Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་སྤྱོད་པའི་ལུགས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས། དཔལ་དབྱངས།
   
   
   
   
   
   
   


 
previousརྣལ་འབྱོར་སྤྱོད་པའི་ལུགས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས། དཔལ་དབྱངས།next

རྣལ་འབྱོར་སྤྱོད་པའི་ལུགས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས། དཔལ་དབྱངས།

རྣལ་འབྱོར་སྤྱོད་པའི་ལུགས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས་ཀྱི་སྒྲོན་མ་བཞུགས་སོ། །ཇི་བཞིན་པ་ཡི་ཆོས་བཙན་པར། །ཆོས་ལ་ཆོས་ནི་མི་འཇུག་སྟེ། །ཇི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །དོན་དང་མཐུན་པར་མི་འགྱུར་རོ། །སེམས་ནི་ཅི་ལའང་མི་གནས་དང་། །ཅི་ལའང་མི་དམིགས་ཞེས་བྱ་བ། །སེམས་ལ་གནས་དམིགས་སྐྱོན་སེལ་བའི། །སེམས་འཛིན་ཕྲ་མོ་དེ་ལ་ཡོད། །སྨིག་རྒྱུ་བཞིན་དུ་སེམས་མེད་ན། །མི་གནས་མི་དམིགས་བྱེད་པ་གང་། །ནམ་མཁའ་རང་ལའང་མི་གནས་ཞེས། །བསྒོམ་པ་དོན་དང་ལྡན་མ་ཡིན། །དེ་བཞིན་སྐྱིལ་ཀྲུང་འདུག་པ་དང་། །ལུས་ཀྱི་བཅོས་པ་ཐམས་ཅད་ཀྱང་། །ལུས་རྟོག་མངོན་པར་ཞེན་ལས་བྱུང་། །ལུས་མེད་མཁའ་ལ་བཅོས་སུ་མེད། །སྒྱུ་མ་བཞིན་དུ་ལུས་ཤེས་ན། །དྲང་འདུག་སྐྱིལ་ཀྲུང་འཆའ་བ་མེད། །སྤྱོད་ལམ་གསུམ་གྱི་གནས་པ་གང་། །ཆེད་དུ་བྱ་མེད་བྱེད་པའང་མེད། །ལུས་སེམས་མ་སྐྱེས་གཞི་མེད་པ། །མཁའ་ལྟར་བཅོས་པའི་ཁ་ན་མེད། །ཚད་མར་ལུས་སེམས་འཆོས་བྱེད་པ། །འཛིན་པའི་ཕུར་པ་དེ་ལ་ཡོད། །ཇི་ལྟར་མཚན་མེད་ནམ་མཁའ་ནི། །དམིགས་དང་དམིགས་མེད་རྩོལ་དང་བྲལ། །དེ་བཞིན་སེམས་ཉིད་ནམ་མཁའ་ཡང་། །རང་བཞིན་ཉིད་ཀྱིས་དེ་ལྟའོ། །ལུས་ལ་སོགས་ཀྱང་དེ་བཞིན་ཏེ། །རྩོལ་བ་མེད་ཕྱིར་གང་ལྟར་ཡང་། །གནས་པ་མེད་དེ་མི་གནས་ན། །མི་འགལ་ཙམ་དུ་གྱུར་པ་ཡིན། །རྣལ་འབྱོར་སྤྱོད་པའི་ལུགས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས་གཉན་དཔལ་དབྱངས་ཀྱིས་མཛད་པ་རྫོགས་སོ། །དགེའོ།། །།


previousརྣལ་འབྱོར་སྤྱོད་པའི་ལུགས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས། དཔལ་དབྱངས།next