Nitartha Digital Library
Tibetan
 
previousཐུགས་ཀྱི་ཐིགས་པའི་མན་ངག སློབ་དཔོན་སངས་རྒྱས།next

ཐུགས་ཀྱི་ཐིགས་པའི་མན་ངག སློབ་དཔོན་སངས་རྒྱས།

ཙི ཏྟ བི ནྡྷུ ཨུ པ དེ ཤ ནཱ མ བི ཧ ར ཏི སྨ།
ཐུགས་ཀྱི་ཐིགས་པའི་མན་ངག་ཅེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། ཙིཏྟ་བིནྡྷུ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ཐུགས་ཀྱི་ཐིགས་པའི་མན་ངག་ཅེས་བྱ་བ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་གཙོ། །ཀུན་མཁྱེན་རྒྱལ་བ་ཀུན་གྱི་ཐུགས། །འཁོར་ལོ་སྙིང་པོ་སྟོན་མཛད་ལ། །གཉིས་མེད་ཡིད་ཀྱིས་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། །གསང་བ་སྙིང་པོའི་རྒྱུད་དག་ལས། །རིན་ཆེན་བཅུད་ཐུགས་སྐལ་ལྡན་ཕྱིར། །ལེགས་པར་བསྡུས་ཏེ་བསྟན་པར་བྱ། །རྒྱ་མཚོ་ལས་ནི་ཆུ་ཐུགས་བཞིན། །ཡེ་ཤེས་རྒྱ་མཚོ་ཐུགས་ཀྱི་ཐུགས། །མི་འཇིགས་ཕུང་པོ་ཇི་བཞིན་དུ། །ཡེ་ཤེས་ཐུགས་ཀྱི་བཅུ་གསུམ་པོ། །རང་བཞིན་བདེ་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེ་བ་རྣམ་པར་བཞག །གཅིག་ལ་གསུམ་གྱི་ངོ་བོ་ཡང་། །འཁྲུལ་པའི་སྣང་བས་གསུམ་དུ་འགྱུར། །དེས་ན་སྣང་བ་བཞི་དག་ཏུ། །ལུང་རིགས་ཀུན་ནས་གསལ་བར་བཤད། །ཡན་ལག་རྡོ་རྗེ་རྣམ་བཞི་པོ། །ཐོག་མར་བསྟན་པའི་བྱང་ཆུབ་སེམས། །འགྲོ་བ་མང་པོའི་སེམས་རྒྱུད་རྣམས། །ལོག་རྟོག་ངོ་བོ་རྒྱུ་རྐྱེན་གྱིས། །ཐ་དད་དུ་ས་གསེར་བཞིན་དུ། །རང་བྱུང་ཡེ་ཤེས་ཐ་དད་མེད། །དེ་ཡང་འཆིང་གྲོལ་གཉིས་ཀའི་བདག །མེ་ལོང་དྭངས་བའི་གཡའ་བཞིན་དུ། །ཕན་ཚུན་སྤངས་པ་མེད་པ་ལ། །བྱིས་པས་གཞི་དང་རྟེན་ཞེས་སྨྲ། །མཁས་པས་ལྷུན་གྲུབ་སྨྲ་བསམ་འདས། །འདི་སྐད་གསང་བའི་རྒྱུད་ཉིད་ལས། །གཤེགས་སྐུ་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །རིགས་དང་རྒྱུད་དུ་བརྟག་ཏུ་མེད། །གཞི་རྩ་མེད་དེ་རང་བཞིན་སྟོང་། །རིགས་དང་ཁ་དོག་དབྱིབས་མེད་ལས། །ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང་། །ཡང་ནི་སྒྱུ་འཕྲུལ་དྲ་བ་ལས། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །གསུངས་པས་རང་བཞིན་རྒྱུད་ཉིད་ནི། །མ་རིག་ཡེ་ཤེས་ཐ་དད་མིན། །ནམ་མཁའ་དྭངས་ཀྱང་སྤྲིན་གྱི་གནས། །དྭངས་རིགས་ཅན་གྱི་འགྲོ་བ་ལྟར། །རྟོག་སེམས་མི་མཐུན་སེམས་ཉིད་དུ། །གཅིག་པས་རང་བཞིན་ཐུག་མེད་པས། །དཔེར་ན་ཨཱར་ཛཾ་བྷ་ལའི། །ནེ་ལེའི་རྐྱལ་པས་རིན་ཆེན་ཆར། །རྒྱལ་པོ་ཡང་དག་དོན་གྱི་གནས། །བྲམ་ཟེ་དམ་པ་ཙི་བི་ར། །དབུལ་པོ་ཏནྟིའི་གྲོང་ཁྱེར་དང་། །རིགས་ངན་ཤནྟ་རཀྴའི་གནས། །གདོལ་བའི་གྲོང་དུ་རིན་པོ་ཆེ། །སྣ་ཚོགས་རིན་ཆེན་ཕལ་པ་ལྔ། །བྱེ་ཚུལ་གྲམ་པ་ལྷད་རས་ཧྲུལ། །ཤ་ཁྲག་རུས་པ་རིན་ཆེན་སིལ། །གཅིག་ལ་སོ་སོར་སྣང་བ་བཞིན། །སྤྱོད་ཡུལ་ཐ་དད་སྣང་བ་ཡང་། །རང་སེམས་རྐྱེན་གྱི་སྣང་བ་ཙམ། །ངོ་བོ་རིགས་རྒྱུད་ཕྱོགས་མེད་པས། །དེ་ལ་དེས་སྒྱུར་སྣང་བཏུབ་བོ། །སྤྱིར་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །སོ་སོས་འཛིན་རྟོག་བག་ཆགས་ཀྱིས། །རང་གི་བསྒྲིབ་ཤིང་རྟག་ཏུ་འཁོར། །འདི་སྐད་གསུངས་པའང་ཐོག་མེད་ནས། །སེམས་ལས་ལོགས་སུ་མ་གྱུར་ཅིང་། །རྒྱུ་རྐྱེན་ལས་ཀྱིས་གློ་བུར་བའི། །སྤྱོད་ཡུལ་སྣང་དུས་ཐོག་མཐའ་མེད། །སེམས་རྒྱུད་གཉིས་ཀུན་ལྷུན་གྲུབ་པ། །ནོར་བུ་རིན་ཆེན་ལྟ་བུ་ལ། །འགལ་བ་འདུ་ཞེས་ཐེག་དམན་བརྗོད། །ཕན་ཚུན་སྤངས་པར་གང་འདོད་མེད། །དྲེད་མོས་རྩི་འབྲས་བྱབས་པ་བཞིན། །གསང་བའི་དོན་མཆོག་ག་ལ་ཡོད། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །ཡེ་ནས་ངོ་བོ་ཡོད་ཡིན་ན། །ཉོན་མོངས་ཡོངས་སྤང་བྱང་བསྒྲུབ་མེད། །སོ་སོའི་རང་བཞིན་ངེས་ཤེས་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །དེ་གསུངས་ཕྱིར་ན་རྒྱུར་གནས་པ། །ཤེས་བློ་གཞི་ཞེས་གཉིས་སུ་སྨྲ། །བསམ་པ་ཆོས་ཉིད་དེ་བཞིན་ཏེ། །དེ་ལ་ཡོད་པ་དེ་ལ་མེད། །ཕྱོགས་སུ་རྟོགས་པ་བདེན་ཞེ་ན། །དེ་དང་དེ་ལ་འབྲེལ་མེད་པས། །ནམ་ཡང་སྔོན་བཞིན་བདེན་པ་མིན། །མི་རྟོག་པ་ཡི་སེམས་རྒྱུད་ལྡན། །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་བསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །གསུངས་པས་ལོག་རྟོག་སྤང་དུ་མེད། །སྤྲིན་དང་བཞིན་ཚོན་སྣང་བའི་ཚེ། །རང་བཞིན་སྟོང་པར་ངང་གིས་གནས། །གང་དག་རྒྱུ་ཡི་ཐེག་པ་པས། །ཀུན་ཏུ་རྟོག་པ་དོན་དམ་ལ། །ཡོད་ན་ངེས་ཚིག་མེད་དོགས་པས། །དྭངས་ཤིང་གསལ་དག་གང་འདོད་པ། །བསམ་པ་དག་ལ་དེ་ཡོད་ཅེས། །སོ་སོར་སྟོན་པ་རྟོག་པའི་བློས། །དག་པ་མཉམ་གཉིས་གཉིས་མེད་དག །ལྡོག་པས་ཕྱེ་བ་ཇི་བཞིན་སྒྲར། །གང་ཞེན་སྒྲུབ་པའི་ཕྱོགས་འདོད་པ། །གཾ་ག་ད་རྫའི་མི་བཞིན་དུ། །སྤྱོད་ཡུལ་བྲལ་ལ་འདོད་པས་གདུངས། །ཡེ་ཤེས་ངང་ལ་གཉིས་རྟོག་བསླུས། །ལྷུན་གྲུབ་ངང་ལ་ཕེ་རྔམ་ཟད། །གང་ཤེས་མི་གཙང་སྤོས་དྲི་དང་། །ཚེར་མའི་ནང་ནས་ན་བཟའ་བཞིན། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཡོད་ལས་བཙལ་བ་སྒྲོས་གཏགས་ཏེ། །མེད་ལས་བཙལ་ན་སྐུར་བཏབ་འགྱུར། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །དེ་གསུངས་ཕྱིར་ན་རང་རིག་ལ། །ཡོད་མེད་དགག་སྒྲུབ་བླུན་པོའི་བློ། །དེ་བས་སེམས་ཀྱི་དེ་ཁོ་ན། །ཀུན་ཏུ་བཏགས་དང་གཞན་གྱི་དབང་། །ཡོངས་སུ་གྲུབ་པའི་བྱེ་བྲག་ཏུ། །བྱ་བ་དེ་དང་དེ་མེད་དེ། །དེ་ནི་སྨྲ་བསམ་མེད་མི་འཇོག །རང་བྱུང་ཀུན་ལ་རྒྱས་བཏབ་པས། །རང་བཞིན་ཀུན་དང་དབྱེར་མེད་ལ། །མེད་པ་བཞི་ལྟར་གནས་པའང་མེད། །བདེན་པ་རྣམ་གཉིས་དབྱེར་མེད་ཕྱིར། །དགའ་སྒྲུབ་མེད་པའི་སྨྲ་བསམ་གྲོལ། །ཐམས་ཅད་ཡེ་ཤེས་སྣང་བའི་ཕྱིར། །མི་མཐུན་འདུས་པས་རྟག་ཏུ་མེད། །ཡིད་བཞིན་ཤིང་ལྟར་གནས་པ་ལ། །ཇི་བཞིན་སྒྲ་རུ་རྟོག་པ་འཁྲུལ། །བདེན་པ་གཉིས་སུ་མེད་པ་ཡང་། །མཁའ་དང་གཞའ་སྤྲིན་གནས་པ་བཞིན། །སྣང་སྟོང་ཀུན་ཏུ་རང་གསལ་བ། །རང་བཞིན་ངང་གིས་སྣང་བའོ། །བདག་དང་གཞན་དུ་མ་བརྟགས་པར། །སོ་སོར་སྣང་བཞིན་མཐུན་པའི་གཟུགས། །དེ་ལྟ་བུ་ཡི་ངང་དུ་སྣང་། །དེ་གསུངས་ལུང་གིས་བགྲོད་ཀྱང་སླ། །ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །དེ་གསུངས་དོན་གྱིས་དེ་འཕོས་མེད། །མར་མེའི་དུས་ན་མུན་ལྡན་པ། །བླུན་པོས་མུན་སྣང་རེ་མོས་མཐོང་། །མཁས་པས་ངོ་བོ་རིས་མེད་ལྟ། །འཁོར་བ་ཆོས་ཉིད་དེ་བཞིན་ནོ། །སྤངས་པ་མེད་པས་ཀུན་བྲལ་བ། །པཎྜ་རཱི་ཀ་ལྟ་བུའི་དོན། །ལམ་དང་འབྲས་བུ་ཆོས་ཚང་བ། །འབྲེལ་པ་གསུམ་གྱི་ཏནྟྲའོ། །ཐུགས་ཀྱི་ཐིགས་པ་ལས། རང་བཞིན་གྱི་རྒྱུད་སྣང་བའི་ལེའུ་སྟེ་དང་པོའོ།། །།འཁྲུལ་གཞི་ཚུལ་དང་རང་བཞིན་གྱི། །སྡོམ་དེས་ངེས་པར་ཤེས་པར་བྱ། །དྲུག་གི་འགྲོ་བ་ཐམས་ཅད་ཀྱི། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་སེམས་པར་སྣང་བ་ལ། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་མེད། །སྒྲོ་འདོག་དབང་གྱུར་གང་ཟག་རྣམས། །སེམས་ཉིད་དམིགས་སུ་མེད་པ་ལས། །དངོས་པོ་རང་རྒྱུད་གཞིར་སྨྲ་བ། །དེ་ནི་རིགས་རྒྱུད་རྟག་པར་ལྷུང་། །སྐུར་པ་པ་ནི་ལྷུན་གྲུབ་ལ། །དེ་དང་བསམ་པ་སོ་སོར་རྟོག །དེ་ལ་དེ་ནི་མི་སྲིད་བཞིན། །གཞི་ལ་ཡེ་ནས་མེད་ཅེས་སྨྲ། །ཞེན་བློའི་ངོ་ལ་ཡོད་དོ་ཞེས། །སྐུར་པ་གང་ཡིན་ཆད་ལྟར་བ། །དེ་དང་དེ་གཉིས་ཐ་དད་ཅིང་། །མི་སྲིད་ཀུན་འབྱུང་ཐོག་མ་འབྱུང་། །ལ་ལས་ལོག་པ་གཉིས་མེད་ལས། །སྣང་སྨྲ་ལྷན་ཅིག་མེད་པ་དང་། །བརྟེན་པ་མི་གོས་གཞིར་མི་བཏུབ། །རྒྱུ་རྐྱེན་སྤང་བ་རིགས་པ་མིན། །དོན་ཉིད་ཡོད་མེད་རིགས་མེད་ལས། །དེ་ཡི་རྒྱུ་རྐྱེན་རང་བཞིན་པས། །སྨན་གྱི་ཕན་གནོད་ཇི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་ལས། །མི་མཐུན་ཁྱད་པར་སོ་སོར་སྣང་། །དེ་གསུངས་ཕྱིར་ན་རྐྱེན་གྱིས་ཕྱེ། །ལུང་ལས་ཀྱང་ནི་འདི་སྐད་གསུངས། །རྒྱུད་དྲུག་འཁོར་བའི་ལུས་སྣང་བ། །རྣམ་རྟོག་མཐུན་པའི་ལས་སྣང་ངོ་། །སྐུ་མཆོག་རྡོ་རྗེ་འོད་སྣང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །དེ་བས་སེམས་ཀྱི་དེ་བཞིན་ཉིད། །མཐོང་བ་དག་དང་མ་དག་གིས། །ཕྱེ་བས་སྤྱོད་ཡུལ་སོ་སོར་སྣང་། །དེ་ལ་མ་སྤངས་མི་དམིགས་ཕྱིར། །མཚོན་པ་ཡོད་མེད་དོགས་པའང་མེད། །དགག་པ་མེད་པས་བླང་མེད་ཕྱིར། །མཐའ་ཡི་གཞུང་དུ་བསྒྲུབ་མི་དགོས། །མ་རིག་མཚུངས་པར་ལྡན་པའི་ཕྱིར། །དུས་གསུམ་རྒྱུན་དུ་དོན་མཐོང་མེད། །མིག་གིས་མིག་བཞིན་དེ་ལྟ་བས། །གཉིས་སྣང་སྔ་ཕྱིར་ལོངས་བཏངས་ནོར། །སྡོམ་ནི་དུས་དང་རྒྱུད་རྐྱེན་དང་། །ཚུལ་དང་ངོ་བོར་རང་བཞིན་ཉེས། །ཏནྟྲ་ཉིད་ལས་གསུངས་པ་ནི། །ཐོག་མ་མེད་ནས་སེམས་ཡན་བཏང་། །ཕྱིར་ཅི་ལོག་ལ་འཇོལ་ཉོག་སྤྱོད། །གལ་ཏེ་མ་བྱུང་བྱུང་གྱུར་ན། །འཇིག་རྟེན་ཐོག་མ་འབྱུང་བར་འགྱུར། །ངོ་བོ་ཉིད་དང་མཚུངས་པ་དང་། །ལྷན་ཅིག་བྱེད་དང་ཉེར་ལེན་འཕེལ། །རང་བྱུང་རིགས་རྒྱུད་མེད་པ་ཉིད། །དེ་ཡི་སྣང་ཕྱིར་ཏནྟྲ་ལས། །སྔང་གསུངས་དོན་གྱི་དང་པོའི་རྒྱུད། །ངོ་བོ་ཉིད་ཀྱང་གཞན་དུ་མིན། །སྔོན་གྱི་མེ་ལོང་རྣམ་གཉིས་ལྟར། །གདོད་ནས་ལྡན་པས་གཉིས་མེད་པའོ། །ཀུན་ཏུ་བཏངས་པ་རྣམ་གཉིས་པོ། །གོམས་པས་མཉམ་དུ་འབྱུང་བ་གསུམ། །དེ་ཡི་རྐྱེན་གྱིས་བརྟས་བསླངས་པ། །འོད་མ་ལྟ་བུར་ཕྱི་མར་སྣང་། །ཁམས་གསུམ་འདི་ན་གནས་པ་ཀུན། །དཀར་ནག་བཅུ་ཡི་དང་པོ་སྟེ། །ཚངས་པའི་གནས་བཞི་བསམ་གཏན་བཞིས། །བཅུ་བདུན་གནས་རིས་སྤྱོད་ཡུལ་སྣང་། །སྙོམས་པར་འཇུག་པའི་མཐུན་ལྡན་ན། །རྩེ་མོ་བཞི་ཡི་སྤྱོད་ཡུལ་སྣང་། །རྒྱུད་ལྔའི་ལམ་དུ་དུག་ལྔ་སྟེ། ཏནྟྲ་ས་མ་ཡ་ལས་འབྱུང་། །ཕྱི་ནང་འཁོར་ལོའི་གནས་བསྐྱར་བའང་། །ཁམས་གསུམ་ཆ་ཡིས་ངེས་པ་མེད། །འཁྲུལ་རྟོག་བརྟན་པའི་སྤྱོད་ཡུལ་ནི། །སོ་སོའི་ཕྱི་ནང་སྣོད་བཅུད་དང་། །ལུས་དང་ལོངས་སྤྱོད་ཚེ་དང་ལས། །བདེ་སྡུག་བར་མ་ཐ་དད་པའོ། །སྒྱུ་ལ་བསླུས་པའི་མི་བཞིན་དུ། །ནོར་བའི་སྤྱོད་ཡུལ་རང་བཞིན་སྣང་། །སྲིད་རྩའི་ཉེས་པ་བདག་ལས་ཕྱིར། །སྡུག་བསྔལ་མྱོང་ཞིང་ལམ་དང་བྲལ། །དེ་ལྟའི་དུས་ན་རྒྱུད་ཉིད་ལས། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །ཉི་ཟླ་གཟའ་སྐར་མཚན་མོ་གློག་འགྱུ་དང་། །གཞའ་ཚོན་སྤྲིན་མང་སྣ་ཚོགས་འཁྲུགས་གྱུར་ཀྱང་། །ནམ་མཁའི་དབྱིངས་ལས་འགྱུར་ཞིང་ཉམས་པ་མེད། །མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྨད་བྱུང་དང་། །འཇིག་རྟེན་གཙོ་མཆོག་སྣ་ཚོགས་རྣམ་མང་ཡང་། །ཆོས་ཀྱི་དབྱིངས་ལས་འགྱུར་ཞིང་ཉམས་པ་མེད། །དེ་དང་བྲལ་བའི་སྤྱན་བཟང་རྣམས། །དེ་དང་དེ་ནི་དེ་ཉིད་དང་། །གཞན་དུ་བརྗོད་དུ་མེད་ཅེས་སྨྲ། །གཉིས་སུ་མེད་པས་ཀུན་ཏུ་བྲེལ། །ཐུགས་ཀྱི་ཐིགས་པ་ལས། འཁྲུལ་པའི་སྣང་བའི་ལེའུ་སྟེ་གཉིས་པའོ།། །།རང་བཞིན་ལས་ཀྱིས་ཕྱེ་བ་ཡིས། །ཆོས་ཉིད་བྱ་བྱེད་རིགས་པའི་ཕྱིར། །མོས་སྣོད་བཅུད་སྦྱར་བསམ་ཡས་པ། །གདུལ་བྱའི་སྣང་བ་ཞེས་སུ་བརྗོད། །དེ་དང་དེ་རྐྱེན་དེ་དེ་ཡིས། །ཇི་བཞིན་དེ་བཞིན་མངོན་བྱེད་པ། །རིམ་པ་བཞི་དང་ལྔ་པ་ཡི། །བརྒྱུད་སྟེགས་ཉིད་དུ་སྦྱོར་བའི་ཕྱིར། །འདི་སྐད་རྒྱུད་ལས་གསུངས་པ་ནི། །ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །གཅིག་ལ་གཉིས་དང་གཉིས་ལ་དྲུག །ཕྱིན་ཅི་ལོག་པ་མོས་སོགས་པ། །རང་བཞིན་གྲུབ་མཐར་འཇུག་པ་གཉིས། །མཐའ་མ་ལོག་དང་མ་ལོག་པ། །མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་གསུངས་ཐུགས་རྗེའི་སར་གྱུར་པ། །སོ་སོའི་སྣང་རྐྱེན་བསམ་ཡས་ནའང་། །མཆོག་རྐྱེན་རྒྱུད་ནི་རྣམ་གསུམ་སྟེ། །གསང་བའི་རིགས་གཉིས་ལྟ་བུ་ཡི། །སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། །སྤྱི་གཅོད་སྔོན་བཞིན་བསྟན་གསུམ་པ། །རྐྱེན་འདི་ཡི་གེ་ལས་སྐལ་སྣོད། །ཤེས་རབ་འབྲེལ་བཞེས་ཡོད་པའི་ཕྱིར། །དབང་པོས་ཕྱེ་བའི་ཐུགས་ཐིགས་གསུམ། །དང་པོ་མཚོན་པའི་མིང་གསུམ་ལྡན། །ངེས་པའི་ལུང་ནི་སྒྱུ་དྲྭའི་ཕྱིར། །དངོས་པོ་གཉིས་པའི་ལེགས་སྣང་བ། །བདེན་པས་འབྲེལ་བ་གཉིས་སུ་མེད། །དེ་ཉིད་གཉིས་མེད་འཇིག་བྲལ་བ། །གསལ་བརྟན་ལས་ཀྱི་ལྷ་ཡི་མིང་། །དེ་ནི་བསྟན་པའི་དངོས་གཞི་བས། །སྤྱི་ལུང་ངེས་པ་གཉིས་པའི་མཚན། །བསྟན་བརྟགས་དཀའ་བའི་དོན་བཅུད་དེ། །བཞི་ཡིས་ཀུན་ལ་མི་སྣང་བ། །ཁོ་ན་ཉིད་གསུམ་ལྡན་བདེན་པའི། །མིང་གིས་མཚོན་ལས་ལྟག་པའི་དོན། །ཚིག་རྒྱས་ཀྱིས་ཀྱང་མཚོན་མི་ནུས། །དེ་བས་གཞོན་ནུའི་རྟོག་པ་བཞིན། །ཡི་གེ་བསྡུས་པས་དོན་རྒྱས་པ། །བརྡ་ཕྲད་ཐ་སྙད་བསྡུས་པ་ཡིན། །གསུམ་པའི་མིང་ལ་མོས་པའི་བློས། །སོ་སོར་འདོད་ལ་ཤེས་རབ་ཐབས། །ཉི་མས་མཛེས་པའི་རིན་ཆེན་ལྟར། །ཚིག་གི་སྒྲོན་མེས་ཤེས་རབ་ཕྱེ། །འབྲིང་ལ་སྣང་བ་མཆེད་པའི་ཕྱིར། །རྒྱས་པར་བྱེ་བྲག་ཐིགས་པར་ཤར། །རང་བཞིན་ལས་ཀྱི་སྣང་གྱུར་པ། །བགྲོད་ཐབས་གཉིས་སུ་ཡན་ལག་རྐྱེན། །ཐོག་མ་བར་དང་ཐ་མ་ཡུལ། །ལྔ་དང་གཉིས་དང་གཉིས་བསྟན་ཏོ། །དང་པོའི་ཡུལ་ལ་རྒྱུ་རྐྱེན་དང་། །བཞི་བཅུ་གཏད་པས་རྫོགས་པ་ཡིན། །ཐབས་དང་ཤེས་རབ་རྒྱུ་ཡང་ནི། །སྔ་མའི་སྟོན་པ་གནས་འཁོར་སྡུད། །དུས་བསྟན་དྲུག་གནས་རིན་ཆེན་སྒྲོམ། །གསང་བའི་འོག་མིན་གནས་ཀྱིས་ཕྱེ། །ཡི་གེ་བཞི་ཡིས་ཤེས་པར་འགྱུར། །གསང་བའི་ཚད་མ་གཉིས་དང་འབྲེལ། །བློ་གྲོས་རྒྱུ་ལ་ཐུན་མོང་མཆོག །བླ་མ་རང་སེམས་ཡེ་ཤེས་ཆེ། །གཞི་དང་ལས་ཀྱི་གནས་སྟོན་པ། །ཡེ་ཤེས་མང་པོ་ཤེས་པའི་བདག །བསྟན་པའི་བཅུད་ཐུགས་བསྡུས་དངོས་པོ། །བཀྲག་གསལ་ལུང་ལ་དུས་བཞི་མཉམ། །དེ་ལ་དེ་ཡོད་དེ་རྟོགས་འགྱུར། །ཐུན་མོང་བ་ལ་མཚན་གཉིས་གཟུགས། །སྟོན་པ་རང་བྱུང་རྡོ་རྗེ་འཛིན། །རྒྱལ་ཚབ་རྒྱུད་ནས་སྐྱེས་བུ་གཉིས། །རང་བཞིན་དུས་གསུམ་ཆོས་ལས་མིན། །ལོངས་སྤྱོད་ཆེན་པོ་ཀུ ན་ཏུ་ཞལ། །མོས་པའི་མཚན་གྲངས་རྡུལ་སྙེད་ལ། །མཉམ་གཞག་ལོངས་སྤྱོད་ཆོས་སྟོན་པ། །མིང་བཞི་ལྡན་པའི་སྐྱིལ་ཀྲུང་གནས། །དེ་ཡི་བརྟེན་པ་རང་བཞིན་གཞི། །ཆོས་དབྱིངས་འོག་མིན་གསང་བ་ན། །ལྷན་ཅིག་འདུས་པ་རིན་ཆེན་ཁང་། །མ་སྤངས་ལྷུན་གྱིས་རྫོགས་པའི་ཕྱིར། །དབྱིབས་ཚད་རྩེ་མོ་གློ་འབུར་དང་། །འབུལ་འཕང་རྟ་བབས་རྒྱན་ལྡན་ནི། །བདག་ཉིད་དང་ནི་བདག་པོ་དང་། །ལོགས་མགུལ་སྒོ་དང་ཕྱི་ཡི་རྒྱན། །སྣང་བ་དྲི་ཟའི་གནས་བཞིན་པས། །ཁྱོན་ཁང་སྤྱོད་ཡུལ་བྲལ་བའི་ཕྱིར། །ཀུན་ཏུ་ཕྱིར་རོལ་དེ་ལ་མེད། །ཆོས་ཀྱི་འཁོར་ལོ་ཤེས་རབ་ཐབས། །མ་ཆགས་རེ་སྐང་འབྲས་བུའི་གདན། །ཡེ་ཤེས་དུ་མ་གཅིག་བྲལ་བས། །སྣ་ཚོགས་སྣང་ལ་རང་བཞིན་མེད། །དེ་ན་དེ་ལ་དེ་གུས་པ། །རྒྱལ་ཚབ་རྒྱུད་དང་རྒྱལ་སྲས་སེམས། འཇིག་བྱེད་ཐུགས་རྗེ་སྤྲུལ་པ་དང་། །དད་པས་འབྲེལ་པ་བརྒྱད་སོགས་པའོ། །དེ་ནི་སྟོན་ཚུལ་འབབ་པ་དང་། །གྱད་སྟབས་འགྲེང་བར་བཞུགས་པའོ། །ཚད་ལས་འདས་པའི་གྲངས་འདུས་པ། །ཆོས་དབྱིངས་མུ་མཐའ་མེད་པར་ཁྱབ། །ནོར་བུ་རིན་ཆེན་སྐུ་མངའ་བའི། །གསང་བདག་དེ་ཡི་བདག་པོའི་ཕྱིར། །ཏནྟྲ་ཐུགས་བསྡུས་མོས་བཞིན་དུ། །ཀུ་མཱ་ར་དང་སྤྱན་ཚོར་སྣང་། །དེ་ནི་དེ་ཡི་ཐུགས་སྐྱེས་ཕྱིར། །དེ་ཡི་དོན་ནི