Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
སྒྱུ་འཕྲུལ་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་དེ་ཉིད་ལས་སྣང་བ་དམ་པ། སློབ་དཔོན་སངས་རྒྱས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྱུ་འཕྲུལ་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་དེ་ཉིད་ལས་སྣང་བ་དམ་པ། སློབ་དཔོན་སངས་རྒྱས།next

སྒྱུ་འཕྲུལ་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་དེ་ཉིད་ལས་སྣང་བ་དམ་པ། སློབ་དཔོན་སངས་རྒྱས།

སྒྱུ་འཕྲུལ་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་དེ་ཉིད་ལས་སྣང་བ་དམ་པ་བརྒྱན་ཞེས་བྱ་བ་བཞུགས་སོ། །ཐམས་ཅད་ངོ་བོ་མཉམ་ཉིད་སྐུ། །བདེ་ཆེན་གར་དབང་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོ་ཡི། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་དག་ལས། །ལྷ་ཡི་རྣལ་འབྱོར་རིམ་པ་ཞིག །སེམས་ཅན་ཡེ་ཤེས་བསྐྱེད་པའི་ཕྱིར། །ལེགས་པར་བསྡུས་ཏེ་བསྟན་པར་བྱ། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པ། །ཉན་པ་ལ་སོགས་བཙོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཡི་གེ་སྒྲས་བརྟགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པའི་རྡོ་རྗེའི་ཐུགས་ལ་གནས། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཀུན་གྱི་ཕྱག་རྒྱ་ཆེན་པོ་མཆོག །ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུངས། །སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེག་དང་སྦྲེབ་ལ་ཡུན་རིང་གནས། ༈ །གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བརྟུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །དུར་ཁྲོད་ཆེན་པོ་རབ་དབེན་པའི། །རི་བོས་བསྐོར་མའི་ལྕུག་མ་དང་། །མེ་ཏོག་འཕྲེང་བས་བརྒྱན་པའམ། །བདེ་བའི་གནས་སུ་འདུག་ནས་ནི། །འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་ཡིས། །ང་རྒྱལ་བསྟན་པའི་ཕྱིར། སྒྱུ་འཕྲུལ་དྲ་བའི་ཏིང་འཛིན་བསྟན། །ཨེ་མའོ་ངོ་མཚར་རྨད་ཀྱིས་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་པར་བྱ། །ངེས་པ་ལ་ནི་རྡོ་རྗེ་ཆེ། །དེ་ལས་དཔལ་ཆེན་ཧེ་རུ་ཀ །འབར་བ་ཆེན་པོའི་གར་དགུ་ཡི། །འཇིག་པ་ཡི་ནི་དུས་ལྟར་དྲག །བྷྲཱུྃ་བི་ཤྭ་གི་ཤུདྡྷེ། དུར་ཁྲོད་ཆེན་པོ་རབ་འཇིགས་པ། །ཁྲག་གི་རྒྱ་མཚོ་འཁྲུག་པའི་དཀྱིལ། །ཀེང་རུས་ཆེན་པོའི་རི་རབ་ཀྱི། །སྟེང་གི་འབར་བའི་ཀློང་དཀྱིལ་ན། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པ། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞིས་ནི་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མོངས། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །འབར་བའི་འཕྲེང་བ་མང་པོ་འཁྲུག །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱིས་སྤར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་གཟུང་། །བདག་ཉིད་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱིས་དབྱིངས་ནས་ནི། །ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་ནས། །གཉིས་མེད་འཁྲིལ་བའི་དགྱེས་པས་ཐིམ། །བྱང་ཆུབ་སེམས་ཀྱི་སྤྲོས་པ་ལས། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བ ཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་དག །མཐའ་ཡས་ཁྱབ་པར་ཁྲོ་བོ་ཡི། །དཀྱིལ་འཁོར་སྟོང་གསུམ་འཇིག་རྟེན་ཙམ། །ཕྱོགས་བཅུའི་རྡུལ་རྙེད་འཐོན་པར་འགྱུར། །དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱིས། །བདག་པོ་དྲེགས་ཆེན་ཁྱོ་ཤུག་གི། །གདན་ལ་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་ཡང་། །དཔལ་ཆེན་ཁྲག་འཐུང་ཆེན་པོ་དང་། །རིན་པོ་ཆེ་དང་པདྨ་དང་། །ལས་སུ་གྱུར་ཏེ་ཕྱོགས་བཞིར་བཞུགས། །དེ་ཀུན་འཇིགས་བྱེད་ཆེན་པོ་ཡི། །ཆ་ལུགས་རྔམས་པའི་ང་རོ་དང་། །འབར་བའི་ཀློང་ན་དབུ་གསུམ་པ། །ཕྱག་དྲུག་ཞབས་བཞིས་དྲི་ཟ་དང་། །གནོད་སྦྱིན་སྲིན་པོ་གཤིན་རྗེ་ཀླུ། །སོགས་པའི་ཁྱོ་ཤུག་གདན་ལ་བཞུགས། །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས། །སོ་སོའི་སྐུ་ལ་འཁྲིལ་ཏེ་བཞུགས། །དེ་ནས་དགྱེས་ཏེ་ཧ་བརྗོད་པས། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལ། །དཀར་མོའི་ཚོགས་དང་རྐུན་མོ་དང་། །རྨོངས་མོ་དང་ནི་ཐལ་བྱེད་མོ། །སྦེས་མོ་དང་ནི་གཏུམ་མོ་དང་། །དམེ་ཤ་ཅན་དང་མ་ཚོགས་མའི། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་རྔམས་འཐོན་ཏེ། །འབར་ཆེན་ཀློང་གི་ཤར་མཚམས་ནས། །འཁོར་བར་འཇིགས་པའི་གཟུགས་ཀྱིས་འཁོད། །དེ་ནས་དགྱེས་ཏེ་ཧ་བརྗོད་པས། །སེང་གདོང་ཆེན་མོའི་ཚོགས་རྣམས་དང་། །སྟག་གདོང་ཝ་དང་ཁྱི་དང་བཞད། །ཀང་ཀ་ཁྲ་དང་འུག་གདོང་མའི། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་དག་ཏུ་ཆས་ནས་ཐོན། །འབར་བ་ཆེན་པོའི་འཁོར་ལོ་ཡི། །ཕྱི་རོལ་ཤར་གྱི་ཕྱོགས་དག་ནས། །འཁོར་བར་རྔམས་པའི་མདངས་ཀྱིས་འཁོད། །དེ་ནས་དགྱེས་ཏེ་ཕཊ་བརྗོད་པས། །རྡོ་རྗེ་སྲིང་འགྲོ་མའི་ཚོགས་དང་། །གདོང་མོ་འཇིག་རྟེན་རོ་ལངས་མའི། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ཏེ་རྔམས་འཐོན་ནས། །དཀྱིལ་འཁོར་སྒོ་བཞིར་རྔམས་གཟུགས་ཅན། །དགྱེས་པའི་སྤྲིན་ལས་ཕྱོགས་བཅུ་ནས། །ཕཊ་ཅེས་བསྒྲགས་པས་ཕྱོགས་བཅུར་འཕྲོས། །དེ་ནས་དཔལ་ཆེན་ཁྲོ་བོའི་རིགས། །ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། །རང་གི་ངང་ཚུལ་དེ་བཟུང་ལ། །བསྐུལ་ཚིག་འདི་ཡང་རབ་ཏུ་བརྗོད། །ༀ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ནས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཐབས་དང་ཤེས་རབ་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་ལུས་རྟོག་སྦྱངས། །གསེར་ཞུན་ལྟ་བུའི་སེམས་དག་ལས། །གསུམ་གྱི་བྱིན་བརླབས་འོད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །ཧཱུཾ་ཧ་ཧེ་ཕཊ་ཅེས་བྱུང་ནས། །བྱང་ཆུབ་སེམས་སུ་གཅིག་པར་ཐིམ། །དེ་ནས་སྙིང་པོ་དྲན་ཙམ་གྱིས། །གསུང་གི་ཕྱག་རྒྱ་གཉིས་རྫོགས་ནས། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །ཐུགས་ཀྱི་ཕྱག་རྒྱ་རབ་ཏུ་འབར། །དེ་ནས་ཕྲ་མོའི་སྐུ་སྤྲོ་བསྡུས། །ཕྱག་རྒྱ་ཆེན་པོའི་སྐུ་གཉིས་རྫོགས། །ༀ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ༴ ༀ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲི་ཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐ་གཱ་ཏ་མ་ཧཱ་པཱུ་ཙ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རྡོ་རྗེ་པདྨ་བྱིན་བརླབས་པ། །ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། །པཾ་ལས་པདྨར་གྱུར་པའི་དབུས། །མ་ལས་ཉི་མའི་དཀྱིལ་འཁོར་བསམ། །ཤ་ཏ་པ་ལ་སོགས་པ་ཡི། །བསྐུལ་བ་དག་ཀྱང་ཚུལ་བཞིན་བྱ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །དེ་ནས་དཀྱིལ་འཁོར་གསལ་བར་དགོད། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུ ཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ༀ་མ་ཧཱ་སཱུརྻ་རཏྣ་མ་ཧཱ་ཀྲོ་དྷེ་ཤྭ་རི་བི་ད་མ་ཧཱུཾ་ཕཊ། ༀ་ཧྲཱི་ཤུ་ཏ་ས་མ་ཏ་པདྨ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཁཱ་ཧི་ཧཱུྃ་ཕཊ། ༀ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷེ་ཤྭ་རི་བ་ཤྭ་ཧཱུྃ་ཕཊ། ༀ་བཛྲ་ག་རཱི་ཧཿ ༀ་བཛྲ་ཙ་རི་ཧཿ ༀ་བཛྲ་པྲ་མོ་ཧེ་ཧཿ ༀ་བཛྲ་བེ་ཏ་ལཱི་ཧཿ ༀ་བཛྲ་པུཀྐ་སཱི་ཧཿ ༀ་བཛྲ་གྷ སྨ་རི་ཧཿ ༀ་བཛྲ་སྨ་ཤ་ནཱི་ཧཿ ༀ་བཛྲ་ཙཎྜ་ལཱི་ཧཿ ༀ་བཛྲ་སེདྡྷ་མུ་ཁཱི་ཧེཿ ༀ་བཛྲ་བྱ་གྷྲྀ་མུ་ཁཱི་ཧེཿ ༀ་བཛྲ་ཤྲཱི་གཱ་ལ་མུ་ཁཱི་ཧེ། ༀ་བཛྲ་ཤྭ་ན་མུ་ཁཱི་ཧེ། ༀ་བཛྲ་གྷྲྀ་དྷྲ་མུ་ཁཱི་ཧེ། ༀ་བཛྲ་ཀང་ཀ་མུ་ཁཱི་ཧེ། ༀ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ༀ་བཛྲ་ཨུ་མཱུ་ཀ་མུ་ཁཱི་ཧེ། ༀ་བཛྲ་ཨཱརྻ་ཏེ་ཛ་ཏི ང་ང་ཛཿ ༀ་བཛྲ་ཨ་མུ་ཁེ་ཧཱུཾ། ༀ་བཛྲ་ལོ་ཀ་བཾ། ༀ་བཛྲ་བྷ་སྨི་པ་ལ་ཡ་བ་ཏུ་ཧོཿ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་༧ ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་པ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡིན། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ༀ་རུ་ལུ་རུ་ལུ་ཧཱུཾ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུཾ་བཾ་ཧོཿརཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ༀ། ཁྲོ་ལ་ཁྲོས་པ་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་རྩོལ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཨ་ལི། ཨུ་ལི། ཏཱ་ལི། ཏ་པཱ་ལི་དཾཥྛ་གོ་ན་ར་དྲི་ཁ་རཾ་ཡོ་གི་ནི་ཁཱ་ཧི་ཧོཿ ཧཱུྃ་ཧ་ཧེ་ཕཊ་བྷྱོ། སྨུག་ནག་སྔོ་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་གཟུགས། །དབུ་གསུམ་ཕྱག་དྲུག་ཞལ་བཞི་བགྲད། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོག །སྦྲུལ་དང་ཐོད་ཕྲེང་ཉི་ཟླས་བརྗིད། །སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །རལ་གྲི་སྒྲ་སྟ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་ཏེ། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞིའི་ཕྱག་རྒྱས་རབ་མཛེས་ཤིང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་ན་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །དེ་ལྟར་དཀྱིལ་འཁོར་གསལ་བཀོད་ནས། །མཐའ་དབུས་མེད་པར་ཁྱབ་པ་ཡི། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབར་བའི་དཀྱིལ་འཁོར་གསལ་བར་སྣང་། །ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་པ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ། །ཧོཿ ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །སྟུག་ཆེན་རི་རབ་འབུམ་སྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། །ཧོཿ ཧཱུཾ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། །ཧོཿ ཧཱུཾ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ། །ཧོཿ ཧཱུཾ། བདུད་ཀུན་གྱི་ནི་བདག་ཆེན་པོ། །བདུད་ཀྱིས་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིག་བྱེད་པ། །འཇིག་བྱེད་ཆེན་པོ་ཐིག་ལེ་ཆེ། །ཧོཿ ཧཱུཾ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་བདུན་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ། །ཧོཿ ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱི། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ། །ཕོ་ཉ་ཕྱག་ཉན་བཀའ་ཉན་སོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱིས། །དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །དེ་ནས་དཀྱིལ་འཁོར་ཐམས་ཅད་ཀུན། །རང་གི་སྙིང་གར་བསྡུ་བ་ནི། །ཧཱུྃ་ཧཱུྃ་ཞེས་ནི་རབ་བརྗོད་པས། །འདུས་པ་དེ་ནས་ཅི་བདེར་སྤྱོད། །དེ་ལྟར་དཀྱིལ་འཁོར་བསྡུས་ནས་ཀྱང་། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡི། །སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཕུང་པོ་ལྔ་ཉིད་ཁྲོ་རྒྱལ་གཙོ། །ཆེན་པོ་ལྔ་ཉིད་དབང་ཕྱུག་ཡུམ། །སྐྱེ་མཆེད་ཁམས་རྣམས་མང་པོ་དང་། །ཐུགས་རྗེ་རྔམ་པའི་དཀྱིལ་འཁོར་ཚོགས། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡི། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡིན། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བ། །དབང་བསྒྱུར་མཆོག་ཉིད་དམ་པ་ཡིན། །སྒྲུབ་པའི་ཐབས་འདི་བསྡུས་པ་ཡིས། །བསོད་ནམས་བདག་གིས་གང་ཐོབ་པ། །དཔལ་ཆེན་ཀུན་བཟང་སྐུ་གསུང་ཐུགས། །སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །དེ་ཁོ་ན་ཉིད་སྣང་བ་དམ་པ་རྒྱན་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ། །མངྒ་ལཾ། །དགེའོ།། །།


previousསྒྱུ་འཕྲུལ་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་དེ་ཉིད་ལས་སྣང་བ་དམ་པ། སློབ་དཔོན་སངས་རྒྱས།next