Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
མན་ངག་གསལ་སྒྲོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམན་ངག་གསལ་སྒྲོན། next

མན་ངག་གསལ་སྒྲོན།

མན་ངག་གསལ་སྒྲོན་བཞུགས་སོ། །རྡོ་རྗེ་སེམས་དཔལ་ཕྱག་བཙལ་ནས། །རང་གི་ལས་དང་བླ་མ་ཡི། །མན་ངག་ཐོབ་དང་རྟོགས་པའི། །ནུས་པའི་ཤེས་སྟབས་ཅི་ཡོད་པ། །ནང་གི་ལིང་རྟོག་ཤེས་རབ་མིག །མདོངས་པའི་འགྲོ་རྣམས་སྒྲོལ་བྱའི་ཕྱིར། །སྒྱུ་འཕྲུལ་ཁོག་གཞུང་དབྱེ་བ་བརྩམ། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་དག་གི། །ཚིག་དོན་དགོངས་ཤུགས་བསྟན་པ་ཡང་། །ཡི་གེ་གབ་པས་མི་མངོན་པ། །བཞི་པོ་དངོས་པོ་ལུས་ཉིད་དང་། །དོན་དུ་གཉེར་བའི་ལམ་ཉིད་དང་། །མངོན་འགྱུར་འབྲས་བུ་ལུས་བཞག་པའོ། །བསྟན་ཆོས་ཐོག་མའི་མཚན་ཉིད་ནི། །འབྲུ་ལྔར་འདུས་པའི་ཐབས་ཆེན་པོ། །འགྲོ་བ་ཀུན་ལ་གནས་པའི་ཕྱིར། །རང་བཞིན་རྒྱུད་ཀྱི་ངོ་བོ་ལས། །འགྲོ་བ་རྣམས་ཀྱང་རྒྱུད་ཉིད་དེ། །གཞི་ཕྱིར་རྒྱུ་རུ་བསྟན་པ་ཡིན། །དེ་ཡང་ངོ་བོ་ངེས་ཚིག་དང་། །རྣམ་པར་དབྱེ་བ་གསུམ་དུ་འགྱུར། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །གསུང་ལྔ་ལ་སོགས་ལྷུན་གྲུབ་པ། །མཐའ་རྣམས་ཀུན་ལས་ཡོངས་གྲོལ་ཏེ། །ངོ་བོ་བཟུང་དུ་མེད་པ་ནི། །ནམ་མཁའི་ཆུ་སྐྱེས་ཇི་བཞིན་དེ། །ལུང་གི་ཚད་མར་གྱུར་པ་ནི། །རྒྱུ་བཞི་ཞེས་སུ་བསྟན་པའོ། །ཐམས་ཅད་རྫོགས་པའི་ངེས་ལུང་ནི། །རྒྱུད་གསུམ་ཚང་དང་དེས་འབྲེལ་པས། །རང་བཞིན་རྒྱུད་ཀྱི་མིང་དུ་གྲགས། །མཚན་བྱེད་རྒྱུད་ཀྱང་དེ་བཞིན་ནོ། །རིགས་དང་རིགས་སུ་ངེས་པའི་ས། །དབྱེ་བ་རྣམ་པ་གཉིས་སུ་གསུངས། །སེམས་ཅན་སྐད་ཅིག་ཤེས་པ་ཉིད། །བདེ་གཤེགས་འབྲས་བུ་སྙིང་པོའི་རྒྱུད། །ཡེ་ནས་ཡིན་ཕྱིར་རིགས་རྒྱུད་དེ། །ཆོས་ཉིད་རང་བཞིན་དཀྱིལ་འཁོར་ནི། །འགྲོ་རྣམས་ཀུན་ལ་ཁྱབ་ཕྱིར་རོ། །གཡོ་ལྡང་སྨོན་འཇུག་གནས་མཐར་ཕྱིན། །ངེས་སྐྱེས་ཕྱིར་མི་ལྡོག་པའི་ཕྱིར། །རིགས་སུ་ངེས་ཞེས་གྲགས་པ་ཡང་། །ངོ་བོའི་ཚུལ་ནས་རང་བཞིན་རྒྱུད། །དེ་ཡི་ངང་ལས་རྒྱུ་རྐྱེན་བདུན། །འཛོམ་པས་འཁོར་བར་སྣང་བ་ཡང་། །བྱེད་པོ་ཉེས་པའི་ཚུལ་དང་ཡང་། །ངོ་བོ་སྣོད་བཅུད་འཁོར་བའི་དུས། །ཡེ་ནས་ཆོས་ཀུན་སངས་རྒྱས་ཏེ། །རྒྱུད་བཞི་རང་བྱུང་ཡེ་ཤེས་པས། །རྒྱུའི་ངོ་བོ་གདོད་ནས་དག །མ་རིག་པ་ཉིད་ཡེ་ཤེས་ཕྱིར། །འཁོར་སྒྱུ་མ་བཅོས་རང་བཞིན་མཉམ། །འཕྲལ་དུ་ཆགས་སྡང་ཡེ་ཤེས་ལྟར། །ཡེ་ནས་མ་བཅོས་གསལ་བ་སྟེ། །ཉོན་མོངས་དྲང་ཕྱིར་སྐུ་གསུང་ཐུགས། །ཡིན་ཕྱིར་རྐྱེན་ཡང་སངས་རྒྱས་སོ། །རྒྱུ་རྐྱེན་འབྲས་བུའི་རང་བཞིན་པས། །མ་བྱས་འབྲས་བུ་སངས་རྒྱས་ཏེ། །རྡོ་རྗེ་ཕུང་སོགས་སངས་རྒྱས་པའི། །ཉི་མའི་སྙིང་པོས་མུན་པ་བཞིན། །རང་བཞིན་ངང་ལ་འཁོར་བ་མེད། །ལུས་བཞག་པར་མ་ལམ་རྐྱེན་དེ། །ལམ་གྱི་ངོ་བོ་སྣང་ལུགས་དང་། །དགོས་པ་ངེས་ཚིག་ཆེ་བ་དང་། །གཞུང་གི་རྣམ་དྲུག་བསྟན་པའོ། །མངོན་བྱེད་རྐྱེན་མི་རྣམ་པ་གསུམ། །ངོ་བོ་སེམས་ལྔ་སྐྱེས་པ་སྟེ། །མངོན་སུམ་སྣང་ཚུལ་དང་བའི་ཆུར། །ཉི་ཟླ་འཆར་བཞིན་སྐད་ཅིག་གིས། །བྱིན་རླབས་རིག་པ་སྣང་བ་དང་། །སྐལ་མེད་རྒྱུད་ནས་ཐུབ་པས་སྟོན། །ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས། །གདུལ་བྱ་གཉིས་ལ་རྒྱུད་པ་དང་། །མངོན་སུམ་སྒོ་ནས་བསྟན་པའི་ཕྱིར། །བྱིན་གྱིས་བརླབས་དང་ཚིག་གིས་བསྟན། །རྒྱུད་གསུམ་ཚང་དང་ཚིག་འབྲེལ་བས། །མཚོན་བྱེད་ཡི་གེའི་རྒྱུད་ཅེས་བྱ། །ཐུན་མོང་མ་ཡིན་དེས་རྒྱུད་ཕྱིར། །གཞན་ལས་གསང་བའི་ཆེ་བ་བརྒྱད། །རྒྱ་མཚོར་ཆུ་རླུང་ཀུན་འབབ་བཞིན། །ཐེག་པ་ཀུན་འདུས་ཡང་རྩེར་བསྟན། །གསང་བའི་སྙིང་པོ་ངེས་པ་འདི། །གསང་བ་ཀུན་གྱིས་བདག་ཉིད་ཕྱིར། །རྒྱུད་རྣམས་ཀུན་གྱི་རྒྱལ་པོའོ། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་བསྟན་ལ་ངེས་འབེབས་ཕྱིར། །བསྟན་པ་འབྱུང་གནས་ལུང་གིས་འགྲེལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །དགོངས་པའི་ཞེ་ཕུགས་གནག་པའོ། །ས་རྣམས་ཁྱད་པར་བགོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བས་ན། །འབྲས་བུ་རྣམས་ཀྱི་ཐུགས་སའོ། །བདེ་གཤེགས་དཀྱིལ་འཁོར་མ་ལུས་པ། །བརྙེས་ནས་སྐུ་ལྔ་རྫོགས་པས་ན། །ལྔ་པར་འདས་པ་གཤེགས་པའི་ཚུལ། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་བྱེད་ཕྱིར། །མ་འོངས་རྣལ་འབྱོར་རྣམས་ཀྱི་ལམ། །དེ་ཕྱིར་འབྲས་བུ་ངེས་འབྱུང་འདི། །ཐམས་ཅད་རྒྱུད་ལས་ཤིན་ཏུ་འཕགས། །གཞུང་གི་དབྱེ་བ་རྣམ་པ་གསུམ། །རབ་ལ་མཚན་དང་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དགྲོལ་བའོ། །རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་སྤྱི་ཡི། །ལག་གི་རྩ་བཞིན་དབུལ་ཞབས་རྟོགས། །བསྐལ་བ་ཅན་གྱི་ཆེད་ཕྱིར་རོ། །གྲངས་ཀ་འབྲིང་གི་དོན་བསྟན་པ། །གླེང་གཞི་བསླེང་དང་རྒྱུད་དོན་དང་། །དགོས་འབྲེལ་བསྟན་པ་དཔེ་རྣམས་དང་། །སྐབས་ཀྱི་དགོས་པ་རྫོགས་པར་འགྱུར། །གླེང་གཞི་བྱེད་པའི་ངོ་བོ་དང་། །དགོས་པ་བྱེད་པའི་དོན་ཉིད་ནི། །ཐུན་མོང་གླེང་གཞི་རྣམ་གཉིས་དང་། །ཐུན་མོང་མིན་པ་གསུམ་དུ་ཤེས། །གྲགས་པ་ཐུན་མོང་ངོ་བོ་ནི། །ཐུབ་དྲུག་སྟོན་པ་སྟོང་གསུམ་པ། །ཁྱད་པར་ཤཱཀྱ་ཐུབ་པ་ཉིད། །རྒྱལ་སྲིད་བཙན་མོ་འཁོར་སྤངས་ནས། །རབ་ཏུ་བྱུང་སོགས་མཛད་པ་ཡི། །རྒྱུ་ཡི་འཁོར་ལོ་བསྟན་པ་སྒྲོགས། །འགྲོ་དྲུག་འཁོར་དང་རྣམ་བཞི་སོགས། །ཤིན་ཏུ་བཀོད་པའི་དུས་སུ་གསུངས། །ཁྱད་པར་ཐུན་མོང་འདི་ཉིད་དུ། །སྟོན་གནས་དུས་འཁོར་སྡུད་བསྟོན་སོགས། །མཚན་ཉིད་གཉིས་ཀྱིས་དགྲོལ་འགྱུར་ཡང་། །འདུལ་ཡང་སོ་སོར་སྣང་འདྲའོ། །ཐུན་མོང་མ་ཡིན་སྟོང་པ་ཉིད། །ཡབ་ཡུམ་ཆགས་སྐུལ་རོལ་པ་དང་། །གསང་བ་ཕུན་སུམ་ཚོགས་པ་དང་། །ཡིག་བཞིའི་སྒོ་ནས་བྱིན་བརླབས་ཀྱི