Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཅིག་པ།


   
   
   
   
   
   
   
   
   
   
   
གནས་ཀྱི་གགས་སེལ་གཟེར་བཅོ་བརྒྱད་པ། དྲི་མེད་ཟླ་ཤར།
   
   
   
   
   
   
   
   
   
   
   


 
previousགནས་ཀྱི་གགས་སེལ་གཟེར་བཅོ་བརྒྱད་པ། དྲི་མེད་ཟླ་ཤར།next

གནས་ཀྱི་གགས་སེལ་གཟེར་བཅོ་བརྒྱད་པ། དྲི་མེད་ཟླ་ཤར།

ཨ ཥྚ ད ཤ མཾ ཀི ལོ ནཱ མ སྠཱ ནཾ བི གྷྣ སཱུ ད ནཱ སྟི། །
གནས་ཀྱི་གགས་སེལ་གཟེར་བཅོ་བརྒྱད་པ་བཞུགས་སོ། །
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རྒྱུ་རྐྱེན་ལས་སྐྱེས་སྐྱེས་པ་ཡི། །རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀུན། །སྐྱེ་བ་རྣམ་བཞི་ཁ་བརྒྱུད་ཅིང་། །ཕུང་པོ་ཉིང་མཚམས་སྦྱོར་བ་ལ། །གནས་ནས་སྦྱངས་པར་གསུངས་པ་དེ། །གགས་སེལ་རིམ་པ་དགྲོལ་བར་བྱའོ། ༈ །ཁ་ཐོན་མར་མེ་མེ་ལོང་རྒྱ། །ས་བོན་སྐྱུར་དང་ཆགས་པ་ཡིས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཤིང་ཏོག་ཀུ་ཤུའི་རྒྱུ་འབྲས་བཞིན། །འདི་ནས་ཕ་རོལ་གྱུར་པ་ཡང་། །དཔེ་བཞིན་ཚུལ་གྱི་སྣང་བ་ཡང་། །ལ་ལ་ལས་རྩལ་ཆེ་ཆུང་གིས། །དགེ་སྡིག་གར་འགྲོའི་གནས་དེ་རུ། །དཔག་ཆེན་མདའ་བཞིན་འཕངས་ནས་ཀྱང་། །སོ་སོའི་གནས་སུ་སློབ་པར་འགྱུར། །ལ་ལ་སྲོག་གཅོད་གཤེད་མ་ཡིས། །བཙོན་རྫི་ལྟ་བུར་བསྲུང་ནས་འདུག །ལ་ལ་ལས་ཁ་སོགས་པ་ཡིས། །སྲིད་པ་བར་མར་འདུག་པ་ནི། །བདུན་ཕྲག་བཞི་བཅུ་རྩ་དགུར་སྡོད། །དེ་དག་ཁམས་གསུམ་འཁོར་བ་ནས། །དེ་ལས་ཐར་བར་བྱ་བའི་ཕྱིར། །སྟོན་པས་གནས་སྦྱངས་གསུངས་པ་ལས། །སློབ་དཔོན་རྣམས་ཀྱི་མན་ངག་གིས། །གནས་ཀྱི་ཕྲིན་ལས་མཛད་པ་ལ། །བི་མ་ལ་ཡི་མི་ཏྲ་ཡིས། །གགས་སེལ་རིམ་པར་བདར་གཅོད་པ། །རྫྙཱ་ན་ཉིད་ལ་བསྟན་པ་ཡིན། ༈ །ཚེ་འདས་ཁམས་གསུམ་འཁྱམས་པ་ལ། །གནས་ཀྱི་ཆོ་ག་བྱེད་པ་དེ། །རང་ལ་གནས་གཞི་ཡོད་དམ་མེད། །རང་ལ་གནས་གཞི་མེད་གྱུར་ན། །སྤར་བས་གནས་ཐོབ་མི་འགྱུར་ཏེ། །སོལ་བས་བྱི་དོར་བྱས་པ་འདྲ། །གལ་ཏེ་གནས་གཞི་ཡོད་གྱུར་ན། །རང་ལ་རང་ཆས་ཡོད་པའི་ཕྱིར། །གནས་སྤར་བྱ་བ་མི་དགོས་ཏེ། །གྲུབ་ལ་སྒྲུབ་རིགས་མ་ཡིན་ནོ། །གནས་གཞི་རང་ལ་མེད་གྱུར་ན། །སྤར་བས་གནས་ཐོབ་མི་འགྱུར་ཏེ། །བྲ་སྲན་འབྲས་བུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་མངོན་སྣང་མེད། །གནས་གཞི་རང་ལ་ཡོད་གྱུར་ཀྱང་། །རང་གི་རྣམ་པར་རྟོག་པ་ཡིས། །བསྒྲིབས་པས་མེ་ལོང་གཡས་ཕྱོགས་བཞིན། །རང་ལ་ཡོད་པར་མ་མཐོང་བ། །དེ་ཕྱིར་གནས་སྤར་བྱའོ་ཞེས། །ཀུན་ཏུ་བཟང་པོས་གསུངས་པ་ཡིན། །གསུངས་པ་དེ་ཡང་མི་བཙན་ན། །སངས་རྒྱས་བསྟན་པ་རྫུན་པར་རིགས། ༈ །ཚེ་འདས་སེམས་ཅན་ཤེས་པ་དེ། །སོ་སོའི་གནས་སུ་སླེབ་པ་ལ། །སྤྲུལ་པས་དགུག་པར་གསུངས་པ་དེ། །ངེས་པར་ཁུག་པ་ཡིན་ནམ་མིན། །གལ་ཏེ་ཁུག་པར་གྱུར་ན་ནི། །ཤི་བ་སླར་ཡང་ལོག་པར་རིགས། །གཤིན་ཀྱང་མངོན་དུ་འོང་བར་རིགས། །དེ་མིན་ལྡིང་དུ་བཅས་པ་ཡི། །མཚན་བྱང་སྨྱུག་མ་དྲི་མ་ལ། །རྟེན་བཅས་དེ་ལ་ཐིམ་འོངས་ན། །དྲི་མ་མངོན་དུ་འགུལ་བར་རིགས། །མཚན་བྱང་ཚིག་ཏུ་སྨྲ་བར་རིགས། །སྨྱུག་མ་འདར་ཞིང་འཕར་བར་རིགས། །དེ་ལྟར་མངོན་སུམ་མ་བྱུང་ཡང་། །ཏིང་འཛིན་ཡིད་ཀྱིས་བསྟིམ་ཟེར་ན། །ཤེས་པ་རྡོས་མི་མཐུན་པ་ཡིས། །དེ་ཉིད་གཅིག་ཏུ་འདྲེ་མི་སྲིད། །གལ་ཏེ་གཅིག་ཏུ་མ་འདྲེས་ན། །རྟེན་ལ་གནས་སྤར་བྱ་བ་ཡིས། །ཤེས་པ་གནས་སླེབ་མི་འགྱུར་ཏེ། །ཅི་ཕྱིར་འདུག་པ་སོ་སོ་བས། །རྟེན་སྦྱངས་དེ་ལ་ཕན་མི་ནུས། །རྟེན་སྦྱངས་དེ་ལ་ཕན་འགྱུར་ན། །ཁྱིམ་དུ་མེ་བཏང་མེ་ལྕེ་ཡིས། །ཕྱི་རོལ་རི་རབ་ཚིག་པར་འགྱུར། །དེ་གཉིས་གཅིག་ཏུ་མ་འདྲེས་ན། །རྟེན་སྦྱངས་དེ་ལ་མ་ཕན་ན། །སངས་རྒྱས་བཀའ་ཡི་བསྟན་པ་ལ། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །ངན་སོང་སྡུག་བསྔལ་ཞི་བྱའི་ཕྱིར། །རྟེན་གྱི་ལིངྒ་བཅས་ནས་ནི། །ཏིང་འཛིན་ཡིད་ཀྱི་ཕོ་ཉ་ཡིས། །གནས་ནས་བཀུག་ནས་རྟེན་ལ་བསྟིམ། །ཕུར་པས་གདབ་སྟེ་གཏུབས་པ་ཡིས། །ཕ་རོལ་བརླག་པར་གསུངས་པ་དེ། །བསྟན་པ་དེ་ཡང་བརྫུན་པར་རིགས། །རྟེན་སྦྱངས་ཤེས་པ་མི་འདྲོངས་ན། །བསོད་ནམས་རྒྱལ་པོ་མ་སྐྱེས་དགྲ། །སུམ་བཅུ་རྩ་གསུམ་ལྷ་གནས་ན། །ལྷ་བུ་ནོར་བུ་དྲི་མ་མེད། །སྔོན་གྱི་ཕ་བསད་ལས་སྙེགས་ཀྱིས། །ངན་སོང་གསུམ་དུ་ལྟུང་བ་ལ། །རྟེན་སྦྱངས་ཤེས་པ་བཀུག་པ་ཡིས། །ངན་སོང་གནས་ནས་དྲངས་པ་རུ། །བསྟན་པ་དེ་ཡང་རྫུན་པར་རིགས། །དེ་བས་གང་ཡིན་རྟེན་བཅས་པས། །ཏིང་འཛིན་ཡིད་ཀྱིས་བཀུག་ནས་ཀྱང་། །རྟེན་སྦྱངས་ཤེས་པ་འབྲས་ཐོབ་ཅེས། །སྟོན་པའི་བཀའ་ལས་གསུངས་པ་ཡིན། ༈ །གནས་ལ་ངེས་ཚིག་སྤར་མཁན་དང་། །སྤར་ཐབས་རྣམ་པ་གསུམ་དུ་གསུངས། །ངེས་ཚིག་གནས་ཞེས་ཅི་ཕྱིར་ན། །འགྲོ་ས་འདུག་ས་གཉིས་ཡིན་ཏེ། །དེ་ཕྱིར་གནས་གཞི་རྣམ་དྲུག་སྟེ། །སྒྲིབ་སྦྱང་ཚོགས་བསགས་གནས་གཞི་དང་། །སྟོང་པ་ཆོས་ཉིད་གནས་གཞི་དང་། །བསྒྲལ་བ་རིགས་ངེས་གནས་གཞི་དང་། །རྟོག་འཇོམས་ཁྲོ་བོའི་གནས་གཞི་དང་། །བྱིན་རླབས་ཐུགས་རྗེའི་གནས་གཞི་དང་། །རང་གནས་བརྡལ་བའི་གནས་དང་དྲུག །ངེས་པར་བཀའ་ལས་གསུངས་པ་ཡིན། །གནས་གཞི་དྲུག་ཏུ་གསུངས་པ་དེ། །གཅིག་ཏུ་འདུག་གམ་ཀུན་ཏུ་འདུག །གལ་ཏེ་ཀུན་ཏུ་འདུག་པ་ན། །གནས་ལ་ངེས་པ་མེད་འགྱུར་པས། །གཅིག་ཏུ་ངེས་པ་མ་རྙེད་ནས། །འབྲས་བུ་ཐོབ་པའང་རྫུན་དུ་རིགས། །གལ་ཏེ་གཅིག་ཏུ་འདུག་གྱུར་ན། །དྲུག་ཏུ་གསུངས་ལ་དགོས་པ་མེད། །གནས་ཞེ་དྲུག་ཏུ་གསུངས་པ་ཡང་། །ལམ་གྱི་གནས་དང་དྲུག་གནས་ཏེ། །དཔེར་ན་མགྲོན་པོ་ཐག་རིང་གཅིག །རང་གི་གནས་སུ་འགྲོ་བ་ཡང་། །ལམ་དུ་ཞག་གཅིག་ངལ་གསོ་བས། །ཐ་མར་འདུག་གནས་སླེབས་པ་བཞིན། །གནས་གཞི་ལྔ་ཡིས་གནས་སྦྱངས་པས། །ཐ་མར་བྱ་བྲལ་རང་གནས་ཐོབ། །དེ་ཕྱིར་གནས་གཞི་དྲུག་ཏུ་གསུངས། །དེ་མེད་མ་སྦྱངས་གནས་ཐོབ་ན། །སྐས་ཀྱི་གདང་བུར་མ་འཛེགས་པར། །ཡང་ཐོག་ཕྱིན་པར་མ་རིགས་བཞིན། །ལམ་གྱི་རིམ་པ་མ་སྦྱངས་པར། །མཐར་ཐུག་གནས་ཐོབ་རིགས་མ་ཡིན། ༈ །སྤོར་བྱེད་སློབ་དཔོན་བློ་ལྡན་ཞིང་། །གསང་བའི་རྒྱུད་ཀྱི་དབང་ཐོབ་ནས། །ལྟ་སྤྱོད་ཏིང་འཛིན་མངོན་གྱུར་པས། །མངོན་སུམ་ཁུག་བའི་རྩལ་ལྡན་ན། །དེ་ཡིས་གནས་སྤར་འབྲས་ཐོབ་འགྱུར། །དེ་མེད་སློབ་དཔོན་གནས་སྤོར་ནི། །ཡོན་ཏན་གང་དང་མི་ལྡན་ཞིང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་རྣམས། །གོམས་པས་ཀློང་དུ་མ་གྱུར་ཅིང་། །གདམས་ངག་ཁུངས་བུ་མ་ཐུབ་པར། །ཆོ་ག་མི་དག་བྱང་སློབ་པར། །བརྟེན་ནས་ཚིག་དང་གྲེ་འགྱུར་གྱིས། །རང་བཟོ་ཐོ་ཅོ་བྱེད་པ་ཡིས། །སྤར་ན་གནས་རྙེད་མི་འགྱུར་ཏེ། །བྱིས་པའི་རྩེ་མོས་འབྲིད་པ་འདྲ། །གྲེ་འགྱུར་ཆོ་གའི་བྱེ་བྲག་གིས། །གཤིན་པོའི་ཤེས་པ་གནས་སྤོར་ན། །བོན་དང་བྲོ་སོགས་རོལ་མོས་ཀྱང་། །ཚེ་འདས་ཤེས་པ་སྤོར་བར་རིགས། ༈ །སྔགས་དང་ཕྱག་རྒྱ་ཏིང་འཛིན་སོགས། །གོམས་པ་ཀློང་དུ་མ་གྱུར་ཀྱང་། །རྒྱལ་བའི་ཐུགས་རྗེས་རྫོགས་མཛད་པས། །དེ་བཞིན་གནས་སྤོར་ཐུགས་རྗེ་ཡིས། །ལུས་ངག་ཡིད་གསུམ་སྒྲིབ་སྦྱངས་ཏེ། །གླུ་ཚིག་ཙམ་ལ་མི་བརྟེན་པར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་རྣམས། །དག་པར་སྦྱངས་ན་གནས་ཐོབ་འགྱུར། །དེས་ཀྱང་འབྲས་བུ་མ་ཐོབ་ན། །སྟོན་པའི་བཀའ་ལས་གསུངས་པ་ཡི། །དམ་ཚིག་ལྷ་དང་ཡེ་ཤེས་ལྷ། །ཡིད་ཀྱིས་བསྐྱེད་དང་སྤྱན་དྲངས་བསྟིམ། །མཆོད་པར་འབྲས་ཐོབ་རྫུན་དུ་རིགས། །སྤར་ཐབས་རྣམ་པ་བདུན་བཤད་པ། །དང་པོ་ས་གཞི་བརྟག་པ་ཡང་། །ངེས་པར་བརྟག་ཏུ་མེད་གྱུར་ན། །ཐུན་མོང་ས་བརྟག་རིགས་མ་ཡིན། །གལ་ཏེ་བརྟག་པ་བྱེད་གྱུར་ན། །གསང་སྔགས་བཀའ་ལས་བྱུང་བ་ཡི། །ཕྱོགས་མཚམས་རི་སུལ་གྲོག་མདོ་རྣམས། །ཉེས་པ་བཞི་དང་བཅས་པ་སྟེ། །ཐུན་མོང་བརྟགས་པས་ཇི་ལྟར་རྟོགས། །དེ་ཕྱིར་ས་བརྟག་བཀའ་ལས་གསུངས། །འབར་བ་མཚམས་ཀྱི་དཀྱིལ་འཁོར་དུ། །ཁྲོ་བོ་བཅུ་ཡིས་མཚམས་གཅོད་པ། །ངེས་པར་གཅད་དུ་ཡོད་གྱུར་ན། །ལན་ཆགས་གཏོར་མ་གཏོང་དུས་སུ། །བགེགས་རྣམས་ཚར་བཅད་བསྐྲད་ནས་མེད། །ཁྲོ་བོའི་མཚམས་ཀྱིས་གང་ལ་གཅོད། །ངེས་པར་གཅད་དུ་མེད་གྱུར་ན། །ཁྲོ་བཅུ་བཀོད་ལ་དགོས་པ་མེད། །ལག་དལ་ཐང་ཐོ་བཙག་འདྲར་རིགས། ༈ །ལན་ཆགས་གཏོར་མས་མཚམས་བཅད་ནས། །ཕྱི་བགེགས་མེད་པར་གྱུར་ན་ཡང་། །ཤ་རུས་ལུས་གྲིབ་བཞིན་འགྲོགས་པའི། །ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ། །བརྩོན་རྫི་ལྟ་བུར་གནས་པ་དེ། །དབྲལ་ཞིང་བསྐྲད་ཕྱིར་མཚམས་བཅད་བྱ། །གལ་ཏེ་དེ་དང་མ་ཕྲོལ་ན། །གནས་སྤར་ཆོ་ག་ཅི་བྱས་ཀྱང་། །འཇིག་རྟེན་བཙོན་ལྕགས་མ་ཐར་ན། །ཁྱིམ་དུ་ངོ་སྤྲོད་བྱེད་པ་འདྲ། ༈ །གསང་སྔགས་དཀྱིལ་འཁོར་མཐའ་དག་ཀུན། །དབང་བསྐུར་སྒྲིབ་སྦྱོང་དོན་མཛད་པ། །རྩ་བའི་དཀྱིལ་འཁོར་རེ་རེས་བྱེད། །གནས་སྤར་དཀྱིལ་འཁོར་བརྩེག་མ་འདི། །གལ་ཏེ་དགོས་པ་ཡོད་གྱུར་ན། །འདི་ཡི་དགོས་པ་གང་གིས་བྱེད། །གལ་ཏེ་དགོས་པ་མེད་གྱུར་ན། །དཀྱིལ་འཁོར་བརྩེགས་མ་དོན་མེད་འགྱུར། །དཀྱིལ་འཁོར་བརྩེག་མ་འགལ་མི་འགལ། །བརྩེག་མར་བཀའ་ལས་གསུངས་པ་མེད། །གལ་ཏེ་བརྩེག་མར་མ་གྱུར་ན། །འདིར་བརྩེགས་པ་ལ་དགོས་པ་མེད། །གལ་ཏེ་དཀྱིལ་འཁོར་ཞལ་སྤྲོད་ན། །ཁྲོ་བོའི་དཀྱིལ་འཁོར་གྱེན་ལ་གཟིགས། །ཐུགས་རྗེའི་དཀྱིལ་འཁོར་ཐུར་ལ་གཟིགས། །དབུ་དང་ཕྱག་ཞབས་སྤྱི་གཙུག་བཏང་། །སངས་རྒྱས་བཞུགས་ཚུལ་ཀུན་དང་འགལ། །འདི་ཡང་རིགས་པ་མ་ཡིན་ནོ། ༈ །དཀྱིལ་འཁོར་བརྩེག་མའི་དགོས་པ་ནི། །གསང་སྔགས་ནང་པས་དོན་བྱེད་པ། །ཐབས་དང་ཤེས་རབ་སྒོ་ནས་བྱེད། །དེ་ཕྱིར་ཁྲོ་བོའི་དཀྱིལ་འཁོར་ནི། །ཤེས་པ་སྡུད་ཕྱིར་ཤེས་རབ་སྟེ། །འོག་ཕྱོགས་དབུས་སུ་གྲུ་གསུམ་བྲིས། །དེ་ཕྱིར་ཐུགས་རྗེའི་དཀྱིལ་འཁོར་ན། །བྱིན་རླབས་འཕྲོ་ཕྱིར་ཐབས་མཆོག་སྟེ། །སྟེང་དུ་ལྡིང་བུ་དཔེ་ཆུང་བྱ། །ཧཱུྃ་མཛད་རྒྱུད་ལས་གསུངས་པ་ཡིན། །ཞལ་སྤྲོད་མ་ཡིན་བརྩེགས་མ་ནི། །དོན་དང་འགལ་བར་མི་འགྱུར་ཏེ། །གལ་ཏེ་བརྩེགས་མ་འགལ་གྱུར་ན། །འཇིག་རྟེན་ཁམས་སུ་བྱུང་བ་ནི། །ཁམས་གསུམ་བརྩེག་མར་བྱུང་བ་ཡང་། །འཇིག་རྟེན་དོན་དང་འགལ་བར་རིགས། །དེ་མིན་བདེ་གཤེགས་དཀྱིལ་འཁོར་ལ། །ཆེ་མཆོག་གསུམ་དུ་བྱུང་བ་ཡང་། །དབུ་མང་བརྩེག་མར་བྱུང་བ་ཡང་། །དབུ་ཐོག་དབུ་བརྒྱན་བཞུགས་པས་འགལ། །དེ་ཕྱིར་གདུལ་བྱའི་སྣང་བ་ལ། །དཀྱིལ་འཁོར་བརྩེགས་མ་འགལ་བ་མིན། ༈ །བསོད་ནམས་གཏེར་སྦྱིན་དཀྱིལ་འཁོར་དུ། །སྒྲིབ་སྦྱོང་ཚོགས་བསགས་བྱ་བ་མིན། །ནང་དུ་སྦྱང་བ་ཅི་ཞིག་དགོས། །མ་སྦྱངས་ན་ཡང་གཞུང་དང་འགལ། ༈ །སྒྲིབ་སྦྱོང་ཚོགས་བསགས་བྱ་བ་ཡང་། །གྲངས་ཀྱི་རིམ་པ་ཇི་བཞིན་དུ། །སྒྲིབ་ལྔ་དང་པོ་སྐྱེ་གནས་སྒྲིབ། །སྦྱང་གཞི་ས་གཉིས་རྫོགས་པའི་རྒྱུ་བསགས་ཕྱིར། །བསོད་ནམས་གཏེར་སྦྱིན་གསུངས་པ་ཡིན། །སྒྲིབ་སྦྱོང་ཚོགས་བསགས་མ་བྱས་པར། །ས་རྣམས་ནོན་པར་ཡིན་ན་ནི། །ས་བཅུ་རིམ་གྱིས་བགྲོད་པ་འགལ། །ནང་གི་དཀྱིལ་འཁོར་ཆེན་པོའི་སྒོར། །ཤེས་བྱ་སྒོ་དབྱེ་སྒྲིབ་བྲལ་ནས། །ཕྱག་བྱས་ཡི་དམ་ལྷར་བསྐྱེད་ནས། །གོང་དུ་སྦྱངས་པ་དགོས་པ་མེད། །སྦྱངས་གཞི་ཡི་དམ་ལྷ་གཅིག་པའང་། །རྒྱ་དངུལ་རྡོ་ཡི་བང་རིམ་བཞིན། །སྒྲིབ་ལྔ་གཉིས་པ་ལས་ཀྱི་སྒྲིབ། །བྲལ་ཞིང་དཀྱིལ་འཁོར་ཞལ་མཐོང་དང་། །ཆ་མེད་སངས་རྒྱས་ཀུན་ཞུའི་ཕྱིར། །ཡི་དམ་ལྷ་དབོག་ཞལ་མཐོང་ཡིན། །གལ་ཏེ་མ་སྦྱངས་ལྷ་མ་མཐོང་། །གསང་སྔགས་དཀྱིལ་འཁོར་འཇུག་པ་ནི། །གསང་སྔགས་སྤྱི་ཡི་དོན་དང་འགལ། །ཛཔ྄་བསྙེན་བྱ་བར་གསུངས་པ་ཡང་། །ཐུགས་རྗེའི་དཀྱིལ་འཁོར་ཆ་གཉིས་ཀྱིས། །བུམ་ལྷ་སྦྱོང་ངམ་དཔེ་ཆུང་སྦྱོང་། །གལ་ཏེ་གཅིག་གིས་སྦྱོང་བ་ན། །གཉིས་སུ་གསུངས་པས་དགོས་པ་མེད། །གལ་ཏེ་གཉིས་ཆར་སྦྱོང་བ་ན། །ཛཔ྄་ཁང་དཀྱིལ་འཁོར་གང་ལ་བྱེད། །བུམ་པར་བྱེད་ན་དཔེ་ཆུང་སྟོང་། །དཔེ་ཆུང་བྱེད་ན་བུམ་པས་དགོས་པ་མེད། ༈ །བསྙེན་པའི་དཀྱིལ་འཁོར་ཆ་གཉིས་ཀྱང་། །ཛཔ྄་ཁང་དཀྱིལ་འཁོར་དཔེ་ཆུང་ལ། །གཉིས་སུ་མེད་པར་བཞུགས་ནས་ནི། །འཕྲོ་འདུས་ཚེ་འདས་རྟོག་པ་སྦྱངས། །ཐུགས་རྗེ་སྤྲུལ་པའི་གནས་གཞི་ཡིན། །སྦྱོར་བའི་བྱང་ཆུབ་སེམས་འཛག་པས། །བུམ་པའི་ལྷ་རྣམས་རིམ་ཞུ་ནས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །དབང་བསྐུར་བ་ཡི་མཆོག་ཏུ་གསུངས། །དེ་ཕྱིར་ཐུགས་རྗེའི་དཀྱིལ་འཁོར་གཉིས། །བུམ་ལྷས་ཁྲོ་བོའི་དབུ་རྒྱན་ཚུལ། ༈ །ཚེ་འདས་ངན་སོང་སྒོ་བཅད་པ། །གསང་སྔགས་ནང་གིས་མི་གཅོད་པ། །ཕྱི་ཡི་ངན་སོང་གཅོད་པའི་སྔགས། །ནང་ལ་ཟློས་པ་རིགས་མ་ཡིན། ༈ །ཕྱི་སྔགས་ནང་དུ་མི་རིགས་ཀྱང་། །བྲེ་ཡི་ནང་དུ་ཕུལ་ཤོང་བཞིན། །ཕྱི་ལས་ནང་དུ་འགལ་མེད་པས། །བཀའ་དང་རྒྱུད་ལས་གསུངས་པ་ཡིན། ༈ །སྟུག་པོ་བཀོད་པ་ལས་འདས་པའི། །པདྨ་ཅན་དེ་ཇི་ལྟར་ཡིན། །རིགས་འབྲས་ཐོབ་པ་ཕྱི་ཡི་ཚུལ། །གསང་བ་ཆེན་པོའི་དོན་མ་མཐོང་། །རྒྱུ་ཡི་རྡོ་རྗེ་སེམས་དཔའ་དེ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁར། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས། །ལྷན་ཅིག་ཡེ་ཤེས་སྐྱེ་འགྱུར་བས། །མ་ཆགས་པདྨ་ཅན་ཞེས་བྱ། །བསྐྱེད་པའི་དགོངས་པ་མཐར་ཕྱིན་པའོ། ༈ །པདྨ་ཅན་གྱི་ས་ཐོབ་ལ། །མདའ་ཡིས་བརྡེག་པ་མི་འགལ་ལམ། ༈ །པདྨ་ཅན་གྱི་ས་ཐོབ་ཀྱང་། །འཁོར་ལོ་ས་ལ་བསྐུལ་བའི་ཕྱིར། །མདའ་གཞུ་ཐབས་དང་ཤེས་རབ་ཀྱིས། །རིགས་དྲུག་རྒྱུད་སྦྱོང་ཡེ་ཤེས་དྲུག །སངས་རྒྱས་ཁྲོ་བོའི་འོག་མིན་དུ། །བྱང་ཆུབ་སེམས་ཀྱི་མདའ་འཕངས་པས། །སྟེང་ཁྲོ་ཐིག་ལེ་ལྷ་ཞུ་ནས། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །ས་བཅུ་མཐར་ཕྱིན་གནས་ཞེས་བྱ། །དེ་ཕྱིར་ཧྲི་སྟི་གཤམ་ཞེས་བྱ། །ཡེ་ཤེས་འོད་ཀྱི་རྩེ་ལ་བཏེག །ལས་ཀྱི་ཁྲོ་བོ་ཡབ་ཡུམ་གྱི། །མཁའ་གསང་བར་དུ་སྐུ་བསྐྱེད་ལ། །སྔོན་པོ་ཞལ་གསུམ་ཕྱག་དྲུག་སྟེ། ༈ །འབྲས་བུ་རྡོ་རྗེ་འཛིན་ཐོབ་ནས། །དཔེ་ཆུང་ཐུགས་རྗེའི་གནས་གཞི་ལ། །གནས་བསྟབ་གསོལ་བ་བཏབ་ཅི་དགོས། ༈ །འབྲས་བུ་རྡོ་རྗེ་འཛིན་ཐོབ་ཀྱང་། །དེ་ཡི་རྟོག་ཚོགས་བཞི་བཅུ་གཉིས། །བསྟབས་པས་ལྷ་རྣམས་འོད་ཟེར་གྱི། །རྟོག་ཚོགས་བཞི་བཅུ་གཉིས་ལྷར་འགྱུར། །རྫོགས་པའི་དགོངས་པ་མཐར་ཕྱིན་ནས། །འཁོར་ལོ་ཚོགས་ཀྱིས་མནན་པའོ། ༈ །ཡི་གེ་འཁོར་ལོ་ས་ནོན་ནས། །འབྲས་བུ་རྡོ་རྗེ་འཛིན་པ་དེ། །ཐུགས་རྗེའི་དཀྱིལ་འཁོར་ལྷ་རྣམས་ལ། །སྔོན་གྱི་དཀྱིལ་འཁོར་རྒྱུད་བསྐུལ་བ། །འབྲས་བུ་ཐུག་མེད་སྐྱོན་དུ་འགྱུར། །ལྷ་རྣམས་སོ་སོར་སྦྱོར་བ་ཡི། །བྱིན་རླབས་ཡིག་འབྲུ་ཇི་ལྟར་ཡིན། ༈ །ལྷ་རྣམས་ཞུ་བའི་འོད་ཕུང་ལ། །བདུད་རྩི་སྔགས་ཀྱིས་བཏབ་པ་དེ། །ཨ་ཏི་ཡོ་ག་ས་མི་ཐོབ། །ས་རྣམས་རིམ་པར་བགྲོད་པའི་ས། །རྫོགས་ཆེན་ས་ལ་གཏུགས་པའི་ཕྱིར། །ཐུགས་དམ་རྒྱུད་བསྐུལ་མི་འགལ་ཏེ། །ད་དུང་མཐར་ཐུག་མ་ཐོབ་སྟེ། །ཐུག་མེད་སྐྱོན་དུ་མི་འགྱུར་ཏེ། །ལྷ་རྣམས་སྤྱི་ཡི་སྐུ་གསུང་ཐུགས། །ཡིག་འབྲུ་གསུམ་པོས་དབང་བསྐུར་ཕྱིར། །གུ་ཡ་ཛྙཱ་ན་ལ་སོགས་བརྗོད། །འོད་ཕུང་བདུད་རྩི་བཏབ་པ་སྟེ། །རྫོགས་པ་ཆེན་པོའི་ས་འགྱུར་ཏེ། །ཡེ་ཤེས་འོད་ཀྱི་ཕུང་པོ་ལ། །བདུད་རྩི་སྔགས་ཀྱིས་བཏབ་བསྐུལ་བས། །ཡེ་ཤེས་ནམ་མཁའ་མུ་མེད་པས། །ཐམས་ཅད་ཁྱབ་གདལ་ཆེན་པོ་ཡིན། །ཡེ་ཤེས་བླ་མའི་ས་ཞེས་བྱ། །རང་གི་སེམས་ཀྱི་རང་བཞིན་ཏེ། །རང་གིས་རང་ལ་མཐོང་བས་ན། །རང་གནས་ཆེན་པོ་ཞེས་སུ་བརྗོད། །རྫོགས་པ་ཆེན་པོའི་དགོངས་པ་ཡིས། །ཁྱབ་གདལ་ཆོས་སྐུ་མཐར་ཕྱིན་ནས། །གཟུགས་སྐུ་འབྱུང་བ་མི་འགལ་ལམ། ༈ །གཟུགས་སྐུ་འབྱུང་བ་མི་འགལ་ཏེ། །གསང་སྔགས་ཆོས་སྐུ་མི་འགལ་དང་། །ཉན་ཐོས་འབྲས་བུ་མ་ཡིན་ཏེ། ནང་རྒྱུད་ལས་ཀྱང་གསལ་བར་བཤད། ༈ །ངན་སོང་གསུམ་གྱི་ཕུང་པོ་ལ། །འབྲུ་ལྔ་ཡི་གེས་སྦྱོང་བ་དེ། །རིགས་དྲུག་བག་ཆགས་སེམས་ལ་ཡོད། །རྐང་མཐིལ་ལ་སོགས་ལུས་གནས་ལྔར། །སྦྱངས་པས་བག་ཆགས་འབྱོངས་མི་རིགས། །མ་སྦྱངས་པས་ནི་གཞུང་དང་འགལ། ༈ །ལུས་ཀྱི་གནས་ལྔར་སྦྱངས་པ་ཡིས། །སེམས་ཀྱི་བག་ཆགས་མི་འབྱོངས་ཀུན། །རིགས་དྲུག་ལ་སོགས་རྟོག་པའི་གནས། །རྐང་མཐིལ་ལ་སོགས་དྲུག་ཡིན་པ། །བཀའ་རྒྱུད་ཀུན་ལས་གསུངས་པ་ཡིན། །འཇུ་འདུལ་རིམ་པར་བྱས་ནས་ནི། །ཐ་མ་རྃ་ཡྃ་ཁྃ་བསྲེགས་ནས། །སྟོང་པ་ཉིད་དུ་གྱུར་ནས་ནི། །སེམས་ཀྱི་བག་ཆགས་འབྱོངས་པ་ཡིན། །ཉོན་མོངས་སྒྲིབ་གཉིས་རགས་པ་འབྱོངས། །གལ་ཏེ་དེ་ལྟར་མ་ཡིན་ན། །བསྲེགས་ནས་སྟོང་པས་དགོས་པ་མེད། ༈ །སྟོང་པ་ཆོས་ཉིད་གནས་གཞི་ལ། །ཀུན་ཏུ་འོད་ཀྱི་ས་ཐོབ་ནས། །མ་སྦྱངས་སྐད་ཅིག་ཏིང་འཛིན་གྱིས། །ས་ཐོབ་དེ་ཡང་མི་རིགས་ཏེ། །གལ་ཏེ་དེ་ལྟར་མ་ཡིན་ན། །ཐེག་པ་ཆེན་པོའི་མདོ་སྡེ་ལས། །བསྐལ་པ་གསུམ་གྱི་སྦྱངས་གསུངས་པ། །དེ་ཡང་རྫུན་དུ་འགྱུར་བར་རིགས། ༈ །མདོ་སྡེ་བསྐལ་པ་གསུམ་སྦྱོང་ཡང་། །གསང་སྔགས་ཐབས་ཀྱི་ཐེག་པ་ནི། །རིག་པ་སྐད་ཅིག་ཏིང་འཛིན་གྱིས། །ས་རྣམས་དུས་གཅིག་རྫོགས་པ་རུ། །བཀའ་རྒྱུད་ཀུན་ནས་གསུངས་པ་ཡིན། །དེ་ཕྱིར་ཐེག་པ་ཁྱད་པར་འཕགས། །གལ་ཏེ་དེ་ལྟར་མ་ཡིན་ན། །གསང་སྔགས་བཀའ་རྒྱུད་རྫུན་དུ་རིང་། ༈ །བྱིན་རླབས་རིགས་ངེས་གནས་གཞི་ལ། །རྒྱུད་དྲུག་སྒྲོལ་བའི་དཀྱིལ་འཁོར་དུ། །མི་དང་བྱོལ་སོང་ཡི་དྭགས་གསུམ། །ཤེས་པའི་མཚན་ཉིད་གཅིག་པར་རིགས། །ལུག་ལ་མ་ཏཾ་བཀུག་བསྟིམས་ནས། །མི་གནས་སྤོར་བ་རིགས་མ་ཡིན། །གཤིན་གྱི་ཤེས་པ་མི་འཕྱོངས་པས། །གསོན་པོ་སྲོག་གཅོད་མི་འགལ་ལམ། ༈ །དེ་གསུམ་ཤེས་པ་མི་གཅིག་ཀྱང་། །རིགས་དྲུག་སེམས་ཅན་རེ་རེར་ཡང་། །རིགས་དྲུག་ས་བོན་རྫོགས་པར་ཡོད། །སྟོན་པའི་བཀའ་ལས་གསུངས་པ་ཡང་། །དེ་ཕྱིར་གཅིག་པ་འགལ་བ་མེད། །གསོན་པོ་སྲོག་གཅོད་མི་འགལ་ཏེ། །གཏི་མུག་རྣམ་རྟོག་དང་པོ་དེ། །གནས་བསྒྱུར་ས་བོན་བྱས་ནས་ནི། །རྒྱ་མདུད་གྲོལ་ནས་འབྲས་བུ་ཐོབ། །རང་དགར་གསོད་པ་མ་ཡིན་ནོ། །གལ་ཏེ་དེ་ཡང་འགལ་གྱུར་ན། །འཇམ་དཔལ་རལ་གྲི་རྣོན་པོ་ཡིས། །མ་ཧེ་བུ་གསོད་འགལ་བར་རིགས། །དེ་ཕྱིར་ཤེས་པ་སྙིང་དང་བཅས། །ཡེ་ཤེས་སེམས་དཔའི་སྐུར་བསྐྱེད་ནས། །དབུ་ལ་རིགས་ལྔའི་དབུ་རྒྱན་བཞུགས། །དེ་ཕྱིར་བྱིན་རླབས་ཕྱི་ནང་ཀུན། །རིགས་ལྔའི་ལྷ་དགུར་སྟུག་པོ་བཀོད། །ཉོན་མོངས་ཆ་ཕྲའི་སྒྲིབ་པ་སྦྱོང་། །རྡོ་རྗེ་ཐེག་པའི་ས་ནོན་པའོ། །སྟུག་པོ་བཀོད་པའི་ས་ནོན་ན། །རིགས་ལྔའི་སངས་རྒྱས་ཐོབ་པ་བཞིན། །རྟོག་འཇོམས་ཁྲོ་བོའི་གནས་གཞི་ལ། །ཙིཏྟ་གྲུ་གསུམ་སྟེང་བཞག་ནས། །རིགས་འབྲས་ས་ལ་བཀོད་པ་མེད། ༈ །འབྲས་བུ་ཐོབ་ནས་ཐུགས་རྗེ་ཡིས། །འགྲོ་དོན་བྱེད་པར་བཀའ་ལས་བྱུང་། །ས་རྣམས་རྫོགས་པའི་རིག་འཛིན་ལ། །གང་ཟག་སློབ་དཔོན་མཆེད་ལྕམ་གྱིས། །དབང་བསྐུར་བྱེད་པ་མི་འགལ་ལམ། །དབང་རྒྱུ་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་མི་འགྱུར་ཏེ། །གྲོ་སྲན་འབྲས་བུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་མངོན་སྣང་མེད། ༈ །ས་བགྲོད་རིག་འཛིན་ཡིན་གྱུར་ཀྱང་། །བླ་མ་རྡོ་རྗེ་སློབ་དཔོན་ནི། །སངས་རྒྱས་ཀུན་གྱི་སློབ་དཔོན་ཞེས། །འདུས་པ་ཆེན་པོའི་མདོ་ལས་གསུངས། །དེ་ཕྱིར་དབང་བསྐུར་འགལ་མ་ཡིན། །དབང་བསྐུར་རང་ལ་ཡོད་གྱུར་ཀྱང་། །ལྷན་ཅིག་རྐྱེན་གྱིས་མ་བསྐུར་ན། །དབང་ཐོབ་ནུས་པ་མི་ལྡན་ཏེ། །དབང་མ་ཐོབ་པའི་གང་ཟག་ནི། །གཞན་གྱི་ཡོན་ཏན་ཀུན་ཚང་ཡང་། །འཁོར་ལོ་སྲོག་ཤིང་མེད་པ་འདྲ། །དེ་ཕྱིར་དབང་བསྐུར་གཅེས་པ་ཡིན། ༈ །སངས་རྒྱས་ས་ལ་བཞག་པ་ལ། །བཤོས་དང་ཞལ་ཟས་ལོངས་སྤྱོད་ཀྱིས། །དྲང་ཞིང་དབང་བསྐུར་ཅི་ཞིག་དགོས། །འདོད་པ་ཅན་དུ་མི་འགྱུར་རམ། ༈ །སངས་རྒྱས་ས་ཡི་གྲལ་སླེབས་ཀྱང་། །བཤོས་དང་ཞལ་ཟས་ལོངས་སྤྱོད་ཀྱིས། །བསྟང་ཞིང་བསྟབས་པས་མཆོད་པ་སྟེ། །མཆོད་པ་དེ་ཡང་མེད་གྱུར་ན། །ལྷ་ལ་ཚོགས་ཀྱི་མཆོད་འབུལ་འགལ། །ཤེས་པ་དྲི་མ་མཚན་བྱང་ལ། །བཀུག་བསྟིམས་གནས་སྤར་ལྷར་བྱས་ནས། །དྲི་མའི་འོག་ཏུ་འཛུག་པ་དང་། །མཚན་བྱང་ཆུབ་ཡིས་བཀྲུ་བ་ཀུན། །དེ་དག་བྱ་བར་རིགས་མ་ཡིན། ༈ །དྲི་མ་མཚན་བྱང་ལྷར་བྱས་ཀྱང་། །ལྷ་དེ་ཟླ་རླུང་དཀྱིལ་འཁོར་གྱིས། །དྲི་མ་ལ་ཕྱེ་བཏེག་ནས་ཀྱང་། །ཞལ་བྱད་བརྗོད་དེ་གནས་སུ་གཤེགས། །དྲི་མ་གོས་ཀྱི་ལྷན་འདྲ་བ། །འོག་ཏུ་མཉེས་ཀྱང་འགལ་བ་མེད། །ལྷ་མིང་ཆུ་ཡིས་བཀྲུས་པ་དེ། །བུམ་པ་བྷོ་དྷི་ཆུ་རྒྱུན་གྱིས། །གཟུང་འཛིན་དྲི་མ་དག་ནས་ཀྱང་། །གནས་པའི་དབང་ཐོབ་མཆོག་ཏུ་གསུངས། ༈ །ཐུགས་རྗེའི་དཀྱིལ་འཁོར་དཔེ་ཆུང་ལ། །ཡེ་ཤེས་ལྷ་རྣམས་བཞུགས་གསོལ་ནས། །བྱིན་རླབས་གནས་གཞིར་བྱས་པ་དེ། །མེ་ཡིས་བསྲེགས་པ་མི་འགལ་ལམ། །ཁྲོ་བོ་བཀའ་ཡི་དཀྱིལ་འཁོར་ལ། །ཚོན་བརླབས་ཡིག་འབྲུ་བཀོད་ནས་ཀྱང་། །ཛཔ྄་ཀྱི་དཀྱིལ་འཁོར་ཕྱེ་གཞུག་ལ། །རྡུལ་ཚོན་ཕྱགས་པ་མི་འགལ་ལམ། ༈ །ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་ལ། །ཛཔ྄་བསྙེན་དཀྱིལ་འཁོར་རྫོགས་གཞུག་ཀྱང་། །དཀྱིལ་འཁོར་བསྡུ་བའི་ལས་ཉིད་ཀྱིས། །འོད་ཞུ་བདག་ལ་བསྡུས་ནས་ཀྱང་། །དཀྱིལ་འཁོར་གཉིས་ལ་གནས་པའི་ཕྱིར། །བསྲེགས་དང་ཕྱགས་པ་འགལ་བ་མེད། །དེ་ཕྱིར་སྨོན་ལམ་བཤགས་པ་གསུངས། ༈ །གནས་གསུམ་འཁྱམས་པའི་སེམས་ཅན་ལ། །མཐོ་རིས་གནས་སུ་དྲང་བའི་ཕྱིར། །བཀའ་དང་བླ་མའི་མན་ངག་གིས། །གནས་ཆོག་ཕྲིན་ལས་རྒྱས་པར་གསུངས། །དེ་དག་ཐེ་ཚོམ་གེགས་བསལ་བ། །ཕྱི་རབས་རྣམས་ཀྱིས་གྲོལ་འགྱུར་ཏེ། །བདག་གཞན་གཉིས་ཀྱི་དོན་རྫོགས་ཤོག །གནས་ཀྱི་ཕྲིན་ལས་ཀྱི་གགས་སེལ་སློབ་དཔོན་དྲི་མེད་ཟླ་ཤར་གྱིས་མཛད་པ་རྫོགས་སོ།། །།མངྒ་ལཾ།། །།


previousགནས་ཀྱི་གགས་སེལ་གཟེར་བཅོ་བརྒྱད་པ། དྲི་མེད་ཟླ་ཤར།next