Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
སྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ། next

སྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ།

སྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ་ཐུགས་ཀྱི་སྒྲུབ་པ་བཞུགས་སོ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྐྱེ་བ་རྣམ་དག་འདི་ཉིད་ཀྱིས། །དབང་བསྒྱུར་དེ་ཚེ་ཐོབ་བྱའི་ཕྱིར། །བསྙེན་པ་དང་ནི་ཉེ་བསྙེན་པ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །དཀྱིལ་འཁོར་བདུན་པ་ལ་བརྟེན་ཏེ། །དུས་ཚོགས་སྒྲུབ་པའི་མཆོག་ཉིད་འདི། །དང་པོ་འཇིགས་བྱེད་རོལ་པ་ཡི། །དབང་ཐོབ་བརྟགས་པའི་རྒྱལ་སྲས་ལ། །བརྒྱུད་པའི་ཆུ་བོ་བསྟིམ་བྱས་ཏེ། །བློ་ལ་ངེས་པའི་ལུང་དུ་བསྟན། །གཞན་དུ་ནམ་ཡང་མི་བརྟན་ཅིང་། །གཞོན་དང་སྤྱད་དང་ཚོང་ལ་སོགས། །ལོངས་སྤྱོད་རྣམ་པ་འབྱོར་པ་དང་། །རྫས་ཀྱི་ནོར་ཕྱིར་མ་ཡིན་ནོ། །རྨོངས་ལ་འཕྱར་དང་བརྩོན་འགྲུས་ཞན། །ནམ་ཡང་སྦྱིན་པར་མ་གསུངས་ཏེ། །སྨད་པ་བམ་གྱི་གཏེར་བཞིན་དུ། །སུས་ཀྱང་འབྱིན་པ་མ་གསུངས་ལ། །སྲོག་ཆགས་ཁ་ཡི་གཏམ་བཞིན་དུ། །ནམ་ཡང་སྨྲ་བར་མི་བྱའོ། །གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །དང་པོར་དམ་མནོས་བཞིན་དུ་བྱ། །ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡི། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ནས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཕུན་སུམ་ཚོགས་པ་ལྔར་ལྡན་པས། །འདི་འཆང་གླུ་གར་ཕྱག་རྒྱ་དང་། །ཀིང་དང་བྱ་རོག་སྤྱན་པ་དང་། །རྡུལ་ཕྱགས་ལ་སོགས་ཡོན་ཏན་ལྡན། །བཟའ་དང་བཅའ་དང་བཏུང་བགོ་བགོ། །ལོངས་སྤྱོད་ལྔ་གཉིས་ལྡན་པ་ཡི། །མདོར་ན་ཚོགས་རྣམས་མངོན་དུ་བསྒྲུབ། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །རྡོ་རྗེ་དུང་ཆེན་དམར་རྩིས་གང་། །དུང་དང་སྲོག་ཤིང་གསར་རྙིང་དང་། །རྒྱལ་མཚན་གསང་བའི་ཏོག་ལྡན་པ། །རྒྱན་བཏགས་བཅོ་བརྒྱད་འབར་བ་དང་། །རོལ་མོའི་བྱེ་བྲག་ཚང་བ་དང་། །སྨན་དང་སྨན་པར་བཅས་པ་དང་། །རྒྱལ་པོ་འབྲུ་དང་དུང་ཆེན་རྒྱུ། །གངས་ཆུ་བཛྲ་ཀཱི་ལ་ཡ། །ཚོགས་ཀྱི་མཆོག་ཏུ་དམིགས་བསལ་བཞག །ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །བསྒྲུབ་པ་ཉི་ཟླའི་སྙིང་པོ་དེ། །འགྲོ་དྲུག་དུས་གནས་དེ་དག་སྣང་། །མཆོད་པ་ཆེན་པོ་མཉམ་སྦྱོར་ཞིང་། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། །མཁའ་འགྲོ་གསལ་བར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞིང་གྱུར་མཆོག་དང་མཆོག་དམན་རྣམས། །ཉི་ཟླའི་སྟེང་དུ་མཁས་པས་བཞག །མཚམས་བཅད་བསྒྲལ་བའི་རིམ་པ་བཞིན། །ཨེ་མ་མ་ཊི་ཇི་བཞིན་པས། །ང་རྒྱལ་ལག་གི་འདུ་བྱེད་སྒོམ། །ཧཱུཾ་དུ་གྱུར་པས་རྣམ་པར་དག །དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །སྨོན་ལམ་བྱང་ཆུབ་ལམ་དུ་གཞུག །སྨོན་ལམ་གནས་སུ་ཐེ་ཚོམ་མེད། །གླུ་བྲོས་སྦྱངས་ཏེ་ཆར་ཕབ་ནས། །དངོས་ཀྱང་བསྔོ་བ་དག་པར་བྱ། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །གཉི་གར་རྣམ་བཞི་དག་པས་ན། །སྦྱོར་གྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་བྱ་ཙམ་ཡང་བྱས་པ་མེད། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །དྲུག་ཅུ་དགུ་བཅུ་རྩ་དྲུག་ཏུ། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྒོམ། །འཇིགས་བྱེད་ཚོགས་ལ་བདག་ལུས་འབུལ། །དེ་ཉིད་དཀྱིིལ་འཁོར་ཉིད་དུ་བརྟག །རྫས་དང་ས་གཞི་བརྟགས་ནས་ནི། །སོ་སོར་བྱིན་བརླབ་ཚུལ་བཞིན་བྱ། །གཙུག་ཏོར་བསྒྱུར་བའི་སྙིང་པོ་དང་། །གསུམ་དང་ཚོགས་པས་གདབ་པ་དང་། །ཡོན་ཏན་སྙིང་པོས་བྱ་བ་དང་། །ཛ་གད་ཀ་པཱ་ལ་དེ་བཞིན། །རྒྱན་དང་སྒྲུབ་པ་ཚུལ་བཞིན་བྱ། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ། །གདེངས་དང་བཅས་པའི་བསམ་པ་ཡི། །རེ་བ་མེད་པར་རབ་བསྒྲུབ་ཕྱིར། །དང་པོར་མཆོད་སྦྱིན་དམ་པས་མཚད། །ས་གཞི་རབ་ཏུ་མཉམ་པ་དེར། །རྒྱང་གྲགས་དཔག་ཚད་ལ་སོགས་པ། །ལུས་གང་ལུས་དོ་གསུམ་གྱི་ཚད། །ཉི་ཤུ་རྩ་ལྔས་རབ་མཉམས་པའམ། །དུར་ཁྲོད་ཆག་ཆག་ལྡན་པ་དེར། །ཐིག་གདབ་རྒྱལ་པོས་བྱིན་བརླབས་བཞི། །ལྡན་པས་བ་སུ་ཐིག་གིས་དྲང་། །སྲོག་དང་ལྡན་པའི་ཁ་དོག་ལྔས། །ཕྱག་རྒྱ་གཟུངས་དང་སྙིང་པོ་ལྔ། །ལྔ་ཡི་ཚོན་གྱིས་སྲོག་ལྡན་བྲི། །གསང་བའི་དོན་གྱིས་ལས་བྱོས་ཤིག །ཕྱོགས་མཚམས་བར་ཆད་གདུལ་བའི་ཕྱིར། །ཐམས་ཅད་རྡོ་རྗེ་བྲག་སྟེངས་སུ། །ཁྲོ་བོ་མང་པོ་བཀྲམ་ནས་ནི། །མེ་རི་དཀྱིལ་འཁོར་རབ་ཏུ་འབར། །ཕྱི་རོལ་དམ་སྲི་ཆོས་རྒྱལ་ལས། །རྫོགས་བྱས་བདུད་རྩི་གསང་སྔགས་ལྡན། །སྲོག་དང་ལྡན་བརྗོད་ཀློག་བཞིན་འབྱོར། །གཟུགས་དང་ལུགས་ཆེན་དུང་མཆོག་སོགས། །ཅི་འདོད་སྣང་བ་བདག་གིས་དགོད། །གནས་དང་ཟླ་དང་རྫས་རྣམས་ནི། །བར་གསང་ལྡན་པས་མཆོག་ཏུ་བཞག །མིག་གི་རྟེན་ཡང་ལེགས་པར་བྲི། །གསོལ་བའི་སྣོད་མཆོག་ཚུལ་བཞིན་བཞག །གདན་གྲལ་བྱེད་པས་མངའ་གསོལ་ཏེ། །སྔོན་གྱི་བྱིན་དང་ལྡན་པས་ཀྱང་། །བདག་དོན་གཉིས་པ་ཐོབ་པར་བྱ། །དུར་ཁྲོད་བདག་པོ་བསྡུས་མནན་ཏེ། །ཤེས་པ་བྱང་ཆུབ་བསྲུང་བའི་ལྟ། །ཁོག་པར་རང་བཞིན་དུར་ཁྲོད་གནས། །གཞི་ཕྱིར་ཞུགས་ཏེ་བརྟེན་དུ་བྱ། །སྡོམ་པ་ཉི་ཤུ་ལྡན་པ་ཡི། །ལྷག་པར་མཚན་ནས་རྫས་རྡུལ་མེད། །ཉེ་བར་བསྙེན་པའི་དབང་ཐོབ་ནས། །རྟག་པ་རྣམ་གསུམ་ལུང་དང་སྦྱར། །འབྲས་བུའི་ས་ལྔ་གོམས་བྱས་ཏེ། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས། །ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ལ། །གསང་སྔགས་སྤྱི་ཡི་དཀྱིལ་འཁོར་ལས། །ཤེས་འཇུག་ཡུམ་གྱི་དཀྱིལ་འཁོར་སྒོམ། །རང་གི་རིག་པས་ཅི་ནུས་པར། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་སྒོམ། །འཇིགས་བྱེད་དབང་དུ་བདག་ཞུགས་ནས། །ཁྲོ་མོ་ཇི་སྙེད་འཁོར་དུ་བྱ། །རྒྱན་དང་ཆ་ལུགས་ལ་སོགས་པ། །འཇགས་པའི་ཚོགས་ནི་ཇི་བཞིན་པར། །ཚ་རྔམ་ཆེན་པོའི་ཆ་ལུགས་བསྒོམ། །སྤྱིའམ་ཡང་ན་རེ་རེར་ནི། །ཚོམ་བུ་གང་གི་ལྷ་རྣམས་བསྒོམ། །གསང་བའི་སྙིང་པོ་ཉི་བཤམས་ཏེ། །འདས་པ་དག་ཏུ་མཉམ་སྦྱར་ཞིང་། །བྱིན་བརླབས་དབང་གིས་མཛེས་པར་བྱ། །ཐུགས་ཀྱི་སྔགས་ཀྱིས་སྤྱན་དྲངས་ནས། །དེར་བསྐུལ་མཆོད་བསྟོད་ཚུལ་བཞིན་བྱ། །བདག་གིས་ལུས་ལ་ཞུགས་ཚུལ་དུ། །དེ་ཡི་གཟུངས་བཟུང་མཆོག་ཏུ་བསྟིམ། །བརྟན་ནས་གནས་ལ་ཕབ་བྱས་ཏེ། །དམ་ཚིག་བརྟན་ཅིང་ཟིལ་མནན་སྡུད། །ཕྱག་འཚལ་དམ་ཚིག་མཆོད་པ་བྱ། །ཏིང་འཛིན་རྫས་རྣམས་མཉེས་བྱས་ཏེ། །འདོད་དོན་གསོལ་བ་ཚུལ་བཞིན་བྱ། །གླུ་དྲུག་འཕྲིན་ལས་སྔོན་བཞིན་དུ། །དབྱངས་དྲུག་བླངས་པས་དོན་གྲུབ་གསལ། །སྐུ་གསུང་ཐུགས་ཀྱི་བསྙེན་པ་ནི། །རྣལ་འབྱོར་ཕྲ་མོ་སྦྱངས་པས་བྱ། །ཡུམ་གྱི་མཁའ་ལ་དངོས་གྲུབ་བླང་། །ཕྱི་ནང་གསང་བའི་འཕྲོ་འདུ་ནི། །རྣམ་གསུམ་ཚུལ་དུ་སྲོག་དང་ལྡན། །འབྲུ་བརྒྱད་དོན་ནི་མཁའ་ལས་ཤེས། །བར་ཆད་ཏིང་འཛིན་མཆོག་གི་བཟློག །སྤྱོད་ལམ་གདན་སོགས་བསྲུང་བ་བྱ། །གོས་རྒྱན་བཟའ་བཏུང་གླུ་དང་ཚིག །ཧཱུཾ་དུ་ཤེས་པས་སྤྱད་པར་བྱ། །འཇིགས་བྱེད་ཆེན་པོའི་ཏིང་འཛིན་དང་། །ཉམས་པ་མེད་པའི་སེམས་ཀྱི་སྤྱད། །བྲོ་གར་སྐབས་སུ་བཞི་ཕྱིར་བྱ། །བར་ཆད་མེད་པས་སྔོན་བཞིན་བསྒྲུབ། །ཞག་གྲངས་ཚང་ཞིང་རྟགས་བྱུང་ན། །དཀྱིལ་འཁོར་མཐུན་པ་ཉིད་དུ་སྦྱར། །གཟུགས་སྒྲ་དྲི་འོད་དུ་བ་དང་། །འཛུམ་གཡོ་སྟོན་དང་འོད་ཟེར་འཕྲོ། །འཕར་འཁོར་འབར་དང་མཚན་མ་རྣམས། །ཉམས་ཀྱི་ཕྱག་རྒྱ་རང་དོན་སད། །ཕྱེད་པས་བཟློག་དང་སྦོགས་པར་བྱ། །ཨིནྡྲ་བྷཱུ་ཏི་ཀུ་ཀུ་ར་ཛ་བཞིན། །དངོས་གྲུབ་མཆོག་ཤེས་བླང་བར་བྱ། །བརྒྱན་པ་སྒེག་པ་ཕོ་ཉ་དང་། །ཚངས་པ་དབང་པོ་འདོད་དབང་དང་། །མདོར་ན་བཅུ་གཉིས་གླིང་གི་བདག །དྲག་ཤུལ་མཐུ་ཡི་དྲེགས་པ་ཅན། །དངངས་ཤིང་བརྒྱལ་ཏེ་བློ་སྟོར་ནས། །བུམ་པ་བཟང་པོ་འབུལ་བར་འགྱུར། །ལྷ་མོ་ཀླུ་མོ་བརྒྱན་པ་དང་། །རྟ་དང་གླང་པོ་བཞོན་པ་དང་། །གནས་དང་གཏེར་དང་བགོ་བ་དང་། །གཙུག་ན་ནོར་བུ་ཡོད་པ་དང་། །ཅི་འདོད་ཡིད་ལ་བསམས་པ་འབུལ། །དེ་ལ་བྲན་བཞིན་བྱེད་པ་འགྱུར། །དེ་ཡི་དགོས་པ་ཐམས་ཅད་ནི། །མ་ལུས་ཀུན་རྫོགས་འགྲུབ་པར་འགྱུར། །དེ་འདྲའི་མཚན་མ་མཐོང་གྱུར་ན། །རྡོ་རྗེ་བླ་མའི་ངག་བཞིན་བྱ། །དངོས་སུ་ཕན་གནོད་བཟློག་བྱང་བྱ། །ལྷ་དང་རྫས་དང་ཡོ་བྱད་ལྔའི། །གྲུབ་པ་ཚུལ་བཞིན་བསྡུ་བྱ་སྟེ། །མཐིང་ནག་འབར་བའི་ཡིག་འབྲུ་ནི། །ཁྱུང་ཆེན་ལྡིང་ཙམ་མཚོ་སེར་བཞིན། །བསྟིམས་སོགས་ཏིང་འཛིན་ལྡན་པར་བྱ། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །དཀྱིལ་འཁོར་མ་ལུས་འབར་བར་འགྱུར། །ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། །རྡོ་རྗེ་རིགས་སུ་སྐྱེ་བའི་གནས། །མི་གནས་ནམ་མཁའི་མཐའ་ཀླས་པར། །གོམས་པར་འདོད་པས་འགྲོ་བ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །བསྲེག་བྱ་འབར་བའི་དབུས་གནས་དང་། །ཚ་བ་རླུང་གིས་བཏེག་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་འགྱུར། །ལུས་དང་ཕུང་པོར་བཅས་པ་ཡི། །ཚེ་ལ་དབང་བའི་རིག་འཛིན་འགྲུབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ལུས་མ་སྤངས་པར་རིག་འཛིན་པ། །ཡུན་རིང་ཆོས་ཀྱི་བདེ་སྤྱད་ནས། །བླ་མེད་རྡོ་རྗེ་སེམས་དཔའི་ས། །དཔེ་བྱད་མཚན་གྱི་རྣམ་པར་བརྒྱན། །མངོན་ཤེས་དྲུག་ལྡན་ཐམས་ཅད་མཁྱེན། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །སངས་རྒྱས་ཞིང་ལ་དབང་སྒྱུར་ཞིང་། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །འབྲས་བུ་མངོན་དུ་མ་བྱུང་ཡང་། །ལུས་ངག་ཡིད་ལ་དབང་ཐོབ་ནས། །སངས་རྒྱས་འབྱུང་དང་བསྐལ་མཉམ་འགྱུར། །ཁྱུང་དང་སེང་ཕྲུག་ཇི་ལྟ་བར། །རྣམ་སྨིན་རིགས་སུ་ཐེ་ཚོམ་མེད། །ཀུན་ཀྱང་འགྲོ་བའི་དོན་དུ་བསྔོ། །སྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ་ཐུགས་ཀྱི་སྒྲུབ་པ་རྫོགས་སོ། །དགེའོ།། །།


previousསྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ། next