། །དབང་བསྐུལ་མ་བརྗོད་རྒྱུད་བཤད་པ། །ཀུན་ཡུམ་མེད་པས་གསལ་བ་དང་། །ངོ་བོ་ཡང་ནི་འདི་ལྟ་སྟེ། །སྟོན་པ་གནས་དང་སྡུད་པ་འཁོར། །དུས་དང་སྟོན་པ་རྣམ་དྲུག་སྟེ། །སྟོན་པའི་རང་བཞིན་བརྒྱད་དང་ལྡན། །བདག་ཉིད་བྱེད་པ་ཀུན་ཏུ་བཟང་། །འཆད་པའི་སྐྱེས་བུ་རིགས་ལྔ་སྟེ། །མཚུངས་པ་བཞི་དང་ལྡན་པའི་ཕྱིར། །ལྔས་ཀྱང་སྟོན་པ་གསུང་མི་འགལ། །གནས་ཀྱི་རང་བཞིན་དེ་བཞིན་ཉིད། །ངོ་བོ་རིན་ཆེན་གཞལ་ཡས་ཁང་། །ཡེ་ཤེས་རྒྱུ་དང་གྲུ་བཞི་དབྱིབས། །རྩེ་མོ་ཚད་མེད་མཚན་ཉིད་སེམས། །ཕྱི་དང་ནང་མེད་རྒྱ་མ་ཆད། །ཡོན་ཏན་རྫོགས་རྒྱན་རྣམ་ཐར་སྒོ། །སྣ་ཚོགས་ཡོན་ཏན་རྒྱན་དུ་གོ། །རྒྱུ་འབྲས་བརྒྱད་ཉིད་རྟ་བབས་སྐད། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཐུན་མོང་མ་ཡིན་ངེས་པའི་རྒྱུད། །དྲིིས་ལན་མི་མངོན་དོན་གྱིས་བསྡུས། །བྱིན་བརླབས་མི་ཡུལ་གྲགས་པ་ཡིས། །འཁོར་གྱི་ཚད་དང་མང་དང་ཁྱབ། །བརྗོད་མེད་ནམ་མཁའི་མཐའ་ཀླས་གང་། །ངོ་བོ་མི་ཞན་རིགས་ལྔ་དང་། །རིག་པ་ཡེ་ཤེས་བྱང་ཆུབ་སེམས། །དད་པ་ཉན་པའི་ལྷ་ཆེན་རྣམས། །འགྲོ་བ་འདུལ་བ་སྦྲུལ་སོགས་སོ། །དུས་ཀྱིས་ངོ་བོ་མཉམ་ཉིད་དོ། །སྐལ་བ་ཅན་ལ་ཀོན་པ་དུས། །མཚན་བྱ་རང་བཞིན་བཞིའི་རྒྱུད། །སྒྲོ་སྐུར་བྲལ་བར་བསྟན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །མཛུམ་མོའི་རི་བོང་ཅན་བཞིན་ནོ། །དགོས་པ་གླེང་གཞི་རྣམ་པ་གཉིས། །ལྷན་ཅིག་འཁོར་ལ་གོ་ཕྱེ་བ། །ཐུན་མོང་མ་ཡིན་ཁྱད་པར་གྱིས། །ཐུན་མོང་རྣམ་གཉིས་བཅས་པ་ཡིན། །འགྲོ་བ་ཆགས་ཅན་སྦོང་མེད་ལ། །ལོངས་སྤྱོད་རྫོགས་སྐུ་བཙུན་མོ་དང་། །གཉིས་མེད་རོལ་སོགས་བསྟན་པ་དང་། །མཐུན་པས་མཐུན་པ་དགྲོལ་ཕྱིར་རོ། །སྐྱེ་བོ་ཆགས་ཅན་སྤོང་འདུལ་ལ། །བྱིན་རླབས་ཤར་བའི་ཐུབ་པ་ཉིད། །མི་ཡི་སྐྱེ་བ་བཞེས་སྣང་ནས། །བཅུ་གཉིས་ལ་སོགས་རྫོགས་མཛད་དེ། །རྣམ་དག་མཆོད་རྟེན་རྡོ་རྗེའི་གདན། །རང་འབྱུང་མངོན་པར་རྫོགས་ཚུལ་སྣང་། །དེ་བཞིན་གླེང་བསླང་རྣམ་པ་གཉིས། །ཐུན་མོང་མ་ཡིན་རྣམ་པ་གཉིས། །ཡབ་ཡུམ་ཆགས་སྐུ་རོལ་པ་དང་། །དགྱེས་ལྟར་འཁོར་ལ་དབང་བསྐུར་དང་། །རྒྱུད་དོན་འབྱུང་ཕྱིར་བརླང་ཞེས་བྱ། །དེ་ཡང་སྐྱེ་བོ་ཆགས་ཅན་དོན། །ཐུན་མོང་གླེང་བསླང་སྟོན་འཁོར་དང་། །ཐམས་ཅད་སྣང་ནས་དབང་ཐོབ་འཁོར། །ཉིད་ཀྱིས་རྟོགས་ནས་འགྲོ་དོན་དུ། །བཀའ་སྩལ་དོན་གྱིས་ཞུས་དང་ལན། །སྣང་བར་དོན་གྱི་ཚིག་ཏུ་བྱུང་། །སྐུ་གསུང་ཐུགས་ཀྱི་སྤྲོ་བ་མཛད། །དེ་ནི་སྐྱེ་བོ་ཕལ་བའི་དོན། །ངོ་བོ་དོན་བླང་ཚིག་ཕྱུང་བའོ། །རྒྱུད་དོན་ལམ་དང་ཡན་ལག་སྟེ། །དེ་ཡི་གདུལ་བྱ་བསམ་པ་གཉིས། །དབང་གི་ལམ་ཡང་གཉིས་སུ་བརྗོད། །ཐུན་མོང་མ་ཡིན་རྣམ་གཉིས་ཏེ། །ཐུན་མོང་ལམ་སྟེགས་ཉིད་ཙམ་དུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་སྤྱོད། །མ་ཡིན་པ་ཡང་བསམ་དབང་གིས། །གྲོལ་ལམ་ཐབས་སུ་བསྟན་པ་ཡིན། །གྲོལ་ལམ་མཐོང་དང་སྒོམ་གཉིས་ཏེ། །དག་མཉམ་གསུམ་བཞི་བཞི་དང་ལྔ ། །བདེན་པ་གསུམ་དང་རྟོགས་པ་བཞི། །ལྡན་པས་རང་རིག་མངོན་སུམ་དུ། །ངེས་པར་ཆོད་པས་མཐོང་བའི་ལམ། །མཚན་ཉིད་དང་པོར་བཤད་པ་ཡིན། །བསྒོམ་པ་སྐྱེ་དང་དེ་བཞིན་ཉིད། །སྐྱེད་དབང་སྲིད་པའི་ཆོས་ལུགས་སུ། །ཡེ་ནས་གནས་མཐུན་དེ་ཟློག་ཕྱིར། །དང་པོ་མ་སྐྱེས་སྙིང་རྗེ་དང་། །ཕྲ་རགས་མང་པོ་སྣང་བ་སྟེ། །དངོས་གྲུབ་མྱུར་དུ་གྲུབ་འདོད་པས། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །ཏིང་འཛིན་དེ་ནི་གོམས་པ་དང་། །ཐམས་ཅད་སྒྱུ་མ་མི་གཡོར་དང་། །སྤྲུལ་པའི་ཚུལ་དུ་ཤེས་པར་བྱ། །ཇི་བཞིན་ཡང་དང་ཡང་གོམས་ནས། །ཕྱི་ནང་སྣོད་བཅུད་ཧཱུྃ་དུ་བསྡུ། །གང་བསྒྲུབ་ཡི་གེ་སོ་སོ་སྟེ། །ཕྱིར་ནི་གར་སྒོམ་ཀུན་ཏུ་འདྲ། །རྡོ་རྗེ་སེམས་དཔའ་ཉིད་དུ་བསྡུ། །ཡང་ན་ཞལ་གཅིག་ཕྱག་གཉིས་སམ། །ཞལ་གསུམ་ཕྱག་དྲུག་རྟག་ཏུ་བསྒོམ། །དེ་ཡང་ཕྲ་དང་རིང་བ་དང་། །གོམས་པར་རེ་མོས་འདྲིས་པར་བྱ། །དེ་བཞིན་གོམས་ནས་རིགས་ལྔར་བསྒོམ། །བཞི་བཅུ་གཉིས་དང་སྟོང་ཚོགས་སློབ། །དེ་གོམས་ཚེ་ཡི་རིག་འཛིན་དུ། །སྦྱར་ནས་མངོན་པར་སངས་རྒྱས་ཚུལ། །དེ་ཡང་ལྔ་གོམས་གསལ་ཕྱིར་དང་། །རལ་གྱིས་རིམ་པ་ངེས་པར་བཞག །དེ་ཁོ་ཉིད་དེ་ཅིག་ཅར་བ། །བསྒོམ་པའི་རིམ་པ་བསླབ་བྱ་བྲལ། །མ་བཅོས་ཇི་བཞིན་མཉམ་གཞག་ན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །མི་གནས་གནས་ལ་གནས་པར་བསྒོམ། །ཐབས་ལས་རྒྱུད་དང་རིམ་པར་ནི། །མན་ངག་ཏིང་འཛིན་སྟོབས་འགྱུར་ཞིང་། །རླུང་འགག་ལས་ལ་གོམས་པར་བྱ། །ཤིན་ཏུ་བདེ་བ་འབྱུང་བའི་རྒྱུ། །གསང་དབང་པདྨ་ལྡན་འགྱུར་ན། །ཆགས་པ་མེད་པའི་ཚུལ་གྱིས་སུ། །བཅུ་དང་གསུམ་གྱི་རྒྱུ་འབྲས་རྣམས། །རྫོགས་ཕྱིར་རིམ་དང་ཟློག་ཤེས་ན། །བྱིན་རླབས་ཤུགས་ཀྱི་རང་སྣང་འཐོབ། །དབང་པོ་ཡུལ་ས་ལྡན་གྱུར་ནས། །གསང་བ་མཆོག་གི་འཕྲུལ་ཆེན་པོ། །དཀྱིལ་འཁོར་རྡུལ་སྙེད་གྲངས་མེད་དང་། །ཕུན་སུམ་ཚོགས་པའི་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་འབྱིན་པར་བྱེད། །ཐབས་ཀྱི་ལམ་ལ་འབད་པར་བྱ། །འཇུག་དང་ཐོབ་ཕྱིར་ལམ་བརྗོད་དེ། །སྐྱེ་བོ་ཉིད་སྒྲོལ་ཕྱིར་བཞག་སྟེ། །ལས་སུ་རུང་ནས་ལམ་མཐར་ཕྱིན། །ལམ་གྱི་ཡན་ལག་རྐྱེན་བཤད་པ། །རྗེས་མཐུན་སྤྱོད་པ་ལྟ་བུ་དབང་། །བསྒྲུབ་དང་མཆོད་པ་ཕྲིན་ལས་དང་། །དཀྱིལ་འཁོར་ལ་སོགས་བརྒྱད་ཀྱི་རྫོགས། །སྐབས་ཀྱི་གཙོ་དང་གྲོགས་པོས་བསྡུ། །དེ་ཡང་བདག་གཞན་དོན་དུའོ། །རྗེས་སུ་མཐུན་པའི་སྤྱོད་པ་ཡང་། །སྐབས་ཀྱིས་ཏིང་འཛིན་སྟོབས་ཆེན་བཤད། །བྱ་བ་བྱེད་ལ་བྱ་མེད་ལ། །དང་པོ་དཔྱོད་པར་བཤད་པ་ཡིན། །སྙིང་རྗེས་ཆུད་མ་ཟོས་པར་འཛིན། །ཐབས་ཀྱི་ཕ་རོལ་ཕྱིན་སྤྱོད་པ། །གཉིས་པ་ལམ་དང་མཐུན་པ་ཡིན། །ཆོས་སྤྱོད་བཅུ་ཡི་ཅིག་ཆ་ལ། །གནས་པ་གསུམ་པ་བརྗོད་པ་ཡིན། །གནས་དང་ལོངས་སྤྱོད་ཅི་བདེ་ལ། །མ་ཉམས་བློ་དང་ལྡན་པ་ལ། །ཏིང་འཛིན་ལངས་ཏེ་སྤྱོད་པ་ནི། །གྲངས་ཀྱི་བཞི་པ་སྤྲོས་བཅས་པའོ། །ཀུན་ཀྱང་དུས་ནི་ནམ་ལངས་ཚེ། །སྒོ་གསུམ་ཕྱིར་ན་ངེས་ཚིག་འགྲུབ། །བཤད་པའི་གཏན་ཚིགས་ལྡན་པ་ཡིས། །ལྟ་དང་ལྟ་བར་བྱ་མེད་པ། །ལྷུན་གྲུབ་ཤེས་རབ་སྒྲོན་མ་ཉིད། །རང་བཞིན་གསལ་བ་སྤྱན་གྱི་མཆོག །ངོ་བོ་ཡང་དེ་ལྟར་ཉིད་དུ་ཤེས། །ཡུལ་མེད་གསལ་ཕྱིར་ལྟ་ཞེས་བྱ། །རིམ་པར་བགྲོད་ཕྱིར་དབང་བཤད་པ། །ངོ་བོ་ནུས་ཕན་གསལ་དབང་ཤེས། །ཤིན་ཏུ་བསྟན་པའི་ངོ་བོ་ལྔའོ། །དགོས་པའི་སྐབས་ཀྱིས་སྐབས་ཕྱེད་དང་། །བཤད་པ་བཞིན་དུ་ཤེས་པར་གྱིས། །ངོ་བོ་བཞིན་དུ་གྲངས་འཇུག་པ། །དབང་ལྔ་རྫོགས་བུས་བཅོ་བརྒྱད་རྒྱས། །དུ་ནི་རྣམ་པ་གསུམ་དུ་སྟེ། །ཕྱི་ནང་དཀྱིལ་འཁོར་རྣམ་གསུམ་དུ། །རིམ་པར་བསྐུར་བ་དང་པོ་རུ། །རི་མོ་བཞེངས་གསོལ་ཕན་ནུས་བསྐུར། །བསྐྱེད་པའི་རིམ་པ་སློབ་པའི་དུས། །རྫོགས་རིམས་གདམ་ངག་སྦྱོར་དུས་སུ། །གསང་དབང་བསྐུར་བ་སོར་བཞི་པའོ། །དཀྱིལ་འཁོར་བསྟན་པ་ཤེས་བསྟན་ཕྱིར། །ངོ་བོའི་དུས་ཀྱང་ལྔ་འགྱུར་ཏེ། །རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་དང་ཐོབ་པའི་ཚད། །རྒྱུ་རྐྱེན་རྒྱུ་དང་བདག་པོ་དང་། །ཡུལ་དང་དེ་མ་ཐོག་པ་དང་། །ངོ་བོ་ཀུན་ལ་སྐབས་སུ་སྦྱར། །དད་དང་བརྩོན་འགྲུས་གསུམ་ལྡན་དང་། །བརྟུལ་ཞུགས་སུམ་ལྡན་སློབ་མ་ལ། །རྒྱུ་གཅིག་ལའམ་ཐ་དད་ལ། །གང་ལྡན་ཆུད་མ་ཟོས་པ་སྦྱིན། །བསྐུར་བས་རྐྱེན་གནས་ལས་ཉོན་མོངས། །ཤེས་སྒྲིབ་ཆེ་ཕྲ་རྣམ་དག་པ། །ཡོན་ཏན་སྣང་ཕྱིར་མིང་དུ་བརྗོད། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ལས་རྩོམ་འབྲས་མེད་ལྟུང་བས་རྩོམ། །གང་ཡང་ཕན་པས་དབང་བསྐུར་བའི། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ཕྱིར་མི་ལྡོག་ཕྱིར་ཡོན་ཏན་ནོ། །ལྷ་མི་ཡོན་ཏན་ཡན་ཆད་ནས། །རྡོ་རྗེ་འཛིན་སོགས་སྐྱབས་ཀྱི་ཐོབ། །བསྒྲུབ་པ་འཇིག་རྟེན་པ་དང་འདས། །འཇིག་རྟེན་པ་ཡང་འདི་ལྟ་སྟེ། །རོ་ལོངས་ཚེ་ཕྲ་བསྒྲུབ་པ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་བཞིན། །ཆུང་མ་དབང་དུ་བྱ་བ་གཉིས། །རོ་ལངས་རྐང་མགྱོགས་དམ་ཚིག་བསྒྲུབ། །མི་སྣང་གཟུགས་བསྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་བསྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །ཡི་གེ་སྒྱུ་འཕྲུལ་ཚོགས་བསྒྲུབ་པའོ། །རྡོ་རྗེ་སེམས་དང་སྨན་བསྒྲུབ་དང་། །རིགས་ལྔ་བསྒྲུབ་དང་ཡུལ་ལྔ་སེམས། །བྱིན་དབང་བསྒྲུབ་པ་རྣམ་གཉིས་སོགས། །ཕྱག་རྒྱ་རྫས་དང་ཐབས་སྤྱོད་ལ། །རྟེན་པའི་བསྒྲུབ་པ་གསུམ་དུ་བསྡུ། །དོན་དུ་གཉེར་ཕྱིར་བསྒྲུབ་མཚན་ངེས། །ཚོགས་གཉིས་རྫོགས་ཕྱིར་མཆོད་པ་ནི། །ཏིང་འཛིན་སྦྱོར་སྒྲོལ་དམ་རྫས་དང་། །འདོད་ཡོན་བློ་དང་སེམས་ཀྱི་སྤྲིན། །རོལ་མོ་ལ་སོགས་དབང་བསྐུར་དབུལ། །གནས་སུ་སྟབས་ཕྱིར་མཆོད་པ་སྟེ། །ཐུན་མོང་ཁྱད་