Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྱུ་འཕྲུལ་ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་དྲྭ་བ། སློབ་དཔོན་བི་མ་ལ་མི་ཏྲ།
   
   
   
   
   


 
previousསྒྱུ་འཕྲུལ་ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་དྲྭ་བ། སློབ་དཔོན་བི་མ་ལ་མི་ཏྲ། next

སྒྱུ་འཕྲུལ་ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་དྲྭ་བ། སློབ་དཔོན་བི་མ་ལ་མི་ཏྲ།

མཱ ཡཱ ཤཱ ནྟ མ དྷྱཾ སཱ དྷ ཀཾ ར ཏྣ ཛ ལ ནཱ མ བི ཧ ར ཏི སྨ། །
སྒྱུ་འཕྲུལ་ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་དྲྭ་བ་ཞེས་བྱ་བ་བཞུགས་སོ། །
དེ་བཞིན་གཤེགས་པ་ཀུན་གྱི་བདག །ཡེ་ཤེས་རྒྱ་མཚོ་རབ་ཟབ་ཐུགས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ནོར་བུ་རིན་ཆེན་ཡོན་ཏན་མཛོད། །རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་གནས་ལ་སོགས། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱི་མཁའ་ལ་མདུད་པ་འདོར། །ཉོན་མོངས་འཁོར་བའི་བྱ་བྲལ་ནས། །བྱང་ཆུབ་མཆོག་ལ་དགོངས་པ་དང་། །མ་འོངས་སངས་རྒྱས་བློ་ལྡན་དོན། །བླ་མེད་ཡེ་ཤེས་བསྐྱེད་པའི་ཕྱིར། །རྒྱུད་ཀྱི་དོན་བསྡུས་སྙིང་པོ་འདི། །མ་ནོར་བསྡུས་ཏེ་བསྟན་པར་བྱ། །རི་བོ་འདུས་པའི་རྩེ་རྣམས་དང་། །དབེན་པ་ཆེན་པོའི་ས་ཕྱོགས་སུ། །ཙནྡན་ནགས་དང་མེ་ཏོག་ཚལ། །ཡིད་འོང་བཀྲ་ཤིས་སེམས་དགའ་བའི། །བདག་དབང་བར་ཆད་མེད་པའི་གནས། །དེར་ནི་ཏིང་འཛིན་བསྒོམ་པར་བྱ། ༈ །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགགས་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །སྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །མུན་ལས་སྣང་བྱུང་དེ་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ཡིན། །དེ་ལྟར་ཏིང་འཛིན་རིམ་བཞིན་བསྒོམ། །དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་འཕྲོས། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བྱང་ཆུབ་སེམས་སུ་བྱིན་བརླབས་ཏེ། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། །དེ་ལས་མིང་ཚོགས་གསལ་བ་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །དེ་ལས་རྒྱལ་བའི་བཞུགས་གནས་རྟེན། །དབང་ཆེན་དཀྱིལ་འཁོར་རིམ་བཞིན་བསྒོམ། །ཨེ་ཡཾ་ཝཾ་ལྃ་སུྃ་རྃ་བྷྲཱུྃ། བི་ཤྭ་བི་ཤུ་དྷེ། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ་ཤ་ཥ་ས་ཧ། ཀྵ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨ། ཨ་ཉིད་སྣ་ཚོགས་པར་སྣང་བས། །རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། །དེ་ལས་སླར་ཡང་འདུས་པ་ལས། །ཧཱུྃ་བཛྲ་དྷྲཱྀཀ །ༀ་ཛི་ན་ཛིཀ །སྭཱ་རཏྣ་དྷྲཱྀཀ །ཨཱཾ་ཨ་རོ་ལི་ཀ །ཧཱཾ་པྲཛྙཱ་དྷྲཱྀཀ །མུཾ་དྷ་ཏེ་ཤྭ་རི། ལཾ་དྭེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། པཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵི་ཧི་རཱ་ཛ་ཡ། ཏྲཱཾ་ཨ་གརྦྷ་ཡེ། ཧྲཱིཾ་ཧ་ཧཱུྃ་པདྨ་པྲ་ད་མ། ཛྲཱིཾ་ཀུ་རུ་པཱ་ཎ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟཾ། ཏྲཱཾ་མཱ་ལེ་ས་མ་ཡ་ཧོཿ ཧྲཱིཾ་གཱིརྟི་རཱ་གོ་ཧཾ། ཨ་ནཱིརྟི་ར་ག་ཡཱ་མི། མཻ་དྷཱ་ར་ཎེ་སྭཱ་ཧཱ། ཐླྷིཾ་ནི་སྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་སྭཱ་རཱ་ཛ་ཡ་སྭཱ་ཧཱ། མུྃ་ཤྲཱི་ཨ་རཱ་ག་ཡ་སྭཱ་ཧཱ། ཛཿདྷུ་པ་པྲ་བེ་ཤ་ཧཱུྃ་པཥྤ་ཨ་བྷེ་ཤ །བཾ་དི་པ་སུ་གི་རི། ཧོཿ གནྡྷེ་ཙིཏྟ། ཧཱུྃ་ཡ་མནྟ་ཀྲྀ་ཏ་ཕཊ། ཧཱུྃ་བགྷཱནྟ་ཀྲི ཏ་ཕཊ། ཧཱུྃ་པདྨནྟ་ཀྲྀ ཏ་ཕཊ། ཧཱུྃ་པྲ་ཛྙཱནྟ་ཀྲྀ ཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཛྭ་ལཱི་ནི་ཧཱུྃ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ༀ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱ་ནི་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨཱཿ ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ༀ་མུ་ནེ་པྲཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོའི་ཚོགས་དང་ལྡན་པར་གནས། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེད། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང་། །པི་ཝཾ་གར་མཁན་མཆོག་ཉིད་དེ། །མེ་ཏོག་ཕྲེང་དང་སྤོས་མཆོད་མ། །མར་མེ་བྱུག་པ་ལ་སོགས་པའི། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟན། །དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། །ཎྀ་མགོ་གདེངས་དང་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོ་མནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ སྒོ་བཞིར་གནས་པ་དེ་དག་ཀྱང་། །འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཏུ་བསྟན། །གསེག་པར་དང་ནི་པི་ཝཾ་དང་། །གོ་ཆ་པུ་སྟི་རིན་ཆེན་སྒྲོམ། །མེ་དང་ཆུར་ནི་རབ་ཏུ་བསྟན། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཡུམ་གྱུར་མཉམ་རྫོགས་པདྨོའི་སྐྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་སྣ་ཚོགས་པའི། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བས་འཁྲིག་པ་སྟེ། །མཐའ་དབུས་མེད་པར་ཁྱད་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་དང་། །དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ། །ༀ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎེ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཱཀྲྀ་ཏྱ་ཨ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀྐ་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། སངས་རྒྱས་ལྔ་ཡི་ཅོད་པན་ཅན། །རིན་ཆེན་དབུ་རྒྱན་ཕྲེང་བ་དང་། །དཔུང་རྒྱན་སེ་མོ་དོ་ལ་སོགས། །མཛེས་པའི་རྒྱན་རྣམས་སྣ་ཚོགས་ཀྱིས། །དབང་མཆོག་དེས་ནི་དབང་བསྐུར་རོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་ནི། །དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་མི་འཚོལ་ཏེ། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །དཀྱིལ་འཁོར་ཀུན་ཏུ་རབ་ཚོལ་བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཀུན་གྱི་ཕྱག་རྒྱ་ཆེན་པོ་མཆོག །མ་འགགས་རྣམ་པ་ཅིར་ཡང་སྟོན། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཕྱོགས་བཅུའི་དཀྱིལ་འཁོར་སྤྱན་དྲངས་ཕྱིར། །གསལ་ལྡན་མའམ་བྱིན་བརླབས་ལ། །སྟོང་གསུམ་ཡུངས་འབྲུར་གཞུག་ཚུལ་དུ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲང་མཆོད། །ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿས་མ་ཡ་སྟཾ། ཛཿཧཱུྃ་བཾ་ཧོ། ཞེས་བརྗོད་པས། ཐམས་ཅད་མ་ལུས་འདུས་པ་དང་། །སྐུ་གསུང་མཉེས་པར་བྱ་བའི་ཕྱིར། །བསྟོད་དང་མཆོད་པ་ཚུལ་བཞིན་བྱ། །ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་མཆོག །སྣང་སྟོང་ཐིག་ལེ་ཀུན་རྫོགས་ཧོ། །ༀ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོཿ ༀ། མི་དམིགས་སྒྱུ་འཕྲུལ་དྲྭ་བའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་གྲུབ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ ༀ། ཕྱོགས་བཅུ་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱི། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོཿ ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱི་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། །ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་རོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཆར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །དབང་པོའི་ཡུལ་དུ་གང་གྱུར་པ། །ཐབས་དང་ཤེས་རབ་ལྡན་གྱུར་ཞིང་། །མཉམ་པའི་ངང་དུ་རྟོག་གསལ་ནས། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ན། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །འདི་ནི་སྤྱི་རྒྱ་ཆེན་པོ་སྟེ། །བླ་མེད་ཆེན་པོས་དེ་སྐད་གསུངས། །གསང་བ་དེ་ཉིད་ངེས་པ་ཡིས། །སྙིང་པོའི་ཕྱག་རྒྱ་འདའ་དཀའ་འོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མཱུྃ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པས། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུྃ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ༀ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ལཱྃ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟར། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སྭཱྃ་སྒྲེང་རྩེ་མོར་རིན་ཆེན་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱྃ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨྃ་སྒྲེང་རྩེ་མོར་པདྨ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀན་བཀན། །པཱྃ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱྃ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ཏཱྃ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འདི་ནི་རྒྱལ་བ་ཐམས་ཅད་ཀུན། །དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར། །ཕྱག་རྒྱའི་མཆོད་པ་ཆེན་པོ་ཡིན། ༈ །དེ་ལ་མཆོད་སྦྱིན་དམ་པ་ནི། །ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་སྟེང་དུ་མཁས་པས་བཞག །ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཧཱུྃ་དུ་གྱུར་པས་རྣམ་པར་དག །དབྱིངས་སུ་ཐིམ་པས་ཕྱག་རྒྱར་གསལ། །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། ༈ །ཤེས་རབ་མཚན་ལྡན་བྱིན་གྱིས་བརླབས། །ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨོ་ལ་ནི་རྡོ་རྗེ་གཞུག །འཁྲིག་པའི་ཚུལ་གྱིས་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་ཀུན་ལ་མཆོད། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །དེ་ལ་བྱས་པ་རྡུལ་ཙམ་མེད། ༈ །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུལ་ལམ་ནམ་མཁའ་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཨཱ་ལི་ཀ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །བདེ་གཤེགས་ཡོན་ཏན་རྨད་པོ་ཆེ། །གཞན་ནས་ཡོད་འོང་མ་ཡིན་ཏེ། །སྣང་སྲིད་ལ་སོགས་སྨོས་ཅི་དགོས། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱི། །ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་། །གསལ་བ་ཡིད་གཉིས་མེད་པ་ན། །དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ནས། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་བསམ་ཡས་མ་ལུས་ཀུན། །མཐོང་ནས་ཉེ་བར་བསྙེན་པ་དང་། །རྒྱ་ཆེན་གསུང་ལ་དོན་འབྱུང་བའང་། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །དབང་མཆོག་དམ་པ་མ་ཐོབ་པར། །བསྒྲུབ་ཀྱང་ཅུང་ཟད་འགྲུབ་མི་འགྱུར། །ༀ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡི་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །སངས་རྒྱས་ཀུན་གྱིས་གྲུབ་པའི་གཞི། །རྡོ་རྗེ་དམ་ཚིག་ཆེན་པོ་སྟེ། །བླ་མེད་མི་སྤང་བླ་མ་བསྐུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །གཏི་མུག་ཆགས་སྡང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །རྩ་བ་ཡིན་ཏེ་རིང་མི་འགྱུར། །མི་སྤང་མི་དོར་ལྔ་གཉིས་ནི། །ཡན་ལག་དམ་ཚིག་འདའ་དཀའ་འོ། །མཉམ་ལ་མཉམ་པར་སྦྱོར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །འདས་ན་སངས་རྒྱས་མ་ཡིན་ནོ། །རྩ་བ་ཉམས་པའི་འཆལ་པ་དག །གསོ་ལ་ཉེ་བར་མི་བརྩོན་དང་། །སྐད་ཅིག་ཡུད་ཙམ་སྨྲ་མ་བྱེད། །ཉམས་འགྱུར་ཉེས་པ་བརྗོད་མི་ལང་། །རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །དམ་ཚིག་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བ་ཐིག་ལེའི་དཀྱིལ་འཁོར་དབྱིངས། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔ་ལྟ་ཞིང་། །སྙིང་པོའི་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡི། །ཡེ་ཤེས་དགྱེས་ལ་མཆོད་པར་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་རང་སྣང་བས། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །གསང་བཞི་ཐིག་ལེ་ཉིད་ཀྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཡང་དག་གསང་ཆེན་སྙིང་པོ་འདི། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུངས། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །སྲེག་དང་སྦྲེབས་པར་ཡུན་རིང་གནས། །རང་སྣང་དབྱེར་མེད་དཀྱིལ་འཁོར་ཀུན། །ཐུགས་ཀྱི་དཀྱིལ་འཁོར་ཉིད་དུ་བསྡུ། །ཧཱུྃ་ཧཱུྃ་ཞེས་ནི་རབ་བརྗོད་པས། །ཆོས་ཀྱི་དབྱིངས་སུ་ཐིམ་པར་འགྱུར། །དེ་ནས་སྙིང་པོ་དྲན་ཙམ་གྱིས། །ཕྱག་རྒྱ་ཆེན་པོ་གསལ་གྱུར་ནས། །གོ་བགོ་མཚམས་བཅད་ལུས་བསྲུང་ཏེ། །དེ་ནས་རྣལ་འབྱོར་ཆེན་པོ་དེ། །འགྲོ་ཉལ་འདུག་སྡོད་བཞི་པོ་རྣམས། །སྲོག་གི་ཕྱིར་ཡང་མི་གཏང་ཞིང་། །སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །བདག་ཉིད་ཆེན་པོ་བརྟན་པར་བསྒོམ། །རྒྱུད་ཀྱི་དོན་ལས་བསྡུས་པ་ཡི། །རིན་ཆེན་དྲ་བས་མངོན་རྫོགས་འདི། །མ་འོངས་རྣལ་འབྱོར་ཐམས་ཅད་དང་། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །བསྟན་པས་སྒྲིབ་པ་ཀུན་བྱང་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །རིན་ཆེན་དྲྭ་བ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། བོད་ཀྱི་ལོ་ཙཱ་བ་ཉང་པོ་ཀླུའི་རྒྱལ་མཚན་དང་། བྲན་ཀ་ར་མུརྟི་དང་། ཅོག་རོ་ཀླུའི་རྒྱལ་མཚན་དང་གསུམ་གྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སརྦ་མངྒལཾ།། །།


previousསྒྱུ་འཕྲུལ་ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་དྲྭ་བ། སློབ་དཔོན་བི་མ་ལ་མི་ཏྲ། next