Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
ཐུགས་ཀྱི་སྒྲོན་མ། གཉན་དཔལ་དབྱངས།
   
   
   
   
   
   
   
   
   
   
   
   


 
previousཐུགས་ཀྱི་སྒྲོན་མ། གཉན་དཔལ་དབྱངས།next

ཐུགས་ཀྱི་སྒྲོན་མ། གཉན་དཔལ་དབྱངས།

ཐུགས་ཀྱི་སྒྲོན་མ་བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཆོས་ཀུན་རྫོགས་པའི་ཐུགས་རྡོ་རྗེ། །སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །སྤྱན་མཆོག་དབུལ་བའི་སློབ་བུའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་དག་ལས། །འཁོར་ལོ་དག་མཆུའི་ཚུལ་བཞིན་ཏུ། །སྒྱུ་འཕྲུལ་ཐུགས་ཀྱི་སྒྲོན་མ་དེ། །འཛིན་པའི་དབང་གིས་སྡུག་བསྔལ་བས། །གཡོ་འཛིན་གསུམ་དང་མི་གཡོ་བའི། །འཛིན་དགུ་ལོག་ལྟ་དེ་བཞིན་པའི། །རྣམ་གཉིས་སྤང་ཕྱིར་གཉེན་པོར་བརྗོད། །བསམ་མི་ཁྱབ་དང་དེ་བསྡུས་པ། །བརྒྱད་ཁྲི་བཞི་སྟོང་དེ་ལྟ་བས། །གཉིས་བསྡུས་ངེས་བཞིན་འབྲས་བུར་གཅིག །ཐུན་མོང་མཆོག་གི་ལམ་ལྔ་པོ། །འདོད་པའི་ཡུལ་ལ་ཞེན་པ་དང་། །བསམ་གཏན་སྙམས་འཇུག་འདུ་ཤེས་མེད། །རྟག་ཆད་བཅུ་གསུམ་ཞེན་པ་རྣམས། །རིང་དུ་གཏོང་ལ་མི་མཐུན་པའི། །སྤྱོད་པ་ཉི་ཤུ་གཅིག་ལའང་། །དང་པོ་ཕྱེད་སྤོང་གཅིག་བཏང་སྙོམས། །བྱེད་པའི་ཞེན་པས་གཞི་བྱེད་དང་། །ཕྲ་ཟབ་དངོས་ལྷའི་ཞེན་པ་དང་། །ཕྱོགས་སྟོང་དེ་ནི་ཕྱོགས་འཛིན་པའི། །རྒྱུད་འཛིན་ཞེན་པ་བདེན་པ་གཉིས། །རིགས་འབྱེད་ཞེན་པའི་སྟོང་པ་ཅན། །འཇིག་རྟེན་ངན་སོང་ཁམས་སུ་རྩེ། །ཞི་བ་ཕྱོགས་ལ་ངེས་འབྱུང་དང་། །རྒྱུ་འབྲས་ས་ལ་ངེས་འབྱུང་བའང་། །ཕྱི་པ་དག་ལྷ་གཉིས་རྗེས་འབྲང་། །མཚན་མེད་འོད་གསལ་ངེས་ཞེན་པའི། །སྤོང་ལེན་ངོས་འཛིན་བདག་འཛིན་བཞི། །ཐེག་མཆོག་ལམ་གྱི་སྟེགས་གྱུར་ཀྱང་། །རང་རང་ངེས་པས་བསྒྲིབས་པ་ཡི། །མཆོག་གི་གཞུང་ལུགས་གདེངས་མ་གྱུར། །དེ་བས་རྣལ་འབྱོར་ཆེན་པོའི་ལུགས། །བཅུ་གཉིས་གཅིག་གི་ཞེན་པ་དག །མི་སྤོང་གཉིས་མེད་བླང་དོར་མེད། །ཐབས་ཀྱི་རང་བཞིན་བྲལ་མངོན་བྱེད། །དེ་བཞིན་ས་ཡི་ལུགས་མཆོག་འདི། །རྒྱུད་དང་རྣལ་འབྱོར་གསུམ་རིམ་པ། །དེ་ལས་ཀུན་ནས་སྤགས་པའི་དོན། །ཡང་རབ་རྣལ་འབྱོར་བློ་ལ་གསལ། །དེ་གང་ཞེ་ན་གདོད་བསམ་པས། །དུག་ལྔ་དངོས་དང་ཡུལ་ཤེས་བཅས། །སེམས་ཕྱིར་ཆོ་འཕྲུལ་སྣང་བ་ལས། །གསུམ་སྣང་ཞེན་པའི་ཡུལ་མེད་པར། །རྒྱུད་དྲུག་ཤེས་པ་རྐྱེན་བཅས་ཀྱིས། །ཡུལ་མེད་མི་དམིགས་ཕྱིར་མི་མཐོང་། །མཐོང་ཤེས་དབང་བཅས་རང་མ་མཐོང་། །དེ་བཞིན་ས་ཡིས་ལྔ་ཉོན་མོངས། །རྗེས་འབྲང་སྟོབས་གྱུར་འགྲོ་ལྔར་སྨིན། །མི་མཐུན་བདེ་སྡུག་མྱོང་གྱུར་བཞིན། །ལམ་བྲལ་དུས་དགྲས་བཅོམ་པ་དང་། །ཐར་མེད་ཡང་དག་ལམ་སྟོན་དགོས། །དེ་ཕྱིར་མི་གཙང་རུས་སྤྱོད་དང་། །སབ་དྷ་ཐག་སྦྲུལ་མཐོ་མི་ལྟར། །མི་བདེན་ཤེས་སྣང་ཕྱིར་རྫུན་པའང་། །མི་སྤོང་མོད་ཀྱང་བདེན་པ་མིན། །རང་བྱུང་ཡེ་ཤེས་མཐའ་དབུས་མེད། །མི་གཡོ་རང་གསལ་འཛིན་བྲལ་ལ། །ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པས་སོ་སོས་བདག་འཛིན་ཅིང་། །གཟུགས་རྣམས་ཀུན་ལ་བདག་རྟོག་པས། །གསང་བའི་བདེན་གསུམ་མཉམ་མི་མཐོང་། །ཐམས་ཅད་མཁྱེན་ལྡན་འབྲལ་བ་ཡིས། །འདུ་ཤེས་མེད་ལྟ་ཤོ་སར་པ། །མཉམ་པ་གསུམ་ལ་ལྡོངས་པ་ཡིས། །མི་གཡོ་སྙོམས་འཇུག་གཞི་འཛིན་ཅན། །ཐལ་འབྱུང་ཏིང་འཛིན་ལུས་ཞིག་ན། །ཡ་ངའི་འབྲས་བུར་ལྟུང་ཡོད་ཕྱིར། །དྲན་པ་ཉམས་པའི་ཏིང་འཛིན་ཏེ། །ཡིད་རྟེན་བྱ་བའི་ཡུལ་མ་ཡིན། །རང་བཞིན་འདས་དང་འཁོར་བ་དག །གཉིས་མེད་ལྷུན་གྲུབ་བརྗོད་བསམ་ཡུལ། །འདས་དང་སྔོན་བཞིན་མ་མཐོང་བས། །འཁྲུལ་ཡུལ་གཞིར་ལྟ་ར་བློ་འཁྲུལ། །གཡང་བ་མཐོ་དམན་ལམ་ཞུགས་པས། །ཟད་པར་བདེ་སྡུག་མྱོང་བར་འགྱུར། །འདོད་པའི་འབྲས་བུ་ག་ལ་ཡིན། །དེ་ཕྱིར་གསུམ་ལ་ཁྱད་པར་མེད། །དྲུག་གཉིས་སྟོན་པའི་རྗེས་འབྲངས་པའི། །རིགས་མིན་ནང་ལྟ་བསམ་ཡས་པ། །གཉིས་བསྡུས་རྟག་དང་ཆད་པ་དངོས། །ལོག་ལྟའི་གཙོ་བོ་ཡ་ངའི་རྒྱུ། །ལྔ་པ་རིལ་པོ་འབྱེད་ལྟ་བའང་། །སྔ་མ་དྲན་པའི་བྱེད་ལྟ་བའི། །རིགས་བཞི་ངེས་འདོད་རང་བློ་ལོག །དེ་ལ་ཁ་དོག་དབྱིབས་ཡོད་ན། །གཟུགས་སུ་ཐལ་བས་མང་ཉུང་གིས། །འགལ་དང་དྲན་པ་སྐྱེ་མི་འགྱུར། །རྣམ་སྨིན་མྱོང་བ་ག་ལ་རུང་། །འོན་ཏེ་གཟུགས་ཀྱིས་ཤེས་མྱོང་ཐལ། །དེ་ལ་རིལ་སོ་རྫུན་པར་ངེས། །བྱེད་པོས་བྱས་པའང་དེ་བཞིན་ཏེ། །དེ་ཁོ་གལ་ཏེ་བདེན་ཞེ་ན། །བྱེད་པོར་གྲུབ་པ་སུ་ཡིས་བྱས། །བྱེད་པོ་རྡུལ་ལས་འགྲུབ་འགྱུར་རམ། །འོན་ཏེ་ལས་ཀྱི་བྱད་འབྱུང་ཞེའམ། །བྱེད་པོ་ཉིད་ལ་བྱེད་ཡོད་དམ། །རང་བཞིན་ཉིད་ཀྱིས་འབྱུང་བར་འགྱུར། །བྱེད་པོ་སྟེས་དབང་ཙམ་དུ་ཟད། །བྱེད་ལ་བྱེད་ཡོད་ཐུགས་མེད་སྐྱེན། །རྡུལ་ན་བྱས་འདྲ་རག་ལུས་མེད། །ལས་ཡིན་ཁོ་བོའི་འདོད་པ་མོད། །རང་བཞིན་སྟེས་དབང་བྱས་པའང་ཐལ། །ཚ་རིམས་ཨ་འབྲས་ཆོད་པའི་མིག །འབག་སོགས་སྣང་ལྟར་ག་ལ་བདེན། །གཅིག་ཤོས་ཉ་ཤིང་བཙོས་བསྲེགས་པས། །མི་སྐྱེ་བརླག་འགྱུར་རིགས་པ་ཡིན། །སྔ་ཕྱི་མེད་པར་བདེན་ལྟ་བ་དང་། །མི་བདེན་ད་ལྟ་ཤ་འབྲུག་ལྟར། །སྟེས་དབང་སྣང་དུ་བཏུབ་ཅེ་ན། །སྔ་ཕྱིའང་སྟེས་དབང་ཅིས་མི་འགྱུར། །དེ་མི་འབྱུང་ན་ད་ལྟ་ཡང་། །མི་འབྱུང་དེ་མིན་སྨོས་ཅི་དགོས། །ད་ལྟར་དེ་ན་བདག་དང་གཞན། སྟེས་དབང་སྣང་བ་དུས་གསུམ་དུ། །རྒྱུན་བརྟགས་མེད་པ་ཅིས་ངེས་འགྱུར། །གཟུགས་ལ་རུང་ཡང་མིང་བཞི་པོ། །དེ་ལྟར་བདེན་ན་རྨི་ལམ་གྱི། །ཤེས་པའང་ཉ་ཤིང་མཚུངས་བརླག་འགྱུར། །རྨི་ལམ་བརྟགས་ལྡང་རྒྱུན་རྟག་ན། །གཟུགས་ཕུང་ཞིག་ཀྱང་དེ་འདྲ་མོད། །འོན་ཏེ་ད་ལྟ་ཡོད་པ་བཞིན། །སྔ་ཕྱི་ཡོད་པ་སྨོས་ཅི་དགོས། །རྟག་ཆད་གཉིས་ཀར་བློ་ཞེན་ན། །དོན་གྱི་སྙིང་པོ་མཆོག་ལས་གོལ། །རང་རིག་སྣང་སྟོང་ཡུལ་མིན་པར། །རིག་པ་རང་གསལ་བསམ་བརྗོད་འདས། །དེ་ཕྱིར་གཉིས་དང་དེར་མི་འཛིན། །དེ་ལ་བླང་དོར་ཕྱོགས་འཛིན་མེད། །དེ་དག་སོ་སོ་ཞེན་ཡུལ་བཅས། །བློས་བཞག་མེད་མ་ཡོད་བརྟགས་པ། །སྤོང་བྱེད་ཆེད་དུ་བྱས་སྤོང་པའང་། །ལྔ་ཡི་བྱེ་བྲག་མི་མཐུན་པ། །མོས་པ་ཐ་དད་ཕྱི་གསུངས་པ། །བྱེ་བྲག་མདོ་ཙམ་བཤད་པར་བྱ། །ཐེག་པ་དང་པོ་བཅུ་དྲུག་མགོན། །གཉིས་པ་གཞི་ཡི་ལྟ་སྤྱོད་བསྲུང་། །གསུམ་པ་བཅུ་གཉིས་ངེས་པར་བསྟན། །བཞི་པ་བདེན་པ་རྣམ་པ་གཉིས། །ལྔ་པ་གསང་བ་ཕྱི་པ་ཡང་། །དང་པོ་རང་རིག་རྣམ་པར་དག །གཉིས་པ་སྔ་ཕྱི་རྗེས་སུ་འབྲང་། །གསུམ་པ་དབྱིངས་ཉིད་འོད་གསལ་བའི། །ས་བདུན་རིམ་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཐེག་པ་བཞི་ཡི་ངེས་འབྱུང་ལས། །ཐེག་པ་གཅིག་གི་འབྲས་བུར་གནས། །ཐ་མའང་བསྟི་གནས་མཐར་ཐུག་སྟེ། །ཐ་མའང་གཙོ་མཆོག་འདིར་བཤད་དོ། །དེ་ལ་སྤོང་ཐབས་མི་མཐུན་པ། །འདོད་དང་འགོག་སྤོང་སྦྱོང་སེལ་བྱེད། །འབྲས་ཤེས་བཏང་སྙོམས་དག་བྱེད་དང་། །ཕྱོགས་སྤྱོད་དང་ལེན་ད་རོལ་དང་། །བདག་ཕྱིར་བླང་དོར་མེད་པ་ཡིས། །ཆེ་བས་སྐས་གདངས་ལྟ་བུར་འགྱུར། །བརྒྱད་གཉིས་བཅུ་སྤྱོད་ཐེག་སོགས་པ། །ཐུན་མོང་ལམ་བརྗོད་རྣམ་པ་དགུ། །སྲིད་པ་དང་པོ་དངོས་ལྟ་བ། །རྣལ་འབྱོར་གཡེང་དྲུག་གིས་བྲལ་ཡང་། །རྒྱུ་འབྲས་ཤེས་པས་ཡ་ང་སྤོངས། །བསྟི་གནས་དང་པོ་སྨིན་པར་འདོད། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །བསམ་གཏན་སྙོམས་འཇུག་ས་བརྒྱད་པོ། །འདོད་སྤྱོད་སྡིག་སོགས་སྤྱོད་པས་འདོར། །དང་པོའི་གཡེང་དྲུག་བསམ་པས་འདོར། །འཛིན་པ་ཕྲ་བས་ཏིང་ངེ་འཛིན། །དོར་བ་གཉིས་མཐུན་དོར་བ་ཡིས། །ས་སྟེགས་རྩ་གཅིག་འཐོབ་བྱེད་པའོ། །ལོག་ལྟ་བཞི་པོ་གཉིས་མཐོང་བས། །ལོག་པའི་ལམ་ཞུགས་ཡ་ངའི་འབྲས། །ལམ་རིམ་དང་པོ་དངོས་འཛིན་གཞི། །འཁོར་བའི་ལམ་གཞི་ཟག་བཅས་འབྲས། །དེ་དག་མཆོག་གི་གསུམ་ལ་རྨོངས། །དེ་ཕྱིར་མ་རྟོགས་ལོག་རྟོག་པའོ། །སྤོང་འགེགས་བྱེད་པའི་བྱིས་པ་གཉིས། །ཚུལ་ཁྲིམས་བསླབ་པས་དངོས་འགོག་ཅིང་། །མཐོང་གོམས་ཤེས་རབ་ཏིང་འཛིན་གྱིས། །སྤོང་འགེགས་མེད་སྨྲ་ཏིང་འཛིན་ལྟ། །ཟབ་ཕྲའི་གཟུང་འཛིན་ཞེན་པ་བཅས། །བླང་དོར་ཞགས་པས་བཅིངས་པ་ཡི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མིན་ཏེ། །ལྷག་པར་དྲུག་གཉིས་ཕྱི་སྟོང་འདོད། །ཕྱོགས་སྟོང་ཞེན་པས་བསྒྲིབས་པས་ཏེ། །རྨི་ལམ་རྟེན་འབྲེལ་བཞི་སྣང་བས། །མི་བདེན་རང་བྱུང་ཡེ་ཤེས་སྐལ། །བཤད་མེད་ཐེག་པའི་གཞུང་གཉིས་པོས། །རྡུལ་དང་རྟེན་འབྲེལ་བཞིར་འདོད་པས། །ཕྱོགས་གཅིག་འདས་མཐའ་ལམ་ཞུགས་པས། །བསྟི་གནས་དང་པོ་འབྲས་བུ་ཙམ། །བླ་ན་མེད་པའི་ཐེག་པ་པ། །བསླབ་པ་གསུམ་གྱིས་སྤང་བྱ་དག །སོལ་སྦྱོང་དག་པས་ཐེབ་འདོད་པ། །རྣམ་རིག་རྣལ་འབྱོར་མདོ་སྡེའོ། །དང་པོ་རང་བྱུང་ཡེ་ཤེས་དོན། །མ་རིག་ཕྱིར་ན་རང་སེམས་ལ། །རྣམ་པ་ཡོད་མེད་རྩོད་པ་བྱེད། །གང་ལྟར་རྩོད་ཀྱང་འཁྲུལ་པའི་མཐའ། །འཁྲུལ་སྣང་ཡུལ་གྱི་རྣམ་པ་ཅན། །རང་བཞིན་འཁྲུལ་མཐོང་ཡོད་མ་མྱོང་། །རྣམ་པ་མེད་པའི་རང་རིག་པ། །འོད་གསལ་ཤེལ་ལྟར་དག་པའང་། །རྒྱུ་རྟག་སྐད་ཅིག་མི་རྟག་པས། །སྐྱེ་འགག་མེད་པའི་ཡེ་ཤེས་ལ། །རྣམ་ཡང་རེག་པར་མི་འགྱུར་ཏེ། །རྣམ་པར་འགོག་པར་ཐུག་པའི་མཐའ། །རྣམ་དག་ཡེ་ཤེས་རྣམ་བྲལ་བ། །སེམས་ཅན་རྒྱུད་རེ་དེ་ཡིན་ཏེ། །རྒྱུད་འཛིན་ཡུལ་མེད་གཟུང་འཛིན་ཅན། །གཡོ་མེད་རྩོད་པ་འཁྲུལ་པར་ཟད། །བྱིས་པས་མཁའ་ལ་རྩོད་དང་མཚུངས། །རྣམ་པ་ཡོད་མེད་ཀུན་བདག་སྐལ། །ཤེས་རྒྱུད་བཞི་ལ་རྩོལ་བའི་ལམ། །དེ་མཐུན་སངས་རྒྱས་དེའི་འབྲུར། །བྱེད་ཀྱི་ལྷག་པའི་གསུམ་མ་མཐོང་། །དམ་པའི་ཤེས་པའང་རྫུན་པའོ། །རྣལ་འབྱོར་སྤྱོད་པའང་དེ་འདྲའི་ཕྱིར། །སྔ་མའི་དམ་པ་རྒྱུ་རྐྱེན་ལ། །རང་ལུས་ཞིག་དང་སྐྱེས་དང་སྐྱེས། །དེ་བས་བརྫུན་ལྟ་དམ་པར་ནི། །ཐམས་ཅད་སེམས་ཏེ་དེ་མ་དམིགས། །མ་སྐྱེས་སྟོང་པ་སྨྲ་བསམ་འདས། །མཐའ་ལ་དབེན་པའི་དོན་དུ་ལྟ། །རྣམ་པ་ཡོད་མེད་རྩོད་དང་བྲལ། །ཤེས་པ་མ་སྐྱེས་ཕྱོགས་ལྟ་བ། །མཐའ་དང་བྲལ་བ་ཐུག་པའི་མཐའ། །སྐྱེ་མེད་ཕྱོགས་གཅིག་མཐའ་དང་བྲལ། །དེ་ཁོ་མཆོག་ལྟའི་ཞེན་པ་ཅན། །གཉིས་མེད་དབྱེར་མེད་མ་མཐོང་བས། །སེམས་སྟོང་བཞི་ལ་དཀའ་སྤྱོད་ལམ། །འབྲས་བུ་སྔོན་བཞིན་འདས་པའི་མཐའ། །གྲུབ་མཐའ་ནོར་རྟོགས་ཤེས་རབ་ཀྱིས། །འབད་པས་བརྟན་ཐོབ་དེ་ཡིས་ཕྱིར། །དེ་མི་བདེན་པས་དེ་མིན་བདེན། །མདོ་སྡེ་པ་ཡི་གཞུང་ལུགས་ཀྱང་། །ཀུན་བརྟགས་སྣང་བའི་སྤྱོད་ཡུལ་འདི། །དམ་པ་གཞན་དབང་སྒྱུ་མ་ཙམ། །ཤེས་སྣང་མ་ཡིན་འདུས་སྣང་ཡིན། །དམ་པར་སྐྱེ་མེད་སྨྲ་བསམ་འདས། །རྟེན་འབྲེལ་གཅིག་དང་དུ་མ་མེད། །རྡོ་རྗེ་གཟེགས་མ་རྣམ་བཞི་དང་། །མུ་བཞི་སྐྱེ་འགོག་ལ་སོགས་པས། །མཐའ་ཡི་བྱེ་བྲག་སེལ་བྱེད་ཅིང་། །དེ་འདྲ་བསམ་གཏན་འདས་ཆེན་ཅིང་། །སྣང་བ་ཡོད་དང་མེད་པ་དང་། །རིགས་པས་འགྲུབ་དང་མ་འགྲུབ་སོགས། །དེ་དག་ལ་རྩོད་མཐའ་འཚོལ་བ། །སྙེད་ནས་ངེས་འཇོག་གཟུང་འཛིན་ཅན། །བདེན་གཉིས་ངོ་བོ་གཅིག་མི་གཅིག །རྩོད་ཅིང་གཅིག་ལ་བདེན་དང་རྫུན། །རིགས་ལྟ་ཆ་ཤས་ཞེན་པ་བཅས། །གཅིག་ན་རྫུན་མཐོང་བདེན་ཐལ་འགྱུར། །ཡང་ན་བདེན་མཐོང་རྫུན་པར་འགྱུར། །རྫུན་ཞིང་བདེན་པར་བསླུ་སོགས་ལྔར། །ཐལ་འགྱུར་བདེན་ཞིང་རྫུན་པའང་། །སྐྱེ་འགག་མེད་སོགས་བཞིར་ཐལ་འགྱུར། །ཡང་ན་མཉམ་བཞག་ཚེ་ན་ཡང་། །བདེན་གཉིས་དུས་གཅིག་མཐོང་བར་རིགས། །བདེན་རྫུན་ཕན་ཚུན་སྤངས་པས་འགལ། །ཐ་དད་གྱུར་ན་སྒྱུ་མ་ལ། །བརྟེན་ནས་དོན་དམ་མི་རྟོགས་ཤིང་། །སྒྱུ་མར་འབད་པའང་ཚི་ཆད་འགྱུར། །དམ་པ་བཙལ་བའི་གནས་མེད་ཅིང་། །འབྲེལ་པ་མེད་པས་ཡོད་མི་འགྱུར། །གང་ལ་མ་སྐྱེས་པ་ཡང་མིན ། །སྐྱེ་བ་མེད་པར་འགྲུབ་མི་འགྱུར། །ཞེན་སྤོང་གཉེན་པོ་མི་བཏུབ་ཅིང་། །དེ་ཉིད་རང་རྒྱུད་ཅན་གྱུར་པས། །གང་ལ་ཕན་གནོད་མེད་འགྱུར་རོ། །དེ་ལྟར་རྟོགས་ཤིང་ཐེ་ཚོམ་ཟ། །ཁས་བླངས་མེད་སྒྲ་ཕྱོགས་ལ་ཞེན། །དེ་བས་བླ་མེད་ཐེག་པ་བ། །དོན་དམ་དུ་ནི་དབྱེར་མེད་དེ། །ཀུན་རྫོབ་ཙམ་དུ་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །དོན་དམ་དུ་ནི་དཀོར་བདུན་ནོ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །དེ་ཉིད་འབྲས་བུའི་མཚན་ཉིད་ལ། །དོན་དམ་ངོ་བོ་ཉིད་ཀྱི་རྒྱུ། །ལྷག་པའི་བདེན་པར་མཚན་བརྗོད་དེ། །ཅིར་ཡང་སྣང་བའི་ཡེ་ཤེས་ཉིད། །མཚན་མར་མ་འགགས་ཅིར་ཡང་སྣང་། །ངོ་བོ་མ་ངེས་དོན་མཛད་དང་། །རྟག་པ་གཉིས་ལས་རིང་བ་དང་། །རྣལ་འབྱོར་དམ་པའི་ཡུལ་མཐུན་དང་། །སྣང་ལ་སྐྱེ་འགག་མེད་པའི་ཕྱིར། །ལྷག་པའི་ཀུན་རྫོབ་ཅེས་སུ་གྲགས། །ཐམས་ཅད་ཀུན་གྱི་རང་བཞིན་པས། །ཡེ་ཤེས་སྣང་བའང་རྒྱུ་རྐྱེན་མེད། །སྐྱེ་འཇིག་མེད་དོ་ལྔ་འབྲས་བུ། །དབྱིངས་དང་ཡེ་ཤེས་རྫོགས་མི་དམིགས། །ཕྱོགས་མེད་རེ་སྐོང་ཕྲིན་ལས་ནི། །ཀུན་ནས་འཚམས་པས་དོན་མཛད་དེ། །ཆེད་དུ་བྱས་པའི་རྟག་པའང་བྲལ། །རང་བཞིན་མཚན་ཉིད་ངོ་བོ་དང་། །ཡོན་ཏན་ཕྲིན་ལས་བརྟགས་པས་དབེན། །ཆོས་དྲུག་ལྡན་ཕྱིར་ལྷག་པར་བསྒྲགས། །དེ་བཞིན་རང་བཞིན་འབྲས་བུ་དང་། །ཡེ་ཤེས་གསུམ་ཕྱིར་དོན་དམ་པའང་། །ཤེས་དོན་ནང་ནས་མཆོག་གྱུར་པས། །དོན་གྱི་མིང་དུ་འགྲུབ་པ་ཡིན། །དེ་ཡང་མ་སྐྱེས་དབྱིངས་ཀྱི་དོན། །བཞི་ཡི་ངེས་ལ་ཆད་གྱུར་པ། །ལོག་རྟོག་སྤྱོད་ཡུལ་ལ་སོགས་པ། །ཀུན་གྱི་རང་བཞིན་ཕྱོགས་བཀོལ་མེད། །ངོ་བོ་བདུན་རྫོགས་དམིགས་པ་མེད། །མཚན་ཉིད་ཀུན་གྲོལ་ཀུན་བདག་ལ། །ཕྱོགས་སྟོང་ཁྱད་པར་ཡོད་པ་མེད། །ཀུན་བྱིན་ལྡན་པའི་བརླབས་སྣང་ལ། །དངོས་པོ་གཉིས་ཀྱི་ངོ་བོ་རྒྱུར། །གྱུར་པས་ཅི་ཡང་མི་འགོག་སྟེ། །རྒྱ་མཚོའི་ཆུ་དང་རླབས་བཞིན་ནོ། །ཡིད་བཞིན་ནོར་ལྟར་རེ་སྐོང་བའོ། །ཡོན་ཏན་ཀུན་རྫོགས་ཕྱིར་སྣང་བའོ། །ཐུན་མོང་དམ་པའི་ཡུལ་མིན་ཏེ། །ཕྱོགས་གཅིག་མཐའ་བྲལ་མ་ཡིན་ཏེ། །དཔེ་དང་གཏན་ཚིག་ཐུན་མོང་པས། །གཏན་ལ་འབེབས་པ་མ་ཡིན་ཏེ། །བདུན་སོགས་ངོ་བོར་གནས་པའི་ཕྱིར། །ལྷག་པ་གྲངས་མཐུན་ཉིད་དུ་བརྗོད། །རྣལ་སོགས་སྤྱོད་ཡུལ་མ་ཡིན་ནོ། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མེད། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མེ་ཡིན་གང་ཡང་མེད། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཕྱོགས་བཅུ་མ་ལུས་ཐམས་ཅད་ལ། །རང་བྱུང་ཆེན་པོས་ཀུན་ཏུ་ཁྱབ། །རང་བྱུང་དེ་ཉིད་དངོས་མེད་པས། །ཆོས་དང་གང་ཟག་བདག་མེད་པ། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ནོ། །མ་སྐྱེས་བཞི་ལ་བགྲོད་པའི་ལམ། །གང་སྤང་གང་ཐོབ་དེའི་འབྲས་བུ། །དངོས་པོ་ཇི་བཞིན་མི་མཐོང་བས། །འབྲས་བུ་བཏགས་པའི་སངས་རྒྱས་ཙམ། །དེ་ལྟར་ངེས་འབྱུང་བྱེ་བྲག་གིས། །རྒྱུད་ནས་ངེས་པའི་གསང་བའང་། །དང་པོ་རྒྱུ་འབྲས་དབྱེར་མེད་པས། །འབྲས་བུ་ལམ་དུ་བྱེད་ཅེ་ཡང་། །ཕྱོགས་གཅིག་དག་པའི་ཆོས་ཉིད་ལ། །ལྟ་ཞིང་དེ་ལས་ལྷ་དྲུག་སོགས། །དམིགས་པ་གསུམ་དང་ཡན་ལག་གིས། །སྒོམ་བྱེད་འབྲས་བུ་གཟུང་འཛིན་ཅན། །ལྟ་སྤྱོད་ཡ་ཆའི་ཞེན་པ་ཡིས། །བདག་ཉིད་ཆེན་པོ་ནང་མི་མཐོང་། །དག་པའི་སེམས་ཞི་རྩོལ་བའི་ལམ། །རྡོ་རྗེ་གསུམ་གྱི་ས་འཛིན་པ། །དམུས་ལོང་འབྲི་མཁན་དང་མཚུངས་ཏེ། །རྣལ་འབྱོར་ཆེན་པོའི་ཐུགས་རྗེའི་ཡུལ། །གཉིས་ཀ་བ་ཡི་བྱ་བ་དང་། །རྣལ་འབྱོར་རྗེས་སུ་ལྟ་སྤྱོད་འབྲང་། །གཉིས་པོ་ཡ་ཆ་སྔོན་བཞིན་ཏེ། །དེ་ཉིད་བཞི་ཡི་ཞེན་པ་ཅན། །དེ་ཡང་ཕྱི་རོལ་པ་ལ་གནས། །རྣལ་འབྱོར་ཏིང་འཛིན་ཞེན་པ་ཅན། །དམ་པ་རང་རིག་འོད་གསལ་བ། །དབྱིངས་ཉིད་རྣམ་དག་ཡེ་ཤེས་ལ། །ཀུན་རྫོབ་བྱིན་རླབས་དཀྱིལ་འཁོར་དག །ཡེ་ཤེས་སྣང་ཕྲ་དེ་ལ་དམིགས། །དེ་ཕྱིར་ལྟ་དགོངས་ཕྱི་རོལ་འགྱུར། །དེ་ཕྱིར་ཁས་ལེན་གཙང་དམེར་ལྟ། །ཆུ་ཡི་རལ་གྲི་བྱིས་པ་ཡིན། །སྤྱོད་པར་མི་ཕོད་འཛིན་པ་ཅན། །དེ་ཉིད་ནས་ནི་ཕྱི་རོལ་སྤྱོད། །ཤིན་ཏུ་ནང་དོན་མ་རྟོགས་པས། །ཕྱི་རོལ་ཆ་ཡིས་བཅིངས་པ་ཡིན། །འོད་གསལ་བཞི་ལས་མཚན་མར་གཡོ། །སྣང་སྟོང་རེས་བསླབ་ལམ་ལྔ་ཡིས། །ཐོབ་པ་དམ་པའང་བསྟི་བའི་གནས། །ཕྱི་རོལ་གཉིས་སོགས་འབྲས་བུའི་ཕྱིར། །འཆིང་བུ་རིན་ཆེན་ཇི་ལྟ་བར། །ལམ་འབྲས་མ་འབྲེལ་འཁྲུལ་པར་ཟད། །གཙོ་མཆོག་བཤད་པར་ཁས་བླངས་པ། །རྒྱས་པར་གདམས་ཀྱི་གདེང་དུ་བགྱིས། །རྣལ་འབྱོར་ཆེན་པོའི་ལྟ་བའི་དོན། །ཡོད་ལས་བཙལ་ན་སྒྲོ་བཏགས་ཏེ། །མེད་ལས་བཙལ་ན་སྐུར་བཏབ་འགྱུར། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །དེ་ལས་གཞན་པའང་འབྲེལ་མེད་པས། །ནམ་ཡང་རྙེད་པར་མི་འགྱུར་ཏེ། །མཐའ་ལ་རྩོད་ཀུན་དེ་ལྟ་བས། །གསུམ་བྲལ་ཕྱོགས་གཅིག་མཐའ་བྲལ་བ། །རང་བློ་འཁྲུལ་པ་སྣང་བ་ཡིན། །དེ་བས་མཐར་ཐུག་ལྟོས་ཡོད་པ། །ཀུན་ཀྱང་མཐའ་ཡིས་བྲལ་བའང་མཐའ། །ཡིན་ཕྱིར་ངེས་པའི་བློ་མི་བཞག །གཉིས་མེད་སྨྲ་བསམ་བྲལ་བ་ལྟོས། །ཚིག་དང་སྒྲ་མཐུན་ཐ་དད་པ། །ལྟ་སྤྱོད་ལོག་པར་དྲངས་ཐབས་སུ། །གསུང་ཕྱིར་རྡོ་རྗེ་ཐེག་ཆེན་པོ། །སྒྲ་གཅིག་དོན་གྱི་ཁྱད་པར་རྟོགས། །དང་པོ་ཆོས་ཀུན་གནས་ལུགས་ཉིད། །དང་པོར་མཚན་ཅིང་དངོས་བཟློག་དང་། །གཉིས་པར་ཡང་དག་བདེན་བྲལ་དོན། །མཚོན་ཕྱིར་མ་སྐྱེས་དེ་བཞིན་ཉིད། །སྟོང་པ་ཉིད་དང་སྣང་བ་མེད། །གཉིས་སུ་མེད་དང་མཉམ་པ་ཉིད། །ཅི་ཡང་མིན་དང་སྨྲ་བསམ་འདས། །མི་གནས་མི་དམིགས་མི་རྟོག་དང་། །མཐའ་བྲལ་རྣམ་པར་དག་པ་དང་། །མཚན་མེད་སྨོན་པ་མེད་པ་དང་། །ཆོས་ཉིད་ཆོས་ཀྱི་དབྱིངས་ཉིད་དུ། །སྤྲོས་བྲལ་འགྲོ་འོང་མེད་པ་དང་། །སྣང་དང་འགག་མེད་ཐོབ་པ་མེད། །གྲོལ་དང་ཐར་དང་ཐོབ་པ་དང་། །ཀུན་རྫོབ་དོན་དམ་བདེན་པ་དང་། །མ་ཆགས་པ་དང་རང་བཞིན་དང་། །དངོས་མེད་ཞེན་མེད་རིགས་པ་དང་། །བདག་མེད་གཞན་མེད་སྤྱོད་ཡུལ་མེད། །ལྟ་བ་རིག་པ་ཡེ་ཤེས་སོགས། །མཚོན་པའི་སྒྲ་གྲགས་ཆོས་རྣམས་ཀྱི། །རང་རང་དོན་རྣམས་ཐ་དད་པ། །ཁྱད་པར་མ་འདྲེས་གསལ་བྱའི་ཕྱིར། །རིགས་པས་མདོ་ཙམ་ཕྱོགས་བརྗོད་པ། །དང་པོ་རྒྱུན་གྱི་ལོག་རྟོག་ཆོས། །བཀག་གསལ་ཕྱོགས་གཅིག་མ་སྐྱེས་དང་། །དྲི་མར་མ་སྐྱེས་མཚན་མར་མིན། །ཆེད་དུ་བྱས་པ་མ་སྐྱེས་རྣམས། །སྐྱེས་སྤོང་མ་སྐྱེས་འདོད་པ་ཡིས། །སྲིན་བུ་བལ་བཞིན་བཅིངས་པར་ཟད། །ཇི་སྙེད་ཐ་དད་ཆོས་རྣམས་ཀུན། །གཉིས་མེད་བླང་དོར་མེད་པ་ཡིས། །ལྷག་པ་མ་སྐྱེས་དོན་མཆོག་ནི། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །དབྱིངས་ཕྱོགས་མ་སྐྱེས་དེ་བཞིན་ཉིད། །རིག་པ་ཉིད་དང་ཡེ་ཤེས་འདོད། །བླང་དོར་མེད་པའི་དེ་བཞིན་ཉིད། །གཉིས་མེད་མ་བྱས་མ་བཅོས་པ། །སྨྲ་བསམ་འདས་པའི་གཙོ་མཆོག་གོ། །དེ་བཞིན་སྟོང་ཉིད་ཞེན་པ་ཡང་། །ཕྱོགས་སྟོང་གསལ་སྟོང་ལ་སོགས་ལས། །རྣམ་པ་མཆོག་ལྡན་སྟོང་ཆེན་པོ། །ཡོད་པ་ཉིད་ན་སྟོང་པ་ཉིད། །ཡོད་དང་མེད་པས་སྨྲ་བསམ་འདས། །ངོ་བོ་རང་བཞིན་མཚན་ཉིད་དང་། །བྱིན་རླབས་ལ་སོགས་ཁྱད་པར་འཕགས། །སྣང་བ་མེད་ཅེས་བརྗོད་པ་ཡང་། །མ་རྟོགས་པ་དང་ལོག་པར་རྟོག །སྣང་ལ་མེད་པ་ལྟ་བུ་མེད། །ཕྱོགས་གཅིག་སྣང་མེད་ཕྱོགས་རིས་མེད། །རྫུན་པ་གསལ་བ་སྣང་མེད་དང་། །སྣང་བ་དྲི་མ་མེད་པ་དང་། །མཚན་སྣང་མེད་པ་ལ་སོགས་པ། །ཆེས་བྱས་སྣང་བརྟགས་ཀུན་པར་ཟད། །སྣ་ཚོགས་སྣང་བ་དང་བཅས་པའི། །སྣང་བ་མེད་པའི་མཆོག་འདི་ནི། །སྣང་བ་ཡོད་མེད་དབྱེར་མེད་པས། །འདི་ལྟར་སྣང་ཞེས་བསམ་དུ་མེད། །གཉིས་སུ་མེད་པར་བསྟན་པ་ཡང་། །ཕྱོགས་སྟོང་གཉིས་མེད་ཡུལ་སེམས་མེད། །ཕྱོགས་གཅིག་བྲལ་བའི་གཉིས་མེད་པ། །དེ་ཀུན་གཉིས་པའི་གཙོ་མཆོག་གོ། །དོན་དང་འདོད་པ་ཡོད་ཕྱིར་རོ། །རྒྱུ་འབྲས་གཉིས་སུ་མེད་པ་ཡང་། །བྱ་བ་རྣལ་འབྱོར་དོན་དམ་པར ། །གཉིས་མེད་དང་དུ་ལེན་པ་ཡང་། །རེས་འཇོག་ལྟོས་པའི་ཕྱོགས་གཅིག་པའོ། །གཉིས་པར་གྲགས་པའི་ཆོས་སོ་ཅོག །ལྡན་བཞིན་གཉིས་སུ་མེད་པ་ཡིས། །ལྷུན་འགྲུབ་བླང་དོར་མེད་པ་དང་། །གཟུགས་བརྙན་ནོར་བུས་མཚོན་པའོ། །ཚེ་ཕྱིར་མཉམ་ཉིད་གསུངས་པ་དང་། །འདྲ་བའི་མཉམ་པ་མི་མཉམ་ཆོས། །མི་མཉམ་བྲལ་བའི་ཕྱོགས་མཉམ་ནི། །མཉམ་པའི་མཐའ་ལ་གནས་པས་ལོག །གསང་ཆེན་མཉམ་པ་ཆེན་པོ་ནི། །མི་མཉམ་ཆོས་ཀུན་བདག་ཉིད་ལ། །མཉམ་དང་མི་མཉམ་ཆ་ཤས་མེད། །མཉམ་པ་ཀུན་གྱི་ཡང་རྩེ་ཡིན། །གཞན་སེལ་དོན་དུ་གཉེར་བའི་ཕྱིར། །ཅི་ཡང་མིན་པར་བཀའ་སྩལ་པའང་། །རིག་པས་མ་ཡིན་ཤེས་པ་ལ། །ཡིན་པར་སྣང་ལ་སྐྱོན་ལྟ་བར། །མཐའ་སེལ་ཕྱོགས་གཅིག་མ་ཡིན་དང་། །དམིགས་པ་མ་ཡིན་ཀུན་ཀྱང་མཐའ། །བླང་དོར་མེད་སོགས་མིང་གསུམ་ལྡན། །ཅི་ཡང་མིན་ཞེས་བརྗོད་པ་ཡང་། །ཅི་ཡང་མིན་པའི་དངོས་གཞི་ཅན། །ཡིན་མིན་དབྱེར་མེད་ཆ་ཤས་བྲལ། །ཕྱོགས་སུ་ཐུགས་པ་འདི་ལ་མེད། །རྨ་བྱའི་མདོངས་རྩེ་ཁ་དོག་འདྲ། །དགོས་ཆེད་སྔོན་བཞིན་སྨྲ་བསམ་འདས། །བདེན་པ་ཕྱོགས་གཅིག་དེ་བཞིན་པ། །འཁུ་བར་ཆུ་བླུགས་བཞིན་འདོད་པ། །ཕྱོགས་ཆས་སྨྲ་བསམ་ཡུལ་ལས་འདས། །རྟོག་གེའི་ཡུལ་དུ་ང་སྨྲའོ། །མིང་གསུམ་ལྡན་པའི་དོན་མཆོག་ནི། །སྨྲ་བསམ་ཀུན་དངོས་སྨྲ་བསམ་དཀའ། །བློ་ངན་ཡུལ་དུ་མ་གྱུར་པས། །ནམ་མཁའ་འདི་ཞེས་དཀའ་དང་འདྲ། །ལོག་རྟོག་ཕྱོགས་རིས་རྣལ་འབྱོར་དང་། །ཕྱོགས་གསལ་མ་གནས་རྟེན་པ་ཅན། །ཕྱི་སའང་འཛིན་པའི་གཞི་ཅན་དེ། །གནས་པའི་གཙོ་བོར་བདག་གིས་བརྗོད། །བླང་མེད་དོར་མེད་མི་གནས་པ། །བསྒོམ་བྱ་སེམས་ཕྱིར་བརྟན་བྲལ་བ། །གནས་དང་མི་གནས་སྤོང་ལེན་མེད། །ཅི་ལའང་ཡིད་རྟེན་མི་འཆའ་བས། །མི་གནས་ཉིད་ལ་གནས་མི་བྱེད། །རྟེན་དང་བརྟེན་ཅན་མེད་པས་ནི། །མི་གནས་ཆེན་པོ་མཆོག་ཡིན་ཏེ། །ནམ་མཁའ་ལྟ་བུ་རྟེན་དང་བྲལ། །གང་གིས་མི་དམིགས་ཞེས་བརྗོད་པའང་། །ལོག་དང་འཇིག་རྟེན་ཏིང་འཛིན་དང་། །འགོག་གཉིས་ཕྱོགས་གཅིག་ལ་གནས་དང་། །དབུ་མ་པ་དག་མི་དམིགས་གསུམ། །འདོད་ལས་སེལ་བའི་དམིགས་པ་ཅན། །ཕྱོགས་གཅིག་རྟེན་མེད་དམིགས་པའོ། །དམིགས་པ་ཀུན་བདག་མི་དམིགས་པ། །མཚོན་ཆེན་ཅན་དུ་དེ་བརྗོད་ཀྱང་། །མི་དམིགས་འདོད་པའི་ཆགས་པ་མེད། །དམིགས་སྤོ་ཞེ་སྡང་ཕྲག་དོག་མེད། །གཉིས་སུ་མེད་པར་མི་དམིགས་ལ། །མཁའ་ལ་འདི་ཞེས་དམིགས་བྲལ་འདྲའོ། །རྣམ་པར་མི་རྟོག་བརྗོད་པ་ཡང་། །འཇིག་རྟེན་ཞེན་པའི་རྣམ་མི་རྟོག །ལོག་པར་བསྒོམ་པ་མི་རྟོག་དང་། །བྱིས་པ་དགག་སྒྲུབ་མི་རྟོག་གཉིས། །ཕྱོགས་འཛིན་གསལ་བ་མི་རྟོག་པ། །རྣམ་དག་གསལ་བ་མི་རྟེན་རྣམས། །བཞི་ལ་རྟོག་པ་མེད་སྨྲ་ཞིང་། །མི་རྟོག་མི་མཐུན་བགེགས་ལྟ་བས། །དགག་སྒྲུབ་བླང་དོར་བྱེད་པ་དེ། །ངེས་མཆོག་བཞི་ཡི་རྟོག་པ་ཅན། །ཐབས་ཆེན་རྣམ་པར་མི་རྟོག་པ། །རྟོག་ཚོགས་མིང་ཙམ་ཡེ་ཤེས་ཕྱིར། །རྟོག་པ་ཉིད་ནས་མ་སྐྱེས་པས། །སྐྱེས་བརྡའི་འདུ་ཤེས་དབྱེ་བ་མེད། །དགག་དང་སྒྲུབ་མེད་མི་རྟོག་པ། །མི་རྟོག་ཉིད་དུའང་རྟོག་མེད་པས། །མེ་ལོང་ནག་ལ་རྟག་མེད་བཞིན། །གྲོལ་རྟོགས་བྱ་ཕྱིར་མཐའ་བྲལ་བ། །མཐའ་ཞེས་ཐུགས་པར་གྲགས་པ་རྣམས། །ལོག་པའི་མཐའ་གཉིས་བྲལ་གཟུགས་མེད། །སྐྱེ་འགག་ཆ་ཤས་བྲལ་བ་དང་། །རང་རིག་མཐའ་བརྒྱད་བཞི་གཉིས་བྲལ། །མཐའ་ལ་སྐྱོན་དུ་རྟོག་བྱེད་ཅིང་། །མཐའ་བྲལ་ཡོན་ཏན་ལན་བྱེད་པ། །ལྟོས་པས་ཐུགས་པ་ཡོད་པའི་ཕྱིར། །མཐའ་བྲལ་ཉིད་ཀྱང་མཐའ་ཡི་གཙོ། །ཀུན་རྫོབ་ཤེས་ཡུལ་བྱེད་པས་འཁྲུལ། །ཡང་དག་མཐའ་བྲལ་ཤེས་བྱའང་། །མཐའ་བརྒྱད་ལ་སོགས་གྲགས་པ་རྣམས། །རང་རིག་ཡེ་ཤེས་སྣང་བའི་ཕྱིར། སྤྲོས་པ་ཐུགས་རྡོའི་དུས་ཉིད་ན། །མིང་ཙམ་དེར་རེ་མེད་པའི་ཕྱིར། །མཐའ་དང་བྲལ་བ་གཉིས་སུ་མེད། །སྨན་ཞེས་བྱ་བའི་ག་པུར་དུས། །གྲང་བའི་དུག་དང་གཉིས་མེད་ལྟར། །བྲལ་རྗེས་བརྗོད་པ་དེ་ཁོ་ན། །ཐུག་པའི་མཐའ་དང་དབྱེར་མེད་ལ། །གང་དུའང་ཐུག་པ་མེད་པའི་ཕྱིར། །མཐའ་བྲལ་བླ་མར་བཤད་པ་ཡིན། །རྣམ་པར་དག་པ་སྦྱང་བྱ་དག །མཐོང་སྒོམ་ལམ་གྱིས་སྤང་བྱ་ཞིང་། །སྔགས་དང་ཕྱག་རྒྱ་སྦྱོང་རིམ་དག །དག་འདོད་དྲི་མེད་ཆགས་པས་བཅིངས། །ཐུག་པའི་རྣམ་དག་ཞེན་པ་ཅན། །རང་རང་ཀུན་ཏུ་བརྟགས་པས་ནོན། །འོག་མས་སྨད་པའི་དྲི་མ་རྣམས། །དྲི་མ་ཉིད་ན་རྣམ་དག་ཅིང་། །བླང་དོར་གཉིས་སུ་མེད་པ་ལ། །དག་དང་མ་དག་རིས་མེད་པས། །ཐེག་པ་ཀུན་གྱི་ཡང་རྩེ་སྟེ། །འདམ་སྐྱེས་པདྨ་ཇི་བཞིན་ནོ། །མཚན་མ་མེད་པའི་རིམ་པ་ཡང་། །གྲགས་པའི་མཚན་མེད་འདོད་པ་ཡིས། །སྤོང་དང་སྤེལ་བས་ཕྱོགས་གཅིག་པ། །འདུ་ཤེས་ཡུལ་ལ་སྐྱོན་ལྟ་ཞིང་། །དེ་མེད་པ་ལ་མཆོག་གཞོལ་བྱེད། །འདོད་དང་ཞེན་པའི་གཟུང་འཛིན་ཅན། །ཕྱི་ཡི་བྱ་བ་རྣལ་འབྱོར་ཀྱང་། །དེ་ཕྱོགས་མཐུན་མཚན་ཕྱིར་ན་རྫུན། །མཆོག་གི་མཚན་མ་མེད་ཅེས་པ། །འདུ་ཤེས་ཀུན་བདག་རང་རིག་ཕྱིར། །ཡུལ་མེད་དེ་ལ་འཛིན་པ་མེད། །དེ་ནས་ཕྱོགས་ཀྱི་མཚན་འཛིན་བྲལ། །དེ་བཞིན་སྨོན་པ་མེད་པ་ཡང་། །བློ་ཆུང་ལྟོས་པའི་སྨོན་བྱེད་དང་། །བསལ་དང་ལེན་པ་སྨོན་མེད་གསུམ། །འདོད་པས་ཞེན་པ་སྨོན་པ་ཡིན། །སྨོན་པ་ཀུན་རྫོགས་རང་རིག་ཉིད། །ལམ་དང་འབྲས་བུ་དངོས་གཞིའི་ཕྱིར། །འཕྲུལ་དགའི་ལོངས་སྤྱོད་ཚུལ་བཞིན་དུ། །གཞན་དུ་རེ་སྨོན་སྐྱེ་བ་མེད། །ཆོས་ཉིད་དབྱིངས་ཞེས་བརྗོད་པ་ཡང་། །སྤྱོད་ཡུལ་འདི་དག་མེད་སྟོང་ཞིང་། །གསལ་བྲལ་སྟོང་པའི་ཆོས་དབྱིངས་དང་། །རང་རིག་དག་པའི་ཆོས་ཉིད་དང་། །མཚན་ཉིད་མེད་པའི་དབྱིངས་སོགས་པས། །ཞེན་ཡུལ་ཆོས་ཅན་མཐའ་ལས་རིལ། །སྟོང་ཉིད་མུ་མཐའ་མེད་སོགས་སྨྲ། །རང་རིག་རྟགས་མཐོང་དབྱིངས་ཞེས་བྱ། །གསང་སྔགས་ཆེན་པོའི་ཆོས་ཉིད་དབྱིངས། །ཆོས་ཅན་མ་གོལ་དམིགས་པའང་མེད། །བྱེད་མེད་བྱས་མེད་བསླད་པའང་མེད། །འདི་དང་འདི་ཞེས་རིས་མེད་པ། །ཆོས་ཉིད་དམ་པ་དེ་ཁོ་ནའོ། །ཀུན་འབྱུང་མུ་མེད་བརྡལ་ཁྱབ་མེད། །གང་ཡང་མ་སྤངས་བཀོལ་བ་མེད། །ཕྱོགས་ཆད་མེད་དེ་བློས་རེག་མེད། །དེ་ཕྱིར་གསང་བའི་དབྱིངས་ཞེས་བྱ། །རྣམ་གྲངས་ཆོས་དེ་ནམ་མཁའ་དང་། །མཐུ་ཡོད་ཕྱིར་ན་ཉེར་སྦྱར་བའོ། །སྤྲོས་བྲལ་ཤེས་པར་བྱ་བ་ཡང་། །ལོག་རྟོག་ཞེན་པའི་སྤྲོས་པ་རྣམས། །སྐྱོན་ཤེས་སེལ་བའི་ཕྱོགས་གཅིག་པ། །ཕྱོགས་གཅིག་སྤྲོས་པའི་མཐའ་ཐུག་ཅིང་། །རང་རིག་ཡེ་ཤེས་སྤྲོས་པ་ཡང་། །སྤོང་ལེན་བྱེད་ན་སྤྲོས་པའི་མཐའ། །ཐིག་ལེ་ཀུན་ནས་ཟླུམ་པ་ལྟར། །སྤྲོས་པ་ལྷུན་གྲུབ་སྤྲོས་བྲལ་ནི། །ཇི་སྙེད་སྤྲོས་པ་སེམས་ཉིད་ཕྱིར། །རྒྱུ་འཛིན་མེད་པའི་བྱང་ཆུབ་སེམས། །མིང་ལྔ་ལྡན་པའི་ཡེ་ཤེས་ནི། །དེ་ཉིད་ཆོས་དབྱིངས་རང་བྱུང་སྟེ། །མི་གནས་ཤེས་པ་ལྷུན་གྲུབ་པ། །དེ་ཁོ་དེ་བཞིན་ཉིད་དམ་པའོ། །ཡུལ་དང་ངོ་བོས་སྤྲོས་མེད་ཕྱིར། །སྤྲོས་བྲལ་ཀུན་གྱི་བླར་གྱུར་ཡིན། །འགྲོ་དང་འོང་བ་མེད་པ་ཡང་། །ཞེན་ལོག་འགྲོ་འོང་དམ་པར་མེད། །ཐུན་མོང་ཕྱོགས་གཅིག་འགྲོ་འོང་མེད། །དག་དང་འོད་གསལ་འགྲོ་འོང་མེད། །འགྲོ་འོང་ཕྱོགས་ལ་སྨོད་བྱེད་ཅིང་། །འགྲོ་འོང་མེད་ཕྱོགས་རྗེས་འབྲང་བ། །ཤེས་བྱ་ཤེས་བྱེད་ཡ་ཆ་བ། །དམ་པའི་ལམ་དུ་ག་ལ་འགྱུར། །འགྲོ་འོང་ཀུན་དང་གཉིས་མེད་པའི། །འགྲོ་འོང་མེད་པ་ཆེན་པོ་ལ། །འགྲོ་འོང་ཉིད་ན་མེད་པའི་ཕྱིར། །འོང་དང་མི་འོང་ཡོད་མེད་མེད། །རྒྱ་མཚོར་འབྲེལ་བའི་འབབ་ཆུ་བཞིན། །ཡོད་མེད་མཐའ་ཡི་མེད་པ་མེད། །བརྟགས་པ་འཁྲུལ་སྣང་ལོག་སྣང་དང་། །ཕྲ་རབ་སྟོང་འཁྲུལ་རྣམ་སྣང་དང་། །སྒྱུར་སྣང་ལྷར་སྣང་རིམ་པ་དག །ཡོད་སྣང་ལ་སོགས་འདུས་སྣང་དང་། །བདག་རིག་རང་བཞིན་སྐྱེན་བསླང་བས། །ལྷར་སྣང་འདོད་པ་འཁྲུལ་མཐོང་ཡིན། །སྣང་མེད་སྣང་བ་ཀུན་བདག་ཉིད། །རང་རིག་ཡེ་ཤེས་ཆོ་འཕྲུལ་ནི། །རྒྱ་མཚོ་ཆུ་དང་རླབས་བཞིན་དུ། །བྱང་ཆུབ་སེམས་ཉིད་ཀུན་ཏུ་ཤར། །འགག་པ་མེད་པའི་བྱེ་བྲག་ནི། །མེ་ནག་མི་འགྱུང་འགག་མེད་དང་། །གློ་བུར་ཙམ་སྣང་མི་འགོག་དང་། །འབྲས་བུ་རྡོ་རྗེའི་འགག་མེད་གཉིས། །འགག་སྤོང་དེ་དང་འབྲལ་འདོད་ན། །འགག་མེད་མཐའ་ལ་ཞེན་པར་ཟད། །གཉིས་མེད་འགག་པ་མེད་པ་ནི། །རང་བྱུང་ཡེ་ཤེས་རང་སྣང་ཕྱིར། །འགག་པ་ཉིད་ནི་འགག་མེད་པས། །ནམ་མཁའ་ལྟ་བུར་སྐྱེ་འཇིག་མེད། །འདོད་པ་ཞེན་པ་ཐོབ་པ་དང་། །སྤོང་ཐོབ་སྦྱང་ཐོབ་བགྲོད་པ་དང་། །བདག་ཡིན་ལས་རུང་ཐོབ་པ་དག །འདོད་པས་སྤང་ཐོབ་ཕྱིར་ན་རྫུན། །ཐོབ་པ་མེད་པའི་ཐོབ་པ་ནི། །མཚན་ལྡན་ལོང་བ་མིག་ཕྱེ་བཞིན། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །འབྲས་བུ་རང་ལས་ཤར་བར་ཟད། །གཞི་ཙམ་ཉིད་ལ་སྤང་ཐོབ་མེད། །ཆེད་དུ་བྱས་པའི་ཐོབ་མེད་གཉིས། །ལན་ཅིང་ཆགས་པ་ཡོད་པའི་ཕྱིར། །ཐོག་མེད་ཞེན་པ་ལྕགས་སྒྲོག་ཅན། །བདག་ཉིད་ཆེན་པོ་ཐོབ་མེད་ནི། །འབྲས་བུ་ཀུན་བདག་རང་རིག་ལ། །གཉིས་ཕྱིར་ཐོབ་བྱའི་ཆོས་མེད་དེ། །དབུལ་མོའི་གཏོར་དང་གྱད་ནོར་བཞིན། །བྱེད་པོས་དགྲོལ་དང་བཀག་གྲོལ་དང་། །སྦྱངས་པས་གྲོལ་བ་ཕྱོགས་གཅིག་པ། །ཐུན་མོང་མིན་པའི་ལྟས་གྲོལ་བ། །འཆིང་གྲོལ་གཉིས་སུ་ལྟས་པས་བཅིངས། །བདག་ཉིད་ཆེན་པོར་དབྱེར་མེད་པ། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་བར་བྱ་བ་མེད་གཉིས་གྲོལ། །མཁའ་ལ་མདུད་མེད་ཇི་ལྟ་བུའོ། །མ་རིག་ཉོན་མོངས་ལས་སྡུག་བསྔལ། །ཆུ་བོ་བཞི་ལས་ཐར་པའམ། །ཤིན་ཏུ་རིང་དང་བརྒྱུད་པ་དང་། །བཀག་སྤངས་བསལ་བས་ཐར་བ་དང་། །ཟིལ་གནོན་སྦྱོར་བས་ཐར་འདོད་པ། །འདོད་པའི་རྒྱ་མཚོར་ཆུད་པའི་ཕྱིར། །རྩོལ་བའི་ཆུ་རྒྱུན་ཕྱོགས་ཆས་ཁྱེར། །མཆོག་དང་རིང་བའི་ལོག་ལྟ་ཅན། །ཆུ་བོ་བཞི་ཉིད་ལམ་འབྲས་ཕྱིར། །ཐབས་དང་ཤེས་རབ་ལས་ཉིད་ཀྱི། །ཆུ་བོ་ཉིད་ལ་རོལ་སྤྱོད་པས། །བརྒལ་བ་མེད་པར་རྣམ་པར་ཐར། །ཆུ་ལ་ཉ་ཆེན་འཕྱོ་བའམ། །སྨན་སྔགས་ལྡན་པའི་དུག་ནད་འདྲ། །ལོག་པའི་ཀུན་རྫོབ་རྣམ་གཉིས་དང་། །འཁྲུལ་པ་གཞན་དབང་ཀུན་རྫོབ་རྣམས། །རིག་པ་བཞི་བཅུས་བདེན་ལྟ་བའང་། །ཡོན་ཏན་རླབས་འབྱུང་ལྷ་ཡི་འཁོར། །ཚུལ་མཐུན་རིགས་པས་འབྲས་བུར་བལྟ། །ལྷག་པ་ཀུན་རྫོབ་དོན་དམ་གཉིས། །བཤད་པ་བཞིན་དུ་ཤེས་པར་བྱ། །ཐུན་མོང་དོན་དམ་བྱེ་བྲག་ཀྱང་། །བཤད་པ་ཆ་ཡིས་ཤེས་པར་བྱ། །རྒྱ་མཚོ་དྭངས་པར་གཟའ་སྐར་བཞིན། །བདེན་གཉིས་སྣང་སྟོང་དབྱེར་མེད་པ། །ཕྱོགས་ལྟའི་མཐར་ཐུག་མེད་པ་ནི། །དེ་ཀ་རང་བཞིན་རྒྱུད་ཉིད་དོ། །ཞེན་པའི་ཡུལ་ལ་མ་ཆགས་པའང་། །ཚིམ་དང་སྙིང་པོ་བར་ཆད་སོགས། །ཆགས་མེད་འཁྲུལ་དང་ལོག་པ་དང་། །བཀག་སྤངས་ཕྱོགས་གཅིག་ཆགས་པ་དང་། །བཟློག་དང་བཏང་སྙོམས་ཆགས་མེད་དང་། །བཞི་པོ་ཆགས་མེད་ཆགས་པས་བཅིངས། །ཆགས་མེད་བླང་དོར་མེད་པ་ནི། །ཆགས་པ་ཉིད་ན་ཆགས་མེད་པས། །ཐབས་དང་ཤེས་རབ་གདེངས་ལྡན་པས། །པདྨ་ལ་ནི་འདམ་བཞིན་ནོ། །ཀུན་བརྟག་རང་བཞིན་ཆོས་རྣམས་ནི། །རྒྱུད་སྤངས་ཕྱོགས་གཅིག་རང་བཞིན་མེད། །ཕྱོགས་གཅིག་མཐའ་ཡིི་རང་བཞིན་དང་། །ཆོས་ཉིད་མཚན་ཉིད་ལ་སོགས་པ། །རང་བཞིན་ཡོད་འདོར་མེད་བསྒྲུབ་ཕྱིར། །སྤོང་ལེན་མཐར་གྱུར་རང་བཞིན་ཅན། །ནམ་མཁའ་དྭངས་པའི་དུས་ཉིད་དང་། །འཇའ་སྤྲིན་ཚོགས་ཀྱི་རང་བཞིན་ལྟ། །བཏགས་པའི་རང་བཞིན་ཐམས་ཅད་ཡ། །དེ་ཉིད་སྣང་ཕྱིར་གཉིས་མེད་པའོ། །དེ་བཞིན་དངོས་པོ་མེད་པ་དང་། །ཞེན་པ་མེད་ཅིང་གྲགས་པ་རྣམས། །ཡེ་མེད་སྔ་ལ་གཅིག་ལ་གཅིག །མེད་དང་ཞིག་མེད་འདོད་ལྟ་བ། །བཞི་ལ་གཉིས་པ་མེད་འདོད་པ། །མི་སྲིད་བཞི་ཡི་དཔེས་མཚོན་པར ། །འདོད་པ་སྣང་རིས་མི་མཐུན་པར། །ལྟ་བ་སྔོན་བཞིན་རྒྱུ་རིམ་བཞིན། །དེ་ཉིད་འབྲས་ལྟའི་རིམ་པ་གཉིས། །དྲུག་པོ་འདས་པའི་མཐར་ཞེན་ཅིང་། །ཕྱོགས་གཅིག་གཞི་ལ་གང་ལྟ་བ། །སྣ་ཚོགས་སྣང་བའི་གཞིར་མི་རུང་། །དེ་བས་མར་མེ་གསལ་དུས་ན། །མུན་པ་མ་སོང་སྒྲོས་མེད་དེ། །གསལ་ཉིད་གཉིས་སུ་མེད་པར་ལྟར། །དངོས་ཞེན་མ་རིག་ཡེ་ཤེས་པ། །སྤངས་དང་མི་གནས་འགལ་བ་མེད། །ཡིད་བཞིན་ནོར་བུའི་ཡོན་ཏན་ལྟར། །དངོས་གཉིས་ལྷུན་གྲུབ་ཅིར་ཡང་སྣང་། །ཆོས་ཀུན་གཞི་ཞེས་དེ་ཕྱིར་བྱའོ། །རྫུན་ལ་སོགས་པའི་རིག་པ་ནི། །རྒྱུ་ཡི་གཞི་འདོད་བདེན་ལྟ་བ། །ཕྱོགས་གཅིག་ཡིན་གྱི་ངེས་འཇོག་པ། །འབྱུང་བའི་གཞི་རྩར་ཐེ་ཚོམ་མེད། །ཐམས་ཅད་ཡེ་ནས་དབྱེར་མེད་ལ། །རིགས་དང་མི་རིགས་བླང་དོར་མེད། །གཉིས་མེད་སྟོན་པའི་ལུང་མན་ངག །རིག་པས་འཚོམས་པ་གོ་འབྱེད་པ། །དཔའ་བོའི་ལག་ཆ་ཇི་བཞིན་དུ། །རྣམ་གྲངས་ཀུན་ཀྱང་རྟོགས་པའི་ཐབས། །རིག་པ་མེད་ཀྱང་ཐབས་ཀྱིས་མཆོག །ཡིན་མིན་ཆོས་ལ་རྩོད་མི་བྱེད། །ཆོས་དང་གང་ཟག་བདག་མེད་པ། །དངོས་ལྟའི་བདག་མེད་ཉན་ཐོས་པས། །ཕྱོགས་ཙམ་སྟོང་པའི་ཆོས་བདག་མེད། །རྒྱུན་སྣང་དོན་འགོག་བདག་མེད་དང་། །གསལ་བ་ཕྱོགས་གཅིག་བདག་མེད་དང་། །རིགས་སྣང་བདག་མེད་ཡེ་ཤེས་སྣང་། །གསུམ་གཉིས་སྤོང་ལེན་བྱེད་པའི་ཕྱིར། །བདག་ཏུ་འཛིན་པའི་གཙོ་བོ་ཡིན། །ཕྱོགས་བཅུ་རང་བྱུང་ཡེ་ཤེས་ལ། །རང་བྱུང་འདི་འདྲའི་དངོས་མེད་པས། །ཆོས་དང་གང་ཟག་ཡོད་མ་ཡིན། །ལ་ལར་ཉི་མའང་མུན་རྐྱེན་ལྟར། །བདག་མེད་ཡེ་ཤེས་བདག་ཀུན་ལྡན། །གཉིས་མེད་བདག་མེད་བདག་ཉིད་ཆེ། །མེད་མཐར་ཐུག་པ་འདི་ལ་མེད། །གཞན་མེད་སྤྱོད་ཡུལ་མེད་པ་ཡང་། །ཕྲ་བས་གཞན་པའི་ཡོར་པོ་མེད། །ཟབ་པས་བརྟགས་པའི་དཔྱོད་བྱེད་མེད། །གཞན་ཡང་སྟོང་པས་མེད་པ་དང་། །འཁྲུལ་པས་མེད་དང་རྫུན་པས་མེད། །རིག་ཕྱིར་མེད་དང་ཡེ་ཤེས་ཕྱིར། །གཞན་མེད་པ་ཡང་དེ་བཞིན་ནོ། །དེ་བྲལ་འདོད་ཕྱིར་ལྕགས་ཀྱིས་དཀྲིས། །སྔོན་བཞིན་ཐམས་ཅད་ཡེ་ཤེས་ལ། །ངོ་བོ་གཅིག་ཕྱིར་ཆ་ཤས་མེད། །གཅིག་མཐའ་མེད་པས་ཀུན་ཏུ་ཤར། །གཉིས་སུ་མེད་པས་ཕུང་གསུམ་མེད། །དེ་ལ་སྨྲ་བསམ་མེད་པའི་ཕྱིར། །གཟུགས་འཛིན་ལྕགས་ཀྱིས་སྡོམ་པ་མེད། །ལྷ་རིག་གཉིས་ཀྱི་སྔོན་བརྗོད་པ། །འདོད་པ་ཐ་དད་ཡུལ་མཐོང་བའོ། །ཤེས་རབ་སྤྱན་གྱི་ངོ་བོ་སྟེ། །ཁྱད་པར་བཤད་པ་ཉིད་དུ་ཟད། །མཐོང་བའི་ལམ་དུ་གཅིག་སྨྲ་བའང་། །བཤེས་གཉེན་སྐྱེན་ཕྲད་སྔགས་མཐོང་གི། །དེ་མེད་རང་གི་མངོན་ཤེས་ཀྱིས། །མཐོང་ན་བཅུ་པའང་ཐོབ་པར་རིགས། །ལྟ་བའི་སྒྲིབ་པས་ཕྱེ་བའི་ཕྱིར། །ལས་དང་འབྲས་བུའི་ཁྱད་པར་ཆེ། །སྒྱུ་འཕྲུལ་དྲ་བའི་ཡེ་ཤེས་ལ། །བཅུ་དྲུག་གཉིས་སུ་འདོད་པ་དང་། །བཞི་དང་གཉིས་སུ་གནས་འགྱུར་འདོད། །རིགས་པ་བཞི་དང་ལྔར་འདོད་པ། །རང་རང་རྟགས་པའི་དོན་མཐོང་ཕྱིར། །མུན་པའི་རབ་མཆོག་ཡིན་ཞེས་བརྗོད། །བརྒྱད་དྲུག་ཚོགས་བཞི་སྣང་བཅས་པ། །སྤྱོད་ཡུལ་དངོས་པོ་སྣང་ངོ་ཅོག །རིག་པས་དབང་བསྒྱུར་བཞིན་སྣང་དང་། །སོ་སོའི་ཇི་ལྟར་བརྟགས་སྣང་དང་། །ངོ་བོས་ངེས་པར་རེད་མེད་ཕྱིར། །སེམས་ཉིད་འབའ་ཞིག་སྣང་བ་ཡང་། །འཁྲུལ་དུས་རང་བཞིན་མ་འཁྲུལ་དང་། །སོ་སོ་ཤེས་པ་བརྒྱད་ཆོས་ཕྱིར། །མིང་གསུམ་ལྡན་པའི་ཤེས་གཅིག་སྟེ། །གཅིག་དང་དུ་མ་ཀུན་དངོས་པས། །ཡེ་ཤེས་ཀུན་གྱི་བདག་ཉིད་པ། །ཆ་ཡི་ལྔ་དང་བརྒྱད་བརྗོད་པ། །རྩ་བ་རང་བྱུང་ཡེ་ཤེས་སོ། །ཡེ་ནས་ཤེས་པའི་བདག་ཉིད་པས། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །སྣང་སྟོང་ཆོས་སུ་གྲགས་པ་ཀུན། །ཁ་དོག་དབྱིབས་སོགས་རང་སྣང་བའོ། །རྟག་ཆད་ཕྱིན་ཅི་ལོག་པའི་གྲངས། །དངོས་དང་ཐེར་ཟུག་སྐད་ཅིག་རྒྱུན། །མི་མཉམ་ངོ་བོ་ཉིད་རྟག་པ། །ཐ་མ་ཐེག་མཆོག་བཞེད་ཀུན་དང་། །ཞིག་མེད་ཡེ་ནས་ཆད་པ་དང་། །རྐྱེན་གྱི་རིགས་ཆད་ལ་སོགས་པ། །མེད་བཞིན་སྔོན་བཞིན་གསུངས་པ་ཡང་། །ཆེད་དུ་བྱས་པའི་བརྟགས་སྣང་ཟད། །སུམ་ཅུ་བརྒྱད་སོགས་མཐའ་རྣམས་ལ། །སྤོང་ལེན་བྲལ་འདོད་ཞེན་ཆགས་ཅན། །བདག་མེད་སྨྲ་བའི་བླང་དོར་མཁན། །བླང་དོར་མཐའ་ལ་མཁན་པོ་གནས། །མཆོག་འདིར་མཐའ་ཡི་གྲངས་དེ་ཡང་། །འདུ་ཤེས་ལྡོག་ཕྱིར་བརྗོད་པ་ལས། །དེ་དག་ཉིད་དུ་འདོད་པ་མེད། །སེམས་ཕྱིར་མི་སྤོང་རྐུན་བུ་ཡང་། །སོ་སོ་ཕྱོགས་ཀྱི་མ་རེག་པ། །སྒྱུ་འཕྲུལ་དྲྭ་བའི་ངོ་བོ་ལ། །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་བསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །དེ་ཕྱིར་ལྷག་པ་ཞེས་སུ་བརྗོད། །རང་བཞིན་སྒྱུ་འཕྲུལ་དྲྭ་བའི་དོན། །སངས་རྒྱས་སེམས་ཅན་ཐམས་ཅད་ཀུན། །ངོ་བོ་གཅིག་པའི་དེ་ཁོ་ན། །དེ་ནི་གཅིག་གི་མཐར་ཐུག་འགྱུར། །ཅིར་ཡང་སྣང་བའི་ཡེ་ཤེས་ཉིད། །བཅོས་མེད་ངེས་པའི་དེ་ཁོ་ན། །ལྷག་པའི་ཡེ་ཤེས་སྒྱུ་མ་དེ། །བྱས་འགྲོ་མེད་པར་ཅིར་ཡང་འཁྲུལ། །ནམ་མཁའི་ཆོ་འཕྲུལ་མཚོ་རླབས་བཞིན། །སྣང་བའི་དུས་ན་སྣང་མེད་དེ། །དབྱེར་མེད་པ་ལ་རིམ་མི་བྱེད། །དེ་ཕྱིར་གཅིག་ཅེས་མཚོན་ཐབས་བརྗོད། །དེ་ཁོ་འདྲ་བའི་མཆོག་ཡིན་ནོ། །ཐ་དད་སྤོང་བའི་གཅིག་འདོད་པ། །གཅིག་གི་མཐའ་ལ་ཞེན་པས་ནོར། །དག་པའི་འོག་ཏུ་གཅིག་པ་ལས། །མ་དག་གློ་བུར་སྣང་འདོད་པ། །ས་བོན་མེད་པའི་འབྲས་འདོད་པ། །སབ་རྟ་ཐོ་མི་ཐག་སྦྲུལ་དང་། །སྨིག་རྒྱུ་ཆུར་སྣང་ལྟར་མེད་པས། །སྣང་ཞེས་རིག་པས་སྒྲུབ་པ་ཡང་། །འཁྲུལ་ཏེ་དེ་ན་རི་བོང་རྭ། །འབྱུང་བ་ཉིད་དུ་ཐེ་ཚོམ་མེད། །གཞི་ལ་འདྲ་འཁྲུལ་ཆོས་ཡོད་ཕྱིར། །འདི་འདྲ་འཁྲུལ་པའི་ཆོས་མེད་ལྟར། །ལྷུན་གྲུབ་དབྱེར་མེད་ངང་ལས་སྣང་། །འཁོར་འདས་སྣང་ཡང་གྲུབ་པ་མེད། །ཡོད་པ་སུན་འབྱིན་ཆོས་འདི་ལ། །མེད་པར་སྨྲ་བ་བྱིས་པའི་བློ། །མེད་པར་སུན་འབྱིན་ཆོས་དག་ལ། །ཡོད་ལྟ་མིན་ཞེས་སྨྲ་བའང་ལོག །དབུས་འཛིན་སུན་འབྱིན་ཆོས་དག་ལ། །གཅིག་ཏུ་ལྟ་དགུར་བྱེད་པའང་འཁྲུལ། །མཐའ་བྲལ་འཛིན་པ་སུན་འབྱིན་པ། །དྲི་མས་བགོས་འདྲ་ནོར་བའི་མིག །ཀུན་གྱི་འབྱུང་གནས་བྱེད་པའོ། །དེ་ཡི་མ་བྱས་གང་ཡང་མེད། །ཁ་དོག་དབྱིབས་རིགས་ཀུན་དངོས་དང་། །ཁ་དོག་དབྱིབས་རིགས་གང་ཡང་མིན། །ཤིན་ཏུ་བརྟག་དཀའ་སུས་མི་རིགས། །རིག་མེད་ངང་ལ་ཐམས་ཅད་སྣང་། །བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །སྐད་ཅིག་ཀུན་དངོས་རྒྱུད་མེད་ཕྱིར། །གང་ནས་མ་འོངས་གར་མི་འགྲོ། །རྟོག་མེད་རང་རིག་ཁོ་ནའོ། །ཤེས་བྱར་གྱུར་པའི་ཆོས་སོ་ཅོག །རིག་པ་ཡེ་ནས་རང་གསལ་ཕྱིར། །རང་རིག་ཤེས་བྱ་དམིགས་སྐྱེད་དམ། །དངོས་ཡུལ་ཙམ་ཡང་འདོད་མ་ཡིན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཁ་དོག་ནས་རིམ་རིས་ཡོད་མིན། །ཡོན་ཏན་མཆོག་གི་སྙིང་པོ་ནི། །རྟོག་གེའི་སྤྱོད་ཡུལ་དེ་མ་ཡིན། །མཉམ་པའི་དོན་ཉིད་ཇི་ལྟ་བུ། །མཉམ་ཉིད་རང་བཞིན་གང་ཡང་མིན། །གཉིས་ཕྱིར་མིན་ཞེས་བརྗོད་པ་ལས། །ཕྱོགས་གཅིག་མིན་པ་སྨྲ་བརྗོད་འདས། །ཞེན་པ་བཟློག་ཕྱིར་རྐྱེན་བཤད་མ་རྟོགས་པ། །ཆོས་ཀྱི་ངང་ལ་ཚིག་མེད་བརྗོད་མེད་པའང་། །སྤང་བསལ་མེད་ཕྱོགས་ལོག་གསུམ་བལྟ་བ་སྟེ། །རང་བཞིན་ངོ་བོ་མཚན་ཉིད་མཆོག་ལས་གོལ་བ་ནི། འོག་མས་སྤངས་པའི་ལོག་རྟོག་གྲངས། །མཐའ་ཡས་མི་སྤོང་རང་རིག་ཕྱིར། །ལེན་པའི་ཆོས་རྣམས་བླང་དུ་མེད། །བླང་དོར་མེད་པའི་དོན་མཆོག་ནི། །ཞེན་བྲལ་མཐའ་འདས་འཆིང་གྲོལ་སོགས། །བླང་བྱ་ཀུན་གྱི་མཆོག་ཡིན་ཏེ། །དེ་ཉིད་བདག་ཡིན་བླ་མེད་པ། །ཉམས་སུ་བླངས་པའི་ཐབས་མཆོག་ཡིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཡིད་བཞིན་ནོར་བུའི་ཡོན་ཏན་ལྟར། །བདེན་གསུམ་དོན་ཀྱང་དེ་ལྟར་སྣང་། །དོན་དུ་བདེན་དང་མི་བདེན་ཞེས། །གཉིས་པའི་རྟོག་པ་ངང་གིས་མེད། །དེ་མཐོང་ཤེས་རབ་མཆོག་གི་སྤྱན། །དམིགས་པའི་ཡུལ་གྱི་བལྟ་འདོད་པ། །གཟུང་འཛིན་ལམ་དུ་ཞུགས་པའི་ཕྱིར། །ནམ་ཡང་ལྷག་པའི་དོན་མི་མཐོང་། །རྟོག་པའི་ཡིད་དང་རྡོ་རྗེའི་མིག །སྔ་མ་མི་སྤོང་མི་ལེན་ཏེ། །དེ་སོགས་བརྒྱད་པོའི་རིགས་མེད་ཕྱིར། །བརྒྱད་བཞིའི་ཚོགས་རྣམས་གཅིག་ཡིན་ཏེ། །རང་རིག་ཚོགས་གཅིག་དབང་དྲུག་མཆོག །སོ་སོའི་རྒྱུད་དུ་དབྱེར་མེད་དེ། །བརྟགས་པས་ཐ་སྙད་སྣང་དུས་ན། །ངོ་བོས་གཅིག་པ་རྡོ་རྗེ་ཡིན། །ཡུལ་མེད་རང་གསལ་ཤེས་རབ་སྤྱན། །ཤེས་པ་སྤྱོད་ཡུལ་གཉིས་སུ་མེད། །ཤེས་དང་ཤེས་པར་བྱ་མེད་པའི། །ཡེ་ཤེས་སྒྲོན་མེ་སྦྲེང་བར་ནི། །རྒྱུད་མེད་རྒྱུན་དུ་རང་ཤར་བས། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །ཐམས་ཅད་མཁྱེན་པའི་ཤེས་རབ་སྤྱན། །གོ་ཚིམ་མྱོང་རེག་རིག་སོགས་ཆོས། །མི་གྲངས་དྲུག་བཞི་གཉིས་སུ་གྲངས། །དེ་ལྟར་ངེས་པའི་ལྟ་བ་ལ། །ཞེན་པའི་ལམ་དུ་འགྲོ་ས་མེད། །འཇུག་པའི་དུས་ན་གཅིག་པོ་ཉིད། །ངེས་པར་རང་གསལ་མི་གཡོ་ལ། །རྟོག་གེ་པ་དག་དེ་ལྟ་ན། །བོགས་དང་ཡོན་ཏན་འགག་འགྱུར་ཞེས། །སོམ་ཉི་ཟ་ཞིང་ཡུལ་མིན་པས། །གཉིས་སུ་བསླབ་པ་ཞེས་བྱ་བ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། །བློ་རྩལ་རབ་ཀྱིས་རྟོགས་འགྱུར་ཞིང་། །བརྗོད་བཞིན་ཤེས་པ་ངེས་སྐྱེ་ཕྱིར། །ཟབ་བརྗོད་ཟབ་མོར་ངེས་པར་སྐྱེ། །ཟབ་མོའི་ཚེ་ན་བློ་ཅན་གྱིས། །རང་གི་མཚན་ཉིད་མངོན་རྟོགས་ཕྱིར། །འདོད་པ་མེད་པར་ཞོར་སོགས་སོགས། །འབྱུང་བ་ཉིད་ན་གཡོས་པ་མེད། །རྣལ་འབྱོར་ཐབས་དང་ཤེས་རབ་ལམ། །རིམ་པར་མངོན་བྱས་སྟོབས་འགྱུར་ན། །དཔག་བསམ་ཤིང་དང་རིན་ཆེན་ལྟར། །ངོ་མཚར་རྨད་བྱུང་འབྲས་བུ་ལྔ། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཡང་དག་རྫོགས་སངས་རྒྱས་ཤེས་བྱ། །རིག་འཛིན་གསུམ་པའི་གང་དེ་ཉིད། །སྲིད་པ་ཐ་མ་མཛོད་རྫོགས་པས། །དེ་ལ་དབང་སྐུར་མངོན་སངས་རྒྱས། །རྡོ་རྗེ་འཛིན་པར་ཐེ་ཚོམ་མེད། །སྐལ་བ་སྣོད་ཤེས་དད་བརྩོན་ཤེས། །མཆོག་རྣམས་ཀུན་གྱི་བརྟག་བྱ་བགྱིས། །དེ་ལྡོག་ཡུལ་མིན་སྒྲོ་སྐུར་ལ། །མིང་ཙམ་དོན་ཕྱིར་བསྟན་མི་བྱ། །བསྐལ་མུན་ནང་གི་རིན་ཆེན་ནོར། །སྒྲོན་མེས་རྙེད་གྱུར་དབུལ་སེལ་ལྟར། །སྐལ་བ་ཐུགས་ཀྱི་རིན་ཆེན་ནོར། །སྟོར་ཚིག་སྒྲོན་མ་འདིས་རྙེད་ཤོག །ཐུགས་ཀྱི་སྒྲོན་མ་གཉན་དཔལ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།


previousཐུགས་ཀྱི་སྒྲོན་མ། གཉན་དཔལ་དབྱངས།next