Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲུབ་ཐབས་རིན་ཆེན་དྲྭ་བ་བསྡུས་པ། སློབ་དཔོན་སངས་རྒྱས།
   
   


 
previousསྒྲུབ་ཐབས་རིན་ཆེན་དྲྭ་བ་བསྡུས་པ། སློབ་དཔོན་སངས་རྒྱས།next

སྒྲུབ་ཐབས་རིན་ཆེན་དྲྭ་བ་བསྡུས་པ། སློབ་དཔོན་སངས་རྒྱས།

སྒྲུབ་ཐབས་རིན་ཆེན་དྲྭ་བ་བསྡུས་པ་བཞུགས། དེ་བཞིན་གཤེགས་པ་ཀུན་གྱི་བདག །ཡེ་ཤེས་རྒྱ་མཚོ་རབ་ཟབ་ཐུགས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །རྡོ་རྗེ་ཡིད་ལ་ཕྱག་བཙལ་ཏེ། །ཨེ་མ་འོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །རང་བྱུང་ཡེ་ཤེས་བསྐྱེད་པའི་ཕྱིར། །རྒྱུད་ཀྱི་བསྡུས་དོན་སྙིང་པོ་བརྩམ། ༈ །ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུངས། །སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། ༈ །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩམ་པ་རྣམས། །འབྲས་བུ་མེད་ཅིང་བཏུབ་པར་འགྱུར། ༈ །མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །འདས་ན་སངས་རྒྱས་མ་ཡིན་ནོ། ༈ །དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་བརྙེད་མི་འགྱུར། །སེམས་ཉིད་རྟོགས་ན་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་འཚོལ་ཅིག ༈ །གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱས་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། ༈ །དགོན་པ་དབེན་པའི་ས་ཕྱོགས་སུ། །ཙནྡན་ནགས་དང་མེ་ཏོག་ཚལ། །ཡིད་འོང་བཀྲ་ཤིས་སེམས་དགའ་བའི། །བདག་དབང་བར་ཆད་མེད་པའི་གནས། ༈ །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ༈ །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །སྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །གསེར་འགྱུར་སྨན་དང་མུན་སེལ་ཚུལ། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ཡིན། །དེ་ཕྱིར་ཏིང་འཛིིན་རིམ་བཞིན་བསྒོམ། །དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་དོ། ༈ །དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། ༈ །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་མཆོག་གི་བསྒོམ་པར་བྱ། །ཨཿ རབ་ཏུ་བརྟན་འགྱུར་ཨཿདཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཚོགས་གསལ་བར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། ༈ །ཨེ་ཡཾ་བཾ་ལཾ་སུཾ་རཾ། བྷྲུཾ་བི་ཤྭ་བི་ཤུདྡྷེ། ཡེ་ཤེས་ཕྱོགས་བཞི་དབུས་བརྟག་སྟེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ལྷག་པའི་ཡེ་ཤེས་གློ་འབུར་ཅན། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཀྵ་ནི་ཐུགས་ཀྱི་ཡེ་ཤེས་ཤར། །དེ་ལས་ཆོ་འཕྲུལ་གསུམ་གྱིས་བསྐྱེད། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཡུལ་གྱུར་མཉམ་རྫོགས་པདྨོའི་དཀྱིལ། །ཕྱག་རྒྱ་ཆེན་པོའི་སྐུ་གཉིས་རྫོགས། །བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཀུན་བཟང་ཡེ་ནས་ཡིན་པའི་ཕྱིར། །ཐབས་དང་ཤེས་རབ་དགྱེས་སྤྲིན་ལས། །བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལ། །འབྲས་བུ་རྒྱལ་བ་སྨིན་གྲུབ་བྱེད། །ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ་ཤ་ཥ་ས་ཧ། ཀྵཿ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨ། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གི་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །དེ་ལ་རྐྱེན་གྱི་སྔགས་ཀྱིས་བསྐྱེད། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲ་བའི་དཀྱིལ་འཁོར་ཡོངས་རྫོགས་པའི། །འདུས་མ་བྱས་ཉིད་འདུས་བྱས་ཀྱིས། །རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། །དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །དེ་ནས་བཅོམ་ལྡན་དགྱེས་ཆེན་རིགས། །ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །རང་གི་ངང་ཚུལ་དེ་བཟུང་ལ། །བསྐུལ་ཚིག་འདི་ཡང་རབ་ཏུ་བརྗོད། །ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཐབས་དང་ཤེས་རབ་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་ལུས་རྟོག་སྦྱང་། །གསེར་ཞུན་ལྟ་བུའི་སེམས་དག་ལས། །གསུམ་གྱི་བྱིན་རླབས་འོད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིངས། །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོ་འབྲུ། །བཞི་བཅུ་རྩ་གཉིས་སྒྲ་བྱུང་ནས། །བྱང་ཆུབ་སེམས་སུ་གཅིག་པར་ཐིམ། །དེ་ནས་སྙིང་པོ་དྲན་ཙམ་གྱིས། །ཨ་ཀྵ་གསུང་གི་ཕྱག་རྒྱ་ཉིད། །ཆོ་ག་གསུམ་གྱི་སྦྱོར་བ་ཡི། །ཕྱག་རྒྱ་ཆེན་པོའི་སྐུ་ཉིད་རྫོགས། །འབྲུ་གསུམ་འབྲུ་ལྔས་བྱིན་རླབས་དབར། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་ༀ། །པཾ་ལས་པདྨ་འདབ་བརྒྱད་དབུས། །རྗེས་སུ་ཆགས་པས་ཚུལ་བཞིན་བསྐུལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །གཞན་ཡང་ཐིག་གདབ་སྙིང་པོ་དགོད། །དེ་ལས་སྤྲོ་དང་བསྡུ་བ་ཡི། །ཐུགས་ཀྱི་ཕྱག་རྒྱ་བཞི་བཅུ་གཉིས། །དེ་ལས་ཕྲ་མོའི་སྐུ་འཕྲོ་འདུས། །སོ་སོའི་སྔགས་ཀྱིས་བསྐྱེད་ཅིང་གདོན། །ཧཱུཾ་བཛྲ་དྷྲིཀ །མུ་དྷ་ཏྭི་ཤྭ་རི། ༀ་ཛི་ན་ཛིཀ྄ །ལཱཾ་དཱེ་ཥ་ར་ཏི། སྭཱ་རཏྣ་དྷྲིཀ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨཱ་རོ་ལིཀྲ། པཾ་རཱ་ག་ར་ཏི། ཧཱ་པྲ་ཛྙཱཾ་དྷྲིཀ །ཏཱཾ་བཛྲ་ར་ཏི། ཀྵིཾ་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟཾ། ཏྲཱཾ་ཨཱ་གརྦྷ་ཡ། ཏྲཱཾ་མ་ལེ་ས་མ་ཡ་ཧོཿ ཧྲཱིཿཔདྨ་བ་ད་མ། ཧྲཱིཿགཱི་ཏི་རཱ་གོ་ཧཾ། ཛྲིཾ་ཀུ་རུ་རུ་པནྣ་ཧྲཱིཿ ཨ་ནྲྀ་ཏཱི་རཱ་ག་ཡ་མི། མེ་དྷ་ར་ཎེ་སྭཱ་ཧཱ། ཛཿདྷུ་པ་པྲ་བེ་ཤ །ཐླྷིཾ་ནི་སྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་ཏཱི་པ་སུ་ཁི་ནི། མཱུཾ་ཤྲཱི་ཨཾ་རཱ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ཧཱུཾ་ཡ་མཱནྟ་ཀྲིཏྲ་ཕཊ། ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭཱ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཧཱུཾ་པྲ་ཛྙཱནྟ་ཀྲིཏྲ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཧཱུཾ་པདྨཱནྟ་ཀྲྀཾ་ཏྲ་ཕཊ། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལི་ནཱི་ཧཱུཾ་ཕཊ། ཧཱུཾ་བིགྷྣཱནྷ་ཀྲྀ་ཏྲ་ཕཊ། ༀ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མཱནྟ་ཨ། ༀ་མུ་ནེ་ཀྲཱེེཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ༀ་མུ་ནེ་པྲཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོའི་ཚོགས་དང་ལྡན་པར་གནས། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང་། །པི་ཝང་གར་མཁན་མཆོག་ཉིད་དེ། །མེ་ཏོག་ཕྲེང་དང་སྤོས་མཆོད་མ། །མར་མེ་བྱུག་པ་ལ་སོགས་པའི། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟེན། །དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱིས་ངང་དུ་འཁྲིལ། །སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། །ནྲྀ་མགོ་གདེང་དང་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོས་གནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ སྒོ་བཞིར་གནས་པ་དེ་དག་ཀྱང་། །འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཏུ་བསྟན། །གསེག་པར་དང་ནི་པི་ཝཾ་དང་། །གོ་ཆ་པུ་སྟི་རིན་ཆེན་སྒྲོམ། །མེ་དང་ཆུ་རུ་རབ་ཏུ་བསྟན། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཡུམ་གྱུར་མཉམ་རྫོགས་པདྨོའི་དཀྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་སྣ་ཚོགས་པའི། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བས་འཕྲིགས་པ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་རྫོགས། །ༀ་མ་ཧཱ་ཤྱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཱཾ། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ྄་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔའི། །དབང་དང་བྱིན་རླབས་ཀུན་བསྡུས་ནས། །དཀྱིལ་འཁོར་ཤིན་ཏུ་གསལ་བར་འགྱུར། །ས་ལ་སོགས་པ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་ལ། །དབང་བསྐུར་བྱིན་རླབས་རྫོགས་བྱས་ནས། །སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། ༈ །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཉམ་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ས་མ་ཡ་ༀ། ༀ་བཛྲ་ས་མ་ཡ་ཨཾ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧཾ། ཛཿཧཱུཾ་བཾ་ཧོ། མེ་ཏོག་དོར་བས་དངོས་གྲུབ་སྩོལ། །གཉིས་མེད་ཐིམ་བཞུགས་མཉེས་པར་བྱ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །དབང་པོའི་ཡུལ་དུ་གང་གྱུར་པ། །མཉམ་པའི་ངང་ཉིད་རྟོགས་གསལ་ན། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ན། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པས། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་བསྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ༀ་བསྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ལཱཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་མཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སྭཱ་བསྒྲེང་རྩེ་མོར་རིན་ཆེན་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱཾ་བ སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨཾ་བ སྒྲེང་རྩེ་མོར་པདྨ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །པཱཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་མཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱ་བསྒྲེང་རྩེ་མོར་རལ་གྲི་འབར། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཏཱཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་མཛུམ་པའི་མདངས་ཀྱིས་བལྟ། །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སོ་མོ་དོ། །མཛེས་པའི་རྒྱན་རྣམས་སྣ་ཚོགས་དང་། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་སྒོམ། ༈ །ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་སེམས་ཅན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། ༈ །གསལ་ལྡན་མའམ་བྱིན་རླབས་ལ། །ཐབས་དང་ཤེས་རབ་གཉིས་མེད་པའི། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། ༈ །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། ༈ །ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཧོཿ ༀ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ། །ཧོཿ ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་རྫོགས། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཧོཿ ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཧོཿ ༀ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཧོཿ ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡི། །འཛུམ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡི། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། ༈ །དེ་ཡི་བཟླས་པའི་འཕྲུལ་ཆེན་ནི། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་དང་འཕྲོ་འདུ་བར་མི་གཅོད། །འདྲིས་གསལ་བརྟན་པ་མཆོག་གིས་བྱ། ༈ །ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུགས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །བསྙེན་པ་རྫོགས་ནས་དཀྱིལ་འཁོར་ཀུན། །ཧཱུཾ་ཞེས་བརྗོད་ཅིང་ཐུགས་ཀར་བསྡུ། །སྐྱེ་མེད་མཉམ་རྫོགས་དབྱིངས་སུ་ཐིམ། །སྟོང་པའི་ཆོ་གས་ལུས་བསྲུང་སྟེ། །སྤྱོད་ལམ་ཀུན་ཏུ་བཙལ་མེད་པར། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །འགྲོ་དང་འདུག་དང་ཉལ་བ་དང་། །མ་ཉམས་དེ་ཡི་དབྱིངས་ན་གནས། །དེ་ཡིས་བྱང་ཆུབ་སྙིང་པོ་ལེན། །ཆོ་ག་སྔགས་དང་ཡོ་བྱད་རྣམས། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱི། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞིང་ཁམས་རྣམ་དག་གཞལ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་ཐམས་ཅད་ཀུན། །མཐོང་ནས་ཉེ་བར་བསྙེན་པ་དང་། །རྒྱ་ཆེན་གསུང་ལས་དོན་འབྱུང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། ༈ །གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་ཡིན། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །བདེ་གཤེགས་ཡོན་ཏན་རྨད་པོ་ཆེ། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །རྒྱུད་ཀྱི་དོན་ལས་སྒྲུབ་པའི་ཐབས། །རིན་ཆེན་དྲྭ་བ་བསྡུས་པ་འདི། །བཅོམ་ལྡན་ཀུན་བཟང་སྐུ་གསུང་ཐུགས། །སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས། །མངྒལཾ། །དགེའོ། །དགེའོ། །དགེའོ།། །།


previousསྒྲུབ་ཐབས་རིན་ཆེན་དྲྭ་བ་བསྡུས་པ། སློབ་དཔོན་སངས་རྒྱས།next