་ཆེན་པོར་དབང་ཡང་བསྐུར། །ཞེས་གསུངས་སོ། །ཝཱ་རཱ་ཎཱ་སའི་བསིལ་ཁང་དུ། དམ་པའི་རིགས་ཅན་དབུ་མར་ནས། །ཞེས་པ། གནས་དེ་ཉིད་དུ་འཁོར་དམ་པའི་རིགས་ཅན་ཀྲི་ཡ་ཡོ་ག་རྣམས་ལ། སྟོན་པ་ཕྱག་ན་རྡོ་རྗེས། རིགས་གསུམ་གྱི་དབུ་མར་ནས། རིགས་གསུམ་རྡོ་རྗེའི་མཚན་པ་ཐོབ་སྟེ། དེ་ཡང་ཝཱ་རཱ་ཎཱ་སའི་བསིལ་ཁང་དུ། །གཙང་མ་ལག་ན་རྡོ་རྗེ་ཡིས། །ལག་མཐིལ་གཙང་མའི་དྲིས་བྱུགས་ཏེ། །རིགས་གསུམ་སྟོབས་ཀྱི་དཀྱིལ་འཁོར་བྲིས། །དམ་པ་གསུམ་ལ་དངོས་སུ་བསྟན། །ཞེས་གསུངས་སོ། །གཉིས་ཀའི་རྒྱུད་ལས་གྲགས་བཞིན་ནོ། །ཞེས་པ། ཨུ་པ་རང་གི་རྒྱུད་ལས་གྲགས་པ་བཞིན་དུ་གཤེགས་ཏེ། དེ་ཡང་། རིན་ཆེན་ལྷུན་གྲུབ་བརྩེགས་པའི་ཁང་། །རི་བོ་འབར་བའི་རྩེ་མོ་ལ། །དབང་འབྱུང་ལག་ན་རྡོ་རྗེ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འབར། །རང་བཞིན་དཀྱིལ་འཁོར་མངོན་ཕྱུང་སྟེ། །དམ་པ་ལྔ་ལ་དངོས་སུ་བསྟན། །ལྷ་བྲག་རྡོ་རྗེའི་བྲག་ཕུག་ཏུ། །གཙང་མའི་རིག་འཛིན་གྲལ་དུ་བཀོད། །ཅེས་གསུངས་སོ། །དོན་གྲུབ་དཀའ་ཐུབ་རིགས་ཅན་ལ། ཞེས་པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སྦྱར་ཏེ། ཐུན་མོང་བ་ལ་སྦྱར་ན། དོན་གྲུབ་ཉིད་ཀྱིས་རི་རབ་ཀྱི་རྩེ་ལ། །ཆོས་ཀྱི་འཁོར་ལོར་བསྐོར་ཏེ། ལོངས་སྐུར་སངས་རྒྱས་ནས་གཞན་དོན་དུ་འཚང་རྒྱ་བ་བསྟན་པའི་ཕྱིར་རོ། །ལུས་དཀའ་ཐུབ་ཀྱི་ཁོག་པར་ཞུགས་ནས། གྲོང་ཁྱེར་དུ་བྱོན་ཏེ་ཚོང་དཔོན་གྱི་བུ་མོ་ཤེས་དཀར་བཟའ་གང་མོ་མཚོས་བ་ལྔ་བརྒྱའི་འོ་མ་བརྒྱ་ལ་བླུད། བརྒྱའི་འོ་མ་བཅུ་ལ་བླུད། །བཅུའི་འོ་མ་གཅིག་ལ་བླུད། །གཅིག་གི་འོ་མ་འོ་ཐུག་བྱས་ནས་དྲངས་པས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་དུ་གྱུར་ཏོ། །དེ་ནི་འཁོར་ཐུན་མོང་པའི་ངོ་བོ་སྣང་བ་ཙམ་ཡིན་ཏེ། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