Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྱུ་འཕྲུལ་དྲྭ་བའི་མན་ངག་རིམ་གསུམ་པ། པཎྜི་ཏ་བི་མ་ལ།
   
   
   
   
   


 
previousསྒྱུ་འཕྲུལ་དྲྭ་བའི་མན་ངག་རིམ་གསུམ་པ། པཎྜི་ཏ་བི་མ་ལ།next

སྒྱུ་འཕྲུལ་དྲྭ་བའི་མན་ངག་རིམ་གསུམ་པ། པཎྜི་ཏ་བི་མ་ལ།

སྒྱུ་འཕྲུལ་དྲྭ་བའི་མན་ངག་རིམ་གསུམ་པ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཞི་ལམ་འབྲས་བུར་བཅས་པའི་ཆོས། །དྲིས་ལན་དམ་བཅའ་མཐར་དབྱུང་བ། །ལུང་དང་མན་ངག་རིགས་སྒོ་ནས། །རྟོགས་པར་བྱ་ཕྱིར་རྣམ་བཤད་བྱ། །དང་པོ་རྣམ་པ་གཉིས་ཡིན་ཏེ། །ངོ་བོའི་གཞི་དང་བརྟགས་པའི་གཞི། །གཞི་ཡི་ངོ་བོའི་མཚན་ཉིད་དང་། །ངེས་ཚིག་དཔེ་ཡི་རྣམ་པ་དང་། །སྣང་ཚུལ་གཉེར་གྱིས་རྟོགས་པར་བྱ། །ངོ་བོ་ཐམས་ཅད་སེམས་ཉིད་དེ། །གསེར་གྱི་དཔེ་བཞིན་གཉིས་སུ་མེད། །མཚན་ཉིད་མཐའ་རྣམས་ཀུན་བྲལ་བའི། །ཅིར་ཡང་གཟུང་དུ་མེད་པའོ། །ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ནམ་མཁའ་རྒྱ་མཚོ་རིན་ཆེན་སོགས། །ཉེ་བའི་དཔེ་ཡིས་མཚོན་པའོ། །རྒྱུ་རྐྱེན་བྲལ་བའི་སྐད་ཅིག་མ། །རང་སྣང་ཉིད་དུ་བྱུང་བའོ། །ལུང་དང་མན་ངག་གཉིས་དག་གིས། །བློ་གཏིང་ཡིད་ཆེས་འགྱུར་བར་བྱ། །བརྟགས་གཞི་གཉིས་སུ་བསྟན་པའི་ཆོས། །འཁོར་དང་མྱ་ངན་འདས་པར་གསུངས། །འཁོར་བའི་རྒྱུ་རྐྱེན་ངོ་བོ་དང་། །དཔེ་དང་མཚན་ཉིད་བྱེད་པོ་དང་། །འཁོར་ཚུལ་ཉེས་པ་དུས་རྣམས་སུ། །ངེས་པར་བསྟན་ཕྱིར་མགོན་པོས་བཤད། །འཁོར་བའི་འབྱུང་རྒྱུ་རྣམ་པ་བཞི། །རྒྱུད་མཚུངས་ཉེར་ལེན་ལྷན་ཅིག་པ། །བདེ་གཤེགས་སྙིང་པོ་མ་རིག་དང་། །རྣམ་སྨིན་བག་ཆགས་ཉོན་མོངས་སོ། །རྐྱེན་གཉིས་བསྟན་པ་ལས་གསུམ་དང་། །ཀུན་བརྟགས་མ་རིག་ཉོན་མོངས་ལྔ། །ངོ་བོ་སྣོད་བཅུད་འཇིག་རྟེན་གྱི། །སྣང་དང་ཞེན་པའི་ཆོས་རྣམས་སོ། །ཟོ་ཆུན་རྩྭ་སོགས་མེ་དཔེ་བཞིན། །ཀུན་ཏུ་འཁོར་ཞིང་མཆེད་པའོ། །འཇིག་དང་ཆགས་དང་སྟོང་དང་གནས། །སྐྱེ་རྒ་ན་འཆི་བཞི་ལྡན་བས། །མཚན་ཉིད་ཐེར་ཟུག་མ་ཡིན་པའོ། །རྒྱུན་དང་བཅས་པའི་སྐད་ཅིག་མ། །ལས་ཀྱི་བྱེད་པོར་བརྗོད་པ་ཡིན། །རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ། །ཕྱི་ནང་གཉིས་ཀར་འཁོར་བའོ། །འཕགས་ལམ་བྲལ་དང་སྡུག་བསྔལ་མྱོང་། །ཉེས་པ་རྣམ་པ་གཉིས་སུ་གསུངས། །ཐོག་མ་ཐ་མ་མེད་དུས་ནས། །ཡང་དག་དོན་ལ་རྟོག་པས་ཉམས། །མྱ་ངན་འདས་པའི་མཚན་ཉིད་དང་། །ངེས་ཚིག་རྣམ་གྲངས་གང་ལ་སྣང་། །མཚོན་དཔེ་མ་གྲུབ་ཚུལ་དོན་བསྟན། །ངོ་བོ་ཅི་བཞིན་ཀུན་སྣང་བས། །གཅིག་དང་དུ་མ་ལས་གྲོལ་ཏེ། །མཚན་ཉིད་བརྗོད་མཐའ་ཀུན་བྲལ་བའོ། །སྐྱེ་འཇིག་ཆོས་རྣམས་བྲལ་གྱུར་པས། །མྱ་ངན་འདས་པར་དེ་བརྗོད་དོ། །རྣམ་གྲངས་གཉིས་སུ་བརྗོད་པ་སྟེ། །ཐེག་པ་མཐོ་དམན་བྱེ་བྲག་གིས། །ཕྱོགས་གཅིག་པ་དང་མི་གནས་པའི། །མྱ་ངན་འདས་པར་བསྟན་པའོ། །མྱ་ངན་འདས་པའི་ངོ་བོ་ཉིད། །དེ་བཞིན་གཤེགས་ལ་སྣང་བ་དང་། །དེ་ཡི་སྤྲུལ་པ་རྒྱ་ཆེན་ཉིད། །གདུལ་བྱ་འཁྲུལ་ལ་སྣང་བའོ། །ཆུ་བོ་བརྒལ་བའི་གྲུ་བཞིན་ཏུ། །འཁོར་བའི་ཆུ་ལས་རྣམ་པར་བརྒལ། །བརྩོན་ར་ཐར་པ་ཇི་བཞིན་དུ། །འཆིང་བའི་བདུད་ལས་གྲོལ་བའོ། །གཞི་བོ་སེམས་ཉིད་མ་གྲུབ་པས། །སྤྲུལ་སྣང་ཆོས་ཀུན་མ་ངེས་པས། །ཅིར་ཡང་བཟུང་དུ་མེད་པའོ། །དབུ་མ་རྣམ་པ་གཉིས་ཡིན་ཏེ། །གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །དབུ་མའི་དང་པོ་ངོ་བོ་དང་། །རྐྱེན་དང་རྣམ་གྲངས་མཚོན་དཔེ་དང་། །བསླབ་ཚུལ་རིམ་པ་བསྟན་པ་དང་། །གོང་འོག་དགོས་པ་མཐར་ཕྱིན་སྤྱོད། །ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་བསྐྱེད་པ་བསྟན་པ་ཡིན། །ཚིག་དང་ཡི་གེའི་རྐྱེན་གཉིས་ལས། །བརྟེན་ནས་རྟོགས་པར་བྱེད་པ་ཡིན། །མཚན་མ་བསྒོམ་པའི་རིམ་པ་དང་། །དེ་བཞིན་ཉིད་དུ་བསྒོམ་པ་ཡི། །བྱེ་བྲག་རྣམ་པ་གཉིས་སུ་གསུངས། །ཁྲོན་པ་སྒྲོན་མེའི་དཔེ་བཞིན་དུ། །གྲོལ་བའི་ལམ་གིས་རྟོགས་པར་བྱ། །ཐུན་མོང་ལམ་ལྔར་བསླབ་པ་དང་། །ཁྱད་པར་སོ་སོའི་ལམ་བཞིན་བསླབ། །སྔོན་དུ་གོམས་པར་གང་བྱས་པ། །གོང་མ་གསལ་བར་འགྱུར་ཕྱིར་རོ། །ཐུན་མོང་ཁྱད་པར་གནས་སྐབས་ལམ། །ཏིང་འཛིན་དྲོད་ཚད་ཉམས་ལྡན་ན། །ལམ་བཟང་ཕྱིན་པ་ཞེས་སུ་བཤད། །ཏིང་འཛིན་ཁྱད་པར་འགྱུར་པའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །དབུ་མའི་ཐ་མ་བསྟན་པ་ནི། །རྣམ་གྲངས་གདམས་ངག་ཐབས་ཉིད་དེ། །རྟོགས་ཆུད་རྒྱུ་རྐྱེན་ལྡན་པ་ཡིས། །ཤུགས་ཀྱིས་སྣང་ཚུལ་གསེར་འགྱུར་བཞིན། །གདམས་ངག་སྟེང་དང་འོག་གི་སྒོ། །ཐིག་ལེ་བརྐྱང་བར་བཅས་པ་ཡིན། །ཐབས་རྣམས་སྔོན་དུ་གོམས་བྱས་པས། །དེ་བཞིན་ཉིད་དུ་འགྱུར་བྱེད་པ། །ཏིང་འཛིན་ཁྱད་འགྱུར་དབང་གི་རྒྱུ། །ཐབས་ཀྱི་རྒྱུ་རྐྱེན་ངོ་བོ་དང་། །ངེས་ཚིག་བསྐུར་བའི་རིམ་པ་དང་། །མཚོན་དཔེ་དགོས་པ་བསྟན་པའོ། །ཁྱད་པར་རྒྱུ་རྐྱེན་ལྔར་བཤད་དེ། །བླ་མའི་དགོངས་དང་རླུང་གི་དུས། །སྦྱོར་བའི་ཐབས་དང་བསོད་ནམས་ལས། །ཕྱག་རྒྱ་ཡོན་ཏན་ལྡན་གྱུར་པས། །དངོས་པོ་ལྷན་ཅིག་སྐྱེས་བ་མྱོང་། །དེ་ཕྱིར་ཐབས་སུ་བསྟན་པ་ཡི། །ངོ་བོ་ནུས་ཕན་གསང་བའི་ཆོས། །ཤེས་རབ་ཡེ་ཤེས་བདེ་ཆེན་པོ། །འཆིང་བའི་ལས་རྣམས་སྤྱོད་པ་ཡིས། །གྲོལ་བར་འགྱུར་ཕྱིར་མིང་དུ་བརྗོད། །དད་དང་བརྩོན་འགྲུས་གསུམ་དང་ལྡན། །བརྟུལ་ཤུགས་གསུམ་ལ་སྤྱོད་པ་ལ། །གོ་རིམ་ཚུལ་དུ་འཚམས་པར་ཕྱིན། །རྒྱལ་པོ་ཕྲུག་གུ་དུག་འགྱུར་བཞིན། །དབང་ཐབས་རྣམ་གཉིས་ཉམས་ལོན་བྱ། །རིམ་པ་དབང་གིས་བགྲོད་ཕྱིར་དང་། །ཐུན་མོང་ལམ་གྱི་ཁྱད་པར་གྱིས། །སྒོ་དབྱེ་ཐོབ་ཕྱིར་བསྟན་པ་ཡིན། །ཐ་མའི་དོན་ལ་ངོ་བོ་དང་། །མཚན་ཉིད་ཡོན་ཏན་བསྟན་པ་དང་། །མཛད་སྤྱོད་ཐུགས་རྗེའི་སྣང་ཚུལ་དང་། །གདུལ་བྱ་གཟིགས་ཚུལ་དོན་རྣམས་ཀྱིས། །འབྲས་བུའི་དོན་རྣམས་རྟོགས་