Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
མན་ངག་རྣམ་པར་བཀོད་པ། ཨིནྡྲ་བྷཱུ་ཏིའམ་སྐལ་ལྡན་རྒྱལ་པོ།
   
   
   
   
   
   
   
   
   


 
previousམན་ངག་རྣམ་པར་བཀོད་པ། ཨིནྡྲ་བྷཱུ་ཏིའམ་སྐལ་ལྡན་རྒྱལ་པོ། next

མན་ངག་རྣམ་པར་བཀོད་པ། ཨིནྡྲ་བྷཱུ་ཏིའམ་སྐལ་ལྡན་རྒྱལ་པོ།

མན་ངག་རྣམ་པར་བཀོད་པ་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །རང་གི་ལྷ་ལ་ཕྱག་བཙལ་ནས། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་དག་ལས། །དད་ཅན་སྐལ་ལྡན་དོན་ཕྱིར་དུ། །མན་ངག་རིམ་པ་བརྗོད་པར་བྱ། །ཤར་ཕྱོགས་ཨིནྡྲའི་ལུང་པ་ན། །རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྡྲཾ་བྷུ་ཏི་ངས། །གསང་བའི་བདག་པོས་མངོན་བསྟན་པའི། །སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་བསྒྲུབས་ཏེ། །སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ནས་སྡིག་པ་མེད། །དེ་ནས་ས་ལ་རེག་པར་བྱས། །དེ་བཞིན་པཉྩ་ཨ་བྷི་ཥེ། །རིམ་པར་ཐོབ་པའི་སྐལ་ལྡན་བུ། །གདུངས་བརྟགས་རིགས་ངེས་སྤྱོས་ཀྱང་བརྟན། །ལྷག་སེམས་ལྡན་ཞིང་བཀའ་ཉན་པ། །བླ་མ་སྲོག་ཏུ་འཛིན་བྱེད་དང་། །མན་ངག་སྙིང་དུ་འཆང་བ་ཡི། །རྣལ་འབྱོར་ཕོ་མོ་ཆགས་པ་ཡིས། །གཞན་དུ་གདུང་སྤང་རྣམས་ལ་སྦྱིན། །ལོང་བ་ཨུ་ལུ་པ་ཤ་ཀས། །འཇུག་ཅིང་སྤྱད་པའི་ཉམས་མེད་ལྟར། །འདོད་པས་སྨོན་པའི་རྣལ་འབྱོར་པ། །བརྗོད་བྲལ་ཚིག་གིས་རྟོགས་མིན་ཡང་། །འཕྲུལ་གྱི་མེ་ལོང་བསྟན་པ་ལྟར། །རྟོགས་བྱེད་ཚིག་གི་མེ་ལོང་གིས། །མཚོན་རྒྱུད་སྤྱན་ལ་སྣང་བྱེད་པའི། །ཨུ་པ་དེ་ཤའི་རིམ་པ་བསྟན། །རྒྱ་མཚོ་ཆུ་ལ་ངང་པ་བཞིན། །བཀའ་ཡི་བདུད་རྩི་བཅུད་བསྡུས་འདི། །སི་ཥུའི་རྒྱུད་ཀྱི་མོས་རིམ་བཞིན། །འཚམས་པར་བསྟན་ན་ཆུད་མི་གསོན། །རིམ་རྫོགས་གྲོལ་འདོད་བརྡའ་ཞེན་ལ། །དེ་ཉིད་གྲོལ་བའི་མན་ངག་བྱིན། །བདེན་པའི་ཚིག་གིས་བྱིན་གྱིས་བརླབ། །དེས་བརླན་རིག་པའི་ཆུ་སྐྱེས་ཡོད། །དེ་ལ་དྲན་རྒྱུན་མན་ངག་སྦྱིན། །དེས་དབུལ་རྟོགས་པའི་སྒྲོལ་མ་ཡིས། །གཡེང་ལ་སྒྲོལ་མའི་མན་ངག་སྦྱིན། །རྣམ་རྟོག་ཆུ་རླུང་འཁྱགས་པ་ལ། །ཐིག་ལེ་དྲོད་དབབ་མན་ངག་བྱིན། །ཆགས་པའི་མེ་ཡིས་གདུངས་པ་ལ། །ཁམས་གསུམ་རོལ་པའི་མན་ངག་བསྟན། །མཚན་མས་མཚན་མ་གྲོལ་འདོད་ལ། །ཕྱག་རྒྱ་བསྒོམ་པའི་མན་ངག་སྦྱིན། །དེ་དག་རྣམ་སྨིན་རེ་བ་ལ། །རྒྱུ་འབྲས་མེད་པར་ཐོབ་ཚུལ་བསྟན། །དེང་སྔོན་མོས་བྲལ་ཐུན་མོང་གི། །ཐེག་པར་སྤྲོས་འཆེལ་མ་ངེས་ལ། །གསང་བའི་ཡོན་ཏན་ཁྱད་པར་ཅན། །ངོ་མཚར་ཚིག་གིས་འདུ་ཤེས་སྒྱུར། །རིམ་པ་བརྒྱད་ཚུལ་བཟློག་བསྟན་པ། །འཇུག་པའི་རིམ་པར་མོས་པ་བདུན། །ཅིག་ཤོས་མཐར་བཞག་གཙོར་སྨྲོས་ཀྱང་། །དེ་སྔོན་བཞག་སྟེ་བརྗོད་ཀྱིས་ཟུངས། ༈ །ཐུན་མོང་སྒྲ་ཡི་སྤྲོས་འཆེལ་བས། །མཆོག་ལ་དད་མེད་གང་ཟག་ལ། །ཁྱད་པར་བཤད་པས་བསྒྱུར་བའི་ཚིག །དེ་ཡང་རྒྱུད་ལས་འདི་སྐད་དུ། །ཁ་ཅིག་ལྟ་བ་མཉམ་གནས་ཀྱང་། །སྤྱོད་པ་དག་དང་ཡོད་མི་མཐུན། །ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་། །མཉམ་པ་ལྟ་བ་ཡོང་མི་ཤེས། །ཁ་ཅིག་ལྟ་སྤྱོད་གཉིས་ཀ་མེད། །བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་དེ། །ཀུན་རྫོབ་དུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིན། །དེ་སོགས་ཕྱི་ནང་རྒྱུ་འབྲས་དང་། །འཇིག་རྟེན་ཐུག་པར་འཁྲུལ་པར་བརྗོད། །གསང་ཆེན་ངེས་པའི་རྒྱུད་ཉིད་ལས། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །ཀུན་རྫོབ་དོན་དམ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་དུ་ནི་མཉམ་རྫོགས་སོ། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་དུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོགས་ཚིག་གིས་དྲོད་སྐྱེད་ལ། །ངེས་པར་ལྡེམ་དགོངས་བརྒྱད་ཀྱིས་གཞུག ༈ །མཚན་མས་གྲོལ་ལ་རྒྱ་སྦྱིན་པ། །དཀྱིལ་འཁོར་ཆེན་པོར་ཞུགས་པའི་ཚེ། །གང་ལ་བབས་པའི་ལྷ་དེའམ། །ཡང་ན་ལྷ་ཀུན་གཅིག་པའི་ཕྱིར། །གང་མོས་ལྷ་དེ་ཡི་དམ་བྱ། །དེ་ཡང་བློ་ཡིས་གཉིས་འགྱུར་ཏེ། །རིམས་སུ་སྐད་ཅིག་སྤྲོས་བཅད་ལ། །དེ་ནས་ཡི་གེ་ཕྱག་རྒྱ་དང་། །ཕྱག་རྒྱ་ཆེན་པོའི་རིམ་པར་བསམ། །དབང་བསྐུར་ལ་སོགས་ལྷག་པའི་སྐུ། །དགུར་ལྡན་སྤྱན་དྲངས་བསྟིམ་བརྟན་མཆོད། །ཟིན་ནས་བཅུ་སྤངས་བཟླས་པ་བྱ། །གསལ་བ་གསུམ་ལྡན་དྲོད་རྙེད་འགྱུར། །ཡན་ལག་སྔོན་དུ་བདུན་རྫོགས་ནས། །མཆོད་པའི་བྱིན་བསྡུས་བརླབ་པར་བྱ། །རྟག་ཏུ་རྒྱུན་གྱི་ཏིང་འཛིན་སྤྱད། །ལོངས་སྤྱོད་ཧོམ་དང་འབྲལ་མི་བྱ། །གཅིག་བཅར་བ་ནི་རང་གི་གཟུགས། །རབ་གནས་ལྡན་པ་མདུན་བཞག་ལ། །སྤྲོས་བཅད་ཞུགས་པ་སྔོན་བྱས་ལ། །གསལ་བར་སྤྱི་དང་བྱེ་བྲག་བརྟག །དེ་ཅི་འདྲ་བར་མདུན་དུ་བསམ། །ཤིན་ཏུ་གོམས་ནས་རྣམ་སྨིན་གཟུགས། །བསྒྱུར་ལ་དེ་བརྟན་ངེས་པར་བྱ། །དེ་ཚེ་བྱིང་རྨུག་སྐྱོན་དྲུག་སྤང་། །རྒོད་པའི་སྐྱོན་གསུམ་དོར་བྱས་ཏེ། །འགྱུར་བའི་སྐྱོན་བདུན་བྱུང་བ་ན། །སྤྱི་ལ་གནས་མཆོག་མེད་འགྱུར་ན། །བྱེ་བྲག་གང་སྣང་འཕྲོད་ལ་བཟུང་། །དེ་ལྟར་རྟོགས་པའི་གཟེར་ཆེན་པོ། །འགྱུར་ན་རི་ལྟར་གདོས་ཚོན་བྱ། །མི་སྣང་གཟུགས་བརྙན་བསླན་པར་བྱ། །མཚན་སྣང་རྒྱུ་བ་དེ་རུ་བྱ། །ཤིན་ཏུ་གསལ་ལ་མི་གཡོ་བར། །བསྒྱུར་ཐོབ་མི་ལྕོགས་མེད་པ་ན། །ལྷ་ཡི་རྟགས་དང་ལོ་རྒྱུས་ཀྱིས། །ཟུང་དུ་འབྲེལ་བ་ཆེད་དུ་བྱ། །གདོད་མཐའ་མཚན་མ་ལྔ་བརྟགས་ཏེ། །ཉམས་རིམ་ཟིན་པས་བརྩོན་འགྲུས་སྦྱར། །དེ་ཡང་རྒྱུད་ལས་འདི་སྐད་དུ། །གསང་བའི་སྙིང་པོ་དོན་ཉིད་ཀྱིས། །ཡི་དམ་མི་སྤང་རྟག་བསྒོམ་ཞིང་། །ཡི་དམ་ལྷ་ཡི་མཚན་ཉིད་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །དཀྱིལ་འཁོར་ཀུན་དང་མཉམ་པའི་ཕྱིར། །སྐུ་གསུམ་ཡེ་ཤེས་ལྔ་རྫོགས་འགྲུབ། །བདག་ཉིད་ལྷ་དང་མཉམ་སྦྱར་ནས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ཡེ་ནས་མཉམ་ཉིད་སྦྱོར་བས་སུ། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །བདེ་གཤེགས་ཀུན་དང་མཉམ་སྦྱོར་བས། །དཀྱིལ་འཁོར་ཀུན་དང་མཉམ་པར་འགྱུར། །དཀྱིལ་འཁོར་ཀུན་དང་མཉམ་པའི་ཕྱིར། །སྐུ་གསུམ་ཡེ་ཤེས་ལྔ་རྫོགས་འགྲུབ། །ཡི་དམ་ལྷ་ནི་རྟག་བསྒོམས་ན། །རྒྱུ་འབྲས་ལྷུན་གྱིས་གྲུབ་པ་ཡི། །བདག་གི་ཀུན་ལ་དབང་བསྒྱུར་ཏེ། །རིག་འཛིན་གནས་སུ་སྐྱེ་བར་འགྱུར། །ཕྱག་རྒྱ་ཆེན་པོར་རྟག་ཏུ་བཞག །སྔགས་ནི་རྟག་ཏུ་བརྗོད་པར་བྱ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །རྣལ་འབྱོར་སྒྲུབ་པའི་ལམ་ཡང་ཡིན། །མི་གཏོང་སྡོམས་ཤིང་འདྲེན་པ་ཡིན། །དོན་མཆོག་རྫོགས་པའི་གནད་ཡིན་ཏེ། །རྟག་ཏུ་མཉམ་བཞག་ཕྱག་རྒྱ་ཡིན། །དུག་གསུམ་གཏིང་འབྱིན་སྔགས་ཡིན་ཏེ། །ཡང་དག་དོན་ཆེན་ཀླུང་འདོད་པས། །དུས་མཚམས་མེད་པར་ཕྱག་རྒྱ་སྔགས། །ཡིད་བརྟན་དྲག་ཏུ་བཟླས་བསྒོམ་བྱ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །རྡོ་རྗེ་སེམས་དཔའ་སྒྲུབ་འདོད་པས། །རྟག་ཏུ་མཉམ་པའི་དོན་རྟོགས་པའི། །སྐུ་ནི་འཇའ་ཚོན་ཚུལ་འདྲ་བའི། །སྣང་ལ་རང་བཞིན་མེད་པར་བསྒོམ། །འཁོར་རྣམས་ཆུ་ཟླའི་ཚུལ་ཤེས་པའི། །གསལ་ལ་རྟོག་པ་མེད་པར་བསྒོམ། །ལྷ་ཡི་སྐུ་ན་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར། །ཡི་དམ་ལྷ་དེ་སྤངས་བྱས་ན། །ངན་སོང་མི་བདེ་རྟག་ཏུ་འཁོར། །བདག་དང་དབྱེར་མེད་ཕྱག་རྒྱ་ཆེ། །གསལ་ལ་བརྩོན་པའི་ཡོན་ཏན་ལྡན། །ཡིད་བཞིན་མ་ཆགས་དབང་བསྒྱུར་ཏེ། །གོམས་ཤིང་བརྟན་པར་བྱ་བ་ཡིན། །དེ་བས་བར་ཆད་བརྩོན་མེད་ན། །དཔེར་ན་ས་བོན་ཚིག་པ་ལས། །འབྲས་བུ་འདོད་པ་དང་འདྲ་སྟེ། །བསྒྲུབ་པའི་འབྲས་བུ་མེད་པར་འགྱུར། །མི་ཁོམ་འཁོར་བར་གནས་པར་འགྱུར། །དམ་ཚིག་བསྲུངས་དང་སྔགས་བཟླས་དང་། །ཕྱག་རྒྱ་རྒྱུན་མི་བཅད་པ་བཞི། །བརྩོན་འགྲུས་ཆེ་ཞིང་བརྟན་པར་གཟུང་། །རྣལ་འབྱོར་བརྩོན་འགྲུས་ཆུང་གྱུར་ན། །མི་འགྲུབ་ཁེ་ཉེན་ཆེ་བར་གསུངས། །རལ་གྲིའི་སོ་ལ་ནན་ཏན་དུ། །སྐྱེས་བུས་མྱུར་དུ་མ་གཟུང་ན། །ལག་པ་ངེས་པར་གཅོད་པར་འགྱུར། །དེ་བཞིན་ནན་ཏན་མེད་པའི་གསང་སྔགས་པ། །འཆིའམ་ཡང་ན་འབྲས་བུ་མེད་པར་འགྱུར། །རྣལ་འབྱོར་དམ་པ་རྣམས་ཀྱིས་ནི། །སྔགས་ཀྱི་ཡན་ལག་མ་ཉམས་གསལ། །དོན་ལྡན་མ་ཉམས་དག་བྱས་ཤིང་། །བརྩོན་འགྲུས་ཆེར་བསྐྱེད་མྱུར་བར་འགྲུབ། །འདི་ལྟར་བསྒྲུབས་ཤིང་བསྒོམ་བྱས་ན། །འབྲས་བུ་ཚེ་ལ་མ་སྦྱར་ཀྱང་། །དཔེར་ན་མངལ་དང་སྒོ་ང་བཞིན། །རྣམ་རྟོག་ལུས་ནི་བོར་མ་ཐག །ཐམས་ཅད་ཀུན་ལ་དབང་བསྒྱུར་ཞིང་། །རིགས་མཆོག་དམ་པ་ལེན་པར་འགྱུར། །རྡོ་རྗེ་སེམས་དཔའ་དང་མཉམ་པའི། །དངོས་གྲུབ་མཆོག་རྣམས་ཡོངས་སུ་རྫོགས། །རྫོགས་སོ། །ཆུང་རླུང་ཅན་ལ་དྲོད་དབབ་པའི། །གནས་དྲུག་འཁོར་ལོ་དྲུག་གནས་པའི། །སྤྲུལ་པའི་གནས་སུ་སོར་ཚད་ལ། །རྩ་གཉིས་རི་བོང་ཅན་ཚེས་འདྲ། །གཉིས་ཀྱི་བར་དུ་བྱང་ཆུབ་སེམས། །ཡུངས་དཀར་ཚད་ཙམ་རྣལ་འབྱོར་བྱ། །ཡང་ན་ཤི་ར་ཐིག་ལེ་གཉིས། །རྐྱང་པ་བསམ་བྱ་སྔོན་སྨོས་པ། །དམ་པའི་ལྟེ་བར་སོར་བཞི་ཚད། །ཐིག་ལེ་ལྡན་དང་མི་ལྡན་གང་། །རུང་བ་རྒྱུས་པ་ནད་འདྲའམ། །བ་ཐག་ཉི་ཟེར་རྐྱང་འདྲར་བསྒོམ། །རྗེས་སུ་བརྟན་པ་དེ་ཉིད་དུ། །སོར་ཕྱེད་ཡུལ་ལ་ཀུན་རྫོབ་སེམས། །ཡུངས་འབྲུ་ཚད་ཙམ་འོད་དང་ནི། །ཁ་དོག་ལ་ཡང་མི་གནས་པར། །སྒོམ་པ་ཡེ་ཤེས་མྱུར་བ་སྟེ། །གསུམ་བཅུ་ཕྲག་དྲུག་ཞག་གི་ཐོབ། །དྷརྨ་ཙཀྲའི་ཕོ་བྲང་དུ། །མཁའ་འགྲོ་ཡོད་མེད་མདོར་བསྐུལ་བཞི། །དེ་ལ་མཁའ་འགྲོ་མེད་པ་ནི། །ཙིཏྟ་རྟ་བདུན་པ་དང་ནི། །རི་བོང་ཅན་སྦྱར་གའུ་ན། །བྱང་སེམས་ཡུངས་དཀར་འབྲིང་ཚད་ཙམ། །དེ་ལ་འཕྲོ་འདུ་གང་ཡིན་པ། །རི་བོང་ཅན་ལ་ཚངས་པ་ཡི། །བུག་ཆུང་སྣང་ངོ་ཐིག་ལེ་ལ། །ནཱ་ད་སྒྲ་ཡོད་དེ་ཉིད་ལས། །ཁ་དོག་སྣ་ཚོགས་འོད་ལྡན་པའི། །སྒྲོལ་མ་ཕྱིར་དབྱུང་ཚེ་ན་གནས། །དེ་ལས་རྡུབས་པས་འདུས་པའི་ཚེ། །བུག་ཆུང་འཕྲོ་བས་གསལ་གདབ་བོ། །དེ་བཞིན་ཡང་དང་ཡང་གོམས་ན། །ཡེ་ཤེས་ནམ་མཁའི་གཟུགས་སུ་སྐྱེ། །དེ་ལས་བཟློག་པ་གང་ཡིན་པ། །འཁོར་ལོ་འདབ་བརྒྱད་ལྟེ་དབུས་ན། །ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས། །ཕྱོགས་བཞི་རང་བཞིན་མཁའ་འགྲོ་བཞི། །རིགས་དང་མཐུན་པའི་ཁ་དོག་ལ། །དེ་ལས་འོད་བཞི་ལམ་ནས་སྤྲོ། །ཡེ་ཤེས་སྙིང་པོར་ཕོག་པས་གསལ། །མདོར་བསྒོམ་ཡེ་ཤེས་སྙིང་རྩ་ལ། །གཉིས་མེད་བྱང་སེམས་བདེ་ཆེན་པོ། །རྟ་བདུན་པ་ཡི་སྙིང་པོ་ལྟར། །འོད་དང་ཁ་དོག་ཅིར་ཡང་སྣང་། །གང་དུ་མ་ངེས་བསྒོམ་པ་ནི། །ཁམས་གསུམ་དག་པའི་སྣང་བས་འགེངས། །དེ་དག་གང་འཕྲོད་ཕྱིར་བརྟན་མོད། །ཤིན་ཏུ་ཡེ་ཤེས་མྱུར་བ་ནི། །བདེ་ཆེན་ལོངས་སྤྱོད་ཆོས་སྤྲུལ་རྣམས། །གསལ་བྱས་རིག་པས་བསྐྱོད་བྱས་ཏེ། །སྤྲུལ་ཐིག་བཞི་ལས་མ་ཉམས་པར། །དེ་ཚད་ཐིག་ལེས་ཆོས་ལ་བསྐུལ། །ཐིམ་པས་བདེ་བསྐྱེད་དེ་བཞིན་དུ། །ལོངས་སྤྱོད་བདེ་ཆེན་ཐུག་པར་བྱ། །རིམ་པར་བདེ་སྐྱེད་བདེ་ཆེན་དེས། །བདེ་ཆེན་འཁོར་ལོ་བཞུ་བྱས་ཏེ། །རིམ་བཞིན་ཞུ་བ་སྤྲུལ་པར་ཐིམ། །དོན་དམ་ཡེ་ཤེས་དེ་རྒྱུ་མཐོང་། །དེ་དག་ཀུན་ལའང་བྱིང་རྒོད་ཀྱི། །སྐྱོན་སོགས་སྤང་བ་སྔོན་བཞིན་བྱ། །རང་ཉམས་གཡོ་ཐོབ་བརྟན་པ་ཡི། །ཚད་གཟུང་རྩོལ་དང་མི་རྩོལ་བྱ། །འཇིག་རྟེན་ཏིང་འཛིན་རོ་བརྒྱད་སོགས། །ཞི་འགོག་ལ་སོགས་རོ་བརྟགས་ཏེ། །མ་ནོར་ལྷག་པའི་ཤེས་རབ་ཀྱིས། །སྤང་དང་བླང་བའི་བྱེ་བྲག་ཤེས། །འདི་དག་བརྩོན་པའི་རྣལ་འབྱོར་ལ། །རྒྱལ་བ་སྲས་བཅས་བྱིན་རློབས་མཛད། །ཐབས་ཆེན་འདི་དག་གང་ཐོབ་ཀྱང་། །རྣལ་འབྱོར་བརྩོན་འགྲུས་མི་ལྡན་ན། །བུལ་པ་ར་ཡི་འབྲས་བུ་བཞིན། །ནམ་ཡང་དོན་ཡོད་མ་ཡིན་ནོ། །རྟོག་རླུང་གཡོ་ལ་རླུང་བཟུང་ལ། །ཞི་བ་བུམ་པ་དྲག་པོ་སོགས། །སྒྲོལ་མ་བཟུང་བའི་ཐབས་རྣམས་ཀྱིས། །དམིགས་པས་རིག་པ་ཕུར་ལ་གདབ། །དེ་དག་ཐབས་དང་མཚན་ཉིད་དང་། །ཟིན་ནས་ཕྲ་བ་སློབ་པ་དང་། །དགག་དང་ལུས་ཟུངས་བསྲེ་བ་རྣམས། །མཉེས་བྱས་བླ་མའི་ཞལ་ལས་ཞུས། །རྫོགས་སོ། ༈ མེས་ཚིག་མེ་ཡི་གདུངས་པ་ཡིས། །འཚོ་བཞིན་ཆགས་པས་ཆགས་བྲལ་བའང་། །སྔོན་དུ་བྱ་བ་དེ་རྫོགས་པའི། །རྣལ་འབྱོར་ཐབས་དང་ལྡན་པ་ཡིས། །ཡོན་ཏན་ཀུན་ལྡན་མི་མོ་དང་། །མུན་དང་ལྐོག་དུ་སྐྱེ་བོ་དག །རྫས་དང་སྡུག་པས་སེམས་ཕྲོགས་ཀྱང་། །གར་དབེན་འཕྲད་པར་འདོད་མི་བྱེད། །དམ་ཚིག་རྣམ་སྨིན་སེམས་འཇོག་ཅིང་། །གཙོ་ལ་གདུང་བའི་ཕྱག་རྒྱ་བཙལ། །གཏན་དུ་རིགས་ངེས་སྙིང་འདྲ་ན། །འདི་དག་བསྟན་ལ་སྦྱར་བའི་གནས། །བུད་མེད་ཡོན་ཏན་ཀུན་ཡོད་ཀྱང་། །གཉིས་ཀྱི་སེམས་འཕྲོགས་ལྐོག་དབེན་དུ། །འདོད་པ་ཕྱལ་བར་སྤྱོད་པ་ལ། །དམ་པའི་མན་ངག་མི་བརྟན་ཏེ། །མཚམས་པར་ལྷ་ཡི་སྐུ་བསྟན་ནོ། །གཟུགས་སུ་གྱུར་པ་དེ་ཕྱིན་ཆད། །རྣལ་འབྱོར་པས་ཀྱང་རྒྱ་མི་ཕྲལ། །མི་ཡི་སྔན་བཞིན་སེམས་ཕྲོག་ནས། །འདོད་པ་འཆལ་སྤྱོད་ཉམས་བྱེད་པ། །ཚེ་འདིར་མི་བདེ་མྱོང་གྱུར་ནས། །ཕྱི་མར་དམྱལ་བ་ཡ་རེ་ཆ། །དེ་ཡི་སྡུག་བསྔལ་བཟོད་རླག་མེད། །རྡོ་རྗེ་རྒྱལ་པོ་མ་ཡིན་པ། །རྣལ་འབྱོར་པས་ཉམས་དེ་བཞིན་ནོ། །དེ་བས་མི་མོ་གདམ་པ་གཅེས། །ཡིད་འོང་རྙེད་ནས་དབང་བསྐུར་ཏེ། །བསླབ་པའི་རིམ་པ་བསྟན་པར་བྱ། །ཁྲུས་བྱས་གོང་བརྗེ་དམ་ཚིག་སྦྱིན། །ཆོས་བཤད་འདུ་ཤེས་བསྒྱུར་བར་བྱ། །གཞུང་བཞིན་བདག་ཅག་བྱིན་གྱིས་རླབས། །ཉེད་རྡེབ་སྤྲད་དང་ཙུམ་པ་བྱ། །བརྩེ་འཁྱུད་གཞིབ་སོགས་ལས་རྣམས་ཀྱི། །ཡབ་ཡུམ་སྣོལ་མར་ཆ་བསྐྱེད་ལ། །དགྲོལ་དང་རྒྱས་པའི་ཆོ་ག་བྱ། །ཡེ་ཤེས་དབབ་པ་སྔོན་རྫོགས་དེས། །ཆོ་ག་དེས་བསྐུལ་ལས་བྱས་པས། །མགོ་སྤྲུག་སྨིན་ལངས་མིག་མདོག་དམར། །འདར་དང་སྨྲ་མི་ཤེས་སོགས་འབྱུང་། །དེ་ནས་ཕྱག་རྒྱ་བཞིས་རོལ་པའང་། །རྒྱུད་ལས་གསུངས་པ་འདི་སྐད་དུ། །དགུག་དང་འཛིན་པ་དེ་བཞིན་ཏེ། །བསྡུས་དང་འཁྲིལ་བས་དོན་བསྒྲུབ་ཕྱིར། །བསྡམས་དང་མི་གཏང་དབང་བསྒྱུར་ཏེ། །བདེ་བ་སྒྲ་སྙན་ཕྱོགས་བཅུར་སྒྲོགས། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །ཡིད་བཞིན་རིན་ཆེན་འཕྲེང་བ་འབར། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོ། །ཀུན་ཏུ་ཚིམ་བྱེད་བྲོ་བསུང་ཐིམ། །བལྟ་མཛེས་རིན་ཆེན་ཕུང་པོ་འབར། །འོད་གསལ་འཕྲོ་བས་ཀུན་ཏུ་འབར། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱིངས། །འཇུག་དང་ལྡང་དང་གནས་པ་དང་། །སྨོན་པ་བྱང་ཆུབ་སེམས་ཡིན་ནོ། ༈ །གསང་དབང་པདྨ་ལྡན་གྱུར་ན། །ཆགས་པ་མེད་པའི་ཚུལ་གྱིས་སུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་རྫོགས། །ས་བཅུ་རིམ་གྱིས་བགྲོད་མེད་རྫོགས། །ཀུན་ཏུ་འོད་གསལ་པདྨ་ཅན་ཡང་རྫོགས། །ཡི་གེ་འཁོར་ལོ་བསམ་མི་ཁྱབ། །ཡང་དག་རྫོགས་ཆེན་ཐབས་དང་ལྡན། །ཤེས་རབ་བླ་མེད་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་རོལ། །རིག་དང་མཉམ་པའི་ཤུགས་ལྡན་པས། །བདག་དང་ཕྱག་རྒྱ་རིག་སྣང་ཕྱིར། །རང་སྣང་ཤེས་ཉམས་རོལ་བྱས་ཏེ། །ས་རིམ་རེ་རེར་བཀུག་རླུང་བཟུང་། །གཙུག་གཏོར་ཟླ་ཤར་འོད་འདྲེས་པ། །མ་ལྷུང་ཤེས་རབ་ཡེ་ཤེས་མྱོང་། །ཅིག་ཤོས་ཤུགས་ལྡན་དེ་གོམས་པས། །བཅུ་གཉིས་ཚད་ཕྱིན་ཕྱག་རྒྱ་ལ། །རཀྟ་བྱང་ཆུབ་དུས་གཅིག་འབར། །གཉིས་མེད་ཟུང་དུ་འབྲེལ་བ་ལས། །དཀྱིལ་འཁོར་བཞི་བཅུ་རྩ་གཉིས་འབྱུང་། །སེམས་འདྲེས་རྡུབ་པས་ས་རིམ་ཐོབ། །མ་ཧཱ་མམ་ས་འོ་མ་དང་། །གངྒའི་ཉེའུ་ཤིང་བཅུད་ཀྱི་གསོ། །དེ་ཐབས་རྫོགས་པར་མཉེས་བྱས་ལ། །བླ་མའི་ཁ་ལས་ཤེས་པར་བྱ། །རྫོགས་སོ། ༈ །རྣམ་རྟོག་གྲུབ་མཐའ་མ་བསྒྱུར་པའི། །བློ་ལ་བརྡཱ་འགྲོལ་མན་ངག་བརྟན། །བདེན་ཚིག་བརྗོད་པས་བློ་བྱིན་རླབས། །རྡོ་རྗེ་སེམས་དཔའི་ཞལ་བསྟན་པ། །དུས་ཐབས་ངོ་བོ་ཁྱད་པར་དང་། །ཡོན་ཏན་སྐྱོན་གྱིས་རྫོགས་པར་བྱ། །མ་ངེས་པའམ་ཐུན་མོང་ནས། སེམས་ཆེར་བསྐྱེད་པས་འདིར་ཞུགས་པའི། །མཉན་པས་ཐུན་མོང་ཆུབ་པ་དང་། །དབང་ལྔ་རྫོགས་པའི་སིཥུ་མ། །ལྷག་པའི་ལྟ་བ་གཅེས་འཛིན་ཡོད། །ལས་ཀྱི་མཐའ་ལ་འཇུག་འདོད་ཚེ། །བརྡའ་དགྲོལ་བྱིན་གྱིས་རླབས་པར་བྱ། །དགྲོལ་ཐབས་རྣམ་གྲངས་གཞལ་བྱ་དང་། །གྲུབ་མཐའ་དངོས་པོས་ལུས་བཞག་གོ། །རྣམ་པར་དབྱེ་བས་རྣམ་གཉིས་ཏེ། །བརྒྱུད་དང་དངོས་བརྟན་དབབ་པའོ། །བརྒྱུད་པ་ཉེ་རིང་རྣམ་གཉིས་ཏེ། །གང་དག་སོ་སོར་རྟོག་པ་ཡིས། །མཐོང་མི་ལྡན་ལ་སྔོན་སོང་བའི། །གསང་བའི་ཞི་གནས་བརྟན་བྱས་པས། །ཤུགས་དང་དཔྱད་པ་གཉིས་ཀས་མཐོང་། །དེ་མིན་རྒྱུ་ཙམ་གསོག་བྱེད་པ། །རྒྱུད་ལས་འདི་སྐད་གསུངས་པ་སྟེ། །ཆོས་ཉིད་རྟེན་ཅིང་འབྲེལ་བྲིས་ན། །ཆོས་ཉིད་དོན་རྣམས་གསལ་འགྱུར་ཏེ། །རང་དང་སྤྱི་ཡི་དོན་རྟོགས་ནས། །སྐྱེ་རྒ་ན་འཆི་མེད་རྟོགས་འགྱུར། །ཅི་ཕྱིར་ཞེ་ན་མཆོད་རྟེན་དང་། །སྔགས་དང་བདག་རྣམས་སེམས་ཉིད་ཕྱིར། །ངོ་བོ་གཅིག་འབྲེལ་མཐུ་ལྡན་ཞིང་། །གཅིག་དང་དུ་མས་རྟོགས་པར་འགྱུར། ༈ །དངོས་པོ་གཏན་ལ་དབབ་བྱ་བ། །རིམ་པ་བཟློག་ཏེ་གཞལ་བྱ་བརྗོད། །འཇིག་རྟེན་འདི་ན་ཅི་ཡོད་པའི། །མིང་དང་ཐ་སྙད་འཛིན་པ་དག །སོ་སོའི་མཚན་ཉིད་གཞིག་བྱས་ན། །རང་བཞིན་མེད་དེ་ཡང་དག་ཉིད། །རང་བྱུང་ཆེན་པོ་ཡེ་ཤེས་ཀྱིས། །ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར། །མ་བཅོས་མ་བྱས་ངང་གིས་གསལ། །ཡེ་ནས་འོད་གསལ་སངས་རྒྱས་ཞིང་། །ཞེས་པ་རྒྱུད་ལས་འབྱུང་བའི་ཕྱིར། །བརྟགས་པའི་སྤྱོད་ཡུལ་གཉིས་ལ་གཞལ། །རྣམ་པར་བྱང་དང་ཉོན་མོངས་གཉིས། །སོ་སོ་ཡོད་པ་མ་ཡིན་ཏེ། །ཉོན་མོངས་གཉེན་པོས་བཅོས་སུ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་པས། །ཅིས་ཀྱང་མི་ཚུག་གོང་ན་མེད། །རྒྱུད་ལས་གཞལ་བྱ་རྣམ་གཉིས་དང་། །གྲུབ་མཐའ་གཏན་ཚིགས་བཅས་གསུངས་པའང་། །འཁོར་དང་མྱ་ངན་འདས་པའི་བརྟག །འདས་པ་སྤྱོད་ཡུལ་མ་གྱུར་ཕྱིར། །བརྟག་པའི་ཡུལ་དུ་ཇི་ལྟར་རིགས། །སེམས་ལ་མྱ་ངན་འདས་ཞེན་པ། །དེ་ཉིད་འདས་བར་རུང་མ་ཡིན། །གལ་ཏེ་འདས་པའི་སྣང་བ་ལ། །གཞལ་ན་དང་པོའི་ལྐོག་ཏུ་གྱུར། །དེ་བཞིན་འཁོར་བའི་དངོས་པོའང་། །སྣང་དང་བརྟགས་པ་གང་ལ་གཞལ། །སྣང་བ་རང་གི་མཚན་ཉིད་ནི། །བརྗོད་བྱ་མིན་ཏེ་རིག་སྣང་ཕྱིར། །གཞལ་བྱ་རིག་མིན་སྐྱེ་བོ་ཡི། །ཡུལ་མིན་གྲུབ་པའི་མཐའ་ལྟར་སྣང་། །བརྟགས་པ་ནང་ལ་སྤྱོད་དོ་ཞེས། །བརྟེན་སྤྱད་བཞི་རུ་རིག་པ་མིན། །འོན་ཏེ་རང་ལ་ནང་དུ་ཡང་། །བལྟས་ཏེ་སྦྱང་གཞི་དེ་ཉིད་ནི། །ལོག་རྟོག་སྤྲོས་པའི་སྐད་ཅིག་མ། །སྔ་མ་འདས་དང་ཕྱིས་མ་བྱུང་། །དེ་ལ་བརྟེན་པར་བརྟག་མི་རིགས། །ད་ལྟར་སྐད་ཅིག་མི་བརྟན་པས། །སོ་སོར་རྟོག་པར་གནས་གྱུར་ན། །ཞེན་འགག་རང་ལ་བརྟག་མི་རིགས། །ངེས་པར་བཞག་པའི་གཞལ་བྱ་ནི། འཁོར་དང་མྱང་ངན་འདས་པ་ཡི། །རང་གི་མཚན་ཉིད་མི་འདོད་དེ། །དེ་ལྟར་ནང་ལ་ཞེན་པ་ཡིས། །ཕྱི་རོལ་མེད་ལ་ཡོད་ལྟར་སྣང་། །ཞེན་དང་ལྟ་བ་གཉིས་ལ་བརྟེན། །དེ་དེ་ཤེས་པ་སྐད་ཅིག་མ། །ད་ལྟར་ད་ལྟར་ཐད་ཀར་བཅད། །ལྟ་བའི་ཚེ་ན་གནས་གྱུར་པས། །གཞལ་བྱ་མེད་པར་དོགས་པའང་། །ཞེན་པ་ཤེས་ཀྱི་སྤྱི་ཡུལ་མིན། །སྐད་ཅིག་གནས་གྱུར་ཤེས་ཉིད་དོ། །དེ་བས་ཡུལ་སེམས་མ་འདྲེས་ཕྱིར། །ཞེན་སྣང་འཇལ་ལ་སྐྱོན་པ་མེད། །འོན་ཏེ་ཡིད་འགྱུར་ཞེན་པ་ཡང་། །སྐད་ཅིག་མཉམ་པར་འགགས་པ་མེད། །དེ་ཚེ་བརྟགས་གཞི་ཡོད་མི་རུང་། །དོགས་ན་ཞེན་པའི་ཡུལ་རྣམས་ནི། །གཏན་དུ་དག་པ་མ་ཡིན་ཕྱིར། །སོ་སོར་སྤྱོད་ཀྱང་ཞེན་ཡུལ་མཐོང་། །རང་དང་སྤྱི་མཚན་མ་ལུས་ཀུན། །ཤེས་རབ་དང་པོའི་ཡུལ་ཕྱིར་རྨེལ། །མདོར་ན་ཀུན་བརྟགས་དུས་བཞི་དང་། །འདས་དང་སྡུག་བསྔལ་ཀུན་མིང་ལ། །དོན་དུ་ཞེན་པས་ལྟར་སྣང་ལ། །བརྟེན་ཏེ་རྨེལ་བའི་མཐའ་རྙེད་འགྱུར། །དེ་ལྟར་རང་དང་སྤྱི་ལ་ཡང་། །གཉིས་གཉིས་སྣང་སྟེ་རྒྱུད་ཉིད་ལས། །སྤྱི་ཡི་མཚན་ཉིད་བརྗོད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཞེན་སྡང་སྤྱི་ཡི་མཚན་ཉིད་ནི། །ཡང་དག་ཉིད་ཀྱིས་རབ་བརྟགས་ན། །རྣམ་པར་བྱང་བའི་མཚན་ཉིད་དེ། །དེ་སྐད་སྤྱི་མཚན་གཉིས་སུ་བརྗོད། །རང་གི་མཚན་ཉིད་བརྗོད་པ་ནི། །ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་ལ་སོགས་བརྟགས་པས། །རྟོག་པ་སྒྱུ་མ་ཀློང་གྱུར་པས། །ལོག་རྟོག་སྤྲོས་པའི་རྒྱུད་ཉིད་ལས། །མ་རིག་དེ་སོགས་ཉོན་མོངས་ལྔ། །རང་མཚན་ཀུན་བརྟགས་ཉིད་ལ་བརྟེན། །སོ་སོའི་རྩལ་རྣམས་འཛིན་འགྱུར་པས། །ཐབས་ཆེན་དུ་ནི་རྣམ་པར་འཕྲོ། །དེ་སྐད་རང་རིག་རང་སྣང་ཕྱིར། །རང་གི་མཚན་ཉིད་དེ་བཞིན་ཉིད། །དེ་ལྟར་རང་སྤྱི་བཟང་དང་ངན། །གཞལ་བྱ་གྲུབ་མཐར་ལུང་བསྟན་ཏོ། ༈ །དེ་རྗེས་གཏན་ལ་དབབ་བྱ་བ། །དེ་ཉིད་མཚོན་པའི་ཐ་སྙད་ཀྱི། །དེ་ཉིད་གཏན་ལ་དབབ་པ་དང་། །དངོས་པོར་གྲགས་པའི་ཐ་སྙད་ལ། །བརྟེན་ཏེ་གཏན་ལ་དབབ་པའོ། །དེ་ལ་ཇི་བཞིན་ཉིད་དབབ་པ། །གཞི་བཞིན་བརྗོད་པའི་ཚིག་རྣམས་ཀྱིས། །དཀར་པོ་དཀར་པོས་མཚོན་པ་བཞིན། །བསམ་བརྗོད་འདས་པས་དེ་ཉིད་མཚོན། །དེ་ཡང་ཇི་ལྟར་རྒྱུད་ལས་གསུངས། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐམས་ཅད་མ་ལུས་རྣམ་པར་དག །ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར། །བདེ་དང་མི་བདེ་གང་ཡང་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་སྟེ། །ཇི་བཞིན་ཉིད་ཀྱི་ངང་བཙན་པར། །ཡང་དག་ཉིད་ཀྱི་དེ་སྐད་བཤད། །བཤད་དང་ཉན་དང་གཉིས་ཀ་མེད། །དེ་བཞིན་ཉིད་དུ་ཡང་དག་འདུ། །ཀུན་གྱི་འབྱུང་གནས་བྱེད་པོ་ཡི། །དེ་ཡིས་མ་བྱས་གང་ཡང་མེད། །ཁ་དོག་དབྱིབས་རིགས་གང་ཡང་མིན། །ཤིན་ཏུ་བརྟག་དཀའ་སུས་མི་རིག །བྱང་ཆུབ་སེམས་ཀྱི་ཐིག་པ་ནི། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཁ་དོག་གནས་དང་དབྱིབས་མ་ཡིན། །ཡོན་ཏན་མཆོག་གི་སྙིང་པོ་ནི། །རྟོག་གེའི་སྤྱོད་ཡུལ་དེ་མ་ཡིན། །བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །གང་ནས་མ་འོང་གར་མི་འགྲོ། །རྟོག་མེད་རང་རིག་ཁོ་ན་ཙམ། །མཉམ་པའི་དོན་ཉིད་ཇི་ལྟ་བུ། །མཉམ་ཉིད་རང་བཞིན་གང་ཡང་མིན། །དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་དོ། །སུས་ཀྱང་མ་བཅིངས་བཅིངས་མེད་ཏེ། །བཅིང་བར་བྱ་བའང་ཡོད་མ་ཡིན། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །རྒྱུད་ལས་དེ་ལྟར་གསུངས་པ་ཡིས། །བཅིངས་པ་བདག་ཉིད་མི་དམིགས་ཕྱིར། །སོ་སོར་རྟོག་པས་གྲོལ་མི་འདོད། །གཞལ་མེད་འཆིང་གྲོལ་མེད་བསྟན་པས། །མ་ནོར་གོ་བ་གཞལ་བའི་མཆོག །བདེན་པའི་ཐ་སྙད་དེ་ཡང་ཡིན། །ཆོས་ཉིད་སྤྲོས་བྲལ་བསམ་བརྗོད་འདས། །སངས་རྒྱས་བྱང་ཆུབ་བླ་དྭགས་རྣམས། །མི་སླུའི་ཕྱིར་ན་བདེན་བརྟགས་ཙམ། །ངོ་བོས་དེ་ལྟར་རྟོག་ཉིད་མཐའ། །བཤད་པའི་དངོས་ལ་རྨེལ་བྱ་བ། །ཐ་སྙད་གླུ་ལ་རྟེན་ནས་ནི། །བློ་རྒྱུ་ཚིག་རྐྱེན་ལྡན་པས་བརྟག །དེ་ཡང་གཏན་ཚིགས་རྣམ་བཞིས་དབབ། །དེ་དེའང་ཐུན་མོང་མིན་དང་ཡིན། །དཔེ་དང་རྟགས་ཀྱིས་ལུས་བཞག་གོ། །དང་པོར་སྨོས་པས་གཞལ་བྱ་བ། །རྟོག་དག་མཉམ་བདེན་བདག་ཉིད་རྒྱུས། །རང་བྱུང་ཡེ་ཤེས་གཏན་ལ་དབབ། །རྟོག་གེའི་ཡུལ་མིན་ཕྱིར་ན་ངེས། །རྟོག་པས་གཞལ་བ་ཅིའི་ཕྱིར་ན། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །རྒྱུད་ལས་འབྱུང་ཕྱིར་དེས་རྨེལ་རིགས། །དང་པོའི་སངས་རྒྱས་སེམས་ལ་གནས། །ཕྱི་ནང་སྣོད་བཅུད་སོ་སོ་ཡི། །རྒྱུ་ལས་གྲུབ་པ་དེ་ཡི་ཕྱིར། །མི་གཅིག་རྟོག་ངན་གྲོལ་བྱའི་ཕྱིར། །རྒྱུད་ལས་སྔོན་དུ་གསུངས་པ་དང་། །གཞན་ཡང་གསུངས་པ་འདི་ལྟ་སྟེ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུར། །རང་བྱུང་ཆེན་པོས་ཀུན་ཏུ་ཁྱབ། །རང་བྱུང་དེ་ཉིད་དངོས་མེད་པར། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ནོ། །མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡི་མ་བྱས་གང་ཡང་མེད། །གཞི་རྩ་མེད་དེ་རང་བཞིན་སྟོང་། །རིགས་དང་རྒྱུད་དུ་བརྟག་ཏུ་མེད། །རིགས་དང་ཁ་དོག་དབྱིབས་མེད་ལས། །ཕྱི་ནང་སྣོད་བཅུད་ཐམས་ཅད་གསལ། །འཕྲོ་བའི་གཞི་རྩ་དེ་བཞིན་ཉིད། །དེ་ལས་རྣམ་རིག་བྱུང་བ་ནི། །ཞེས་པ་ལ་སོགས་ངེས་ལུང་གི། །གཏན་ཚིགས་སྨོས་པས་ཡིད་ཆེས་བྱ། །དེ་བས་འཁོར་འདས་སྣོད་བཅུད་རྣམས། །བཞིན་འགྱུར་བཞིན་ལས་གཡོས་མེད་ལྟར། །ཀུན་དངོས་རིག་པ་ཅིར་སྣང་ཕྱིར། །ངོ་བོ་ཉིད་ཀྱི་རྒྱུ་རུ་གཅིག །བདག་གི་སྤྱོད་ཡུལ་སྣང་ངོ་ཅོག །རང་གི་ཀུན་གཞི་དེ་བཞིན་ཉིད། །ཇི་ལྟར་བལྟས་པར་སྣང་བའི་ཕྱིར། །སེམས་ཉིད་འོད་གསལ་གཅིག་པའང་། །དོན་དམ་བདེན་པར་རིགས་པས་བཞག །ཡིག་འབྲུའི་ཚུལ་ནི་ཨ་ཨོ་ཨོཾ། །འབྲུ་གསུམ་སྒྲ་དབྱིབས་ཀྱིས་མཚོན་ནས། །སྐུ་གསུང་ཐུགས་ཀྱིས་འབྲས་བུར་རྟོགས། །དེ་ཡང་འདི་སྐད་གསུངས་པ་སྟེ། །དངོས་ཀུན་ཇི་ལྟར་བརྟགས་བསམ་བཞིན། །འགྱུར་བས་སེམས་སྣང་ཀུན་ངོ་བོ། །སེམས་ཉིད་རིག་སོགས་གང་མིན་ཕྱིར། །འདི་འདྲར་མ་སྐྱེས་སྐད་ཅིག་མེད། །མ་སྐྱེས་ཡི་གེ་དོན་གྱི་གསུང་། །བརྗོད་དང་འདྲར་སྣང་ཕྱིར་ངེས་པའོ། །དོན་དམ་ཉིད་ན་ཐབས་ཆེན་དུ། །འཕྲོ་བ་མ་འགགས་ཡེ་ཤེས་ཏེ། །སྣང་སྟོང་ཐབས་དང་ཤེས་རབ་དོན། །དབྱེར་མེད་ཨོ་སྟེ་ཆོས་ཀྱི་སྐུ། །དེ་ཉིད་ཡེ་ཤེས་ལྔ་རྫོགས་ཏེ། །སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད། །སོ་སོར་རྟོག་པ་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །དེ་ཕྱིར་ཨཱོཾ་གྱིས་དོན་དབྱིབས་མཚོན། །ལྷག་པའི་དོན་དམ་ཀུན་རྫོབ་གཉིས། །རྟོགས་པའི་ལྟ་བ་བྱིན་བརླབས་ཀྱིས། །ཝཱ་ར་ཎ་སིའི་རས་ཚོན་ལྟར། །རྟོགས་པའི་སྤྱོད་ཡུལ་ཟུང་འཇུག་པར། །བྱིན་རློབས་ཕྱིར་ན་སྒྲ་འཇུག་སྟེ། །རྒྱུད་ལས་འབྱུང་བ་འདི་སྐད་དུ། །དཀར་པོ་མཚོན་གྱིས་མདོག་བསྒྱུར་བཞིན། །དུག་ཀྱང་སྨན་དུ་འགྱུར་བ་ལྟར། །དེ་བཞིན་དུག་གསུམ་བྱང་ཆུབ་སྟེ། །འགྲོ་ལྔ་བྱང་ཆུབ་ལམ་དུ་སྦྱོར། །དེ་ལྟར་ཚུལ་གསུམ་བརྗོད་པ་ཡིས། །མཐོང་བ་གང་ཡིན་ཤེས་རབ་སྤྱན། །དེ་ཡང་མངོན་སུམ་གཞན་སྤགས་ཏེ། །སྒྲ་ཚིག་རྟེན་བྲལ་ཞེན་ཙམ་མིན། །ཡུལ་མིན་རང་རིག་བདེན་དབྱེར་མེད། །བློའི་གཏིང་གོ་བས་མངོན་སུམ་ཕུལ། །མིང་ཚིག་སྒྲ་ལས་མི་བརྟེན་པར། །བློ་ཡི་གཏིང་དུ་གོ་བར་བྱོས། །རྟོགས་པར་བྱེད་དང་བྱས་པའི་ཕྱིར། །མིང་དེས་ཚུལ་ནི་སྒྲ་འཇུག་པའོ། །འོ་ན་བདེན་གསུམ་རིམ་པ་ཡིས། །མཐར་ཕྱིན་བར་དུ་རྟོག་རིམ་ཕྱིར། །གཏན་ཚིགས་འཇོག་པ་རིགས་པས་འགལ། །ལྟ་བའི་ངོ་བོའི་རིམ་པར་དོག །བརྟེན་པས་གཞི་མཐོང་ཡོད་མོད་ཀྱང་། །གསུམ་གྱིས་གསུམ་མཐོང་མཐར་བྱེད་ཕྱིར། །བྱེད་ལ་བརྗོད་པས་ཐེ་ཚོམ་མེད། །རིག་པ་དམ་པ་ཉིད་དུ་ངེས། །དེས་ན་དོན་དང་གཏན་ཚིགས་ཀྱང་། །ངོ་བོ་གཅིག་ལ་ཐབས་ཀྱིས་ཕྱེ། །དཔེར་ན་མེ་དང་ཚ་ཕྱིར་རམ། །ཆུ་དང་བརླན་ཕྱིར་ཇི་བཞིན་ནོ། །ལྟ་བའི་རྣམ་གྲངས་བརྗོད་པ་ཀུན། །རང་བཞིན་ངོ་བོའི་ཆོས་ཚུལ་གྱིས། །མཚོན་པ་ཆ་རེས་སོ་སོར་བསྟན། །ཅི་བརྗོད་མིང་གྲངས་ངོ་བོས་གཅིག ༈ །དག་པའང་གསུམ་དང་བཞིས་གཞལ་བའང་། །སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །དག་མཉམ་རྣམ་གསུམ་དོན་རྟོགས་བསྒོམ་བྱས་ཤིང་། །ཞེས་གསུངས་ཕྱིར་ན་འདིར་སྨོས་ཏེ། །དག་གསུམ་བདེན་གསུམ་བདེན་བཞི་དག །མཉམ་པ་བཞི་ལྔའི་སྐབས་འཆད་དེ། །ཚུལ་གྱིས་དག་མཉམ་སོ་སོར་བརྟགས། །ཉིད་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །དག་པའི་སྣང་བ་སྤོང་ཞེ་ན། །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །ཆོས་རྣམས་ཡོངས་ཀྱིས་དག་པ་ནི། །རྣམ་བཞིའི་ཚུལ་གྱིས་དོན་རྟོགས་མངོན། །རྒྱུ་རྣམས་རབ་ཏུ་དག་པ་དང་། །འབྲས་བུ་ཡོངས་སུ་དག་འགྱུར་ཏེ། །དོན་དམ་དམིགས་མེད་རང་བཞིན་དག །ཀུན་རྫོབ་སྒྱུ་མར་ཡེ་ནས་དག །རྒྱུ་ཡི་མཚན་ཉིད་དག་པ་ནི། །ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ། །སེམས་ཉིད་གཟུང་འཛིན་གཉིས་སྣང་བ། །གཟུང་བའི་ཡུལ་ཉིད་འབྱུང་བ་ཆེ། །རྒྱུ་ཉིད་རང་གི་སེམས་ཡིན་པས། །འབྱུང་བ་ཆེན་པོ་རྒྱུ་ནས་དག །འབྲས་བུ་ཡོངས་སུ་དག་པ་ནི། །སེམས་ཅན་ཀུན་གྱི་རྒྱུས་པ་སྟེ། །རྡོ་རྗེ་བྱང་ཆུབ་སེམས་ཡིན་ལ། །ཤ་ནི་པདྨའི་རཀྟ་ཡིན། །དྲི་ཆེན་དྲི་ཆུ་གུར་གུམ་ཆུ། །སོ་སོའི་ལུས་ལ་གནས་པ་དག །དོན་དམ་དམིགས་མེད་དག་པ་ནི། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱང་། །གང་གི་ངོ་བོའང་མ་ཡིན་ཏེ། །སྐྱེ་འགག་མེད་པའི་ཡེ་ནས་དག །ཀུན་རྫོབ་ཡེ་ནས་དག་པ་ནི། །སྒྱུ་མའི་རང་བཞིན་ཐམས་ཅད་སྣང་། །ཆུ་ཟླའི་ཚུལ་དུ་མི་དམིགས་གནས། །མི་དམིགས་པ་ཉིད་སྣ་ཚོགས་སྣང་། །དེ་བཞིན་གཤེགས་དང་ཡེ་ནས་མཉམ། །བླ་ན་མེད་པའི་དཀྱིལ་འཁོར་དང་། །ངན་སོང་གནས་རྣམས་མ་ལུས་ཀུན། །རྒྱུ་ཉིད་རང་བཞིན་གཉིས་ཀ་དག །རང་བཞིན་ཡེ་ནས་དེ་བཞིན་ནོ། །འབྲས་བུ་རྣམ་པར་དག་པ་ནི། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །གསུམ་དང་བཞིར་བརྗོད་དགོས་ཆེད་ནི། །རྨོངས་པ་གསུམ་བཞི་དག་མ་དག །འཛིན་པའི་ལྟ་ངན་བཟློག་པའི་ཕྱིར། །རྣམ་གྲངས་བརྗོད་ཀྱིས་ངོ་བོ་གཅིག །ཅིས་ཀྱང་མ་གོས་མ་སྤངས་པའི། །སོ་སོར་སྣང་ཞིང་མཐུན་པའི་གཟུགས། །བདག་དང་བདག་ཏུ་མ་བརྟགས་པ། །དེ་ལྟ་བུ་ཡི་ངང་དུ་སྣང་། །རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡི་མི་མཁྱེན་གང་ཡང་མེད། །རྣལ་འབྱོར་ལྟ་བ་དེ་ལྟ་བུ། །ཚིག་གི་སྔ་ཕྱི་ཡོད་མོད་ཀྱང་། །དོན་གྱིས་ཅིག་ཅར་རྫོགས་པར་བསྒོམ། །མཐོ་དམན་ཀུན་གྱིས་གཟུགས་སྣང་དང་། །བླ་མེད་བྱང་ཆུབ་སྐུར་སྣང་བ། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིངས་སུ་སྣང་། །ཤེས་རབ་ཆེན་པོ་རྣམ་དག་པས། །སྤྱོད་ཡུལ་ཐམས་ཅད་དག་པར་འགྱུར། །ཤེས་དང་སྤྱོད་ཡུལ་གཉིས་སུ་མེད། །དེ་བཞིན་ཉིད་དུ་རོ་གཅིག་གོ། ༈ །མཉམ་པ་གསུམ་བཞི་ལྔ་བཤད་པའི། །གཉིས་ཀྱིས་མཆོད་པ་སྦྱོར་བ་སྟེ། །བདག་གཞན་ཆེ་ཆུང་ལྟ་དགྲོལ་ཕྱིར། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །མཉམ་པ་རྣམ་བཞི་དོན་རྟོགས་མཆོག་གི་གནས། །ཤེས་གསུངས་ཕྱིར་ན་བཞི་ཡིས་རྨེལ། །དེ་ཡང་ཐུན་མོང་མཉམ་གཉིས་ལས། །ལྷག་པའི་མཉམ་གཉིས་སྤགས་པས་འགྲུབ། །ཐུན་མོང་རྒྱུ་ཡི་ཀུན་རྫོབ་ཏུ། །རྐྱེན་བཞི་འདུས་སྣང་སྒྱུ་མ་ཙམ། །ཀུན་བརྟགས་སྤྲོས་པ་ཆད་པའི་ཕྱིར། །རྣམ་གྲངས་དོན་དམ་ཞེས་ཀྱང་བྱ། །སྐབས་ཀྱིས་ཡོངས་སུ་གྲུབ་པར་སྨྲ། །དེ་ལ་རྒྱུ་རྐྱེན་ཆ་ཕྱེ་ན། །འདུས་སྣང་དངོས་པོ་མ་སྐྱེས་པ། །དོན་དམ་མཉམ་པར་འདོད་པ་སྟེ། །རྟེན་ཅིང་འབྲེལ་བས་གྲུབ་པའི་མཐའ། །དེ་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །དེ་ཉིད་ངོ་བོ་དབྱིངས་ཉིད་པས། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །དེ་བཞིན་བྱ་བ་དང་ནི་ཡོ་ག་བ། །དོན་དམ་རང་རིག་གང་ཡིན་པ། །སྤྲོས་བྲལ་རང་རིག་དག་པ་དང་། །རྣམ་དག་དབྱིངས་ཉིད་ཡེ་ཤེས་ལྔ། །དོན་དམ་འདོད་པ་ས་ཀུན་ཏུ། །རིག་གསུམ་རིག་ལྔར་འདོད་པ་དག །བདག་ཉིད་ཆེན་པོར་མ་རྟོགས་ཕྱིར། །ཐུན་མོང་མཉམ་པར་རང་སྨྲའོ། །ལྷག་པའི་ཀུན་རྫོབ་ཙམ་དུ་ཡང་། །རང་རིག་སྣང་ཕྱིར་འབྲས་བུ་ལྟ། །སྣང་དང་དོན་ནུས་ངང་གིས་དབེན། །དེ་ཕྱིར་ལྷག་པའི་ཀུན་རྫོབ་བོ། །དེ་ཉིད་རང་རིག་དབྱིངས་ཡེ་ཤེས། །འབྲས་བུ་ལྔ་རྫོགས་བརྗོད་བསམ་འདས། །དེ་ཕྱིར་ལྷག་པའི་དོན་དམ་རྒྱུ། །ཡེ་ཤེས་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །སྒྱུ་མ་ཡིན་ཕྱིར་རང་བཞིན་མཉམ། །མཉམ་པ་ཉིད་ལ་མི་གནས་པའི། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །ཡེ་ཤེས་ཉིད་ཀྱི་དཀྱིལ་འཁོར་ལ། །ཐེག་མཆོག་རྡོ་རྗེ་མ་ལུས་རྫོགས། །དཔེ་བྱད་མཚན་རྫོགས་དཔག་ཏུ་མེད། །ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ། །རང་བྱུང་ཡེ་ཤེས་འཕྲོ་བ་ཡིས། །དབྱིངས་དང་རིག་པ་གཉིས་མེད་པའི། །དེ་བཞིན་ཉིད་དུ་རྡོ་རྗེ་རིག །འོན་ཏེ་ཀུན་ཀྱང་གཉིས་མེད་ན། །མཉམ་ཞེས་བརྗོད་པ་ཇི་ལྟ་བུ། །མི་མཉམ་ལྟོས་རྒྱུ་མ་གྲུབ་ཕྱིར། །ཡང་དག་ཐ་སྙད་དེ་ཡང་བརྫུན། །དེ་ཡང་ཀུན་བརྟགས་མི་མཉམ་པས། །ལྟོས་ནས་དེ་བཟློག་མཚོན་ཕྱིར་བཏགས། །དོན་དུ་ཡེ་ནས་མཉམ་ཉིད་ལ། །མཉམ་པར་ཞེན་པས་འདོད་བརྗོད་བྲལ། ༈ །མཉམ་པ་རྣམ་ལྔའི་དམ་ཚིག་ནི། །དོན་དམ་སྐྱེ་འགག་མེད་མཉམ་པ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དང་སྟོང་པའི་མཐའ། །ཡང་དག་ཉིད་དང་ཆོས་ཀྱི་དབྱིངས། །མཚན་ཉིད་མེད་དང་དམིགས་སུ་མེད། །གཟུང་དུ་མེད་ཅིང་སྨོན་པ་མེད། །ཡེ་ནས་མྱ་ངན་འདས་པའང་ཡིན། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཀུན་རྫོབ་སྒྱུ་མར་མཉམ་པ་ནི། །འདུས་བྱས་དངོས་པོ་སྣ་ཚོགས་ནི། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འཕྲལ་སྣང་བྱ་བ་ཀུན་ཀྱང་བྱེད། །རྟོག་པ་ཀུན་གྱི་ཚད་མར་སྣང་། །འདི་དག་ཐམས་ཅད་གཟུགས་བརྙན་ཏེ། །བྱ་བྱེད་སྣང་ཞིང་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཐམས་ཅད་སྣང་། །ཐམས་ཅད་སྣང་ལ་རང་བཞིན་མེད། །དོན་དམ་ཀུན་རྫོབ་དབྱེར་མེད་ནི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་འབྱུང་། །མེད་དང་ཡོད་པ་གཉིས་ཀ་མིན། །དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །སྣང་བ་ཉིད་ན་དངོས་པོ་མེད། །དངོས་མེད་དེ་ཉིད་སྣ་ཚོགས་པ། །དེ་ཉིད་སྒྱུ་མ་མིག་གཡོར་ཚུལ། །འབྱུང་བ་ཆེན་པོ་ལྔ་རྣམས་ནི། །དེ་བཞིན་གཤེགས་པ་ལྔར་མཉམ་པ། །ས་ཆུ་མེ་རླུང་ནམ་མཁའ་ལས། །ཡ་མཚན་སྣ་ཚོགས་འབྱུང་འགྱུར་ཡང་། །གཞི་རྩ་ཡོད་པ་མ་ཡིན་ཏེ། །རང་བཞིན་ངང་གིས་དེ་ལྟར་འབྱུང་། །སོ་སོའི་རགས་ཚོགས་སྣང་བ་ནི། །ཐབས་ཆེན་དག་ཏུ་རྟག་ཏུ་མཉམ། །མཚན་ཉིད་སོ་སོར་གནས་པ་ནི། །ཤེས་རབ་དབྱིངས་ཀྱི་ངང་དུ་མཉམ། །ཚོགས་བརྒྱད་ཡེ་ཤེས་ལྔར་མཉམ་པར། །རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །རྣམ་པར་བྱང་དང་ཉོན་མོངས་དག །གཉིས་ཀ་ཡོད་པ་མ་ཡིན་ཏེ། །གཞི་རྟེན་རྣམ་རྟོག་ཀུན་གཞི་ཡི། །བག་ཆགས་མུན་པ་རང་དངས་པས། །ཐམས་ཅད་མེ་ལོང་ལྟ་བུའི་ཚུལ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ང་དང་བདག་ཏུ་མི་འཛིན་ཞིང་། །ཀུན་ཀྱང་དབྱེར་མེད་ངང་ཡིན་པས། །ཐམས་ཅད་མཉམ་ཉིད་ཡེ་ཤེས་ཡིན། །ཐམས་ཅད་ཀུན་ལ་ཡུལ་རྟོག་ཅིང་། །རྟོག་དང་བརྟག་པར་བྱ་བ་མེད། །དུས་གསུམ་དུ་ཡང་མི་དམིགས་པ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ལོག་རྟོག་དབང་པོའི་སྤྱོད་ཡུལ་སྤངས། །དབང་པོ་ཡུལ་རྣམས་དངོས་མེད་པར། །ཐམས་ཅད་དབྱེར་མེད་དེ་བཞིན་ཉིད། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །མཉམ་ལ་རྣམ་ལྔ་དེ་ལྟར་བརྟག །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཡེ་ནས་རང་བཞིན་མེད་པ་དང་། །ཐབས་ཆེན་ལྷུན་གྱིས་གྲུབ་པར་བརྟགས། །འདི་ནི་ཡང་དག་རྟོགས་པ་ཡིན། །གདོད་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །རང་བཞིན་དབྱེར་མེད་གདོད་མཐའ་མི་འབྱེད་ཅིང་། །ཡེ་ནས་མཉམ་པས་རྒྱལ་བ་རྒྱ་མཚོ་ཡིན། །འགྲོ་འོང་མེད་པས་དུས་གསུམ་གཅིག་པར་རྫོགས། །དབྱེ་གསལ་མེད་ཕྱིར་བཟང་ངན་བླང་དོར་མེད། །རྣམ་རྟོག་ཉིད་ན་ཡེ་ཤེས་རང་བཞིན་ཏེ། །རྣམ་རྟོག་མི་སྐྱེ་ཡེ་ཤེས་བརྗོད་དུ་མེད། །མ་སྤངས་མཚན་མ་ཀུན་བྲལ་ཡོང་མེད་པས། །དྲན་བྱེད་མི་སྤང་འཁོར་རྒྱུན་མི་འབྱེད་དེ། །མ་སྙིགས་མི་འབྱེད་མངོན་སུམ་སངས་རྒྱས་ལ། །བློ་ཡི་རིགས་པས་དཔྱོད་ཅིང་ནན་ཏན་དང་། །མཚོན་ཅིང་བརྟེན་པས་བྱང་ཆུབ་མངོན་ཐོབ་སྟེ། །ཤེས་རྒྱུད་ཅི་ཡིན་གང་གི་ངོ་ཤེས་ཤིང་། །བྱ་བྱེད་ལས་འཕགས་གྱིན་འདར་འདུག་བྱེད་པ། །གང་ཞིག་བློ་ལ་སྤྱོད་པས་བྱང་ཆུབ་ཐོབ། ༈ །ཆེན་པོ་ཡུམ་ལྔ་དག་པ་དང་། །ཕུང་པོ་སེམས་ཕྱིར་རིགས་ལྔར་དག །ཚོགས་བརྒྱད་ཡེ་ཤེས་ལྔར་མཉམ་པས། །སྣོད་བཅུད་རྒྱུད་ཀྱི་ཀུན་བརྟགས་བྲལ། །བདེན་པ་ཀུན་རྫོབ་དོན་དམ་དང་། །གཉིས་སུ་མེད་དང་རྣམ་གསུམ་ཡང་། །དེ་གསུམ་ཉིད་དུ་མཉམ་པར་གསལ། །སྐབས་ཀྱི་ཀུན་བརྟགས་ཡུལ་རྣམས་ནི། །མིང་ཙམ་ངོ་བོའི་རྒྱུད་མེད་པར། །རིག་པ་ཅིར་སྣང་དོན་བྱེད་དང་། །རྟོགས་ལ་ཐུན་སྣང་མ་ངེས་དང་། །ཕྱག་རྒྱའི་དབྱིབས་མདོག་གསལ་བས་གྲུབ། །དཀོར་བདུན་རྫོགས་དང་བསམ་བརྗོད་འདས། །ངོ་བོ་དགུས་གྲུབ་ཤེས་བྱ་ཡི། །མཆོག་གྱུར་ཤེས་རབ་དམ་པ་ཡིན། །ཡུལ་ཡིན་རྟོག་གེའི་མ་ཡིན་དང་། །མི་བསླུ་ངེས་པས་སྒྲ་འཇུག་སྟེ། །ཐུན་མོང་སྟོང་བརྗོད་བྲལ་ཙམ་མིན། །ལྔ་དགུར་རང་རིག་རང་སྣང་ཕྱིར། །ཚུལ་གྱི་ཕྱེ་བས་ངོ་བོ་ཉིད། །སྨྲ་བརྗོད་བྲལ་ཏེ་བསམ་ཡུལ་མིན། །ཕྱོགས་བྲལ་ངོ་བོས་དབྱེར་མེད་པ། །ཤེས་ཅན་ཡང་རབ་ཡུལ་ཡིན་ཕྱིར། །བདེན་པའི་བདེན་པ་ཆེན་པོར་བཤད། །བདེན་པ་གཉིས་ཀར་དབྱེར་མེད་པས། །འཕྲུལ་དགའི་ཚུལ་དེ་ཐ་དད་མིན། །དེ་བཞིན་བཞི་དང་ལྷག་པ་གཉིས། །རྗེས་དོན་ཐུན་མོང་བདེན་པ་ཡང་། །སྐྱེ་བོའི་ཡུལ་འདས་རིག་པ་ཡིས། །གྲུབ་པ་ཐུན་མོང་གྲགས་པར་ཟད། ༈ །བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཇི་ལྟར་གཞལ་བྱ་འདིར་བརྗོད་པ། །ལོག་རྟོག་རྒྱུ་འབྲས་བདག་གཞན་ལྟར། །སྣང་བ་འདི་ཀུན་རང་རང་གི། །རང་བཞིན་མེད་པའི་རྣམ་ཤེས་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །མདོར་ན་ཚོགས་བརྒྱད་རྟོག་སྣང་བ། །ཤེས་ཡུལ་གཅིག་ཀྱང་ཇི་ལྟ་བར། །བསམ་པ་བརྟན་ཚེ་དེར་སྣང་ཕྱིར། །ཀུན་དངོས་གཞན་བྲལ་བདག་ཉིད་ཆེ། །ཐམས་ཅད་རིག་ཕྱིར་བདག་བརྗོད་ཀྱི། །སྣང་བཀག་རྣམ་པའི་གཅིག་མ་ཡིན། །གང་ཟག་ཆོས་དང་རྟག་པའི་བདག །རང་རྒྱུད་སྤྱོད་ཡུལ་བྲལ་བས་དག །རྒྱུ་འབྲས་ཡུལ་ལྟ་ལྡོག་ཕྱིར་ལས། །བདག་ཉིད་ཆེན་པོ་འདི་འདྲ་མེད། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་རྣམས་སྣ་ཚོགས་སྣང་བ་ཡང་། །བདག་ལས་གཞན་པ་མ་ཡིན་པས། །ཀུན་ལ་སྨོན་ཅིང་ཆགས་སུ་མེད། །སེམས་ཉིད་དེ་ནི་ཇི་ལྟ་བུ། །བྱང་ཆུབ་དེ་ནི་སེམས་ཡིན་ནོ། །སེམས་དང་བྱང་ཆུབ་དབྱེར་མེད་པས། །སེམས་ཅན་མ་ལུས་ཐམས་ཅད་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཡིན། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་དང་བྱང་ཆུབ་ཉིད་དུ་འུབ། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །རང་རིག་ཁོ་ན་ཙམ་དུ་ཟད། །དགུ་དང་སྟོང་ཕྲག་བརྒྱད་བཅུ་བཞི། །བྱང་ཆུབ་སེམས་ལས་གཞན་དུ་མིན། །གཞལ་ཡས་ཁང་དང་དཀྱིལ་འཁོར་དང་། །ཁྲོ་ཚོགས་འདུ་འཕྲོ་མང་པོ་ཡང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཀུན་བརྟགས་ལོ་རྒྱུས་བརྗོད་བྱས་པས། །ཇི་བཞིན་ཉིད་དོན་རྨེལ་བྱ་བ། །དཔེར་ན་འཇིག་རྟེན་མི་འུ་དག །ཕ་མེས་ལོ་རྒྱུས་བཤད་བྱས་ན། །རིགས་རྒྱུད་གཅིག་གི་གཅིག་ཤེས་ལྟར། །ཆོས་ཀུན་གཞི་རྩ་རྨེལ་བྱས་ན། །གསེར་ལས་ཐ་དད་དབྱིབས་སྣང་ལྟར། །རང་རིག་ཅིར་ཡང་སྣང་ཕྱིར་གཞི། །དེ་ཉིད་རྟོག་མེད་རང་སྣང་ལས། །རྒྱུ་མེད་གཞི་རྩ་ག་ལ་རྙེད། །དེས་ན་ལོ་རྒྱུས་བརྟག་བྱས་པས། །གཞན་བྲལ་རིག་སྣང་བཟང་ངན་མེད། །རྟོག་པའི་དྲི་བྲལ་མ་འདྲེས་གསལ། །དོན་ཚུལ་སོ་སོར་མཚོན་ཚིག་ཕྱེ། །དངོས་གཅིག་ཚིག་སྒྲས་ཐ་དད་ཀྱང་། །དོན་དུ་སྨྲ་བསམ་བྲལ་བར་གཅིག །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་བྱུང་། །གཤེགས་སྐུ་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །གཞི་རྩ་མེད་དེ་རང་བཞིན་སྟོང་། །རིགས་དང་རྒྱུད་དུ་བརྟག་དུ་མེད། །རིགས་དང་ཁ་དོག་དབྱིབས་མེད་ལས། །ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང་། །སྣང་བ་ཉིད་ན་ཆོས་ཀྱི་སྐུ། །ཅིར་ཡང་འགྱུར་ཞིང་ཐམས་ཅད་འགྲུབ། ༈ །གཏན་ཚིགས་གཉིས་པའི་ལུས་བཞག་པ། །རང་བཞིན་རང་སྤྱི་མཐའ་བྲལ་དང་། །རྣམ་པར་དབྱེ་བའི་གཏན་ཚིགས་ཀྱིས། །རང་བྱུང་ཡེ་ཤེས་རྙེད་པར་རྨེལ། །དེ་ཡང་དང་པོ་རང་བཞིན་ལའང་། །རང་བཞིན་དངོས་དང་རྣམ་དབྱེའོ། །དངོས་ནི་སྤྱིར་བཤད་ཆོས་སོ་ཅོག །རྒྱུ་རྐྱེན་བྱེད་པོས་བྱས་མིན་པར། །རང་བཞིན་ཉིད་ཀྱི་སྣང་ཚུལ་གྱིས། །ཕྱེ་བའང་རང་གི་མཐའ་བྲལ་དག །རང་ཚིག་ཡོང་གིས་མཉམ་པ་དང་། །རང་བཞིན་ཐམས་ཅད་མཁྱེན་སོགས་གསལ། །ཆོས་ཀུན་རང་བཞིན་མི་དམིགས་ཕྱིར། །འཁོར་བ་ཡོངས་སུ་དག་པར་འགྱུར། །རང་བཞིན་ཡོངས་ཀྱིས་དག་པའི་ཕྱིར། །མཉམ་པའི་དབྱིངས་སུ་ཡང་དག་རྟོགས། །འཁོར་བ་རང་བཞིན་མི་དམིགས་ཕྱིར། །མྱ་ངན་འདས་པ་ཡོད་མ་ཡིན། །དེ་བཞིན་ཉིད་དང་དབྱེར་མེད་ཕྱིར། །རྟག་ཏུ་རང་བཞིན་འོད་གསལ་གནས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །བདག་དང་བདག་གིར་གཞན་མེད་དོ། །རང་བཞིན་རང་གི་བདག་མེད་པའོ། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །བདག་ལས་གུད་ན་གཅིག་ཀྱང་མེད། །བདག་ཉིད་ཤིན་ཏུ་མི་དམིགས་པས། །ཉོན་མོངས་ཉིད་ཀྱང་བྱང་ཆུབ་ཞིང་། །ཆོས་རྣམས་ཐམས་ཅད་བདག་ཡིན་པས། །གང་དུ་འགྲོ་ཞིང་གང་དུ་སྐྱེ། །འཇིག་དང་སྐྱོབ་པའི་དངོས་པོ་མེད། །དངོས་མེད་དེ་ལས་སུ་ཞིག་གསང་། །རང་བཞིན་རྣམ་པར་དབྱེ་བ་ནི། །དེ་ལྟར་གཏན་ཚིགས་ཀུན་ལ་ཡང་། །ཁྱབ་སྦྱོར་གཞན་ཡང་དངོས་པོ་ཀུན། །རང་རྒྱུད་མེད་དེ་མིང་ཙམ་དང་། །ངོ་བོ་མ་ངེས་ཅིར་ཡང་སྣང་། །རྣམ་བཞིའི་དང་པོ་རྒྱུད་ལས་ཀྱང་། །ཡང་དག་ཉིད་དང་ལོག་རྟོག་ཉིད། །ངོ་བོ་ཉིད་ཀྱི་གནས་འགྱུར་ན། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །ཡེ་ནས་ངོ་བོ་ཡོད་ཡིན་ན། །ཉོན་མོངས་སྤང་ཞིང་བྱང་བསྒྲུབ་མེད། །ཞེས་གསུངས་དངོས་པོ་རྣམ་གཉིས་ལས། །རིགས་རྒྱུད་ཡོད་ན་དེར་རེད་པས། །སྐྱོན་གཉིས་འབྱུང་ངོ་རྟག་པར་གོལ། །དེ་ཕྱིར་སྣོད་བཅུད་འགྲོ་བའི་རིགས། །སྣང་བ་ཙམ་སྟེ་བརྟན་རེད་མིན། །དེ་ཕྱིར་མིང་ཙམ་རྒྱུད་མེད་དེ། །ཆོས་རྣམས་མིང་དུ་བཏགས་པ་ཙམ། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །མིང་ཚོགས་ཁྱད་པར་སྣང་བ་ཡི། །ཟབ་ཅིང་རྒྱ་ཆེན་སྤྱོད་ཡུལ་ནི། །ལོགས་པར་རྟོག་བརྟགས་མིང་ཙམ་པ། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་འཕྲེང་བ་ཉིད་ལ་གནས། །བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པ་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྦྱོར་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །མ་རིག་པ་ཡི་འཁྲུལ་རྟོག་གིས། །ང་དང་བདག་ཏུ་མེད་པ་ལ། །སོ་སོར་མཚན་མ་དངོས་པོར་གཟུང་། །འཛིན་པའི་དངོས་པོ་ཡང་མེད་དེ། །ཆོས་རྣམས་ཐམས་ཅད་མིང་ཚིག་ཙམ། །སོ་སོའི་རང་བཞིན་ངེས་ཤེ་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །སྣང་བ་ཉིད་ན་འཇའ་ཚོན་བཞིན། །རང་བཞིན་མེད་པར་ཀུན་ཏུ་སྣང་། །དེ་ཉིད་ཆོས་སྐུ་ཡིན་པར་བཤད། །དེ་དག་མེ་ཡི་ཚ་བ་ལྟར། །རང་བཞིན་ཉིད་ཀྱིས་དེ་ཕྱིར་རོ། ༈ །ཆོས་ཀུན་རང་དང་སྤྱི་བསྟན་པའང་། །སྐབས་ཀྱིས་གཏན་ཚིགས་དེར་རེད་མིན། །ཁ་ཅིག་རང་གི་མཚན་ཉིད་དུ། །ཞེན་པ་སྣང་བ་ལྟ་བུ་ལ། །ས་སྲ་ཆུ་གཤེར་ལ་སོགས་དང་། །ཉོན་མོངས་རང་གའི་མཚན་ཉིད་ལྔ། །སྙིང་རྗེ་སྐྱོབ་པ་གདུང་བ་དང་། །བྱམས་པས་མི་འབྱེད་ཕན་འདོགས་སོགས། །མྱ་ངན་འདས་ལམ་འབྲས་བུ་ཡི། །རང་གི་མཚན་ཉིད་སོ་སོར་འདོད། །ཞེན་ན་དེ་ཉིད་མི་རྟག་བསྔལ། །སྟོང་བདག་མེད་པའི་སྤྱི་རུ་འདོད། །ལ་ལར་རང་རིག་ཐབས་ཆེན་དུ། །མ་འགགས་སྣང་བ་རང་མཚན་ཏེ། །དངོས་ཀུན་རྣམ་པར་བྱང་བ་ཡི། །མཚན་ཉིད་ཡིན་པ་སྤྱི་རུ་སྟོན། །ཉོན་མོངས་རང་དང་སྤྱི་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལུང་དུ་འགྱུར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་། །གང་ན་མེད་དེ་དེ་ཉིད་ཡིན། །ནང་གི་ཆེན་པོ་ལྔ་ཉིད་ཀྱང་། །རང་དང་སྤྱི་ཡི་དོན་རྟོགས་ན། །མཚན་ཉིད་མེད་པར་རྣམ་པར་དག །རང་གི་མཚན་ཉིད་བརྗོད་པ་ནི། །ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་ལ་སོགས་བརྟགས་པས། །རྟོག་པ་སྒྱུ་མའི་ཀློང་འགྱུར་ཏེ། །སྤྱི་ཡི་མཚན་ཉིད་བརྗོད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །མ་རིག་པ་ནི་སྤང་དུ་མེད། །རིག་པ་ཡང་དག་བསྒྲུབ་ཏུ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་ཐིམ། ༈ །སོ་སོའི་རྩལ་རྣམས་འཛིན་འགྱུར་པས། །ཐབས་ཆེན་དུ་ནི་རྣམ་པར་འཕྲོ། །མཚན་རྣམས་རང་བཞིན་མི་གནས་པས། །ཤེས་རབ་དབྱིངས་སུ་རྣམ་པར་སྤྱོད། །སྒྱུ་མའི་དངོས་པོར་རྟོག་པ་ནི། །རྟོག་པ་དེ་ཉིད་མི་དམིགས་ཕྱིར། །མི་དམིགས་དེ་ཉིད་སྣ་ཚོགས་སྣང་། །སྐྱེས་པ་ཉིད་ན་ཆོས་ཀུན་གཅིག །ཞེ་སྡང་སྤྱི་ཡི་མཚན་ཉིད་ནི། །ཡང་དག་ཉིད་ཀྱིས་རབ་བརྟགས་ན། །རྣམ་པར་བྱང་བའི་མཚན་ཉིད་དེ། །གཉིས་མེད་ཞེ་སྡང་སྤང་དུ་མེད། །འདོད་ཆགས་མཚན་ཉིད་རྟོགས་པ་ནི། །རྣམ་པར་བྱང་བ་ཡིན་པའི་ཕྱིར། །ཆགས་དང་མ་ཆགས་གཉིས་མེད་པས། །འདོད་ཆགས་མཚན་ཉིད་སྤང་དུ་མེད། །ཕྲག་དོག་མཚན་ཉིད་རྟོགས་པ་ནི། །རྣམ་པར་བྱང་བའི་མཚན་ཉིད་དེ། །དོག་པ་སྤང་མེད་ཡངས་བསྒྲུབ་མེད། ༈ །དེ་བཞིན་མཐའ་བྲལ་གཏན་ཚིགས་ཀྱང་། །ལྟོས་ན་མིང་བརྟགས་ཀུན་མཐའི་ཕྱིར། །ཡོད་མེད་དབུས་དང་རྟག་ཆད་དང་། །གཅིག་དང་དུ་མ་ལ་སོགས་པ། །མཐའ་གསུམ་དང་ནི་བཞིར་གྲགས་པ། །ཐུགས་ལ་ཐུག་ཕྱིར་ཅིག་སྨོས་ཀྱི། །བྲལ་དང་འདས་དང་མེད་བརྗོད་སོགས། །ལྟོས་བཏགས་ཕྱོགས་ཞེན་ཡོད་ཕྱིར་མཐའོ། །དེ་དག་འཁྲུལ་ཕྱིར་འདི་སྐད་དོ། །ཡོད་ལས་བཙལ་ན་སྒྲོ་བཏགས་འགྱུར། །མེད་ལས་བཙལ་ན་སྐུར་བཏབ་སྟེ། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །འདི་ལྟར་སྣང་བ་ཐམས་ཅད་ལ། །མངོན་སུམ་ཚད་མས་བརྟགས་མཐོང་ཡང་། །སྣང་བ་ཉིད་ན་དངོས་པོ་མེད། །དེ་བཞིན་ཡང་དག་ཉིད་དུ་རྟོགས། །གང་ཞིག་སྟོང་པའི་ངང་ཡོད་ཅེས། །མེད་པའི་རང་བཞིན་རྟོག་པ་སྟེ། །རི་བོང་རྭ་དང་མོ་གཤམ་བུ། །ཚིག་ཙམ་གདགས་སུ་རུང་མོད་ཀྱི། །ཐམས་ཅད་མིང་ཙམ་སྟོང་ཉིད་མེད། །ཐམས་ཅད་མ་ལུས་སྟོང་ཞེས་ཏེ། །དྲན་མེད་གདོས་པ་མ་ཡིན་པས། །རྟོག་མེད་རང་རིག་འོད་གསལ་བས། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །གདོས་པ་ཅན་གྱི་ཆོས་མིན་ཏེ། །ཤེས་པ་འབའ་ཞིག་ཁོ་ནའོ། །ཐམས་ཅད་མ་ལུས་དེ་བཞིན་ཏེ། །དེ་ནི་གང་ཡང་དམིགས་མེད་ལ། །སྐྱེ་དང་འགག་དང་གནས་པ་དང་། །འོང་དང་འགྲོ་བའི་དངོས་པོ་མེད། །དེ་བཞིན་རང་གི་རིག་པ་ཡང་། །མཐའ་དང་དབུས་མེད་དུ་མ་ཡིན། །གང་དུ་མི་འགྲོ་ཀུན་ཏུ་ཁྱབ། །ཀུན་ལ་དེ་བཞིན་མི་གནས་པའོ། །གདོས་པ་ཅན་གྱི་ཆོས་མིན་པས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །རིག་པ་རང་དབང་བསྒྱུར་བས་ན། །སྟོང་པར་བྱའམ་མི་སྟོང་བྱ། །ཐམས་ཅད་དབྱེར་མེད་ངང་ཡིན་པས། །ཁ་དོག་དབྱིབས་དང་རིན་པོ་ཆེ། །ཐམས་ཅད་ཁྱབ་དང་ཡུང་འབྲུའི་ཚུལ། །བསམ་ཡས་མཐའ་དབུས་མེད་པའོ། །ཡོད་མེད་དབུ་མའང་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཕྱོགས་འཛིན་ལྟ་ངན་དགྲོལ་ཕྱིར་དང་། །མཐའ་བྲལ་འདོད་པ་འདིར་ཞུག་ཕྱིར། །མཐའ་དང་བྲལ་ཞེས་བརྗོད་མོད་ཀྱི། །མཐའ་ཀུན་རང་རིག་རང་སྣང་ཕྱིར། །འདི་ལ་བྲལ་དང་མ་བྲལ་དང་། །གྲོལ་དང་མ་གྲོལ་ཕྱོགས་ཞེན་མེད། །ཡེ་ནས་མཐའ་ཡིས་མ་བཅིངས་ཕྱིར། །གྲོལ་བར་ཐ་སྙད་འདོགས་པའང་མེད། ༈ །རྣམ་པར་དབྱེ་བའི་ཕུང་པོ་དང་། །འབྱུང་བ་ལ་སོགས་དངོས་ཀུན་ལ། །གདོས་སྣང་རེ་རེའང་བྱེ་བྲག་གིས། །བརྩེགས་པས་རིལ་པོར་ཞེན་གྲོལ་ནས། །གཅིག་ཀྱང་ཀུན་དངོས་དེར་རེད་མེད། །རང་རིག་ལྷུན་གྲུབ་བདག་ཉིད་དབྱིངས། །ཕུང་པོ་ལྔ་པོ་གཞིག་པར་བྱ། །བཤིག་ན་འབྱུང་བའི་བག་ལ་ཞ། །མ་བཤིག་ན་ཡང་འབྱུང་བ་ཡིན། །ས་ཆུ་མེ་རླུང་ནམ་མཁའ་ཀུན། །རང་བཞིན་མེད་པར་གཞིག་པའི་ཕྱིར། །གཅིག་ལ་ལྔས་ལྔར་དབྱེ་བྱ་ཞིང་། །མཱུཾ་གི་དབྱིངས་སུ་ཐིམ་པར་བྱ། །དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །སྣང་བའི་དངོས་པོ་རྣམ་བཤིག་ན། །སོ་སོའི་མཚན་ཉིད་དངོས་མེད་པས། །གཞིག་ན་ནམ་མཁའི་ངང་དུ་ཞ། །ནམ་མཁའ་དེ་ཉིད་ལྔས་གཞིག་ན། །མཚན་ཉིད་མེད་པའི་དབྱིངས་སུ་ཐིམ། །འདི་ལ་མོས་པ་གཞུག་ཕྱིར་དང་། །གསང་ཆེན་དོན་དམ་མཐོང་བྱའི་ཕྱིར། །བརྗོད་ཀྱི་དངོས་ཀུན་དབྱེར་མེད་ལ། །རྣམ་པར་དབྱེ་བས་གཞན་ནས་མིན། ༈ །དེ་ལྟར་དེ་དག་གང་རུང་གིས། །ཆོས་ཀུན་གཏན་ལ་ཕབ་གྱུར་ན། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །རྒྱུ་རྐྱེན་མ་བྱས་ཡེ་ནས་གསལ། །ཆོས་ཉིད་ཕྱོགས་བྲལ་བསམ་བརྗོད་རྣམས། །བྲལ་ཕྱིར་མཚོན་པར་མི་ནུས་ཀྱང་། །མཚན་མས་མཚོན་ཏེ་བཀྲི་བའི་ཕྱིར། །བཞིན་དང་མེ་ལོང་ཚུལ་ལྟ་བུར། །དངོས་ཀུན་གསང་སྔགས་ཉིད་སྣང་བས། །མཚོན་པར་མ་གྱུར་མེད་པའི་ཕྱིར། །དངོས་ཀུན་མཚན་ཉིད་ཇི་ལྟ་བར། །རང་བྱུང་ཐེག་ཆེན་ཤེས་པར་གྱིས། །ནམ་མཁའ་གཟུང་དུ་མེད་པ་ལྟར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །སེམས་ནི་ནམ་མཁའི་རང་བཞིན་ནོ། །ཇི་ལྟར་ས་གཞི་ཆེན་པོ་ལ། །སེམས་ཀྱིས་ཟིན་དང་མ་ཟིན་པའི། །སྐྱེ་འཁྲུངས་མ་ལུས་ཐམས་ཅད་འབྱུང་། །ཐམས་ཅད་ཀུན་གྱི་གནས་རྟེན་ཏེ། །དེ་བཞིན་བླ་མེད་ཐེག་པ་ལ། །སངས་རྒྱས་བྱང་ཆུབ་ཀུན་ཀྱང་གནས། །ཐེག་པ་མཐོ་དམན་ཐམས་ཅད་འབྱུང་། །ཐམས་ཅད་ཐེག་ཆེན་དབྱིངས་སུ་འདུས། །མེ་ཡིས་ཐམས་ཅད་ཀུན་སྲེག་ལྟར། །རྟོག་ཚོགས་ཡེ་ཤེས་ངང་དུ་སྲེག །ཆུ་ཡི་སྡུད་ཅིང་བཀྲུ་བ་ལྟར། །ཀུན་ལ་དེ་ལྟར་རིག་པར་གྱིས། །ཆོས་རྣམས་ཡེ་ནས་རླུང་དང་འདྲ། །དེ་ལ་གཟུང་དུ་མེད་པ་ལྟར། །ཀུན་ལ་དེ་ལྟར་འབྱོར་བར་གྱིས། །མ་བཅོས་ཡེ་ནས་དེ་ལྟར་གནས། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །སྣང་བ་ཉིད་ན་འཇའ་ཚོན་བཞིན། །རང་བཞིན་མེད་པར་ཀུན་ཏུ་སྣང་། །དེ་ཉིད་ཆོས་སྐུ་ཡིན་པར་བཤད། །སྒྲ་རྣམས་ཇི་སྙེད་བརྗོད་པ་ཡང་། །དངོས་པོ་མེད་ལས་དངོས་པོའི་སྒྲ། །བརྗོད་དང་སྒྲ་ཡི་དངོས་པོ་མིན། །ཆོས་རྣམས་སྒྲ་ལྟར་ཤེས་པར་བྱོས། །བསྣམ་བྱ་དྲི་ཡི་དངོས་པོ་ཡང་། །ཡོད་པ་མ་ཡིན་ཀུན་ཏུ་བསྲུང་། །ཆོས་རྣམས་ཐ མས་ཅད་དྲི་དང་འདྲ། །དངོས་མེད་སྣ་ཚོགས་འབྱུང་ཞིང་འཕྲོ། །ཐེ་ཚོམ་མེད་པའི་ཤེས་རབ་ཀྱིས། །ཆོས་ཀུན་དེ་ལྟར་ཤེས་པར་གྱིས། །ཡུལ་དང་དབང་ཤེས་དངོས་མེད་པར། །ཚོགས་པ་རོ་ཡི་དངོས་གྲུབ་ལྟར། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་འབྱུང་། །ཕུང་བཞི་ཤེས་པས་དབང་བསྒྱུར་ན། །རེག་བྱ་སྣ་ཚོགས་མྱོང་བ་ལྟར། །ཆོས་ཀུན་རིག་པས་དབང་བསྒྱུར་ན། །སྣ་ཚོགས་སྣང་བ་དངོས་པོ་མེད། །ཡང་ན་ཐབས་ཆེན་ཐེག་པའི་ཕྱིར། །དངོས་པོས་དངོས་པོ་བཅོམ་པས་རྟོགས། །ཉོན་མོངས་དུག་ལྔས་དུག་ལྔ་གྲོལ། །དུག་ལྔ་རྒྱུ་རྐྱེན་ངོ་བོས་དག །རང་བྱུང་ཡེ་ཤེས་རང་སྣང་ཕྱིར། །དེ་ལྟར་སུས་དྲན་ཉིད་ཀྱིས་གྲོལ། །དེ་ལ་འདོད་ཆགས་འདོད་ཡོན་ལྔ། །མཐོང་ཐོས་དངོས་དང་རྐྱེན་བཞི་ཀུན། །རིག་ཕྱིར་རང་སྣང་མཐོང་ཐོས་བྲལ། །མངོན་པར་ཆགས་པའི་གཟུང་འཛིན་མེད། །གཟུགས་སྣང་རང་རིག་ཡེ་ཤེས་གཟུགས། །སྒྲ་བརྗོད་རིག་པ་རང་སྣང་སྒྲ། །དྲི་ཞིམ་ཆོས་ཉིད་དྲི་ཡིན་ཏེ། །རོར་བྲོ་དེ་བཞིན་ཉིད་ཀྱི་རོ། །རེག་བྱ་རང་བྱུང་ཡེ་ཤེས་རེག །ལོག་རྟོག་ཡུལ་ལྔ་མིང་ཙམ་དུ། །སྣང་བས་རང་རྒྱུད་མེད་པའི་ཕྱིར། །རང་རིག་རང་སྣང་སྤྱོད་ཡུལ་མེད། །ཀུན་ལ་དེ་ལྟར་འབྱོར་བར་གྱིས། །ཡོན་ཏན་ཐམས་ཅད་ཚོགས་གཉིས་འགྱུར། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །འདི་ལ་མི་བྱ་གཅིག་ཀྱང་མེད། །གཞན་དག་ཏིང་འཛིན་བསྒྱུར་བ་དང་། །སྤྱོད་ཐབས་འདུལ་དང་ཆེད་བྱེད་དང་། །ཡང་དག་དུག་ལྔར་བྱེད་སོགས་པའང་། །དྲང་བའི་དོན་ཏེ་ཐར་པའི་ལམ། །སྤྱོད་དང་སྤྱད་པར་བྱ་མེད་པར། །རང་སྣང་གྲོལ་མཐར་ཐབས་ཆེན་མཆོག །དེ་བཞིན་གཟུགས་དང་ཚོར་བ་དང་། །མཚན་འཛིན་འདུ་བྱེད་རྣམ་ལྔ་ཡི། །མཚན་ཉིད་རང་རིག་ཉིད་སྣང་ཕྱིར། །སྣང་སྟོང་དབྱེར་མེད་ཚོར་སྟོང་བྲལ། །མཚན་འཛིན་ཡོད་མེད་བྱ་བྱེད་མེད། །དྲན་སྟོང་དབྱེར་མེད་རང་སྣང་ཕྱིར། །ཕུང་པོ་བཞི་པོ་ཡེ་ཤེས་སུ། །གཅིག་པས་རྣམ་ཤེས་རང་བྱུང་ཆེ། །རྟགས་དང་དབྱེ་བ་བསམ་མི་ཁྱབ། །དམན་ལ་མཚན་མས་གྲོལ་བར་བྱེད། །ཀུན་གྱིས་ཡང་དག་རྟོག་བྱའི་ཕྱིར། །དེ་བཞིན་ཆོས་སྐུའི་གཟུགས་བརྙན་བསྟན། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབ་བྱས་ཏེ། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་ཁུ་ལ་སོགས་ནག་པོར་བསྟན། །བྱང་ཆུབ་སེམས་ཉིད་དག་པའི་ཕྱིར། །ཤིན་ཏུ་མདོག་ནི་དཀར་བར་བསྟན། །དེ་རྟོགས་བྱ་ཕྱིར་དཀར་པོའི་མདོག །ཆགས་དང་ཆགས་པར་བྱ་བ་མེད། །ཆགས་མེད་རྟོགས་ཕྱིར་དམར་པོའོ། །ཟད་མེད་འཕེལ་བ་རྟོགས་བྱའི་ཕྱིར། །མདོག་ནི་གསེར་གྱི་མདོག་ཏུ་བསྟན། །འཕྲིན་ལས་ཀུན་རྫོགས་རྟོག་བྱའི་ཕྱིར། །ལྗང་ཁུའི་མདོག་ཏུ་བསྟན་པ་ཡིན། །བསྒྱུར་དུ་མེད་པར་རྟོག་བྱའི་ཕྱིར། །ཁ་དོག་ནག་པོར་བསྟན་པ་ཡིན། །དེ་བཞིན་ཀུན་ལ་ཤེས་པར་བྱོས། །མཐའ་དང་དབུས་མེད་དེ་བཞིན་ཉིད། །དབྱེར་མེད་ངང་དུ་གནས་པ་ལ། །ཡེ་ཤེས་རྟོགས་པའི་དོན་བྱའི་ཕྱིར། །ཕྱོགས་དང་དབུས་སུ་གནས་པར་བྱས། །ཉོན་མོངས་གསལ་བས་ཡེ་ཤེས་གསལ། །དེ་ཕྱིར་ཤར་གྱིས་མཚོན་པ་ཡིན། །ཉོན་མོངས་མ་རིག་རྒྱུ་འབྲས་ནུབ། །རང་བྱུང་ཡེ་ཤེས་བདག་ཉིད་དང་། །སྡུག་བསྔལ་གདོད་ནས་རང་དག་པའི། །དོན་རྟོགས་བྱ་ཕྱིར་ནུབ་བྱང་བརྗོད། །དེ་ལྟར་རང་རིག་ཤར་ནུབ་བྱང་། །ཡོན་ཏན་རྫོགས་པས་མཚོན་ཕྱིར་ལྷོ། །དེ་ལྟར་ཆོས་རྣམས་མ་ལུས་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་སུ་འདུས། །ཕྱོགས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་སུ་འདུས། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དེ་ཟླུམ་པའི་ཚུལ། །ཕྱོགས་རྣམས་ཀུན་ལ་དེ་ལྟར་བལྟ། །དེ་བཞིན་རྟེན་དང་བརྟེན་ཅན་གྱི། །བྱེ་བྲག་ནང་རྟགས་ཕྱིར་བསྟན་པ། །མཚོན་ཕྱིར་རྟགས་ཏེ་དེ་སྒོ་ནས། །རང་རིག་སྣང་བས་འཇལ་བར་གྱིས། །གྲུབ་མཐའ་སྐབས་སུ་བརྗོད་ཟིན་ཏེ། །ལྷག་པའི་མཉམ་གཉིས་དབྱེར་མེད་དོན། །མིང་གྲངས་ཅིར་ཡང་བསྟན་མོད་ཀྱང་། །དོན་དུ་སྨྲ་བསམ་ཡུལ་ལས་འདས། ༈ །ཐབས་དེས་རྟོགས་པའི་ངོ་བོ་ཉིད། །ཕྱིན་ཅི་མ་ལོག་ཤེས་རབ་སྤྱན། །མིང་གྲངས་ཤེས་རབ་སྙན་ཤངས་ལྗགས། །སྐུ་ཡིས་དེ་ཉིད་ཐོས་ཚོར་མྱོང་། །དོན་རིག་མཐོང་སོགས་མ་ངེས་པ། །ཀུན་ལ་ཡོད་ཅིང་ངེས་བྱས་པ། །ཡུལ་མེད་མངོན་སུམ་མཆོག་ཏུ་གསལ། །མིང་གྲངས་དག་མཉམ་བདེན་བདག་ཉིད། །ཚུལ་གྱིས་བརྗོད་ཀྱི་ཐ་དད་མིན། །དེ་དག་དབྱེ་བའང་ཆོས་ཅན་གྱི། །གྲངས་དང་བློ་ཡི་ཕྱིར་བཤད་ཀྱི། །དེ་ལ་གྲངས་སུ་ངེས་བཟུང་མེད། །དེ་བས་ངོ་བོ་གཅིག་པས་བདེན། །སྐབས་གོང་དུའང་ངོ་བོ་དོན། །བརྗོད་དེ་འདི་ལྟར་བརྗོད་པའང་ཡུལ། །མེད་ཀྱང་མཐོང་བའི་བྱེ་བྲག་གིས། །བརྗོད་ཀྱི་དོན་འདི་འཇལ་བར་གྱིས། །ཀུན་རྫོབ་སྒྱུ་མར་ཞལ་མཐོང་བ། །ཐམས་ཅད་མིག་ཡོར་སྒྱུ་མའི་ཚུལ། །སྣང་སྲིད་མ་ལུས་ཐམས་ཅད་ཀུན། །ཆུ་ཟླའི་ཚུལ་དུ་འདྲར་ཤེས་ཤིང་། །ཡུལ་དང་རྟོག་པ་གཉིས་མེད་པར། །ངང་གི་དེ་ལྟར་རིག་པ་དེ། །དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན། །རང་བཞིན་དཀྱིལ་འཁོར་ཡང་དག་ནི། །ཆོས་དབྱིངས་བདག་དང་དབྱེར་མེད་པའི། །མཉམ་པར་སྦྱོར་ཞིང་དག་པའོ། །ཐམས་ཅད་བྱང་ཆུབ་ལྷུན་གྲུབ་ཅིང་། །དེ་ལྟར་གང་གིས་རྟོགས་གྱུར་པ། །དེ་ནི་ཡེ་ཤེས་མིག་ཅན་ཡིན། །དེ་ཡིས་ཡང་དག་སྙིང་པོ་མཐོང་། །གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རིག་པ་ཐབས་སུ་རྟོགས། །སོ་སོའི་མཚན་འཛིན་ཤེས་རབ་རྟོགས། །གཉིས་མེད་འབྲེལ་བ་ཐབས་ཆེན་ཡིན། །ཀུན་ཀྱང་ཤེས་རབ་ངང་དུ་གནས། །སྣང་དང་གནས་པ་ཐམས་ཅད་ཀུན། །དེ་བཞིན་ཉིད་ལས་མ་གཡོས་ཕྱིར། །ཡོད་དང་མེད་པ་གཉིས་ཀ་མེད། །གནས་དང་མི་གནས་དབྱེ་རུ་མེད། །མཉམས་པའི་དབྱིངས་སུ་ཐམས་ཅད་འདུས། །འདུས་མེད་གནས་སུ་ཐེབས་པ་ཡིན། །ཐམས་ཅད་དེ་ལྟ་བུ་ཡི་ངང་། །དེ་རྟོགས་རྡོ་རྗེའི་ཞལ་མཐོང་ཡིན། །རྒྱུར་བྱས་ཕུང་པོ་ལྔ་རྣམས་ལ། །གཞི་རྩ་དེ་བཞིན་ཉིད་དུ་གཅིག །སྒྱུ་མར་སྣང་བ་གཟུགས་བརྙན་ཚུལ། །སྣང་བ་ཉིད་ན་དངོས་པོ་མེད། །དངོས་མེད་དེ་ཉིད་སྣ་ཚོགས་མཐོང་། །རྟོག་ཚོགས་ལྷ་ཡི་དཀྱིལ་འཁོར་ཏེ། །དེ་སེམས་རང་རིག་ཉིད་ཅེས་བྱ། །ཐམས་ཅད་དབྱིངས་གྱུར་ཀུན་ཏུ་བཟང་། །དེ་རྟོགས་རྡོ་རྗེའི་ཞལ་མཐོང་ཡིན། །ཀུན་ཀྱང་ཡི་གེ་མིང་ཚིག་ཙམ། །གང་ཡང་དངོས་པོ་ཡོད་མ་ཡིན། །དངོས་མེད་དེ་ཉིད་སྣ་ཚོགས་སྣང་། །སྣང་བ་ཉིད་ན་གང་ཡང་མིན། །བྱ་བྱེད་སྣ་ཚོགས་ཀུན་བྱེད་ཀྱང་། །དངོས་པོ་མེད་དེ་ཡང་དག་ཉིད། །དེ་ནི་ཅིས་ཀྱང་མི་ཚུགས་པའི། །ས་རྡོ་དྲན་མེད་མ་ཡིན་ཏེ། །དེ་ཉིད་ཤིན་ཏུ་འོད་གསལ་ཡིན། །རྡོ་རྗེ་སེམས་དཔའ་དེ་ལྟར་གནས། །རྡོ་རྗེ་རིགས་དང་དབྱེར་མེད་ཕྱིར། །དེ་ཉིད་རྡོ་རྗེའི་ཞལ་མཐོང་ཡིན། །ཐམས་ཅད་མ་ལུས་གཅིག་པའི་ངང་། །བལྟ་དང་བལྟ་བར་བྱ་མེད་པའི། །ཡེ་ཤེས་སྒྲོན་མེ་སྦྲེང་བར་ནི། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། །སྒྱུ་མ་མིག་ཡོར་ཚུལ་ཤེས་པ། །གཉིས་ཀ་རང་རིག་ཉིད་དུ་འདུས། །དེ་ཉིད་ཡང་དག་ཡིན་པར་གསུངས། །སྒྲ་དང་ཚིག་ཏུ་བརྗོད་པ་ནི། །ཡང་དག་དོན་གྱི་སྙིང་པོ་མིན། །མིང་ཚིག་སྒྲ་ལ་མི་བརྟེན་པར། །བློ་ཡི་གཏིང་དུ་གོ་བར་བྱོས། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་ཉིད་ལས་ནི་གཞན་མེད་དེ། །སེམས་དང་ཆོས་སུ་དབྱེར་མེད་པས། །བྱང་ཆུབ་ལམ་དེ་རིང་བ་མིན། །བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །གང་ནས་མ་འོང་གར་མི་འགྲོ། །རྟོག་མེད་རང་རིག་ཁོ་ན་ཙམ། །སངས་རྒྱས་སེམས་ཅན་སེམས་ལ་གནས། །ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །དག་རྟོག་ཉིད་ཀྱང་དབྱིངས་ཉིད་ཡིན། །འདི་ནི་རྡོ་རྗེའི་མཉམ་ཡིན་ནོ། །ཡུལ་མེད་སློབ་པ་གཞི་གཅིག་ལ། །དང་པོ་གཟོད་འཚོལ་ངེས་པ་གསུམ། །མི་དམིགས་ཡེ་ཤེས་ལྟ་བ་དང་། །ཕྱག་རྒྱ་གཅིག་སྤྲོས་བར་ཆད་མེད། །ལྷུན་གྲུབ་བསླབ་པའི་མཐར་ལྟ་གསུམ། །རྣལ་འབྱོར་རིམ་པས་ཕྱེ་བ་ཡིན། །ཁྱད་པར་རྒྱུ་ཡི་ཐེག་པ་དང་། །སྔོན་དུ་བརྗོད་དེ་གཞན་གསུངས་པ། །ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཐེག་པ་དང་པོ་བཅུ་དྲུག་མགོན། །གཉིས་པ་བཞི་ཡི་ལྟ་སྤྱོད་བསྲང་། །གསུམ་པ་བཅུ་གཉིས་ངེས་པར་བསྟན། །བཞི་པ་ཐེག་པ་མདོར་བསྡུས་ནས། །བླ་མེད་ཐེག་པའི་དབྱིངས་སུ་བཙུད། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་རྣམས། །རང་བཞིན་གསང་བ་མ་མཐོང་ཕྱིར། །ལོང་བའི་ཚོགས་ཏེ་ལམ་སྟེགས་ཙམ། །གནས་ཐབས་ཇི་བཞིན་མཐོང་བ་མེད། །ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང་། །འཁྲུལ་བའི་ལོག་རྟོག་ཉིད་སྣང་སྟེ། །དེ་བཞིན་ཉིད་ཀྱི་དབྱིངས་ལས་འགྱུར་བ་མེད། །བདག་དང་བདག་གི་གཞན་རྣམ་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །དམན་དང་ཁྱད་པར་བཤད་པར་ཟད། །བདག་ཉིད་མ་མཐོང་ཤེས་རྒྱུད་མ་འབྱོངས་པས། །གཞན་དུ་འཚོལ་ཞིང་རྨོངས་པའི་སེམས་ཅན་གྱིས། །བསྟན་ཀྱང་མ་ཐོས་མཚོན་ཀྱང་མ་མཐོང་བས། །བདག་དང་གཞན་དུ་འཚོལ་བས་འཚང་མི་རྒྱ། །དེ་དང་མ་བྲལ་སྟོན་པ་མི་མཐོང་ཞིང་། །བགྲོད་པར་འདོད་ཀྱང་ཕྱིན་པར་མི་ནུས་ཏེ། །རྒྱུ་འབྲས་གཉིས་མེད་ཤེས་རབ་བསྒྲིབས་ཕྱིར་རོ། །འདི་ལ་སྣ་ཚོགས་ཞེན་པ་ཡང་། །རྟག་ཆད་བདག་གིས་ལྟ་བ་མེད། །ཆོས་ཙམ་རྡུལ་རྗས་སྐད་ཅིག་མེད། །རྒྱུ་འབྲས་མེད་དེ་ཕྱོགས་སྟོང་གྲོལ། །དམ་པར་སྣང་བ་བྲལ་བ་མིན། །དམིགས་པའི་ལྷ་རུ་འདོད་པ་མིན། ༈ །ལྷུན་གྲུབ་རྣམ་མཁྱེན་རྟོགས་པ་ཡི། །ཡོན་ཏན་བརྗོད་ལས་འདི་སྐད་དུ། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །དང་པོ་དོན་རྟོགས་མཐར་མི་གཏོང་། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །རྣལ་འབྱོར་དོན་དམ་ལྡན་པ་ཡིས། །ཉོན་མོངས་འཆིང་བའི་ཆོས་སྤྱད་ཀྱང་། །རྣམ་པར་གྲོལ་བར་འགྱུར་བ་ཡིན། །ཐབས་དང་ཤེས་རབ་རྟོགས་པ་ཡིས། །དུག་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཐབས་དང་ཤེས་རབ་ལྡན་འགྱུར་བས། །ཕྱིན་ཅི་ལོག་ཉིད་བྱང་ཆུབ་ལམ། །དོན་རྟོགས་དོན་བཞི་རྫོགས་པར་འགྱུར། །ཐབས་དང་ཤེས་རབ་མ་རྟོགས་པས། །མ་གྲོལ་ཁམས་གསུམ་འཁོར་བ་ཡིན། །ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་སྟེག་སྤྱད་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེ། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཆོས་རྣམས་དག་པར་མ་ཤེས་ཏེ། །ཐབས་དང་ཤེས་རབ་མ་རྟོགས་པས། །ཉོན་མོངས་སྤྱད་དང་སྤངས་ཀྱང་བཅིངས། །མཉམ་པའི་གསང་དོན་མ་རྟོགས་ན། །དབུ་མ་རང་རྒྱལ་ཉན་ཐོས་དང་། །ལྷ་མི་འདོད་དང་ཁམས་གཉིས་ལྷ། །སེམས་ཅན་དུག་ལྔ་སྤྱོད་པ་དག །རང་རང་ལྟ་སྤྱོད་བློ་ཚོད་ཙམ། །སྨིན་གྲོལ་ཐར་དང་ལྟུང་བས་འཁྲུལ། །དེ་རྟོགས་བདེན་པས་བྱིན་བརླབས་ཏེ། །ཟབ་མོ་བརྗོད་པས་དོན་སྣང་བྱེད། །སློབ་མ་ལྷུན་གྲུབ་བྱིན་བརླབས་པ། །ཆོས་རྣམས་ཐམས་ཅད་དབྱེར་མེད་པས། །ཤིན་ཏུ་བརྟན་པའི་དབང་ཐོབ་འགྱུར། །རང་རིག་ཡེ་ཤེས་འོད་གསལ་བས། །ཐམས་ཅད་མཁྱེན་པའི་དབང་ཡང་ཐོབ། །ཆོས་རྣམས་ཐམས་ཅད་དབྱེར་མེད་པས། །ཀུན་ལ་སྤྱོད་ཅིང་གསང་དབང་ཐོབ། །སྤྱོད་ཅིང་ཆགས་པ་མེད་པའི་ཚུལ། །ཀུན་ཀྱང་རང་བཞིན་ཟླུམ་པའི་ཕྱིར། །ཕན་ནུས་བཅོ་ལྔའི་དབང་ཐོབ་སྟེ། །ཐམས་ཅད་བདག་ཉིད་ཆེན་པོ་ཆུས། །ཡུལ་ལྟ་དྲི་སྦྱངས་ཁྲུས་ཀྱི་མཆོག །རང་སེམས་ཡེ་ཤེས་ལྔ་རྫོགས་རྒྱན། །རང་རིག་ཐབས་དང་ཤེས་རབ་ཀྱིས། །ཀུན་ཏུ་ཁྱབ་པ་ཅོད་པན་མཆོག །བདག་ཉིད་འབྲས་བུ་ལྔ་སྙིང་པོར། །ཡེ་སངས་རྒྱས་པ་ཀུན་གྱི་བཅུད། །རྟོག་རྒྱུན་ཡེ་ཤེས་ཕྲེང་བར་ཤར། །སྟོང་ཆེན་བླ་མེད་ཆོ་གའི་མཆོག །ཀུན་གཞི་འགྱུར་མེད་ཏོག་ཆེན་པོ། །སྡུག་བསྔལ་གདུང་བ་ངང་གིས་སངས། །སྣང་གྲགས་དྲན་རྟོག་སྐུ་གསུང་ཐུགས། །སེམས་ཕྱིར་དེ་ཉིད་རྒྱས་བཏབ་བོ། །རང་བྱུང་ཞལ་དུ་ཀུན་རྔུབས་ཕྱིར། །མ་ལུས་ལོངས་སྤྱོད་དབང་ཕྱུག་ཆེ། །རང་རིག་མ་འདྲེས་རྫོགས་གསལ་བཤད། །དེ་ཉིད་ངང་གསལ་མི་གཡོ་བསྒོམ། །བརྗོད་འདྲར་ཐམས་ཅད་རིག་གསལ་ཐོས། །འགྲོ་འོང་མེད་པར་ལས་རྫོགས་དབང་། །ཀུན་གྱི་བདག་གྱུར་སེམས་ཉིད་ནི། །དབང་ཕྱུག་རྒྱལ་པོའི་དབང་རྫོགས་སོ། །དེ་སོགས་ལམ་ཀུན་རང་རྫོགས་ཕྱིར། །འཇུག་དང་བྱ་བ་དོན་གྱིས་མེད། །རྒྱུ་འབྲས་ཡེ་ནས་དབྱེར་མེད་ཕྱིར། །རེ་དང་དོག་པ་ག་ལ་ཡོད། །དེ་བཞིན་མཇལ་ལ་གཡོ་ཐོབ་བརྟན། །བློ་རླབས་འབྱུང་བར་ཐེ་ཚོམ་མེད། ༈ །དེས་བརླན་རིག་པའི་མེ་ཏོག་ཅན། །དེ་ལ་དྲན་རྒྱུན་གཉིས་སྦྱིན་ཏེ། །སྤྱོད་ལམ་བཞིར་སྒོམ་མན་ངག་དང་། །འདའ་ཀའི་དྲན་པ་སྦྱིན་བྱའོ། །དེ་ལྟར་ལྡན་པས་གྲུབ་པའི་ཕྱིར། །སྤྱོད་ལམ་དྲན་དང་ངོ་བོ་དང་། །བཅོས་ཉམས་སྤྱོད་དམ་ལས་གྲུབ་པའོ། །འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་ཀྱང་། །སྐད་ཅིག་དྲན་བསྐུལ་རང་སྣང་དུ། །ཡུལ་མེད་རང་གསལ་མི་གཡོ་བ། །ཐེག་ཆེན་སྒོམ་ལས་མི་ཉམས་པའོ། །རེ་དོགས་བྲལ་བའི་སེམས་ཀྱིས་གཟུང་། །འདུ་འབྲལ་མེད་པས་སེམས་ལ་བརྟན། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་ངོ་། །རྣམ་རྟོག་ཉིད་ན་ཡེ་ཤེས་ཕྱིར། །གཉེན་པོས་འཆོས་པ་དེ་ཉིད་ནད། །གང་ཡང་བྱ་བྱེད་མེད་པ་ལ། །ཆེད་དུ་བསྟེན་པ་འཁྲུལ་པའི་ལམ། །ཅིར་ཡང་མ་མྱོང་ཡུལ་བྲལ་བ། །ཡང་དག་དོན་རྣམས་མྱོང་བ་སྟེ། །དེ་ཉིད་ཞེན་བྲལ་རིག་པ་ཙམ། །གཡོ་ཐོབ་བརྟན་པར་སྣང་བ་ཡིན། །ཐམས་ཅད་མཉམ་ཉིད་རྒྱས་བཏབ་ཕྱིར། །དེ་ཉིད་མཉམ་ཉིད་འདའ་མི་བྱ། །མཉམ་རྫོགས་ཏིང་འཛིན་གོམས་གྱུར་ན། །རིག་པ་འཛིན་པའི་ས་ཐོབ་འགྱུར། །དེ་ཡང་རྒྱུད་ལས་རིམ་པར་གསུངས། །ཤེས་རྒྱུད་ཅི་ཡིན་གང་གིས་ངོ་ཤེས་ཤིང་། །བྱ་བྱེད་ལས་འཕགས་ཀྱིན་འདར་འདུག་བྱེད་པ། །གང་ཞིག་བློ་ལ་སྤྱོད་པས་བྱང་ཆུབ་ཐོབ། །རྣམ་པར་དག་པའི་གཡུང་དྲུང་སངས་རྒྱས་ལ། །ཐམས་ཅད་ཡེ་ནས་མཉམ་པར་རྣམ་དག་ཅིང་། །མི་རྟོག་ས་ལེར་གནས་ལ་རྟོག་པ་མཛད། །བསྙད་དུ་མེད་པས་སྣ་ཚོགས་འབྱུང་བ་ཡིན། །ནམ་མཁའ་བཟུང་བས་སྤྲིན་གྱིས་ཁེབ་པར་འགྱུར། །ནམ་མཁའ་མེད་པར་གང་གིས་ཤེས་པ་ན། །སྤྲིན་ཞིག་འབྱུང་ཞིང་ཁེབས་པར་མི་སྲིད་དོ། །བདག་མེད་བདག་ཆེན་ཐམས་ཅད་འབྱུང་བའི་གནས། །མ་བཀག་ས་ལས་རྒྱུ་ཞིང་འབྱུང་མེད་པའི། །ཐམས་ཅད་སེམས་ཀྱི་ངང་སྟེ་སེམས་ཞེས་གདགས་སུ་མེད། །མ་བཅོས་ལྷུན་གནས་ཡེ་ནས་བྱང་ཆུབ་ཅིང་། །ཐོབ་རྒྱུ་མེད་པས་ཡེ་ནས་བདེ་གཤེགས་ཡིན། །ཨེ་མ་ཧོ་མ་བསྒྲུབ་གྲུབ་ཆེན་པོ། །བླང་དོར་མེད་པའི་ས་ཆེན་པོ། །གྲུབ་པ་ཆེན་པོ་ཡེ་ཤེས་ཆེ། །མི་གཡོ་འདུ་འབྲལ་མེད་པའི་གཟུངས། །རྟོགས་པའི་ཡེ་ཤེས་ཡིད་བཞིན་གཏེར། །ཐམས་ཅད་ལ་ཡང་མེ་ལོང་བཞིན། །བལྟས་ཀྱང་གཟུགས་བརྙན་མི་སྣང་ངོ་། །བྱ་བྱེད་མེད་པའི་བརྩོན་འགྲུས་ཏེ། །དེས་ནི་བྱང་ཆུབ་སྙིང་པོ་ལེན། །བྱང་ཆུབ་སེམས་སུ་རྒྱུ་གཅིག་པས། །རྩ་བ་སྙིང་རྗེ་ཆེན་པོ་འབྱུང་། །མཉམ་ལ་མཉམ་པར་སྦྱོར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །འདས་ན་སངས་རྒྱས་མ་ཡིན་ནོ། །དེ་བས་རང་སེམས་རྟོགས་བྱས་ཏེ། །ལེ་ལོ་གཡེང་བ་ཡངས་སྤངས་ནས། །ང་དང་བདག་མེད་མཉམ་པར་བསྲུང་། །ཐམས་ཅད་མ་ལུས་སངས་རྒྱས་ལ། །བསྒྲུབ་ཅིང་བསྲུང་བར་བྱ་བ་མེད། །དེ་བཞིན་ཉིད་ལ་གནས་བཅས་ན། །ཉོན་མོངས་སྡུག་བསྔལ་མི་འབྱུང་སྟེ། །རྟག་ཏུ་བདེ་གནས་བྱང་ཆུབ་ཉིད། །མཚན་དང་དཔེ་བྱད་ཀུན་དང་ལྡན། །ཤེས་རབ་རྣམ་གསུམ་གོམས་བྱས་ནས། །ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ། །ཀུན་ཏུ་ཡངས་པ་ཆེན་པོར་བསྒོམ། །རྒྱུ་འབྲས་དུས་གཅིག་རྫོགས་པ་ཡིས། །རང་རིག་ཉིད་ལ་དབང་ཐོབ་ཏེ། །ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱ་དག་ཏུ་སྣང་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་ལ། །སྔགས་འཆང་གསལ་བོར་རྟོགས་བྱས་ནས། །བདག་ཉིད་ཆོས་ཉིད་སྐྱེ་འགག་མེད། །ངང་ལས་མ་གཡོས་པར་གནས་ན། །ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱང་། །རྫོགས་པར་ཕྱོགས་བཅུ་དུས་གསུམ་གྱི། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས། །ཐམས་ཅད་དབྱེར་མེད་ཡེ་མཉམ་ལ། །མ་འདྲེས་རྒྱ་ཡོངས་མ་ཆད་པའི། །གཞལ་ཡས་ཁང་དང་ཉི་ཟླ་དང་། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །སྐུ་གསུང་ཐུགས་ནི་བསམ་མི་ཁྱབ། །དེ་བས་ཡང་དག་སྐྱེས་མཆོག་གིས། །སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །རྣམ་པར་རྟོག་མེད་ཚུལ་གྱིས་ནི། །ཐམས་ཅད་ཀུན་ལ་ཆགས་མེད་རོལ། །མཐོང་ཐོས་ཡུལ་སོགས་གང་སྣང་ཡང་། །རང་བྱུང་རང་སྣང་རང་རིག་ལས། །གཞན་པའི་དྲན་པ་མི་བྱ་སྟེ། །སྤྱོད་ཡུལ་བྲལ་བས་ཉམས་མི་བྱ། །འཕོ་ཞིང་འགྱུར་བ་མཐོང་བ་ན། །བདག་ཉིད་དྲན་བསྐུལ་ངང་ཉིད་ལས། །མི་གཡོ་དྲན་པ་རྒྱུན་དུ་བཟླས། །རང་གནས་མཐོང་བས་འགྱུར་བ་ཡིན། །སྐལ་ལྡན་གཞན་ཞིག་འཕོ་བ་ན། །བདེན་པའི་ཚིག་སྤྲད་བྱིན་གྱིས་བརླབས། །དྲན་པ་མ་ཉམ་བར་དུ་བྱ། །ལས་ཟད་རང་གནས་མཐོང་བར་འགྱུར། །ཡང་ན་ཟླ་འོད་ཐུགས་ཡིག་རྣམས། །རིམ་བསྡུ་འོད་ཟླུམ་གསང་ལམ་ནས། །ཕྱིར་ཕྱུང་བརྡལ་བས་སྣང་སྲིད་ཀུན། །རང་སེམས་ཆོས་སྐུ་ཉིད་དུ་གསལ། །རྫོགས་སོ། ༈ །དེ་ལྟར་མན་ངག་གང་འཕྲོད་ལ། །འཇུག་ཚེ་སྔོན་དུ་ལུས་བསྲུངས་ནས། །རྣམ་རྟོག་འབྱུང་བའི་ལུས་བརྟས་པས། །རྡོ་རྗེ་དྲག་པོས་བསྲུང་བྱེད་ཅིང་། །རབ་འབྲིང་ཐུན་མཚམས་ཤེས་པ་ཡིས། །ལེགས་པར་བསྒོམ་པའི་རྣལ་འབྱོར་པ། །རྒྱུ་འབྲས་རེ་བ་མ་ཆད་ལ། །རྒྱུ་འབྲས་མེད་པར་བསྟན་པར་བཤད། །ཐོབ་ཚུལ་རྒྱུད་ཀྱི་འདྲེས་ཚུལ་དང་། །ཐམས་ཅད་མཁྱེན་ཚུལ་དོན་མཛད་ཚུལ། །ལེགས་བཤད་དང་པོ་ཐོབ་པའི་ཚུལ། །ལྟ་སྤྱོད་གདེངས་ལྡན་རྣལ་འབྱོར་པས། །བསྒོམས་པས་ཞེན་མཐའ་རིམ་བསལ་སངས། །མཐའ་དབུས་མེད་པའི་ཡེ་ཤེས་གསལ། །བདེ་བ་ཆེན་པོའི་ངང་དུ་གནས། །དེ་བཞིན་ཉིད་དུ་བགྲོད་མེད་གཤེགས། །བདུད་བཞི་མ་བསལ་བཅོམ་པས་རྒྱལ། །ལྷུན་གྲུབ་ཡོན་ཏན་རྫོགས་མངའ་ཡང་། །རང་གི་ངོ་བོ་མཐའ་དབུས་འདས། །ཚུལ་གྱིས་རྣམ་པར་ཕྱེ་བ་ཡིན། །ལྷུན་གྲུབ་ཐམས་ཅད་མཁྱེན་པ་ཡི། །དོན་མཆོག་རང་རིག་མཐོང་གོམས་པས། །རྒྱུ་ལས་འབྲས་བུར་འགྱུར་མིན་གྱི། །འབྲས་བུར་རང་ཉིད་ཤར་བར་ཟད། །རྒྱལ་པོའི་ཕྲུ་གུ་སྤྱོད་ལོག་པ། །ན་ཤེད་བྱེ་ནས་ཐམས་ཅད་ཀྱི། །བདག་གྱུར་ལྟ་བུར་ཁམས་གསུམ་པ། །ཡེ་ཡིན་མཐོང་གོམས་བརྟགས་བྲལ་ན། །ལོག་སྤྱོད་བྲལ་བས་ཀུན་བདག་ཉིད། །ཡེ་ཡིན་མངོན་དུ་བྱས་པར་ཟད། །ཀུན་བརྟགས་གཉིས་ཟད་བརྗོད་པ་ཡང་། །དཔེར་ན་རྨི་ལམ་བདེ་སྡུག་ཅན། །གཉེན་པོ་མི་དགོས་གཉིད་སངས་པས། །དེ་བྲལ་སྔར་གྱི་བདེ་བ་ཐོབ། །དེ་བཞིན་བདེ་དང་སྡུག་བསྔལ་བས། །ཉམས་ཐག་སྤོང་མིན་དེ་དོན་ཉིད། །ཤེས་གོམས་མ་རིག་རང་བྲལ་ན། །གདོད་ནས་ལྷུན་གྲུབ་རྣམ་མཁྱེན་པར། །གྲུབ་ཟིན་ངང་གིས་མངོན་བྱས་ཏེ། །འབྲས་བུ་རང་ཤར་བསྐྱེད་མི་འདོད། །རྟོག་པའི་གྱོང་བྲལ་རིམ་པས་བརྟགས། །མིན་ལས་ཡིན་པར་གྱུར་པ་མེད། །ཐོག་མཐའ་བར་དུ་འབྲས་ཉིད་ཕྱིར། །འབྲས་བུའི་ཐེག་པ་བརྗོད་པ་ཡིན། །ཀུན་བརྟགས་ཟད་ནས་ངེས་བྱས་ལ། །ཐོབ་ཅེས་བརྟགས་ཀྱིས་གཞན་ནས་མིན། །ཨེ་མ་ཧོ་སྙིང་པོ་ལམ་བཅས་པས། །འཇིགས་མེད་དབྱིངས་ཉིད་ཀུན་བཟང་ཕྱག་རྒྱའི་མཆོག །རང་བཞིན་སྐུ་གསུང་ཐུགས་ཆེན་པོ། །བྱང་ཆུབ་ལྷུན་གྲུབ་གདལ་བའི་ངང་། །སྙིང་པོ་ཉིད་ནི་སྙིང་པོར་ཀུན་བཅས་ཀུན་ཏུ་གནས། །དེ་ཉིད་རྫོགས་པའི་ངང་ལས་དངོས་གྲུབ་ཀུན་ཤར་ཀུན་ཏུ་གནས། །དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོང་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །མདོར་ན་རང་རིག་ཀུན་གཞི་ཉིད། །བྱང་ཆུབ་སྙིང་པོར་རང་བྱུང་གི། །ཡེ་ཤེས་ཀུན་དངོས་ཀུན་བྲལ་བ། །རྒྱལ་བའི་དངོས་གཞི་ཐམས་ཅད་ཀུན། །མཐོང་བཞིན་ངེས་པར་མ་བྱས་པར། །སྟོར་བཏགས་ངེས་ལ་རྙེད་བཏགས་ཟད། ༈ །དེ་ཐོབ་རྒྱུན་རྣམས་ཇི་ལྟ་བ། །སོ་སོར་རྣལ་འབྱོར་ཐ་དད་པས། །བསྒྲུབས་པས་དེ་བཞིན་གཤེགས་པའི་ཚེ། །རྒྱུད་དག་ལྷུན་གྲུབ་རྒྱལ་བ་རྣམས། །རྒྱུད་གཅིག་འདྲེས་ན་འདི་ལྟར་འབྱུང་། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བ་མཉེས་པ་དང་། །རྒྱ་ཆེན་གསུང་ལ་དོན་འབྱུང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །རྒྱུད་དྲུག་འཁོར་བའི་ལུས་སྣང་བ། །རྣམ་རྟོག་མཐུན་པའི་ལས་སྣང་ངོ་། །སྐུ་མཆོག་རྡོ་རྗེ་འོད་སྣང་བ། །མཐུན་པའི་ཡེ་ཤེས་རང་སྣང་ངོ་། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱང་། །ཡེ་ཤེས་རྒྱུད་ནི་མ་འདྲེས་ཏེ། །གཅིག་ན་ངེས་ལུང་འདི་དག་འགལ། །གཅིག་ལ་མཐུན་སྣང་སྒྲ་མི་འཇུག །གལ་ཏེ་སྔ་ཕྱི་གཅིག་འགྲོ་ན། །སྟོང་པའི་མུར་ཐིམ་རིགས་པས་འགལ། །སྣང་བ་སྤོང་བའི་སྐྱོན་ཏུའང་འགྱུར། །མཐའ་ལ་ཐུག་པར་ཐེ་ཚོམ་མེད། །སོ་སོའི་གྲུབ་མཐའི་ཁྱད་པར་ཡང་། །མི་འབྱུང་མཉམ་པའི་སྐྱོན་དུ་འགྱུར། །སོ་སོར་བསྒྲུབ་ཕྱིར་གཅིག་མི་རུང་། །གལ་ཏེ་རྒྱལ་བ་རང་རྒྱུད་འགྱུར། །རང་བཞིན་ཉིད་ཀྱིས་གཅིག་གོ་ཞེས། །སེམས་ཅན་རྒྱུད་ཀྱང་དེ་འདྲར་འགྱུར། ༈ །འོན་ཏེ་དེ་ལྟར་མི་གཅིག་ནའང་། །རང་རིག་རང་བྱུང་མངོན་བྱས་ལ། །སྔ་ཕྱིར་སངས་རྒྱས་བླ་དགས་བཏགས། །རང་བྱུང་རང་ལས་ཤར་བར་ཟད། །རང་བྱུང་རིག་དང་རྒྱུད་མེད་པས། །སོ་སོར་མ་འདྲེས་གང་གིས་རུང་། །འོན་ཏེ་རང་བྱུང་ཆ་གཉིས་འགྱུར། །དེ་ཕྱིར་གཅིག་པའི་རིག་པས་འགལ། །དོན་མཛད་རེ་མོས་འབྱུང་བར་འགྱུར། །སྤྱན་དྲངས་བྱོན་དང་མ་བྱོན་འགྱུར། །སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །དངོས་པོ་རྣམས་ཀྱི་དེ་ཉིད་ནི། །དེ་ལ་གཉིས་པ་ཡོད་པར་འགྱུར། །དེ་ཕྱིར་གཞི་ཡི་དོན་དང་འགལ། །མི་གཅིག་གཏན་ཚིགས་རྒྱས་པ་མེད། །ལུང་ལས་བྱུང་བ་འདི་སྐད་དུ། །མཁའ་ལ་འཇའ་ཚོན་སྤྲིན་མང་ཡང་། །ནམ་མཁའི་དབྱིངས་སུ་ཐམས་ཅད་བསྡུས། །ཐམས་ཅད་མཁྱེན་ཉིད་བསམ་ཡས་ཀྱང་། །ཆོས་ཀྱི་དབྱིངས་སུ་ཐམས་ཅད་བསྡུས། །རྡོ་རྗེ་མཉམ་ཉིད་ཐུགས་སུ་ཆུད་པའི་ས། །མཉམ་རྫོགས་ཆེན་པོའི་ལྷུན་ལ་རོལ་བ་མཛད། །བདེ་གཤེགས་དབྱིངས་ཉིད་དེ་བཞིན་ཉིད་གནས་པ། །དུས་བཞི་རྒྱལ་བ་ཀུན་དང་མཉམ་པར་འུབ། །རང་བཞིན་དབྱེར་མེད་གདོད་མཐར་མི་འབྱེད་ཅིང་། །ཡེ་ནས་མཉམ་པའི་རྒྱལ་བ་རྒྱ་མཚོ་ཡིན། །ནམ་མཁའ་གང་བའི་རྒྱལ་བ་དང་། །ཉག་གཅིག་སྣང་བའི་རྒྱལ་བ་གཉིས། །སྐུ་དང་གསུང་ཐུགས་གཅིག་ལས་མེད། །གདུལ་བྱའི་ངོ་གང་ཁྱད་པར་ལ། །མི་མཐུན་སོ་སོར་སྣང་བ་ཟད། །དེ་སོགས་མཐུན་གསུངས་བཀའ་དང་འགལ། །སངས་རྒྱས་དུ་མའི་མཐར་འགྱུར་རོ། ༈ །དེ་དེའང་ངེས་པ་འདི་ལྟར་ཞོག །དྲང་དོན་ངེས་དོན་དབང་དུ་ན། །རིགས་ལྔ་ཁྱེའུ་ལྔས་གྲུབ་པ་དང་། །དོན་གྲུབ་སྣང་བྱ་བུ་ལས་ནི། །ཤཱཀྱ་ཐུབ་གྱུར་མྱ་ངན་འདས། །མེ་ཏོག་བཀོད་པར་མ་གྲགས་སྣང་། །ཐུན་མོང་སངས་རྒྱས་རྒྱུད་རེར་སྣང་། །ཡེ་ཤེས་སྐད་ཅིག་གོ་ཕྱེ་ནས། །དོན་མཛད་མཐུན་འདོད་ལྟར་སྣང་བ། །དྲང་བའི་དོན་ཏེ་ངེས་པ་མིན། །ངེས་པར་རྒྱལ་བ་ཐམས་ཅད་ཀུན། །ངོ་བོ་གཅིག་ཏེ་ཐ་དད་མིན། །ངོ་བོ་ཉིད་ནི་ཅི་འདྲ་ན། །བརྗོད་བསམ་འདས་ཀྱང་ཕྱོགས་མཚོན་ན། །ཐབས་ཆེན་མ་འདྲེས་གཅིག་སྟོང་འདས། །ཤེས་རབ་དབྱིངས་གཅིག་ཏུ་མ་དང་། །སྤྲོས་བྲལ་འདི་ཞེས་བསྟན་དཀའ་བའོ། །དེར་གཅིག་བཤད་པའི་མཐར་མི་འགྱུར། །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་དང་ཡེ་ཤེས་རིགས་དང་རྒྱུད། །དབྱིབས་དང་ཁ་དོག་མཚན་གནས་དང་། །རང་བཞིན་ངེས་པར་དེར་མེད་ཕྱིར། །དངོས་པོ་རྣམས་ཀྱི་དེ་ཁོ་ན། །སེམས་ཀྱི་ཆོས་ཉིད་རང་བྱུང་གི། །ཡེ་ཤེས་ཆ་གཉིས་ཡོད་མ་ཡིན། །གཅིག་པ་ཀུན་བྲལ་ཀུན་ལྡན་པའོ། །དེས་ན་ཡེ་ཤེས་འགྲོ་འོང་མེད། །དེ་ཕྱིར་སྤྲུལ་པའང་འགྲོ་འོང་བྲལ། །དེས་ན་གཅིག་དང་དུ་མའི་མཐའ། །དབུས་བྲལ་མ་སྤངས་ངོ་བོར་གཅིག །དེ་ལ་ལ་ལས་གཅིག་པར་ནི། །གཅིག་བདེན་དུ་མའི་ཚུལ་གྱིས་ནི། །མི་གཅིག་ཐེ་ཚོམ་ཟ་བར་འབྱུང་། །དེ་ལྟའི་རྒྱུད་དུ་འཛིན་བྱེད་པ། །ཀུན་རྟོག་སྣང་ངོ་བདེན་པ་ལ། །མཚོ་ཉིད་རླབས་ལྟར་ཐམས་ཅད་ཀུན། །གདོད་ནས་རང་བྱུང་ཡེ་ཤེས་གཅིག །ཡེ་ཤེས་དེ་ཉིད་འདི་འདྲ་དཀའ། །མཐར་བརྗོད་མ་ལུས་དེར་སྣང་ཕྱིར། །དུ་མ་ཉིད་དུ་འང་གཅིག་པའོ། །དུ་མ་རྒྱ་ཆད་ཡོངས་འགྱུར་ན། །རང་བྱུང་ཀུན་སྣང་བདེན་མི་འགྱུར། །བདེ་གཤེགས་མི་གནས་མཉམ་ཉིད་ངང་དུ་བྱོན། །ཐབས་ཆེན་མ་འདྲེས་རྣམ་པར་ཐར་བ་ཡི། །དམིགས་མེད་བདེ་གཤེགས་ཉིད་དབྱིངས་ཐུགས་ཆུད་པའི། །ཐབས་དང་ཤེས་རབ་དབྱིངས་ཉིད་དམ་པའི་མཆོག །རྟོག་མེད་མ་འདྲེས་ཡོངས་རྫོགས་ལ། །རིགས་སུ་བསྟན་དང་ཐིམ་པ་མེད། ༈ །དུས་བཞི་ཆོས་ཀུན་བདག་གཅིག་ཕྱིར། །ཀུན་མཁྱེན་ཐད་ཀའི་དམིགས་ཡུལ་གྲོལ། །དེ་ཕྱིར་སྐད་ཅིག་སྐྱེ་འཇིག་མེད། །འགྲོ་དང་འོང་བའང་དེ་ལ་མེད། །ལོག་པར་རྟོགས་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། ༈ །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྲུབ་ཀྱིས། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །རྣམ་པར་རྟོག་མེད་ཚུལ་གྱིས་ནི། །ཐམས་ཅད་ཀུན་ལ་ཆགས་མེད་རོལ། །གདུལ་བྱའི་དོན་ཆེན་བསམ་མི་ཁྱབ། །རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་སྣང་མོད་ཀྱང་། །ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། །ཟད་འཕེལ་འགྲོ་འོང་མེད་པར་མཛད། །དཔེར་ན་མེ་ལོང་ཆུ་ཟླ་དང་། །གར་མཁན་ལུས་དང་བྲག་ཅ་དང་། །ཉི་འོད་ལྟ་བུར་དོན་མཛད་པ། །ལྷུན་གྲུབ་དབྱིངས་ལས་མ་གཡོས་ཀྱང་། །སྐུ་གསུང་ཐུགས་སྤྲུལ་ཅིར་ཡང་སྣང་། །དེ་ལ་སྐད་ཅིག་རྒྱུན་མ་བྲལ། །དམིགས་བྱ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི་ཁྱབ། །ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། །མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། །ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམ་འཕྲོ་སྤྲོས་པ་མེད། །ཡེ་ནས་ཀུན་ཁྱབ་དཀྱིལ་འཁོར་བསམ་ཡས་ཞིང་གི་རྡུལ་སྙེད་དུ། །ཡེ་ནས་རྣམ་སྤྲོས་སྙིང་པོ་ཀུན་གནས་གནས་པ་མེད། །རྫོགས་སོ། ༈ །དེ་ལྟར་སྟོན་པའི་བླ་མ་ཡང་། །ཤེས་རབ་མཆོག་ལྡན་ཏིང་ངེ་འཛིན། །ཐོབ་ཅིང་དམ་པའི་མཛོད་དང་ལྡན། །ཁུངས་སུ་བརྒྱུད་པའི་དབང་ཆུབ་པ། །དམན་པའི་འདུ་བྱེད་སྤངས་ཤིང་དམན། །དང་དེལ་ཐུགས་རྗེ་ཆེ་གཉེར་སྲུང་། །དམ་པ་དེ་དང་འཕྲད་ནས་ནི། །གཞན་གྱི་ཡུལ་ལ་མི་འཇུག་པ། །རིགས་དང་སྐྱོན་ལ་མི་རྟོག་པར། །སྙིང་དུ་གཟུང་ཞིང་སྙིང་དུ་བྱ། །སློབ་མ་མ་ནོར་རིགས་ཅན་ནམ། །རིགས་རྒྱུད་དག་པའི་རྣལ་འབྱོར་པ། །བླ་མ་རིན་ཆེན་སྲོག་ཏུ་འཛིན། །མན་ངག་རིན་ཆེན་གཏེར་དུ་འཆང་། །ཏིང་འཛིན་ཤེས་རབ་རྩལ་དུ་རྫོགས། །ལྷག་པའི་ཡེ་ཤེས་ཉི་མ་འཆར། །དད་དང་བརྩོན་འགྲུས་རྒྱུ་འབྲས་རྫོགས། །རྩོལ་བས་ལུས་ངག་སྟོང་བརླག་ཀྱང་། །མི་སྐྱོ་བླ་མ་མི་སྤོང་བ། །བདེ་བ་ཐོབ་པའི་ཡན་ལག་ཡིན། །བླ་མ་རྡོ་རྗེ་སྲོག་གྱུར་ཏེ། །སྒོ་གསུམ་ཟོལ་སྒྱུ་གཡོ་མེད་པས། །མི་ཕྱེད་རྒྱུན་དུ་བསྟེན་ན་འགྲུབ། །བླ་མའི་དོན་གྱིས་ཉོན་མོངས་ཤིང་། །སྡུག་བསྔལ་གྱུར་བས་ཕ་རོལ་ལ། །མི་སེམས་འདི་ཡི་འདོད་འཚོལ་བས། །དངོས་དང་ཐབས་ཀྱིས་འབྲེལ་བྱེད་ཅིང་། །ཞེ་གཞོག་དངོས་སུ་སྐུར་བ་དག །དེ་ཡི་སྡུག་བསྔལ་བཟོད་བརླགས་ཆད། །རྡོ་རྗེ་བླ་མ་གཞན་སེམས་ཅན། །རྒྱས་སྲས་ཡིད་ཀྱི་བློ་ཅན་དེས། །སྒོ་གསུམ་དྲེགས་དང་ངན་སྤྱོད་པ། །བགས་ཀྱིས་ཚོར་ན་བླ་མ་དེས། །གཏེར་མཛོད་རིག་པའི་སྒོ་བསྡོམ་སྟེ། །མན་ངག་མི་ཐོབ་རྒྱུ་ཡིན་པས། །རྒྱུ་གླང་རྐྱེན་མེད་མི་འགྲུབ་ལྟར། །མན་ངག་མེད་ན་འགྲུབ་མི་འགྱུར། །དེས་ན་བླ་མ་སྲོག་ཡིན་པས། །ལུས་ངག་སེམས་ཀྱིས་དུས་གསུམ་དུ། །རང་སྲོག་འབྲལ་བའི་ལས་མི་བྱེད། །གྲགས་རྙེད་འདོད་པའི་སེམས་ལོག་གིས། །ཉམས་པར་འགྱུར་བའི་ལས་མི་བྱ། །དེ་ལྟར་བྱེད་པའི་སློབ་བུ་གང་། །དྲག་པོས་སྤང་ངམ་ཡང་ནི་ནི། །ཚིག་གིས་བྲིད་ཅིང་བསྐྱང་ལ་བཏང་། །ཐུགས་ཀྱི་བདེ་བ་མི་སྤྲོའོ། །བླ་མེད་དཀྱིལ་འཁོར་སྟོན་པ་པོ། །ཡོན་ཏན་ཟད་མེད་སྦྱིན་པ་ཡིན། །བྱང་ཆུབ་ལམ་ཆེན་འདྲེན་མཛད་པ། །ཆགས་མེད་ཞིང་དུ་འགོད་པ་ཡིན། །ཉོན་མོངས་སྡུག་བསྔལ་རྩད་གཅོད་ཅིང་། །འཁོར་བའི་ལས་རྣམས་སྟོང་པར་བྱེད། །མ་རིག་མུན་སེལ་སྒྲོན་མེ་ཡིན། །ལོང་བ་རྣམས་ཀྱི་དམིགས་བུ་མཁན། །དེ་ལ་རྟག་ཏུ་མཆོད་བྱས་ན། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །རྡོ་རྗེ་སློབ་དཔོན་སྨད་མི་བྱ། །བྱང་ཆུབ་སྟོན་པའི་འདྲེན་པ་པོ། །ལོང་བའི་དམིགས་བུ་འདྲེན་པར་འདྲ། །ཉོན་མོངས་སྡུག་བསྔལ་མཚོ་སྐེམས་ཡིན། །སློབ་དཔོན་དེ་ལ་སྨོད་པ་ནི། །དཔེ་ན་མུན་ཁུང་སྒྲོན་བསད་ན། །མཐོང་བའི་དོན་མི་རྟོགས་པ་བཞིན། །སྡུག་བསྔལ་ཉམས་ཐག་ཡུན་རིང་དུ། །བསྐལ་པ་མང་པོར་མྱོང་བར་འགྱུར། །དེ་བས་གུས་པ་རྟག་ཏུ་གྱིས། །ལུས་ལ་དབང་བའི་རྒྱལ་པོ་བས། །ཤིན་ཏུ་གཙོ་བོར་བླང་བར་བྱ། །དྲིན་ཆགས་ལུས་སྐྱེད་ཕ་མ་བས། །ཤིན་ཏུ་ལྷག་པའི་རི་མོར་བྱ། ༈ །མི་འཁྲུག་བློ་ཟབ་རྐྱེན་ཐུབ་ཅིང་། །སེམས་ཅན་ངང་ཚུལ་ཀུན་བོར་ནས། །གང་གིས་ཡིད་ཀྱང་མི་འཁྲུགས་ཅིང་། །བུད་མེད་འགུགས་པས་གཙོ་ལ་འབུལ། །གཟུངས་ཐུབ་གསང་བ་མཁས་པ་ཡི། །ངེས་པ་ཅན་ལ་ཤིན་ཏུ་གཏད། ༈ །ཐོགས་པ་མེད་པར་འདོད་པ་སྤྱོད། །བུད་མེད་ཡོན་ཏན་ཀུན་ཡོད་ཀྱང་། །འདོད་ཆགས་ཀུན་དང་མཐུན་སྤྱོད་པ། །ནམ་ཡང་འཁོར་བའི་རྟིང་རྡོ་སྟེ། །མན་ངག་བསྟན་པའི་གནས་མིན་པས། །འདི་དག་ནམ་ཡང་སྦྱིན་མི་བྱ། །དད་པ་ཆེ་ཞིང་ཆོས་ལ་གུས། །ཆགས་པ་རན་པར་བཀའ་ཉན་ཞིང་། །གནས་ལ་དགའ་ཞིང་ལུས་ཉན་པ། །རིགས་ངེས་གདུང་བའི་ལག་ཏུ་གཏད། །དམ་ཚིག་མི་ལྡན་སྤྱོད་པ་རྩིང་། །སྤྲོ་ཐུང་འདོད་ཆགས་རབ་ཏུ་ཆེ། །གཉིད་ཆེ་ཆང་དང་བརྩོན་འགྲུས་ཆུང་། །སློབ་ལ་མི་གུས་ནན་ཏན་མེད། །སློབ་དཔོན་མི་དྲན་གདུང་སེམས་ཆུང་། །མུན་དང་ལྐོག་ཏུ་སྐྱེ་བོ་ལ། །གར་དབེན་འཕྲད་པར་འདོད་སྤྱོད་ཅིང་། །འདོད་ཆགས་དགའ་ལམ་དེ་དག་ལ། །ཚིག་རྣམས་གསང་བ་སྨྲ་བྱེད་པ། །འཇིག་རྟེན་འདོད་པ་དགའ་རྣམས་ཕྱིར། །གལ་ཏེ་རྨོངས་པས་བྱིན་ན་ནི། །རིམས་དང་ནད་ཀྱིས་སྲོག་བཅད་དེ། །བསྲེགས་དང་སྦྲེབས་པར་ཡུན་རིང་གནས། །གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་ལ་བཤད་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་འཚིག་པར་འགྱུར། །ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །ངན་སོང་བསྐལ་པར་ལྟུང་བར་འགྱུར། །དེ་བས་རྡོ་རྗེ་གསང་མཆོག་འདི། །ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཡིས། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་ཤིན་ཏུ་གསང་། །ཐེག་པ་དམན་དང་ཕྱིན་ཅི་ལོག །དེ་ལ་གསང་བ་བསྟན་གྱུར་ན། །རང་བཞིན་གསང་དོན་མི་ཤེས་པར། །འཕྲལ་གྱི་སྤྱོད་ཡུལ་དེ་དག་ལ། །ཤིན་ཏུ་ངེས་པའི་དོན་བཟུང་ནས། །མ་རྟོགས་དེ་ཉིད་དམྱལ་བར་འགྲོ། །དཔེར་ན་གཙུབས་ཤིང་མེས་གཙུབས་ན། །གཙུབས་ཤིང་ཉིད་ཀྱང་འཚིགས་པར་འགྱུར། །གཞན་ཡང་འཚིག་པར་འགྱུར་བ་བཞིན། །ཆོས་དོན་བཟང་པོ་དེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །གསང་ཐོས་མ་རྟོགས་སྡུག་བསྔལ་མྱོང་། །དམ་ཅན་རྡོ་རྗེ་མཁའ་འགྲོའི་ཚོགས། །བོས་པ་བཞིན་དུ་འདུས་གྱུར་ནས། །ཤ་ཁྲག་ཟོས་ཏེ་སྡུག་བསྔལ་འགྱུར། །དེ་བས་རབ་ཏུ་གསང་བར་བྱ། ༈ །ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་བཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཤེས་རབ་རྒྱ་ཆེ་བློ་ཡངས་པའི། །བློ་བརྟན་སྙིང་རྗེ་དད་ལྡན་དང་། །རང་བཞིན་ངང་ཚུལ་བཟང་ལ་བསྟན། །གཞན་དུ་སྦྱིན་པར་བྱ་བ་མིན། ༈ །འདི་ལྟའི་མན་ངག་སྦྱིན་བྱེད་པའི། །བླ་མ་རྡོ་རྗེ་སྲོག་གྱུར་ཏེ། །གསུང་རབས་རྒྱ་མཚོ་མ་བཤད་ཀྱང་། །ནམ་ཞར་སྙིང་དུ་ནན་ཏན་བྱའོ། །འདི་ཐོབ་དེ་ཡི་རྒྱ་ཉམས་ན། །ནམ་ཞར་ཐར་པའི་ཁར་མི་འགྱུར། །གང་ཞིག་འདི་ལ་མོས་འགྱུར་པ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བསྐོར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །བདེར་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། ༈ །རྒྱུད་ལུང་མན་ངག་དོན་འདུས་པའི། །རྒྱལ་བ་མངོན་དུ་སྟོན་བྱེད་པ། །དུས་མཐའི་སྐད་ཅིག་དེ་ཉིད་ལ། །རང་བྱུང་ཡེ་ཤེས་མངོན་དུ་སྟོན། །བསྟན་པས་རྒྱལ་བའི་གྲལ་དུ་འཇོག །ཡེ་ཤེས་འཕྲུལ་གྱི་ལྡེ་མིག་གིས། །རྡོ་རྗེའི་ཐ་ཚིག་སྒོ་ཕྱེ་ནས། །ཡིད་བཞིན་རིན་ཆེན་གཏེར་ཕྱུང་བ། །སྐལ་ལྡན་མཆོག་གིས་སྤྱད་དུ་གསོལ། །ཁོང་ན་གནས་པའི་ཡང་ཁོང་དུ། །ལྕགས་ཀྱི་སྒྲོམ་བུ་ཁ་བསྡམ་མོ། །གནས་ནི་བྲག་དང་ཆུ་ལ་བཞག །སྲོག་བྲལ་ཁ་བཞིན་བསྡམ་པར་བྱ། །མན་ངག་གི་བཅུད་རྒྱལ་བའི་ཤུལ་རིག་འཛིན་རྣམས་ཀྱི་ཡུམ་རྣལ་འབྱོར་པའི་ལམ་མན་ངག་རྣམ་པར་བཀོད་པ་རྫོགས་སོ། །ཟ་ཧོར་གྱི་ཨིནྡྲ་བྷཱུ་ཏིའམ་སྐལ་ལྡན་རྒྱལ་པོ་ཛས་མཛད་པའོ། །གཉིས་ལ་མི་བསྟན། གཅིག་ལ་མི་ནུབ་བྱ། དགེའོ།། །།


previousམན་ངག་རྣམ་པར་བཀོད་པ། ཨིནྡྲ་བྷཱུ་ཏིའམ་སྐལ་ལྡན་རྒྱལ་པོ། next