་དེས་བསྡུས་རིགས། །སྐུ་ཡི་ཕྱེ་བའི་འཁོར་རྣམས་ལ། །སོ་སོར་བསྟན་པའི་དུས་སྣང་ཡང་། །ལྷན་ཅིག་པ་ལ་དུས་གཅིག་སྣང་། །གང་གིས་མཐོང་རྟོགས་ཚེ་ན་ཡང་། །དུས་བཞི་མཉམ་ལས་མ་གཡོས་ཏེ། །དེ་ཡང་རང་བཞིན་མཉམ་པའི་དུས། །རྟག་པ་རྒྱུན་དུ་ཐུགས་རྗེ་འཇོམ། །མཐར་ཕྱིན་དག་པའི་དུས་ལ་འབྱུང་། །དེ་ཚེ་རང་བཞིན་ངེས་ལུང་སྣང་། །གསུང་ལྔ་ཚུལ་གྱིས་གཅིག་ལ་སྣང་། །མཚོན་བྱེད་བསྟན་པར་དེ་བརྗོད་དེ། །དེ་དག་མཚོན་པར་རང་མཚན་སྒྲ། །འགྲོ་བ་གང་གང་གཟུགས་བརྙན་ཡུལ། །རིགས་མཐུན་དགའ་འབྱེད་མི་མཐུན་ལ། །སྒྱུར་བྱེད་འཇིགས་གཟུགས་སྣང་བ་ལྟར། །རྒྱལ་བའི་གླིང་གཞི་དེ་བཞིན་ནོ། །དེ་རྗེས་རྐྱེན་གྱིས་གླིང་བསླང་བ། །སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་སློང་སྟོན་དང་འཁོར། །གནང་འདྲའི་རྐྱེན་དུ་གང་གྱུར་པ། །དེ་དེས་གསུང་ལ་མ་རག་པ། །ངེས་པའི་ཚིག་འགྲུབ་ངོ་བོའང་དེ། །སྐབས་ཀྱི་དྲིས་ལན་སྨོས་ཅི་དགོས། །དྲིས་ལན་བདོ་བས་ངེས་པར་འགྲུབ། །ཐབས་སྤྱོད་ཤེས་རབ་གང་ཚེ་ཡང་། །རྐྱེན་བྱེད་འབྱུང་ལ་མ་རག་པས། །འཁོར་དང་གཞན་གྱི་དོན་ཕྱི་རུ། །རྒྱུ་འཚོགས་ཐུགས་རྗེ་ལྡང་བར་འགྱུར། །བརྗོད་བྱ་རང་བཞིན་གསང་བའི་རྒྱུད། །དེ་ཇི་བཞིན་དུ་རྗོད་བྱེད་བདག །སྟོན་པ་རྒྱུད་དོན་ལམ་དང་ཚིག །འབྲེལ་བ་རིམ་དང་འཆོལ་འཁྲུགས་པ། །ཐབས་དང་ཐབས་བྱུང་ཡིན་གྱུ་འབྲས། །གླིང་གཞིའི་རྗེས་སུ་ངེས་པར་འགྲོ། །ཏནྟྲ་ལེའུའི་གྲངས་བསྡུས་པ། །མེ་ལོང་བཅུ་ཡིས་མཚོན་སྦྱར་བ། །བཅུ་ཡིས་འདྲེན་པར་ཤེས་ཀྱིས་བསྡུ། །བྱེ་བྲག་བདག་དང་གཞན་ཤེས་འགྱུར། །སེང་ཆེན་མཆོངས་པའི་ཆོས་གཅིག་ལྟར། །རྣམ་གྲངས་ཚིག་ལམ་དོན་གཅིག་སྡུད། །བྱཱ་གྷྲྀའི་མཆོངས་པ་དེ་བཞིན་པས། །ཏནྟྲ་ཚིག་དོན་དུམ་བུར་བཅད། །ཀ་ལ་པིངྐའི་ཆོས་བཞི་པོས། །རྣལ་འབྱོར་ཅན་གྱི་འཕང་བཅད་དོ། །རུས་སྦལ་འགྲོས་ཀྱི་ཆོས་གཉིས་པོས། །འབྲུ་སྟོང་མི་གཞག་གཟེར་བུས་གདབ། །དུས་ཀྱི་འབྲུག་ཆར་ཆོས་གསུམ་པས། །བཀའ་ཡི་ཚད་གསུམ་སྐབས་སྦྱར་སྣང་། །གླག་གི་གཟན་གྱི་ཆོས་གཉིས་ལྟར། །དོན་གྱི་དམིགས་གཟུགས་གེགས་བསལ་ལོ། །རྣ་ཕྲུག་འཛེག་པའི་ཆོས་གཉིས་ལྟར། །ལྡེམ་དགོངས་གསང་བ་བརྒྱད་ཀྱིས་སྦྱར། །ངང་མོའི་འགྲོས་ཆོས་རྣམ་གཉིས་ལྟར། །གཞན་དོན་དབུ་ཞབས་ལེ་མཚམས་སྦྲེལ། །མེ་ལོང་ཆོས་ལྟར་མཚོན་པའི་དཔེས། །ཀུན་ལ་དེས་མཚོན་ཐོག་ཏུ་དབབ། །མི་འཇིགས་ཕྲུ་གུ་རྩལ་སྦྱོང་ལྟར། །འབྲུ་ཚིག་དོན་གྱི་གོ་རིམ་བསྡེབ། །ཚིག་དོན་མོས་པར་བཤད་པའི་ཕྱིར། །རྣམ་པར་ཕྱེ་བས་མ་འདྲེས་གསལ། །ཐབས་དང་དོན་ལ་རང་བཞིན་པས། །ཚིག་གིས་མཚོན་བྱས་དེ་སྣང་བྱེད། །སྟོན་པ་གང་གིས་གང་ཞིག་ལ། །གཏད་པ་གང་དེ་ཅི་ཡི་ཕྱིར། །རྒྱལ་སྲས་སྡུད་མཛད་མ་འོངས་སོགས། །མི་ནུབ་བསྟན་འཕེལ་ཕྱིར་གཏད་པ། །ཤེས་བྱེད་ཡུལ་དེ་བསྒོམ་བྱ་མིན། །དེ་ཡི་ཕྱི་མ་ཤེས་དགོས་མེད། །སྐབས་སུ་འབྱུང་བས་འདིར་མ་ཡིན། །བར་དུ་མོས་པས་ལམ་གཞོལ་སྡོམ། །ཐུན་མོང་མཆོག་སྟེ་ཐ་མ་གཉིས། །དངོས་སྤྱོད་རྗེས་སུ་གཞོལ་བ་དང་། །ཕ་རོལ་ཕྱིན་པ་ཤེས་རབ་གཞོལ། །དེ་ཡང་ཅིག་ཅར་རིམ་སྦྱོར་བས། །རྗེས་སུ་མཐུན་པའི་ལུང་བཞིན་ནོ། །ལྔ་ཡི་དངོས་སྤྱོད་རྗེས་འབྲང་བ། །ལས་སྣོད་སྐལ་བས་ཕྱེ་བ་ལ། །འཚེས་པའི་ངག་གིས་དགྲོལ་བྱེད་པ། །བཞི་དང་རང་གི་སྟོབས་ལས་བྱུང་། །དེ་ལས་ཁམས་ཀྱི་སྤྱོད་པ་ཡིས། །ཕྱེ་བས་དང་པོར་ལྷུན་གནས་པ། །རིམ་དང་རྫོགས་པའི་སྨིན་ཚུལ་དུ། །རིམ་དང་ཅིག་ཆར་སྣང་བ་ནི། །ཤིཿར་ཙཀྲ་ཨ་མོ་ཤད། །རང་གནས་སྒྲོལ་མ་གྱེན་འགྲོ་བ། །དེ་ལ་བསྟན་པའི་རིམ་པ་ནི། །བྱེ་བྲག་བསྐྱེད་པའི་ཆ་ཡིན་ནོ། །ཕྱི་མ་དབང་པོ་གསང་བ་གཉིས། །ནོར་བུ་ཆུ་སྐྱེས་ལྡན་གྱུར་པ། །བཅུ་དྲུག་བཞི་རྫོགས་ཕྱག་རྒྱ་བཞིས། །ཁ་སྦྱར་གཡོ་བའི་རྟེན་གཉིས་ལ། །རྟེན་དང་མཐུན་པའི་བདེ་མཐོང་བ། །མཆོད་པ་གསུམ་ལ་དཀྱིལ་འཁོར་དྲུག །ཤེས་རབ་གསུམ་གྱིས་མིག་འབྱང་བ། །རང་དག་མངོན་དུ་མཐོང་ཕྱིར་ཐོབ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བའང་། །གཙོ་དང་ཡན་ལག་རྣམ་བཅུ་པོ། །ཀུན་གྱི་དོན་དུ་གཉེར་བྱེད་པའང་། །མཆོག་ཏུ་བྱ་བ་སྔོན་བཞིན་གཉིས། །གཅིག་གི་བློ་མཆོག་སྐལ་ལྡན་རྣམས། །ངེས་པར་ཆུད་ནས་དེར་གནས་པ། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །སེམས་བསྒོམ་རྣམ་གསུམ་དུས་གཅིག་རྫོགས། །དེ་ལས་ལྡོག་པ་རྟེན་འབྲེལ་བཞི། །ལྔ་ཡི་རིམ་བསྟན་དོན་དུ་གཉེར། །སྔོན་དུ་ཡན་ལག་དང་བའི་སྡོམ། །དགོས་ཆེད་ཐབས་དང་ངོ་བོ་དང་། །སྐྱོན་དང་ཡོན་ཏན་རིམ་པས་ནི། །དབང་པོ་མཆོག་ནི་རྫོགས་པར་བཤད། །གཞན་པའི་ལྟ་མིག་བསལ་བ་དང་། །མཆོག་གི་སྤྱན་རབ་མངོན་བྱའི་ཕྱིར། །ལྟ་ངན་གོ་ཆ་རྟོལ་བྱེད་པས། །ཐེ་ཚོམ་མེད་པའི་མེལ་ཐུད་གཅེས། །གླིང་བཞི་ཕལ་རི་རི་བདུན་དང་། །ལྷུན་པོའི་གནས་ལྟའི་རིམ་པ་བཞིན། །རིགས་མིན་རང་བཞིན་ལྟོས་ལྟ་བ། །ཕྱོགས་སྒྲུབ་མི་མཐུན་འགེགས་པ་དག །ཆ་ཡོད་དུག་ལ་མི་རེག་བཞིན། །གང་གིས་ཤེས་ནས་དེར་མི་གནས། །བསམ་གྱིས་མི་ཁྱབ་མ་ཤེས་ན། །བསམ་མེད་རྣལ་འབྱོར་གཉིས་དོན་མེད། །གང་གིས་དེ་ལྟར་ཆུབ་བྱས་པས། །སྟོང་རྟོགས་རྣལ་འབྱོར་རྫོགས་བྱང་ཆུབ། །གང་གིས་ཐོག་མར་བརྟེན་པའི་ཐབས། །ཏིང་འཛིན་བྱེ་བྲག་ལས་སྤྱོད་དང་། །ཡན་ལག་མང་པོ་རྣམ་གསུམ་གྱིས། །གཏན་ཚིགས་ཐུན་མོང་ཡིན་མིན་པ། །རྒྱུད་ལས་གྲགས་པས་རྐྱེན་བྱས་ཏེ། །རི་རྒྱལ་ལྟ་བུར་མཐོང་བར་གཅེས། །རྒྱུ་རྐྱེན་གང་གིས་ངེས་སྐྱེས་པ། །ཐེ་ཚོམ་ཡིད་གཉིས་སོམ་ཉི་བ། །མེད་ལ་བརྗོད་ཀྱི་ངོས་རྟོག་མེད། །དགག་སྒྲུབ་མེད་ཀྱི་རྒྱུད་ལས་བྱུང་། །དབང་པོ་དྲུག་གིས་འཆར་སྣང་ཡང་། །སྤྱན་ལ་མཆོག་ཏུ་བརྗོད་པ་ནི། །ཤེས་རབ་ཡུལ་དུ་དབྱེར་མེད་པས། །མངོན་སུམ་རྟོགས་པས་རྟོགས་པའི་མཆོག །རང་རིག་ཡེ་ཤེས་ཚོགས་གཅིག་པོ། །ཤེས་རབ་སྤྱན་གྱི་དམ་པ་བས། །དེ་ལ་ཕྱི་ནང་མེད་པའི་ཕྱིར། །ཆོས་ཉིད་རང་གི་མཚན་ཉིད་མཐོང་། །དེ་ལྟའང་ལོག་རྟོག་མ་ཟད་པས། །འཁོར་སྒྱུར་རྒྱལ་པོའི་སྟོབས་བཞིན་དུ། །རང་མཚན་མཐོང་ཡང་དེ་ལྟ་བས། །དབང་བསྒྱུར་རིགས་དང་ཁྱད་པར་འགྱུར། །གསང་བའི་རྒྱུད་ལས་འདི་སྐད་དུ། །ལྟ་དང་བལྟ་བར་བྱ་མེད་པའི། །ཡེ་ཤེས་སྒྲོན་མེ་འགྲེང་བར་ནི། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །དེ་བས་ཅི་ལ་གང་ཞིག་ཞེན། །གསང་སྔགས་ཡིད་ཡུལ་གང་གིས་རྙེད། །རྡོ་རྗེ་ཡིད་ཀྱི་སྒྲས་གོལ་བས། །འདུས་མ་བྱས་ལ་དམིགས་པ་དག །ངེས་པར་འདིའོ་སྙོམ་ལྟ་བའི། །རྗེས་ལ་རྣལ་འབྱོར་མི་རྟོག་ཅེས། །ཕྱོགས་ནས་མཐུན་པར་བསྐྱེད་འདོད་པ། །ངེས་འཇོག་རྟོག་པའི་གཟུང་འཛིན་ཅན། །ཀུན་ཏུ་རྒྱུ་དང་གཞོན་ནུ་ལྟར། །གོ་མཆོག་ཐོས་པའི་ཁྱད་པར་ནི། །རིགས་བརྒྱད་བཅུ་ལྔའི་རྩ་བ་ལས། །ལྟ་བའི་ཁྱད་པར་གསུངས་པ་ཡིན། །རྣམ་གྲངས་དམ་པའི་སྒྲས་གོལ་བ། །དེ་ཡི་སྒྲ་ལ་ཇི་བཞིན་རྟོག །དེ་མིན་མཐུན་པར་ལྡོག་བྱེད་པ། །དབུལ་པོ་ལྟ་བ་ཉིད་ཁོ་ན། །བཞི་པ་འདི་སྐད་ལུང་ལས་བྱུང་། །ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱོད་སྟེགས་བྱས་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེ། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ལྔ་པ་ཇི་སྐད་འབྱུང་ཞེ་ན། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །དང་པོ་དོན་རྟོག་མཐར་མི་གཏོང་། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །དེ་རྗེས་གཙོ་མཆོག་གོམས་བྱེད་པ། །འབྱུང་རླུང་འདུས་བྲལ་ཚུལ་བཞིན་པའང་། །རང་གི་ཡན་ལག་རྫོགས་པ་ཡི། །གང་དུ་འདུ་ཤེས་མེད་གསལ་བ། །གང་དག་བཅུ་དང་ལྡན་པ་ཡི། །སྔ་མ་ལས་ཀྱང་གནས་འགྱུར་རོ། །འཕོ་བ་མེད་པར་བཞིས་སྣང་བཞིན། །དེ་ཡི་ཡན་ལག་དེ་བཞིན་པས། །རྒྱུ་ལས་ཐོབ་པར་རང་གནས་པ། །སྣང་བ་ཀུན་ཏུ་ཁྱབ་པ་ནི། །ཕྱི་ནང་མེད་པར་མཐུ་རྫོགས་བྱ། །དེ་ཡི་སྟོབས་ལས་སྐྱེས་པ་ནི། །རྟེན་འབྲེལ་བཞི་པ་ནས་འབྱུང་ངམ། །ཚིག་ཤེས་སྐྱེ་བ་ཇི་བཞིན་པ། །གཉིས་ལ་གང་མོས་གཉིས་ཚུལ་གྱིས། །བཞི་པ་དགུ་དང་ལྡན་པ་དང་། །རང་གི་ཆ་རྐྱེན་ཚང་བ་ཡིས། །དེ་ལ་ཞེན་པ་གྲོལ་འགྱུར་ཞིང་། །བཞི་ལྔ་ལྡན་ནས་ལྡང་བར་བྱ། །གང་སྨིན་མཐུན་པའི་རྒྱུད་འཕེལ་ཞིང་། །དེ་ཡི་བཞི་ལས་ཚངས་ཡ་མའི། །གཟུགས་ཅན་སྤྲོས་པར་རང་གནས་ཏེ། །རྒྱ་མཚོ་གཟའ་དང་སྐར་མ་དང་། །འབྲེལ་བཞིན་རྡོ་རྗེ་ཆོ་གས་སམ། །བསླབ་པ་རང་གི་རྐྱེན་ཚང་བ། །ལུང་བཅུ་ལྡན་ནས་དེ་སྤྲོའམ། །ཡང་ན་དེ་ནས་ལོངས་སྤྱོད་སྦྱར། །ལྔ་པ་རྣལ་འབྱོར་འབའ་ཞིག་གིས། །འདས་ཚུལ་གཉིས་ཐོབ་འགྱུར་བའང་ཡོད། །དེ་དང་མི་འཚམས་ལོངས་སྤྱོད་ལྔ། །རང་གི་བཞི་བཞི་ཐབས་བཞི་དང་། །ལྡན་པས་གྲངས་ཚད་རྟགས་བྱུང་ན། །དཀྱིལ་འཁོར་མཐུན་སྦྱར་ཐབས་གཉིས་སོ། །ཡན་ལག་ཚང་ན་ཟག་པ་མེད། །དེ་མིན་ལན་གྲངས་གཞན་ཉིད་དུའོ། །རྒྱ་མཚོར་རིན་ཆེན་བཞི་ཡི་འོད། །ཕོག་པ་ཇི་བཞིན་ཐོབ་འགྱུར་ཡང་། །འདིས་ནི་ཐར་ལམ་རིམ་སྦྱར་ན། །སངས་རྒྱས་ས་ལ་གདོན་མི་ཟ། །ཡན་ལག་གཉིས་པ་འདིར་ཤེས་ཏེ། །དེ་དག་ལས་སུ་རང་བྱེད་པ། །དགོས་ཆེད་རྣམ་གྲངས་དུས་དང་ནི། །སྐྱོན་དང་ཡོན་ཏན་སྡོམ་གྱིས་རྫོགས། །བདག་དང་གཞན་གྱི་དོན་གྱི་ཕྱིར། །དབྱི་སོགས་མི་གོས་གོམས་པ་གཅེས། །གསང་རྒྱུད་ཉིད་ལས་གསུངས་པ་ཡི། །བརླུང་པོ་དམ་རྫས་ཤ་སྤྱོད་པ། །འདོད་ཡོན་ཉོན་མོངས་ཉི་ཤུ་ལྔ། །ནག་པོས་འདུལ་བ་ཇི་སྙེད་པ། །ཐུན་མོང་མིན་ཏེ་དེ་བཟློག་དཀར། །ཁྱད་པར་ལམ་དང་སར་མཐུན་པའོ། །ཞེན་པའི་ལམ་ལ་དེ་ཉིད་དེ། །ཇི་ལྟར་དུག་ལ་དུག་ནག་བཞིན། །བདག་དང་གཞན་པ་གཉིས་ཀ་ལའང་། །ཚེ་དང་མཁས་པའི་ཐབས་ཀྱིས་སྤྱོད། །གཅིག་ཤེས་པ་དེ་དམངས་རྗེ་དང་། །བྲམ་ཟེ་རྒྱལ་པོ་ལྔ་རིམ་བཞིན། །ཤེས་པར་བསླབ་བྱ་མང་པོ་ཀུན། །བཙོན་པ་དོར་བ་ཡོད་མ་ཡིན། །དེ་གོམས་མཚོན་པ་གཉིས་པ་ལྟར། །འཇུག་པ་གསུམ་ལ་ཡིད་ཚང་ཐབས། །ཆ་མཐུན་གདམས་ངག་བྱིངས་རྒོད་དེ། །འབྲུ་སོགས་རིམ་དང་བཟློག་ལ་བརྟེན། །གཙང་མ་རིགས་ཀྱི་མཐུ་བཞིན་དུ། །མཐོང་གོམས་བཞི་འདུས་སྤྱོད་ཡུལ་སྦྱོང་། །ལྔ་པར་སྲི་ཞུ་རྒྱལ་ཆོས་ནི། །དང་པོ་བཞིན་དུ་ལོངས་སྤྱོད་ལྔ། །ཤིན་ཏུ་སྤྲོས་སྤྱོད་བླང་བར་བྱ། །ལྔ་པར་ལྔ་པོ་གཙོ་བོ་ཡིན། །དེ་ནས་བཞི་ཡི་ཟག་བྲལ་ནས། །ལྕགས་ཟངས་གསེར་དངུལ་གོ་རིམ་བཞིན། །བདག་གཞན་ཡུལ་གྱི་ཁྱད་པར་འགྱུར། །སྔ་མ་རྒྱུད་ལྡན་རྩོལ་བ་མེད། །རང་རང་བསླབ་པ་གང་ཡིན་པ། །སྐབས་སུ་གཅེས་པ་ཁྱད་པར་ཡིན། །ལམ་དང་པ་ཡི་རིམ་སྦྱར་ནས། །སྤྱོད་པར་གྲགས་ལ་རེ་ཚེད་པ། །སྔ་མ་གོམས་མཐར་ཕྱིན་འཇུག་ཚེ། །དེ་ནས་རང་གི་སྤྱོད་ཡུལ་བླང་། །ཁྱད་པར་དོར་བ་མཐར་ཕྱིན་མེད། །བརླང་པ་རང་གང་སྤྱོད་པ་ནི། །དོན་དུ་མི་འགྱུར་བཞིན་དབང་བས། །སོ་སོའི་རྣམ་སྨིན་ཚད་ལས་འདས། །དེ་ལ་དེ་ཡི་དེ་ཡོད་ཕྱིར། །དེ་ངེས་གཉིས་པོ་མི་ལྷུང་ཐོབ། །སོ་སོའི་ལྟུང་ཐོབ་གྲགས་པ་བཞིན། །བསག་བྱ་གཉིས་འགྱུར་བྲི་བར་འགྱུར། །བྱ་བའི་སྡོམ་ནི་དགོས་ཆེད་དང་། །ངོ་བོ་ངེས་ཚིག་རྣམ་གྲངས་དང་། །བྱ་ཐབས་སྐབས་དང་ཁྱད་པར་དང་། །སྐྱོན་ཡོན་དགུ་ཡིས་རྫོགས་པ་ཡིན། །བདག་དང་གཞན་དང་གཉིས་ཀ་དང་། །དམ་ཆོས་ཕྱིར་ན་རྣམ་ལྔའོ། །ཤིང་ལ་ཆུ་བཞིན་དང་བླང་བ། །རབ་འབྲིང་ཐ་མ་ནུས་ཚད་སྦྱར། །གདུལ་བྱ་ཕྱི་ནང་ཟུང་བཞི་པོ། །གདུལ་བའི་མཐུ་ཆེན་རྣམ་བཞི་དང་། །གཅིག་གིས་ཀུན་འདུལ་མཐུ་ཅན་སོགས། །ལྔ་པོ་གང་ཡིན་དེ་ངོ་བོ། །ཟུག་རྔུ་ཕྱི་ནང་ཞི་ཕྱིར་དང་། །འཕེལ་བྱ་གཉིས་པོ་འཕེལ་ཕྱིར་དང་། །འགུགས་དབང་བཞི་པོ་སྡུད་ཕྱིར་དང་། །གདུག་པ་རྣམ་གཉིས་འཇམས་ཕྱིར་དང་། །ལྔ་པ་སྔོན་དུ་བསྟན་བཞིན་ཕྱིར། །ངེས་ཚིག་ངེས་པར་འགྲུབ་པ་ཡིན། །དོན་གྱི་དམིགས་སུ་གཟུང་བའི་ཕྱིར། །རང་བཞིན་ལམ་དུ་ཐུགས་རྗེས་ཕྱེ། །བར་མ་ཐབས་དང་ཤེས་རབ་ལ། །སྔ་མ་གཉིས་དང་ཕྱི་མ་ལ། །ཤེས་རབ་ཏིང་འཛིན་རྣམ་གཉིས་དང་། །ལོངས་སྤྱོད་ལྷག་པ་གཟུགས་བརྙན་གཉིས། །དེ་ལ་ཕྱི་ནང་གསང་བར་བཤད། །ངོ་བོ་རྗེས་སུ་ཞི་བ་གཉིས། །ཕྱི་ལ་བགེགས་དགྲ་ཞི་བའོ། །ནང་ལ་ཉོན་མོངས་རྟོག་ཞི་བའོ། །རྒྱས་པ་གཉིས་པོ་གསོ་དང་འཕེལ། །ན་འཆི་ལོ་ཏོག་སྲིའུ་སོགས། །ཚེ་དང་ལོངས་སྤྱོད་རིགས་བརྒྱུད་དང་། །བསོད་ནམས་བཞི་པོ་ནང་འབྲས་བུ། །དབང་ནི་དགུག་དང་བསྡུ་བ་གཉིས། །ཕྱི་རོལ་དྷ་རཱིའི་རྣམ་པ་དགུག །མི་མཐུན་རྣམ་གཉིས་དབང་པོ་གྱུར། །རང་སེམས་འབྲས་ལྔ་བསྡུ་བར་བྱ། །མངོན་སྤྱོད་བསྐྲད་དང་མནན་པ་དང་། །སྨྱོ་འབོགས་བྱད་དང་སྐེམ་པ་དང་། །རྨོངས་དང་བརྟན་གཡོ་རྒྱུད་གཞན་ལའོ། །རང་གི་ཕྱི་ནང་དགྲ་བགེགས་འཇམས། །ཐབས་ནི་ཐབས་ལ་གསང་བ་ནང་། །ཁམས་བཞི་ཁམས་གསུམ་ལ་སྦྱར་བྱ། །ཤེས་རབ་ཕྱི་ནང་གཉིས་ཀྱི་སྟེ། །ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ལྷག་པ་གཟུགས་བརྙན་བྱ་ཐབས་གཉིས། །མཆོད་རྟེན་སྒོ་དང་སྦྱིན་སྲེག་སྟེ། །ཕྱི་མ་གནས་དང་སྒྲུབ་པོ་དང་། །ཐབ་བརྒྱད་འབྲུབ་ཁང་བཅས་པ་དང་། །ཕྱོགས་དང་ཁ་དོག་དུས་ཉིད་དང་། །ཕུར་པ་ལྷ་དང་སེམས་དང་ཡུམ། །བསྒྲུབ་བྱའི་ལིངྒ་མེ་མཆོད་དང་། །དཀྱིལ་འཁོར་ཡོ་བྱད་ཚང་བར་སྦྱར། །བྱ་ཐབས་གཙོ་བོ་སྦྱིན་སྲེག་ལ། །སྐབས་སུ་དགོས་པ་ལིངྒ་གདབ། །བྲོ་སྟབས་བཅས་པའི་ཆ་རྐྱེན་ནོ། །དེ་དག་རྩ་བའི་མཆོད་བརྙེས་དང་། །ཏན་གོན་མེ་མཆོད་སྦྱིན་སྲེག་རིམ། །སྨོན་ལམ་ལྷག་མའི་ལས་དག་གོ། །སྐབས་ནི་དབང་དང་སྒྲུབ་པ་དང་། །མཆོད་བཤགས་ཚེ་དང་དུས་བབ་ཚེ། །ཁྱད་པར་ཟག་བཅས་བར་ཆད་མེད། །མཐར་ཕྱིན་ལམ་གྱི་རིམ་པའམ། །ཤེས་རབ་དབང་པོ་རྣམ་གསུམ་གྱི། །ནུས་མཐུ་བྱིན་རླབས་ཡུལ་ངོ་བོ། །ཐབས་དང་གཞི་དང་ཁྱད་པར་ལ། །སྐས་ཀྱི་གདང་བུ་ཇི་ལྟའོ། །མི་སྐོང་མི་འབྱོང་མི་རྫོགས་དང་། །དོན་གཉིས་མི་འགྲུབ་དེ་ཡི་སྐྱོན། །དེ་ལས་ལྡོག་པའི་ཚུལ་ལྡན་པ། །ཡོན་ཏན་ཉིད་དུ་ཤེས་པར་བྱ། །ས་བཞི་སྡོམ་ནི་ངོ་བོ་གྲངས། །དགོས་ཆེད་དུས་དང་ཆེ་བ་དང་། །ཡོན་ཏན་བསྐང་ཐབས་སྐྱོན་དག་གིས། །ངེས་པར་དམིགས་སུ་ཤེས་པར་བྱ། །གསང་སྒོར་ཞུགས་པ་ཐམས་ཅད་ཀྱི། །སྒོ་གསུམ་རང་གི་བསྲུང་བྱ་ལས། །རྒྱལ་པོ་བཀའ་རྟགས་ཇི་ལྟ་བར། །མི་འབྲལ་སྡོམ་པ་དེ་ངོ་བོ། །ཐུན་མོང་གཞུང་གཞན་འགྲོ་དོན་དུ། །ཁྱད་པར་རྩ་བ་ཡན་ལག་སྟེ། །མདོ་རྒྱས་རབ་འབྲིང་ཐ་ཡི་གྲངས་། །ཏནྟྲར་གསུང་བ་བརྙད་པར་བྱ། །ཐེག་ཆེན་ས་ལམ་ཁྱད་པར་བྱ། །སྐབས་ཀྱི་ལམ་ཆོས་མི་མཐུན་བསྲུང་། །དེ་ཡི་དགོས་ཆེད་རང་དང་སྤྱི། །སྐྱོན་ཡོན་ཆ་ཡིས་ཆེད་ཆེ་བ། །དེ་དང་དེ་ཡིས་ངེས་ཚིག་འགྲུབ། །རང་སྤྱིའི་གདུལ་བྱའི་སྦྱང་བསགས་པའི། །བསྲུང་བྱའི་རིམ་པ་ཡོད་པའི་ཕྱིར། །ས་ལམ་གང་ཐོབ་དེ་ཡི་ཚེ། །དེ་ལ་དེ་དགོས་དེ་བསྲུང་བ། །སྐབས་དང་སྦྱར་ན་ཕན་ཡོན་གཉིས། །བསྲུང་བྱ་མཆོག་ལ་བསྐུལ་བའི་ཕྱིར། །སྨོས་པ་བླ་མེད་བསྲུང་ཐུབ་ན། །ཚུལ་ཁྲིམས་སྡོམ་པ་ཐམས་ཅད་རྫོགས། །བྱ་བྱེད་མེད་པར་ཉམས་པའང་མེད། །མ་ནོར་གནས་པའི་ཕན་ཡོན་ནི། །རྣམ་གྲངས་རྗེས་ཞུགས་ཕྱི་རྒྱུད་གྲགས། །གཟུང་དང་ཐོབ་པའི་དབྱེ་བའང་བྱ། །བདག་དང་གཞན་དགོས་གྲངས་རྫོགས་པའོ། །དེ་དེ་ཞིག་རལ་བྱུང་བ་ཡི། །དམིགས་ཤེས་གསོ་བའི་རྩ་བ་ལྔ། །ལེ་ལོ་མེད་པར་ཆོས་ལྕོགས་སྦྱར། །དེས་ན་ངེས་པར་རྫོགས་གཟུངས་ཐོབ། །མྱལ་བ་ལེ་ལོ་ལོག་པ་དང་། །ཟླས་ཞར་ཉོན་མོངས་དབང་སོང་དང་། །བདུད་ཀྱིས་བསླུས་དང་རང་བཞིན་ངན། །བརྒྱད་རྒྱུས་དཀའ་ཐུབ་རལ་བ་དག །དུས་འདི་ཕྱི་མར་དྲག་ཞན་གྱིས། །སྤྱི་དང་སྒོས་སྐྱོན་གཉིས་ལ་གནོད། །བཀོད་པ་རྒྱལ་ལས་བདུན་གསུངས་པ། །སྡོམ་ནི་ངོ་བོ་ཁྱད་པར་གྲངས། །དགོས་པ་ཐབས་དང་དུས་ངེས་ཚིག །ཡོན་ཏན་སྐྱོན་གྱི་གཞི་རུ་བཞག །གནས་སྐབས་བདུན་དང་སྙིང་པོ་ལེན། །བཀོད་པ་གང་རྫོགས་དེ་ངོ་བོ། །དང་པོ་ངང་བཞིན་ཉིད་མཐར་ཕྱིན། །གདུལ་བྱས་ཞི་དང་ཁྲོ་བོ་དེ། །མོས་པས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་གཙོ་བས་ཕྱེ་བ་ལྔ། །རྩ་བ་དེ་ཡང་སྐབས་ཀྱིས་གྲངས། །མཆོད་པ་དབང་དང་ཕྲིན་ལས་སྒྲུབ། །གཞི་ཡང་གཙོ་བོས་གྲངས་རྗེས་མཐུན། །ཀུན་ལ་འཇུག་པས་བཅུ་བཞི་དང་། །སུམ་ཅུ་རྩ་ལྔར་འགྱུར་བ་ཡིན། །དེ་ཡི་རྗེས་སུ་དྲུག་སྦྱར་བའོ། །བཞི་པོ་དུས་སུ་བདག་གཞན་ཕྱིར། །དྲན་དང་རྟེན་དང་འབྲེལ་བ་དང་། །བསྒོམ་དང་བསྒྲུབ་སོགས་མཆོད་བསྒྲུབ་ཕྱིར། །ཤིན་ཏུ་ནན་ཏན་བླང་བར་བྱ། །ས་ཡི་བྱ་བའི་རིམ་པ་དང་། །དེ་ཡི་ཆོ་གའི་ཐབས་དག་ནི། །རང་བཞིན་ལ་སོགས་བདུན་དག་ལ། །གང་ལ་ཡོད་པ་ཀུན་ཡོད་དེ། །ཐབས་དང་ཤེས་རབ་ལས་ཀྱིས་བྱ། །དེས་ན་མངོན་དུ་འགྲུབ་པར་འགྱུར། །བདུན་གྱི་གཙོ་སྙིང་གང་གང་ལ། །དེ་ཡི་འཁོར་ལྡན་ངེས་པའི་ཚིག །ལུང་ལས་གྲགས་པས་ཐེ་ཚོམ་མེད། །ཐ་དད་གཅིག་གིས་བཅིངས་དང་བྲལ། །འཕེལ་འགྲིབ་ཕན་ཡོན་ཐོབ་གྲུབ་བཞི། །བྱེ་བྲག་སོ་སོའི་གྲངས་བཞིན་ནོ། །དེ་ལས་ལྡོག་པའི་སྐྱོན་ཆ་ནི། །གྲངས་ཀྱི་རྗེས་སུ་ངེས་པར་འགྲོ། །མཉེས་པར་བྱེད་པའི་སྡོམ་ཚིག་ནི། །དགོས་ཚེ་ངོ་བོ་གྲངས་སྐབས་དང་། །སྐྱོན་དང་ཡོན་ཏན་ལ་སོགས་པས། །ཇི་ལྟ་བ་བཞིན་ཤེས་པར་བྱ། །བདག་གཞན་དོན་རྫོགས་མཉེས་བསྐངས་པ། །འདི་དང་ཕྱི་མར་ཐོབ་པ་དང་། །ཡོན་ཏན་བཀའ་ལས་གསུངས་པ་བཞིན། །ཆད་སྐྱོན་མི་འབྱུང་བྱ་ཕྱིར་རོ། །བྱ་བྱེད་བྱ་བ་བྱེད་འདུས་པ། །དགེས་ཚིམ་འགྱུར་བའི་དངོས་པོ་ཉིད། །འཇིག་རྟེན་སྤྱོད་མཐུན་མོས་བྱའི་ཕྱིར། །ཕྱག་དང་ཕྱག་རྒྱ་གླུ་གར་ཚིག །ཕྱི་ནང་གསང་བའི་རྫས་དགོངས་མཆོད། །སྲོག་དང་ལྡན་པས་བདེན་གསུམ་ཚུལ། །མཆོད་པ་གསུམ་ལས་སྤྲོས་པ་དག །དཀྱིལ་འཁོར་བདུན་གྱི་གནས་དག་ལ། །དབུལ་ཕྱིར་དགོས་ཆེད་རྗེས་ཞུགས་པས། །ལས་སྤྱོད་བསྒྲུབ་དབང་མཆོད་ཚེ་ནའོ། །དུས་ཀྱི་རྗེས་ཞུགས་ཡོན་ཏན་དག །སྤྱི་དང་ཁྱད་པར་དུས་ཀྱིས་ན། །འདི་དང་ཕྱི་མར་གང་ཐོབ་པ། །བདག་གཞན་དོན་གྱིས་གཉིས་སུ་འགྱུར། །དེ་ལས་ལྡོག་དང་མི་སྐོང་གཡེལ། །ཉམས་ཆད་མཐུ་བྱིན་བྲལ་བར་འགྱུར། །ཐོབ་པར་བྱ་བའི་སྡོམ་ཚིག་ནི། །དགོས་ཆེད་རྒྱུ་རྐྱེན་ངོ་བོ་གྲངས། །ཐབས་དང་ཐོབ་ཚད་དུས་སྣོད་དང་། །ཡོན་ཏན་སྐྱོན་དང་དཀྱིལ་འཁོར་སྦྱངས། །དོན་འགྱུར་བཞི་ལ་ཁྱད་པར་དུ། །བདག་གཞན་དོན་ནུས་ཚོགས་ལས་འགྲུབ། །བྱང་དང་ཆུབ་པར་གྱུར་པར་མྱུར། །དེ་ལ་དེ་ཡོང་ཕྱིར་ནང་བྱ། །ལུང་དང་མན་ངག་ལས་བྱུང་བའི། །རྒྱུ་གཉིས་རྐྱེན་བཞིའི་ཡན་ལག་བརྙད། །དྲུག་ལ་གནས་པའི་ཐོབ་བྱ་སྟེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །རྩ་བ་རྣམ་ལ་ལྔ་བཅོ་བརྒྱད། །བསྒྱུར་བ་ལྔ་ལ་སུམ་ཅུ་དྲུག །དཀྱིལ་འཁོར་ལས་ཀྱི་རྗེས་ཞུགས་པས། །སྣོད་རིམ་སྦྱར་བའི་ལས་རྫོགས་སྦྱོར། །རྣོ་ལ་ཏིལ་མར་ངར་རིམ་བཞིན། །ནུས་མཐུ་གཞན་ལ་ངེས་པར་བཞག །ལམ་གྱི་ཤེས་རབ་སྔོན་འགྲོ་བ། །ཐབས་ལ་དེ་ཉིད་རིམ་པར་བསླབ། །གཉིས་ཀ་ས་ཡི་དཀྱིལ་འཁོར་གསུམ། །དང་པོ་དྲེད་རྙེད་མི་ལྡོག་པའི། །རིམ་པའི་ལས་རིག་ཡེ་ཤེས་རྒྱ། །རིམ་པར་རོལ་པ་རྒྱུད་ཉིད་ལས། །དད་བརྩོན་གསུམ་དང་བརྟུལ་ཞུགས་གསུམ། །གང་ལ་ཡོད་པ་དེ་ཡི་སྣོད། །འདི་དང་ཕྱི་མའི་ཕན་ཡོན་གྲངས། །རྒྱུད་ནས་གསུངས་པ་ཇི་བཞིན་ཏེ། །དེ་ལྡོག་རང་བྱན་ཆོས་ཉིད་དང་། །གསུང་བ་ཉམས་པས་ལྟུང་འཇིགས་པ། །སོ་མ་བཏང་བའི་རྫ་སྤྱོད་ལྟར། །འགྱུར་བ་གསང་བའི་རྒྱུད་ཀུན་ལྟོས། །དོན་དུ་གཉེར་བ་ཐོབ་བྱ་ཡིས། །ཕྱེ་བ་གཉིས་སོགས་སྡོམ་པའི་ཚིག །དགོས་ཆེད་ངོ་བོ་གྲངས་ཐབས་དང་། །དུས་དང་སྐྱོན་ཡོན་གྲངས་ཤེས་བྱ། །ཐུན་མོང་མཆོག་གི་དངོས་གྲུབ་རྣམས། །བདག་གཞན་ཐོབ་ནས་དོན་བཞིའི་ཕྱིར། །གང་གིས་གང་ཐོབ་འདོད་པ་དེ། །ཡན་ལག་བཅུ་ལྡན་གཉེར་བདོ་བའི། །མངོན་ཤེས་ཚེ་དང་རྫུ་འཕྲུལ་ལས། །སྐུ་གསུང་ཐུགས་ཀྱི་ཐུན་མོང་དག །སྒྲུབ་ཐབས་མི་མཐུན་གྲགས་པ་དང་། །ཟག་མེད་འབྲས་བུ་མཆོག་ལྔ་པོ། །སྒྲུབ་པའི་ཐབས་སུ་གྲགས་པ་ཀུན། །ཕུན་སུམ་ཚོགས་པ་བཞི་ལྡན་ནས། །བརྟགས་ཤིང་བྱིན་གྱིས་བརླབས་པ་དེར། །ཚོགས་བསྐྱེད་བསྙེན་སྒྲུབ་གྲངས་དུས་མཚན། །སོ་སོར་ཕྱེ་བ་བརྒྱད་གསུངས་བཞིན། །རྣལ་འབྱོར་རྟོགས་གོམས་འབྱོར་པ་དང་། །སྔགས་དང་ཕྱག་རྒྱ་བརྟན་པ་དང་། །མི་ལྕོག་མེད་པར་གང་ཡོད་དང་། །ཆ་རྐྱེན་ཚང་བ་མངོན་བསྒྱུར་མངོན། །ཡལ་བའི་མི་འབྱང་མི་ཐོབ་བཅུ། །བྱེ་བྲག་རྒྱས་པ་ཁོང་དུ་ཆུད། །དེ་ལས་ལྡོག་པ་འདི་ཕྱི་མར། །ལྔ་ལྔ་ཐོབ་པས་དོན་གཉིས་རྫོགས། །སྔགས་དང་ཕྱག་རྒྱའི་སྡོམ་ཚིག་ནི། །དགོས་ཆེད་ངོ་བོ་གྲངས་ཐབས་དང་། །ངེས་ཚིག་གང་དུ་དགོས་པ་དང་། །ཡོན་ཏན་སྐྱོན་དང་སྤྱོད་ཡུལ་བཤད། །སྦྱང་གཞི་ཉེ་བར་བསྙེན་པ་དང་། །ཐོབ་བྱ་ལྔ་པོ་རྫོགས་བྱའི་ཕྱིར། །གཉིས་ཀའི་ཆེད་དུ་ཤིན་ཏུ་གཅེས། །ཡི་གེ་འདུས་པ་གྲུབ་པ་བཞིའི། །མཐུ་ཆེན་རེད་པ་གང་ཡིན་པ། །བཞི་རྫོགས་གཉིས་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །རིག་གསང་གཟུངས་སྔགས་ཤེས་བྱ་བ། །རྩ་བསྐྱེད་ལས་རིམ་ལས་བསྙེན་དང་། །མཆོད་པ་དང་ནི་རྒྱ་བཞི་ལས། །ཆེན་པོ་རང་བཞིན་ཏིང་འཛིན་དང་། །མཚོན་པ་མཚན་མའི་ཕྱག་རྒྱ་དང་། །ཡུལ་དང་འཛིན་བསམ་བཅའ་བའི་དམ། །བསམ་དང་བཅའ་དང་རང་བཞིན་དང་། །འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་དང་། །བདེ་བ་རང་བཞིན་བཟླས་བསམ་དག །ལམ་གྱིས་ཕྱེ་བས་གྲངས་མང་ངོ་། །སྐྱོན་བཅུ་ལེ་ལོ་དོར་བ་དང་། །སྐྱོན་བརྒྱད་སྤང་བའི་བརྩོན་པས་སྦྱངས། །མཐུ་བྱིན་ལྡན་ཞིང་དོན་མི་འདའ། །དེ་ཕྱིར་མིང་གི་སྒྲ་འཇུག་གོ། །དཀྱིལ་འཁོར་དགོད་པའི་དུས་ལྔ་དང་། །བསྙེན་བསྒྲུབ་རྣམ་བཞིའི་ཚེ་ནའོ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེ་བར་འགྱུར། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ། །རལ་གྲིའི་སོ་ལ་བཟུང་ཉེས་ལྟར། །ནན་ཏན་མེད་པའི་གསང་སྔགས་པ། །ཕུང་ཞིང་འབྲས་རྣམས་མེད་པར་འགྱུར། །གསང་བ་གསུམ་ལ་མོས་རིམ་བཞིན། །གང་ལ་སྤྱོད་པ་དེ་ཡུལ་ལོ། །ཐ་མར་རིག་པའི་དྲོད་ཚད་པ། །ཉེ་བར་སྦྱོར་བ་ས་དེ་ནི། །རང་གི་སྒྲུབ་དང་ཏིང་འཛིན་སྡོམ། །ཟག་མེད་ལམ་སྦྱོར་ཚོགས་གཉིས་གྲངས། །ཐབས་དང་ཤེས་རབ་ཏིང་འཛིན་གྲངས། །ཚད་མ་གཉིས་ལས་གྲགས་པ་དག །ལེགས་སྦྱང་ཐོབ་ནས་ཟག་པ་མེད། །ཐིགས་པ་ཐ་མ་སྔ་མའི་རྒྱུས། །ཐོབ་པའི་སྡོམ་ཚིག་ལམ་མཐར་ཕྱིན། །བདེ་གཤེགས་རྒྱལ་བ་ཉིད་ཡིན་ནོ། །དེ་ཕྱིར་བཅུ་ཡིས་འབྲུ་སྦྱར་ཏེ། །རུས་སྦལ་བརྟུལ་ཞུགས་བླང་བར་བྱ། །དེ་ཡུལ་བྱས་པ་རྙེད་དོན་འདུས། །ཐུགས་ཀྱི་ཐིགས་པ་ལས། །གདུལ་བྱ་དག་པའི་སྣང་བའི་ལེའུ་སྟེ་གསུམ་པའོ། །རྡོ་རྗེ་ཡན་ལག་བཞི་པའི་སྡོམ། །མཚན་ཉིད་ཐ་མ་ལུང་བསྟན་པ། །རིག་པ་འཛིན་དང་རྫོགས་སངས་རྒྱས། །སྔ་མ་ཐོབ་ཚུལ་རྣམ་གྲངས་དང་། །ངེས་ཚིག་གནས་སུ་རྣམ་པར་བཤད། །ལྷག་མ་ཡོད་མེད་འདའ་ཚུལ་གྱིས། །འདི་དང་བར་མར་རྣམ་པར་སྦྱོར། །རྣམ་པར་སྨིན་པ་བྱ་གཅན་ཚུལ། །དབང་བསྒྱུར་ཕུང་པོ་འཇིག་པ་མེད། །ཕྱག་རྒྱ་ཆེན་པོར་བདག་ལུས་སྣང་། །ཉི་ཤུ་ལྔར་གྲུབ་རང་སྣང་བ། །དེ་ལ་དེ་ཡི་རྩོལ་བ་ཅན། །མེ་ཆུ་རླུང་གི་རིགས་གནས་ཤིང་། །གང་རིག་ཟིན་པ་མི་གཏོང་བ། །དང་པོ་བྱུང་དང་བྱ་བྱེད་དང་། །ཐ་མར་རྒྱུད་འཛིན་གསུམ་གྱིས་འགྲུབ། །དེ་ཡི་གཞུགས་གནས་ངེས་མེད་དེ། །སེམས་རིག་གནས་སྣང་གང་ཡང་རུང་། །བྱ་བ་བྱས་པའི་གྲུབ་པ་དག །ཐོབ་ཚུལ་ངོ་བོ་འབྲས་བུ་གྲངས། །སྤྱོད་ཡུལ་གཟིགས་དང་ཐུགས་རྗེས་སྤྲུལ། །མཛད་པ་ཡེ་ཤེས་བཞུགས་ཚུལ་སྡོམ། །བདག་གི་དབང་དུ་འདི་སྐད་དུ། །དཔག་བསམ་ཤིང་དང་རིན་པོ་ཆེ། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །གཞན་གྱི་དོན་དུ་འདི་སྐད་དུ། །བྱ་བ་མ་ལུས་ཀུན་བྱས་ནས། །མཐར་ནི་སྐྱེ་མེད་རྡོ་རྗེའི་ས། །གསུངས་པ་སྲིད་པ་ཐ་མ་དང་། །རྡོ་རྗེ་འཛིན་སྐུ་རྡོར་གསུམ་ལས། །སྤྲུལ་པ་དྲུག་གི་དབང་པོ་ཡིན། །མཛད་པ་རྫོགས་ནས་སངས་རྒྱས་ཚུལ། །གསང་བའི་སྐབས་ལ་ཤེས་པར་བྱ། །གཉིས་མེད་སེམས་སུ་མངོན་བྱས་པ། །བདེན་གཉིས་དབྱེར་མེད་རྡོ་རྗེའི་སྐུ། །ཆུ་ཡི་ཟླ་བ་ལྟ་བུ་ལ། །རང་བཞིན་ཀུན་དང་ཐ་མི་དད། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །རྒྱན་གྱི་འཁོར་ལོ་རང་བཞིན་གནས། །ཐམས་ཅད་མཁྱེན་ཡུལ་འདི་སྐད་དུ། །ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡིས་མི་མཁྱེན་གང་ཡང་མེད། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །བདེ་གཤེགས་རང་བཞིན་ཐམས་ཅད་ཕྱིར། །སཱུར་ཙནྟྲའི་གཟུགས་བརྙན་བཞིན། །སྣང་ཡང་འགྲོ་འོང་ག་ལ་ཡོད། །དེ་ཡོད་ན་ནི་གཟུང་འཛིན་ཅན། །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །བྱ་བྱེད་མེད་པའི་དཀྱིལ་འཁོར་སྤྱོད། །དུས་གསུམ་རིམ་པར་རྫོགས་སངས་པའི། །ལོག་རྟོག་ཐ་དད་དག་པ་ཡང་། །ཡེ་ནས་མཐའ་ལས་གྲོལ་བའི་ཕྱིར། །གཅིག་དང་མི་གཅིག་བརྗོད་བསམ་འདས། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྒྱུད་ལས་གསུངས་པས་བགྲོད་དང་བླ། །རྒྱ་མཚོ་ཆུ་དང་རླབས་བཞིན་ནོ། །ཐུགས་ཀྱི་ཐིགས་པ་ལས། བདེ་བར་གཤེགས་པའི་སྣང་བའི་ལེའུ་སྟེ་བཞི་པའོ།། །།མཁའ་ལ་གཞའ་བཞིན་རྒྱུད་དོན་བཀྲ་གསལ་འདིས། །མི་ཤེས་ང་རྒྱལ་སྙོམས་ཤིང་ཉོན་མོངས་དགྲ་ལས་རྒྱལ། །དཔའ་བོའི་རུ་མཚོན་གནམ་ལྕགས་ཤཀྟི་འདྲ། །རྒྱུད་ཀྱི་དོན་བཅུད་འཁོར་ལོ་དང་མཆུ་ལྟར་བླངས་པས། །མི་ཤེས་དྲྭ་བར་ཆུད་རྣམས་གསང་བའི་སྙིང་པོར་ཤོག །ཐུགས་ཀྱི་ཐིགས་པ་སྒྱུ་འཕྲུལ་སྤྱི་གཅོད་རྫོགས་སོ།། །།རྨ་རིན་ཆེན་མཆོག་གིས་བསྒྱུར་བའོ།། །།


previousཐུགས་ཀྱི་ཐིགས་པའི་མན་ངག སློབ་དཔོན་སངས་རྒྱས།next