པར་བྱ། །དང་པོ་སྐུ་གསུང་ཐུགས་རྣམས་དང་། །ཡོན་ཏན་ལས་ལྔར་བསྡུས་པ་ཡིན། །མཚན་ཉིད་བཞི་དང་ལྡན་པའི་ཕྱིར། །མ་ལུས་གཅིག་མིན་ཐ་དད་མིན། །འབྲས་བུའི་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་ལྟར་སྣང་བའོ། །འཕྲིན་ལས་བཞི་ཡི་མཛད་སྤྱོད་ཀྱིས། །བྱ་བྱེད་མེད་པར་དོན་རྣམས་རྫོགས། །ཐུགས་རྗེ་ཆེན་པོས་གདུལ་བྱ་ལ། །རྟག་རྒྱན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་འཕྲད་ནས་འབྱུང་བར་སྣང་། །ཉིད་ལས་མི་གཞན་དོན་ཉིད་ཀྱིས། །མེ་ལོང་ཚུལ་བཞིན་གཟིགས་པར་འགྱུར། །གཞི་ལམ་འབྲས་བུའི་ཤེས་བྱ་རྣམས། །བླ་མ་མཁས་ཉམས་ལྡན་པ་ལ། །དྲི་བ་དྲུག་གི་ཚུལ་ཉིད་ལས། །རྣམ་གསུམ་ཚུལ་གྱིས་ཞུ་བར་བྱ། །བླ་མ་མཁས་ལྡན་དེ་ཉིད་ཀྱིས། །བུ་རྣམས་མི་ཤེས་མདུད་དགྲོལ་ཕྱིར། །རྣམ་གསུམ་ལན་གདབ་གཞུང་ཉིད་ལས། །འགོ་གཅིག་རྣམ་དབྱེ་དྲི་ཚུལ་གྱིས། །ལན་གདབ་ཡིད་ཆེས་འགྱུར་བར་བྱ། །གལ་ཏེ་གཞུང་ལ་རྩོད་འགྱུར་ན། །དམ་བཅའ་བསྒྲུབས་ཏེ་དེ་ཉིད་ནི། །དཔེ་དོན་གཏན་ཚིགས་གསུམ་ལྡན་པས། །ཤེས་བྱ་དེ་ཉིད་མཐར་ཕྱིན་བྱ། །རྡོ་རྗེ་སེམས་དཔའི་དགོངས་བརྒྱུད་པ། །སྒྱུ་འཕྲུལ་དྲྭ་བའི་དོན་ཉིད་ལས། །རིམ་གསུམ་དོན་ཉིད་བསྡུས་པ་ཡི། །མ་ལུས་མངོན་པ་འཚང་རྒྱ་ཤོག །དེ་ལྟའི་དགེ་རྩ་ཅི་མཆིས་པ། །བདག་གི་རྒྱུད་ལ་ཡོངས་སྨིན་ཏེ། །བླ་མེད་བྱང་ཆུབ་ཐོབ་གྱུར་ནས། །མཐའ་ཡས་སེམས་ཅན་འདྲེན་པར་ཤོག །བདག་བློ་མུན་པར་འཁྱམས་པ་ཡི། །དགོངས་པ་ཉི་མའི་ཟེར་ཤར་བས། །ཉམས་དང་ལུང་ལ་བརྟེན་པ་ཡི། །བརྩམས་ནོངས་འཕགས་ལ་བཟོད་པར་གསོལ། །སྒྱུ་འཕྲུལ་དྲྭ་བའི་མན་ངག་རིམ་པ་གསུམ་པ་རྫོགས་སོ། །འཕན་ཡུལ་ཕྲབ་ཀྱི་བྲག་ཕུག་ཏུ་སློབ་དཔོན་བི་མ་ལས་མཛད་པ་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ། །དགེའོ།། །།


previousསྒྱུ་འཕྲུལ་དྲྭ་བའི་མན་ངག་རིམ་གསུམ་པ། པཎྜི་ཏ་བི་མ་ལ།next