པར་ཡོན་ཏན་ལྡན། །བདག་གཞན་དོན་གྲུབ་འཕྲིན་ལས་ནི། །མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧ་ཕྲོ་ཀླུ་དང་རྫས་ཀྱིས་བྱ། །ན་སོ་གཞན་དང་རིགས་འཕེལ་དང་། །སྐྱེ་རྒྱུ་མེད་དང་ཟླ་བྲལ་དང་། །ལས་བཞི་དུས་སུ་སྦྱར་བར་ཤིས། །ལས་ཀྱི་ནུས་མཐུ་ཆེར་ལྡན་ཕྱིར། །སྔོན་ནས་བཙལ་བར་རབ་ཏུ་གཅེས། །ཞི་ལ་དང་ལ་རྒྱས་ལ་དགའ། །དབང་ལ་ཆགས་དང་དྲག་ཁྲོ་སེམས། །འདི་ཡང་ལས་ཀྱི་སྟོབས་ཆེར་འགྱུར། །རྒྱལ་བ་ཅིག་བསྒོམས་ཀུན་ལ་སྒྲུབ། །བྱེད་ཀྱང་སྐབས་ཀྱིས་ལྷ་ཡང་བཞི། །བསྒྲུབ་གཞིའི་གཟུང་ཕྱིར་དམ་ཚིག་ནི། །ངོ་བོ་མདོ་རྒྱས་གསུམ་དུ་ཤེས། །མཉམ་པའི་དམ་ཚིག་གསུམ་དུ་མདོར་བསྟན་པ། །འབྲིང་དུ་རྩ་བ་བཅོ་ལྔ་སྟེ། །རྒྱས་པར་སུམ་རྒྱ་དྲུག་ཅུའོ། །ཡང་ན་རྩ་བའི་རྩ་བ་དང་། །རྩ་བའི་ཡན་ལག་ཡན་ལག་རྩ། །ཡན་ལག་ཡན་ལག་བཞི་རུ་བསྡུ། །བྱེད་པའི་ངོ་བོ་ཇི་བཞིན་ནོ། །དགོས་པ་སྤྱི་དང་ཁྱད་པར་གཉིས། །རྟོག་པ་འདུལ་དང་ལས་དོན་འགྲུབ། །འདུལ་དང་སྡོམ་དང་དམ་ཚིག་སོགས། །འདུས་པར་གསུངས་པ་ཆེ་བའི་མཆོག །དཔེ་ཡང་སྐབས་ཀྱི་རྣམ་པ་མང་། །ས་བཞི་སོ་མཚམས་མཁར་སོགས་པའོ། །ཉམས་སྐྱོན་སྤྱི་དང་ཁྱད་པར་གྱི། །གཉིས་འགྱུར་རྒྱུད་ནས་གསལ་བར་སྟོན། །གསོ་ཐབས་རྩ་བ་ཡན་ལག་གི། །སྐབས་དང་སྦྱར་ཏེ་གཞུང་བཞིན་བསབ། །ཡོན་ཏན་མདོར་བསྡུས་སྤྱི་རུ་བསྟན། །ཁྱད་པར་རང་རང་སྐབས་སུ་ཤེས། །རང་བཞིན་ཡེ་ནས་སངས་རྒྱས་པའོ། །ངེས་ཚིག་སྐྱོན་ཡོན་སྐབས་ཀྱིས་འགྱུར། །དཀྱིལ་འཁོར་སྐབས་ཀྱིས་བདུན་གསུངས་ཏེ། །ཐོག་མར་རང་བཞིན་དཀྱིལ་འཁོར་ནི། །རང་བཞིན་ཉིད་དང་ལྷུན་གྲུབ་ནི། །འབྲས་བུ་སྐབས་ཀྱི་གསུམ་དུ་འགྱུར། །ཆོས་ཉིད་རང་བཞིན་སྤྲོས་བྲལ་ཏེ། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཁམས་དང་སྐྱེ་མཆེད་ལ་གནས་པའི། །ལྷུན་གྱིས་གྲུབ་པར་རྒྱལ་བས་གསུངས། །འབྲས་བུ་མཐར་ཕྱིན་འོག་མིན་ན། །བཞུགས་པ་དཀྱིལ་དང་འཁོར་གྱི་ཚུལ། །དེ་ཡང་ཞི་ཁྲོ་རྣམ་གཉིས་ཏེ། །ངེས་པར་སྐུ་གསུང་ཐུགས་སུ་འགྱུར། །ངོ་བོ་དུ་མ་ཤེས་བྲལ་བའི། །ངེས་ཚིག་སྐབས་ཀྱིས་གཉིས་སུ་འགྱུར། །མོས་བློས་ལེན་པའི་ཏིང་ངེ་འཛིན། །དཀྱིལ་འཁོར་ལྷག་པས་གཉིས་སུ་གསུངས། །རང་བཞིན་དེ་ཉིད་འདྲིས་པའི་ཕྱིར། །དེ་བཞིན་ཏིང་ངེ་འཛིན་དཀྱིལ་འཁོར་གྱིས། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །ཉིད་ཀྱི་དབྱིངས་ལ་ཐིམ་བྱ་བ། །ཆོས་སྐུ་ཕྱག་རྒྱ་སྒོམ་པ་ཉིད། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་གྱི་ཚུལ། །འབྲས་བུ་མཐར་ཕྱིན་བསྒྲུབ་པའི་ཕྱིར། །ལྷག་པའི་ཏིང་འཛིན་རྣམ་པ་གཉིས། །གདུལ་བྱའི་དོན་ཕྱིར་ཞི་ཁྲོ་དང་། །ལས་དང་བསོད་ནམས་བསྒྲུབ་པ་ལྔ། །དེ་ཡང་སྐུ་གསུང་ཐུགས་གསུམ་སྟེ། །ཞི་བ་སྐུ་དང་གསུང་དང་ཐུགས། །སྐུ་ཡི་ཆ་ལུགས་བཞུགས་ཚུལ་དང་། །སྐུ་མདོག་བརྒྱན་སོགས་ཤེས་པར་བྱ། །ཐུགས་དང་ཕྱག་རྒྱ་བཅའ་བ་དང་། །འཛིན་དང་བསམ་པ་ལས་སོགས་པའོ། །གསུང་གི་རྩ་བ་བསྐྱེད་པ་དང་། །བཟླས་པ་སྤྱན་དྲང་མེ་ཏོག་དོར། །བསྟིམ་དང་དངོས་གྲུབ་གསོལ་བའི་སྔགས། །བྱིན་བརླབས་དབང་བསྐུར་ལ་སོགས་སྔགས། །དེ་དག་ངོ་བོ་ཤེས་པར་བྱ། །ཁྲོ་བོ་ལྷག་པའི་ཏིང་འཛིན་གྱིས། །སྐུ་གསུང་ཐུགས་བཤད་དེ་བཞིན་སྦྱར། །ལྷག་པ་གསུམ་ཡང་གྲངས་ལྡན་སྦྱར། །ཏིང་འཛིན་རྟེན་ཕྱིར་གཟུགས་བརྙན་ནི། །གཉིས་སུ་བྱེ་བྲག་ཤེས་པར་བྱ། །གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་གཏོགས། །མཚན་འཛིན་ཡུལ་གྱིས་དཀྱིལ་འཁོར་ཏེ། །ཡེ་ཤེས་སྣང་ཕྱིར་གཟུགས་བརྙན་ནོ། །ལྷག་པའི་གཟུགས་བརྙན་རྣམ་པ་ལྔ། །དབང་ནི་ཕྱི་ནང་བསོད་ནམས་ཚོགས། །བསྒྲུབ་དང་འཕྲིན་ལས་དཀྱིལ་འཁོར་རོ། །དབང་ལ་མཛུབ་གང་སོར་བཞིའོ། །ཞི་རྒྱས་འབྲིང་དང་རྣམ་གསུམ་སྟེ། །ཁྲུ་བཞི་བརྒྱད་དང་བཅུ་གཉིས་དང་། །བཅུ་དྲུག་ཐ་མ་འབྲིང་གི་ཚད། །ཉི་ཤུའམ་ཉི་ཤུ་རྩ་ལྔ་ཡི། །རྒྱས་པའི་ཚུལ་དུ་གསུངས་པ་སྟེ། །ལོགས་རེ་ཚད་དུ་གསུངས་པའོ། །བསོད་ནམས་རྟེན་ནི་མཆོད་རྟེན་ཚོགས། །ཚོགས་ལ་དཔག་ཚད་རྒྱང་གྲགས་སོ། །བསྒྲུབ་པ་ཚེ་སྤྲ་ལ་སོགས་པའོ། །སྐབས་ཀྱིས་དཀྱིལ་འཁོར་གསུམ་པའོ། །དེ་དག་ས་ཆོག་སྟེགས་རྩིག་དང་། །འགོ་མ་གཡེང་དང་ཐིག་སྟ་གོན། །བྲི་དང་རྒྱན་དང་རབ་གནས་དང་། །ལས་ཀྱི་གཞུང་ལུགས་བསྟན་པའོ། །ཁྲོ་བོ་སྐབས་ཀྱི་དེ་བཞིན་ཤེས། །འཕྲིན་ལས་རྣམ་བཞི་དལ་བརྒྱད་དང་། །གཟུགས་བརྙན་སྐབས་སུ་བཤད་པ་ཡིན། །ཟབ་ཕྱིར་བྱང་སེམས་དཀྱིལ་འཁོར་ནི། །རྟེན་དང་བརྟེན་ཅན་ཐ་སྙད་གཉིས། །དབྱེ་བ་ཕྱི་ནང་མཐར་ཐུག་འགྱུར། །ཡེ་ཤེས་ལྔ་ཡི་རོ་ལྡན་པས། །དཀྱིལ་འཁོར་ཞེས་སུ་བརྗོད་པ་སྟེ། །ངོ་བོ་གསང་བའི་ཁམས་གསུམ་མོ། །ཚོགས་ནི་འབྱོར་པ་རྣམ་གསུམ་དང་། །ཚོམ་བུ་ཅིག་གསུམ་ལྔ་པའོ། །དེ་རེའང་སྐབས་ཀྱིས་གསུམ་གསུམ་སྟེ། །དགའ་ལྡན་ལྷ་དང་དགྱེས་ལྡན་མི། །འབྱོར་ལྡན་ཡོ་བྱད་ལྔ་བསགས་པའོ། །མཐུན་དང་ཚད་ཕྱིར་ཚོགས་སུ་བརྗོད། །རྣམ་གྲངས་གནས་དང་ལོངས་སྤྱོད་ལྷ། །ཏིང་འཛིན་སྤྱོད་ཡུལ་འབྲས་བུ་ལྷ། །བདག་གཞན་དོན་ཚིག་ལ་སོགས་ཀྱི། །ཚོགས་ཀྱི་དཀྱིལ་འཁོར་ཡན་ལག་ཤེས། །མཚན་ཉིད་བར་མ་གནས་དུས་སུ། །བསྒྲུབ་པའི་སྟོབས་ཀྱི་རྐྱེན་དུ་གསུངས། །རྒོལ་བ་པོ་དག་ཚར་བཅད་ཕྱིར། །བརྗོད་དང་འབྲེལ་བ་དགོས་ཡང་དགོས། །བརྗོད་པ་བརྗོད་བྱ་རྗོད་བྱེད་དང་། །རང་བཞིན་རྒྱུད་དང་སྟོན་པའམ། །མཚོན་བྱ་མཚོན་བྱེད་རྒྱུད་གཉིས་སོ། །འབྲེལ་བ་ཡང་ནི་འདི་ལྟ་སྟེ། །དཀྱིལ་འཁོར་གཟུངས་མ་བྲལ་བ་དང་། །གཟུངས་མ་དབང་དང་འབྲེལ་བ་ནི། །གསང་དབང་མཆོག་ནི་ནོན་ཏུ་བཤད། །དབང་ཐོབ་བསྒྲུབ་ལ་ངེས་བཞུགས་པ། །དངོས་གྲུབ་རྣམ་གཉིས་ཐོབ་པའི་མི། །གདུལ་བྱ་ཞིང་དང་འབྲེལ་བར་གསུངས། །ཡང་ན་རྒྱུད་གསུམ་འབྲེལ་བ་སྟེ། །མཚོན་བྱ་མཚོན་བྱེད་རྒྱུ་འབྲས་ཚུལ། །ཤེས་དང་ཡུལ་དུ་འབྲས་བུའོ། །དགོས་པའི་ལམ་རྐྱེན་རྣམ་པ་བརྒྱད། །དོན་དུ་གཉེར་ཕྱིར་དགོས་པའོ། །དགོས་པའི་དགོས་པའི་འབྲས་བུ་ཉིད། །དགོས་པ་བསྒྲུབ་ཕྱིར་ཡང་དགོས་སོ། །རྒྱུད་ལ་ལྡན་ཕྱིར་རྒོལ་བ་བཟློག །མི་ནུབ་བསྟན་རྒྱས་ཡུན་རིང་ཕྱིར། །གཏད་པའི་ངོ་བོ་རྣམ་པ་གསུམ། །སྡུད་པ་པོ་དང་བུད་མེད་སོགས། །རྣལ་འབྱོར་མིག་ཅན་ལ་སོགས་པའི། །རྟོགས་དང་བསྲུང་དང་གདམ་པ་ཡི། །ཐ་སྙད་ཙམ་དུ་གཏད་ཅེས་བྱ། །སྐབས་ཀྱི་དཔེ་ཡང་རྣམ་པ་མང་། །རྩོད་པ་ཆེ་འཕྲ་མི་འཐད་པ། །སྦྱོང་མི་འཚོགས་པ་གླེང་གཞིའི་ཚུལ། །བདེན་བརྫུན་འདྲན་པའི་གླེང་བསླང་ཚུལ། །སོ་སོར་རྐང་ཐབས་རྒྱུད་བཤད་དཔེ། །དེ་གཞུང་བཅོས་པ་ལམ་གྱི་ཚུལ། །ཐ་ཚིག་མི་འདའ་གཏད་པ་བཞིན། །འདྲ་ཕྱིར་མཚོན་པ་དཔེ་རུ་གྲགས། །ཤེས་རབ་ཐ་མའི་དོན་བསྟན་པ། །བཤད་ཚུལ་སྣོད་དང་སྦྱང་བ་སྟེ། །བཤད་ཚུལ་ཕ་དང་སྤྱི་དབང་གཉིས། །ཕ་ཡི་འབྲུ་གནས་ལན་བཏབ་པ། །ཁོག་དབུབ་ས་བཅད་བཞི་པོར་གསུངས། །སྤྱི་ནི་བཟུང་བཞི་གཅིག་གི་སྟེ། །ཐུན་མོང་ཁྱད་པར་སློབ་པའི་ས། །ཡོན་ཏན་སོ་སོའི་མཚན་ཉིད་ནི། །དེ་ཡི་བསམ་པ་མཐུན་ཕྱོགས་སུ། །རྨད་བྱུང་ཚུལ་གྱིས་དེ་བཞིན་ནོ། །ཐ་མ་དོན་གྱི་ལུང་བསྟན་པ། །ངོ་བོ་དབྱེ་བ་རྣམ་པ་གཉིས། །ལམ་དུ་རྒྱུ་འབྲས་མཐར་ཐུག་འབྲས། །ཚེ་ལ་དབང་དང་ཕྱག་རྒྱ་ཆེ། །ལྷུན་གྲུབ་རིག་འཛིན་ལ་སོགས་པའོ། །ལམ་དང་འབྲས་བུ་ཐུན་མོང་བརྗོད། །མཐར་ཐུག་པ་བསྐྱེད་དུ་བྱ་བ་མེད། །འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་ལ་སོགས་པའོ། །དེ་ཡང་སྐབས་ཀྱིས་ལྔ་ལྔ་སྟེ། །མཚན་ཉིད་ཅིག་དང་དུ་མ་མེད། །ལོག་པར་རྟོག་དང་སེམས་ཅིག་པས། །ཐུགས་རྗེས་གཟིགས་དང་བྱིན་རླབས་འབྱུང་། །དེ་ཡང་ཞི་ཁྲོ་ལ་སོགས་སྐུ། །ཐ་དད་སྣང་ལ་སྣང་བ་མེད། །བསྒྲུབ་པ་མཐར་ཕྱིན་འབྲས་བུ་འདོད། །ལམ་དང་འབྲས་བུ་བཅས་པ་ཡང་། །འཕྲལ་དུ་བྱས་པས་འབྱུང་མིན་ཏེ། །སེམས་ཅན་དུས་ན་ལྷུན་རྫོགས་ཏེ། །རྒྱས་པར་བདག་གིས་མ་བཀོད་དེ། །ཡིག་མངས་འཇིགས་དང་བརྗོད་འདས་ཕྱིར། །རྣམ་པར་ཕྱེ་ནས་མ་བསྟན་ནོ། །རིགས་པས་སྐབས་སུ་སྦྱར་བྱས་ཤིང་། །ཐ་སྙད་ཇི་སྙེད་གསུམ་དུ་བསྡུའོ། །འགྲོ་མང་ལྷན་ཅིག་ལིང་ཏོག་གིས། །མདོངས་པའི་རྒྱུད་དོན་མ་ཤེས་འདྲེས། །བདག་གི་ཡི་གེ་འདི་བཀོད་པས། །སེམས་ཅན་དམུས་ལོང་མིག་ཕྱེ་ཤོག །འདི་རྟོག་འགྲོ་བ་གཞན་དོན་དུ། །བསྟན་པ་རྒྱ་ཆེར་སྤེལ་བ་ཡིན། །ཀུན་ཀྱང་ཡང་དག་མིག་ལྡན་ལ། །ལོག་ལྟ་མ་ལུས་ཚར་གཅོད་ཤོག །སྒྱུ་འཕྲུལ་མན་ངག་གསལ་བའི་སྒྲོན་མེ་ཞེས་བྱ་བ་རྫོགས་སོ། །བློ་རྣོ་ཟབ་དང་མྱུར་ལྡན་ཞིང་། །རྒྱ་ཆེ་བ་དང་བློ་ཡངས་དང་། །རལ་གྲི་རྒྱ་མཚོའི་རི་བོ་དང་། །ནམ་མཁའ་མཁའ་ཀློང་རྡུལ་ཕྲན་འདྲ། །ངང་རིས་ཚུལ་ཤིས་རང་བཞིན་བཟང་། །དད་པ་སྙིང་རྗེ་ལྡན་པ་ནི། །ཆུ་བོ་དགེ་སློབ་རེངས་པ་འདྲ། །ཉི་མ་འབྱོར་རྩི་ཕ་མ་བཞིན། །མཚན་ཉིད་ལྔ་གཉིས་གཅིག་ལྡན་པས། །དེ་ལ་ལོག་དང་མ་ཕྲད་ཅིག །ཨཐྎ།།


previousམན་ངག་གསལ་སྒྲོན། next