་གཞུང་གི་འབྲུ་བཞིན་དུ་སྦྱར་ཏེ། སྲོད་ནི་རྣམ་རྟོག་ནུབ་པའི་དུས་ཡིན་ལ། ཐོ་རངས་ནི་ཡེ་ཤེས་ཤར་བའི་དུས་ཡིན་ཏེ། མདོར་ན་འོ་ཐུག་འཐུངས་པ་དེའི་ཚེ་ཕྱོགས་བཅུ་རྒྱལ་བ་འདུས་ཏེ། ཡབ་ཡུམ་རོལ་པའི་བྱང་ཆུབ་སེམས་ཀྱི་ཐེག་ལེ་ཉི་ཟླ་གསང་བའི་དབང་བྱིན་པ་ཡིན་ནོ། །ལམ་གྱི་རྩོལ་བས་དམ་པ་རྣམས། །ཞེས་པ་འབྲས་བུ་ལ་བཟང་ངན་འོང་བ་ཇི་ལྟར་ཡིན་ཞེ་ན། གོང་དུ་ལྟ་བའི་སྒྲིབ་པས་ཕྱེ་བ་ཡིན་ཟེར་བས། །ལྟ་བའི་ཆེད་འཛིན་གྱི་སྒྲིབ་པ་ཡོད་མེད་ཀྱིས་འབྲས་བུ་ལ་ཁྱད་བྱུང་བ་ཡིན་ནོ། །འོ་ན་ལྟ་བའི་སྒྲིབ་པ་ཡོད་པའི་ཕྱིར་འབྲས་བུ་རང་གྲོལ་དུ་འགྲོ་ངེས་ཤེ་ན། ལམ་གྱི་སྩོལ་བས་ངལ་བ་རྣམས། །བྲོད་པ་བསྐྱེད་ཕྱིར་ཞེས་པ་སྟེ། །འདིར་མ་ཧཱ་ཡོ་གའི་སྐལ་བ་དང་མི་ལྡན་པ་རྣམས། ལམ་སྟེགས་ཀྱི་ཐེག་པ་གཞན་ལ་བློ་སྦྱོང་བའི་ཕྱིར་མ་ཧཱ་ཡོ་ག་བསྟན་ལ། དེ་རྣམས་ཀྱིས་དངོས་སུ་མཐར་ཐུག་གི་འབྲས་བུ་མི་ཐོབ་ཀྱང་གཞན་དག་གཞུགས་པ་འམ། བྲོད་པ་བསྐྱེད་པའི་ཕྱིར་འབྲས་བུ་གནས་སྐབས་ཐོབ་པར་སྨོས་པ་ཡིན་ནོ། །ཇི་ལྟར་སྨོས་ན། རྒྱུའི་ཐེག་པ་ལ་བཅུ་གཅིག་ཀུན་ཏུ་འོད་དུ་བསྟན། །ཀྲི་ཡ་བ་ལ་རིག་གསུམ་རྡོ་རྗེ་འཛིན་དུ་བསྟན། །ཡོ་ག་བ་ལ་སྟུག་པོ་བཀོད་པར་བསྟན་ནོ། །འོ་ན་འབྲས་བུ་དེ་ཉིད་དངོས་གནས་གང་ཡིན་ཞེ་ན། །མཐར་ཐུག་ས་གསུམ་ཆ་ལ་ལ་བརྗོད། ཅེས་པ་སྟེ་མཐར་ཐུག་མ་ཧཱ་ཡོ་གའི་འབྲས་བུ་ལ་ས་གསུམ་དུ་བརྗོད་དོ། །འོ་ན་ས་ཞེས་བྱ་བ་སྦྱངས་བྱ་སྤོང་བ་དང་། །དེ་སྤོང་བའི་གཉེན་པོ་རེ་རེ་སྐྱེ་བ་མིན་ནམ། །ཡིན་ན་འདིར་སྤང་བྱ་གང་སྤོང་ཞེ་ན། དེ་ལྟར་མ་ཡིན་ཏེ་ས་ལ་བཏགས་པ་དང་མཚན་ཉིད་པ་གཉིས་ཡོད་དེ། ས་བཅུ་མན་ཆད་ས་མཚན་ཉིད་པ་ཡིན་ཏེ། སྤང་བྱ་སྤང་བ་དང་གཉེན་པོ་སྐྱེ་བའི་ས་ཡིན་ལ། འདིར་བཏགས་པ་བ་ཡིན་ཏེ། ཆ་ལ་བརྗོད་ཟེར་བས། སྐུ་གསུམ་གྱི་ཆ་ལ་ས་གསུམ་དུ་བརྗོད་དེ། །ལོངས་སྐུ་ལ་ནི་པདྨ་སྤྱན་དུ་བརྗོད། །སྤྲུལ་སྐུ་ལ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་བརྗོད། ཆོས་སྐུ་ལ་ནི་ཡེ་ཤེས་བླ་མའི་སར་བཏགས་པ་ཡིན་ཏེ། །སྐུ་གསུམ་གྱི་ཆ་ལས་ས་གསུམ་དུ་མིང་བཏགས་ཡིན་ནོ། །གཅིག་པར་སྨྲ་བ་མུན་སྤྲུལ་ལོ། །ཞེས་པ་ནི་སྤྱིར་ཐེག་པ་འོག་མ་བ་ཀུན་ལ་ཡང་རང་སའི་འབྲས་བུ་ཐོབ་པ་ཙམ་ཡོད། ལ་ལས། འདིར་མཐར་ཐུག་གི་འབྲས་བུ་དང་ཁྱད་པར་ཆེ་ལ། གཞན་དག་མཐར་ཐུག་གི་འབྲས་བུ་ལ་ཁྱད་མེད་ཅེས་སྨྲ་བ་ནི་དོན་མི་ཤེས་པས་མུན་པའི་བློ་ཅན་ནོ། །གཙུག་རྒྱལ་སྒེག་མོ་འཇལ་སྐྱེལ་དང་། ཞེས་པ་ནི་ཚུལ་འཆོས་ཀྱི་དཔེ་བཞི་ཡིན་ཏེ། རྒྱ་གར་གྱི་ཡུལ་ན་རྒྱལ་བུ་ཏིག་འབེབས་ཞེས་བྱ་བ་གད་མོ་བགད་པས་མུ་ཏིག་སྐྱུག་པ་ཞིག་ཡོད་པ་ལ། རྒྱལ་པོ་སྟོབས་བཟང་ཞེས་བྱ་བས་མུ་ཏིག་འདོད་པའི་ཆེད་དུ་རྒྱལ་བུ་བོས་ནས། སྣང་གཡེལ་ཆེ་ས་གཅིག་ཏུ་བཞག་པས་རྒྱལ་བུས་བལྟས་པས། གཙུག་རྒྱལ་སྒེག་མོ་ཞེས་བྱ་བ་རྒྱལ་པོའི་བཙུན་མོ་གཅིག་འཁོར་གྱིས་མེ་ཏོག་བོར་ཙམ་ན་ཨ་ར་ར་ཞེས་ཟེར་ཞིང་ངུ་ལ། ཕགས་སུ་མོན་པ་དང་དུས་བཏབ་པ་ཆགས་པས་བཤེས་པོ་སྙིང་ན་ནས་དབྱུགས་པ་བརྒྱབས་པས་སླར་ཧེ་ཧེ་ཞེས་བགད་པ་མཐོང་སྟེ། རྒྱལ་བུ་ཡི་མུག་གདོང་འཇག་སྐྱེལ་ནི། རྒྱལ་པོའི་མཆོད་གནས་དགེ་སློང་གཅིག་མེ་སློང་བའི་ཆོས་གོས་ལ་སྦུར་མ་འབྱར་བ་ང་མ་བྱིན་བླངས་པ་སྤངས་པ་ཡིན་ཟེར་ནས་སླར་སྐྱེལ། མི་མེད་ཙ་ན་ཕགས་སུ་ཐོབ་ཚད་རྐུ་བ་མཐོང་ནས་རྒྱལ་བུ་ཡི་མུག །ནགས་བྱ་ནི། རྒྱལ་པོའི་ནེ་ཚོ་གཅིག་ང་སྲོག་གཅོད་སྤངས་པ་ཡིན་ཟེར་ནས་ཆུ་གཤོག་པས་བཙགས་ནས་འཐུང་ཞིང་ཕགས་སུ་འབུ་སྲིན་ཟ་བ་མཐོང་ནས་རྒྱལ་བུ་ཡིད་མུག་གོ །ལྐོག་གཡེམ་ནི། རྒྱལ་བུ་ཀུ་མ་ར་ཞེས་བྱ་བའི་ཨ་མས་བུ་ལ་ནུ་མ་ལུད་ཙ་ན་གོས་ལ་བུག་པ་ཕུག་ནས་ལུད་དེ། ང་ཁྱོད་བདག་དང་རེག་པ་བསྲུང་བ་ཡིན་ཟེར་ནས་སྤག་ཏུ་ཁྱོ་ག་དང་གཡེམ་པའི་སྤྱོད་པ་མཐོང་ནས་རྒྱལ་བུ་ཡི་མུག་གོ །རྒྱལ་པོའི་ཞལ་ནས་ཁྱོད་ལ་རྒོད་བྲོ་བ་མ་བྱུང་ངམ་ཟེར་བ་ལ། མ་བྱུང་ཟེར་རོ། །རྫུན་མིན་ནམ་ཟེར་བ་ལ་ཚིགས་བཅད་བྱས་པ། བཙུན་མོ་མེ་ཏོག་ཕོགས་བཤུམ་དང་། །ཀུ་མཱ་ར་ཡི་ཨ་མ་དང་། །ནགས་བྱ་ཁ་ནས་གཤོག་ཐོགས་དང་། །དགེ་སློང་མེ་ལེན་སྤུར་སྐྱེ་བཞི། །མུ་ཏིག་འབེབས་ལས་མ་གཏོགས་པ། །བདེན་པར་སྨྲ་བ་ངས་མ་མཐོང་། །ཧ་ཧ་ཧེ་ཧེ་རྒོད་རེ་བྲོ། ཟེར་ནས་བགད་པས་མུ་ཏིག་ཁྱོད་གང་ཙམ་སྐྱུག་གོ །དེ་ལྟར་ཚུལ་འཆོས་པ་ནི་གསང་བསྔགས་ཀྱི་སྣོད་མ་ཡིན་ནོ། །ལམ་མཆོག་གསལ་བའི་སྒྲོན་མེ་ལས། །ལེའུ་དགུ་པའི་རྣམ་པར་འགྲེལ་བའོ། །རྒྱལ་བུའི་དགོངས་པ་རྣམ་དག་རྒྱ་ཆེ་བས། །ཉི་ཟླའི་ཚུལ་བཞིན་སྔོན་གྱི་མཁས་པས་ལེགས་བཀྲོལ་ཏེ། །བདག་བློ་སྲིན་པོའི་མེ་ཡིས་གསལ་བར་མི་ནུས་ཏེ། །རྗེས་འཇུག་གུས་པས་གསོལ་འདེབས་དོན་ཕྱིར་ལེགས་པར་སྦྱར། །འདི་ལས་གང་བྱུང་དགེ་བ་དེ་ཡིས་འགྲོ་བ་ཀུན། །ཐབས་དང་གྲོལ་བའི་ལམ་མཆོག་འདི་ལ་རབ་འབད་དེ། །འདི་འམ་ཕྱི་མ་བར་དོར་བདེ་ཐོབ་ནས། །རང་གཞན་དོན་རྣམས་ཕུན་སུམ་ཚོགས་པར་ཤོག །ཇི་ལྟར་སྔོན་གྱི་བདེ་གཤེགས་ཤུལ་ལམ་ཆེན་པོ་དང་། ལུང་དང་མན་ངག་རིགས་པ་དག་དང་རབ་སྦྱར་ནས། རོག་གི་བན་དེ་ཤེས་རོག་བདེ་གཤེགས་ཆེན་པོ་རབ་འོད་ཀྱིས་ལེགས་པར་བྲིས། །ནོངས་པར་གྱུར་ན་ཐུགས་རྗེ་ཅན་གྱིས་བཟོད་པར་བཞེས། །རྣལ་འབྱོར་ཆེན་པོའི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་མན་ངག་དཔལ་ལམ་གྱི་རིམ་པ་ཞེས་བྱ་བའི་དཀའ་བ་རྣམ་པར་འགྲེལ་བ། ལམ་མཆོག་གསལ་བའི་སྒྲོན་མེ་ཞེས་བྱ་བ། བློ་གྲོས་ཀྱི་མེ་ལོང་ལ་ལེགས་པར་ཕྱར་བའི་དོན་རྫོགས་སོ།། །།


previousརྣལ་འབྱོར་ཆེན་པོའི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་མན་ངག་དཔལ་ལམ་གྱི་རིམ་པ་ཞེས་བྱ་བའི་དཀའ་བ་རྣམ་པར་འགྲེལ་པ་ལམ་མཆོག་གསལ་བའི་སྒྲོན་མེ།no next