Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དངོས་གྲུབ་གྲུབ་པའི་སྒྲུབ་ཐབས། སྒེག་པ་རྡོ་རྗེ།
   


 
previousདངོས་གྲུབ་གྲུབ་པའི་སྒྲུབ་ཐབས། སྒེག་པ་རྡོ་རྗེ།next

དངོས་གྲུབ་གྲུབ་པའི་སྒྲུབ་ཐབས། སྒེག་པ་རྡོ་རྗེ།

དངོས་གྲུབ་གྲུབ་པའི་སྒྲུབ་ཐབས་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་ཛ་ལ་མ་ལ་ཤྲི་གུ་ཡ་གརྦ་ས་ད་ན། བོད་སྐད་དུ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོའི་དངོས་གྲུབ་སྒྲུབ་པའི་ཐབས། དཔལ་མི་བསྐྱོད་རྡོ་རྗེ་ལ་ཕྱག་འཚལ་ལོ། །མི་སྐྱོད་ཡེ་ཤེས་རྡོ་རྗེ་ལ། །གསུམ་ཕྱིར་གཉིས་མེད་འདུད་བྱས་ཏེ། །གྲུབ་པ་རྣམ་གཉིས་འདོད་པའི་ཕྱིར། །སྒྲུབ་པའི་ཐབས་ནི་ཚུལ་བཞིན་བཤད། །ལུས་འདིར་གཉེར་གྱིས་རྣམ་དབྱེ་ན། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་དང་བསྒྲུབ་པ་ཆེན་པོ་བཞིས། །འདི་ཡི་དོན་ཀུན་འདིར་བསྡུས་ཡིན། །དང་པོ་དག་ནི་གཉིས་ཡིན་ཏེ། །སློབ་དཔོན་སྒྲུབ་ལ་བརྩོན་པ་དང་། །དབང་བསྐུར་ཤེས་དང་ཐུགས་རྗེ་ཆེ། །སེམས་ཅན་ཀུན་ལ་ཕན་བརྩོན་བས། །སྙིང་རྗེའི་ཆུད་མ་ཟོས་པར་གཟུང་། །གཉིས་པ་དེ་ཡི་སྣོད་བསྟན་པ། །དད་བརྩོན་བརྟུལ་ཞུགས་ལྡན་པ་ལ། །ཕན་པའི་དབང་སྦྱིན་ནུས་དབང་དང་། །གསང་དབང་ཡེ་ཤེས་བདེ་ཆེན་པོ། །མན་ངག་མཛོད་ཀུན་དེ་སྦྱིན་ཕྱིར། །དེ་ཡིས་དེ་ལ་དེ་བཞིན་སྦྱིན། །གསུམ་དང་གཉིས་ཀྱི་སྣོད་སྦྱངས་ནས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཉེ་བསྙེན་ཐག་བཅད་འདི་ཡིན་ཏེ། །མཉམ་གསུམ་རྟོགས་བཞི་དག་གསུམ་དང་། །བདེན་གསུམ་ཚུལ་གྱིས་དེ་བརྟགས་ལ། །དབང་པོ་ཡུལ་དུས་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་བའི། །སྣང་བའི་དངོས་པོར་རྣམས་གཞི་གནས། །གཉིས་མེད་ངང་དུ་ཐིམ་པར་བྱ། །བསྒྲུབ་པ་རྣམ་བཞིར་ཤེས་བྱ་སྟེ། །རིམས་བཞིན་བཤད་བྱ་དེ་ཤེས་བྱོས། །དངོས་རྣམས་ཉིད་ན་དངོས་མེད་པར། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནི། །གཅིག་ཅེས་འདི་ཞེས་བརྗོད་དུ་མེད། །གཉིས་མེད་དབྱིངས་ཀྱི་ངང་དུ་མེད། །གསུམ་དུ་སྣ་ཚོགས་འབྱུང་ཞིང་འཕྲོ། །བྱིན་རླབས་སྣ་ཚོགས་མཐའ་ཡས་མཆོག །དང་པོ་ཅི་ཡང་མི་དམིགས་ཏེ། །དངོས་གྲུབ་ཤིན་ཏུ་འགྲུབ་འདོད་ན། །ཤིན་ཏུ་ཕྲ་ཞིང་ཟབ་པར་བསྒོམ། །དམིགས་མེད་རྣམ་པར་མི་རྟོག་ལ། །དོན་གྱིས་མཉམ་པར་བཞག་སྟེ་བསྒོམ། །སྤྱོད་པ་གང་ཡང་མི་འགོག་སྟེ། །སྤྱད་བྱ་སྤྱོད་བྱེད་མ་དམིགས་པས། །ངང་གིས་ཐམས་ཅད་རང་རིག་པས། །བྱ་ཡངས་རྣལ་འབྱོར་སྤྱོད་པའོ། །དངོས་པོ་ངོ་བོ་དགོས་པ་དང་། །བསྒོམ་ཐབས་སྤྱོད་པ་གསུམ་གཉིས་ཀྱིས། །མདོར་བསྡུས་བཞི་ཡི་དང་པོར་བཤད། །དེ་ཉིད་དེ་ལས་མ་གཡོས་པར། །དེ་ཉིད་དང་པོར་གོམས་པ་དང་། །ཐམས་ཅད་དེ་ལས་མ་གཡོས་པར། །ཐམས་ཅད་སྒྱུ་མ་མིག་ཡོར་ཚུལ། །སྣང་བྱེད་དེ་ཉིད་མ་གྲུབ་པར། །སྒྱུ་མ་བདེ་ཆེན་ཉིད་དུ་གནས། །ལས་དང་གནས་གཉིས་མ་གྲུབ་པས། །བསླུ་བར་བྱེད་ཅེས་རྒྱལ་བས་གསུངས། །སྣང་སྟོང་དབྱེར་མེད་ཡེ་ཤེས་ཏེ། །མཚམས་སུ་སྦྱོར་ཞེས་གྲགས་པ་ཡིན། །སྣང་སྟོང་དབྱེར་མེད་སྒྱུ་མའི་རྒྱ། །དཔེ་བརྒྱད་ལྟ་བུར་སྣང་བ་ཡིན། །སྣང་སྟོང་སྟོང་པ་དབྱེར་མེད་པའི། །སྒྱུ་མ་ལྟ་བུའི་ཏིང་འཛིན་བསྒོམ། །ལོངས་སྤྱོད་སྐུ་དང་སངས་རྒྱས་ཞིང་། །ཇི་ལྟར་འདོད་པ་འགྲུབ་ཅེས་གསུངས། །སྒོ་གསུམ་གཞན་ལ་ཕན་འདོགས་པ། །སྒྱུ་མ་ཉིད་ལས་གཞན་མ་ཡིན། །འདི་ཉིད་དངོས་པོ་ལས་ཉིད་དང་། །དགོས་པ་བསྒོམ་ཐབས་འབྲས་བུ་དང་། །སྤྱོད་ལམ་ཉིད་དེ་དྲུག་ཏུ་བཤད། །ཏིང་འཛིན་དེ་ལས་མ་གཡོས་པར། །ཡི་གེ་ཨའམ་ཧཱུཾ་སོགས་བསྒོམ། །གང་བསྒྲུབ་ཡི་གེ་སོ་སོ་སྟེ། །སྤྱིར་ནི་གང་བསྒོམ་ཀུན་ཏུ་འདྲ། །རྡོ་རྗེ་སེམས་དཔའ་ཉིད་དུ་འདྲ། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །དེ་ཉིད་ཤིན་ཏུ་གོམས་པ་དང་། །མི་ཡི་མིག་གི་བལྟར་ཡོད་པར། །ལྷང་ངེ་ལྷན་ནེ་སང་ངེ་བ། །དེ་ནི་ཤིན་ཏུ་གསལ་འདྲིས་བྱ། །དེ་ནི་ཤིན་ཏུ་གོམས་པ་དང་། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །གང་གོམས་དེ་ཉིད་མོས་པ་བསྒོམ། །དེ་ལ་ཕྲ་མོར་གྱུར་པ་མཆོག །ཉི་ཟླ་གང་བ་ཡན་ཆད་བསྒོམ། །དེ་ལ་རང་གིས་གསལ་ཚད་དེ། །ཞལ་གསུམ་ཕྱག་དྲུག་ཡང་ན་གཉིས། །གང་ལ་གོམས་པ་བསྒོམ་པར་བྱ། །འོད་ཟེར་འཕྲོ་བ་འབྲུ་གསུམ་སྟེ། །ཡང་ན་ཡི་གེ་འབྲུ་ལྔའོ། །རྗེས་མཐུན་སྤྲོད་པ་གསུམ་གཉིས་བཞིན། །འོད་ཟེར་འཕྲོ་འདུ་མཆོག་དོན་བྱེད། །མཐའ་ལས་སྤྲུལ་སྐུ་ཐོབ་ཅེས་བཤད། །རྒྱུ་རྐྱེན་ཚོགས་པས་སྣང་བའི་ཕྱིར། །དེ་བཞིན་དམ་བཅའ་གསུམ་ཆོ་ག །ངོས་བཟུང་ཐུགས་མཚན་གསལ་བའི་ཚད། །སྐུ་ཕྲ་ཞལ་ཡས་སྐུ་ཆེན་པོ། །དབང་བསྐུར་བྱིན་རླབས་སྤྱོད་པ་དང་། །འབྲས་བུ་དགོས་ཆེད་ལྔ་གཉིས་གསུམ། །གསུམ་པའི་མདོར་བསྡུས་སྤྱོད་དོན་ཡིན། །དེ་ཉིད་དེ་ལས་མ་གཡོས་པར། །དཔག་ཆེན་འཕོང་སློབ་ཇི་ལྟ་བར། །གཅིག་ལས་མང་པོར་སྣང་བའི་ཕྱིར། །དེ་ཉིད་དེ་ཡི་འོག་ཏུ་སྣང་། །རྩ་བའི་ལྷ་ནི་གང་ཡིན་པ། །ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །རིགས་བཞི་རྒྱལ་མཆོག་དེ་བཞིན་དུ། །ནམ་མཁའ་དབྱིངས་ནི་བསམ་ཡས་པར། །གཟའ་སྐར་མང་པོ་བཀྲམ་པ་ལྟར། །སངས་རྒྱས་དཀྱིལ་འཁོར་མ་ལུས་བསྒོམས། །ཡང་ན་རྒྱང་གྲགས་དཔག་ཚད་དུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་བསྒོམས། །རྒྱང་གྲགས་དཔག་ཚད་ལ་སོགས་པར། །སློབ་དཔོན་མཐར་ཉེའི་ལམ་གནས་པས། །ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྡན་པ། །སྣ་ཚོགས་དཀྱིལ་འཁོར་མཆོག་ཏུ་གསལ། །བཞི་བཅུ་རྩ་གཉིས་ལ་སོགས་པ། །སངས་རྒྱས་སྟོང་གི་དཀྱིལ་འཁོར་སྤྲོ། །སྤྱོད་པ་མཆོག་གི་སྤྱོད་པ་སྟེ། །དགོན་པའི་གནས་སུ་ཡོ་བྱད་ལྔ། །བསོགས་ཏེ་བྱིན་གྱིས་རླབས་སྤྱད་པར། །ཡོན་ཏན་དཔག་མེད་ཐོབ་པར་འགྱུར། །བཞི་གསལ་མ་བྱས་ཨ་ལ་ནི། །སྟན་ཆོས་ཆ་བྱས་སྦྱོར་བྱས་ལ། །གཡོ་ལྡང་ལ་སོགས་བྱང་སེམས་ལྔ། །དགའ་བཞི་ལྷན་ཅིག་སྐྱེས་པ་ཡི། །དངོས་པོ་ལྷན་ཅིག་སྐྱེས་པ་མཐོང་། །དེ་ནས་དངོས་གྲུབ་སྒྲུབ་ཆེན་ལ། །སྦྱར་བའི་རིམ་པ་གཉིས་ཡིན་ནོ། །དམ་ཚིག་དངོས་གྲུབ་གཉིས་སུ་འདོད། །དམ་ཚིག་དངོས་པོ་གཉིས་པར་གསལ། །དངོས་གྲུབ་རིམ་པ་འདི་ཡིན་ཏེ། །ཐུན་མོང་དང་ནི་མཆོག་ཡིན་ཏེ། །ཐུན་མོང་དངོས་གྲུབ་དམ་པ་ནི། །བདུད་རྩི་འབྱུང་ཞིང་འགྱུར་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྤྱོང་། །ཅིར་ཡང་གཞན་དུ་འགྱུར་མེད་འགྲུབ། །ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་བས་མེ་ཡིས་འཚིགས་པ་དང་། །ཆུར་འགྱུར་འབབ་པ་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །དགུག་དང་གཏང་དང་བཅིང་དང་དགྲོལ། །ཐམས་ཅད་དེ་ཡིས་འགྲུབ་པར་འགྱུར། །དེ་ནི་ཐུན་མོང་ཡིན་པར་འདོད། །ས་བཅུ་མཐར་ཕྱིན་དབང་ཕྱུག་ཆེ། །ཏིང་འཛིན་རིམ་པ་དུས་གཅིག་གསལ། །འོག་མིན་བླ་མེད་གནས་མཆོག་ན། །སྐུ་ནི་རྣམ་པར་སྣང་མཛད་སྐུ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་མཇལ་པར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་རྟོག་ངན་ཐམས་ཅད་སེལ། །འཁོར་གྱི་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །བླ་མེད་བྱང་ཆུབ་ཡང་དག་ཐོབ། །ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྐུ་ཟད་མེད་རིན་ཆེན་གཏེར། །སྤྲུལ་པ་བྱ་བ་བསམ་མི་ཁྱབ། །མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་ཏུ་མ་འདའ་ལ། །སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཉོན་མོངས་ཀུན་ཏུ་ཞིང་དུ་གནས། །སྐུ་ལྔ་དེ་ཚེ་ལྷུན་གྱིས་རྫོགས། །གོང་ཚུལ་ཉིད་ལས་མ་གཡོས་པར། །དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོར་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་། །ལས་འཕྲོ་དབང་གིས་སོ་སོར་སྣང་། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །སྡིག་སྤོང་གཟུགས་སུ་རྣམ་པར་བསྟན། །དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསྭེ་རུའི་ཚུལ། །ལ་ལ་ལྷུམས་ཞུགས་སྐུ་ལས་བལྟམས། །ལ་ལ་བྱང་ཆུབ་ཤིང་དྲུང་གཤེགས། །ལ་ལ་མེ་འབར་ཆུ་རུ་འཁྲུགས། །ལ་ལ་ནམ་མཁའ་སྒྲ་རུ་འབར། །ལ་ལ་ཡོངས་སུ་མྱ་ངན་འདས། །ཀུན་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར། །ཐེག་པ་མཐོ་དམན་བསམ་ཡས་ཀྱང་། །དེབཞིན་ཉིད་ཀྱིས་མ་གསུངས་ཏེ། །གདུལ་བྱའི་སྐབས་སུ་སོ་སོར་ཐོས། །དེ་ནི་གསུང་མཆོག་རྒྱལ་པོ་ཡིན། །དངོས་གསུམ་ལམ་ཉིད་སྒྱུ་འཕྲུལ་མང་འབྲེལ་འདྲ་བའི་རྒྱུད་ཆེན་ལས། །བསྒྲུབ་པའི་རིམ་པ་རྒྱུད་ཆེན་རིགས་པས་གཏིང་ནས་གཏན་ལ་ཕབ། །དེ་ཡི་དག་པས་ཁམས་གསུམ་མ་ལུས་སེམས་ཅན་ཐམས་ཅད་ཀུན། །སྐུ་དང་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྒྱུད་ལ་ཡོངས་སྨིན་ཏེ། །ཉོན་མོངས་ཡེ་ཤེས་སྤང་བླང་མེད་པར་རང་བཞིན་མཐོང་ནས་སྐུ་ལྔ་ལྷུན་གྲུབ་ཐོབ་པར་ཤོག །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོའི་དངོས་གྲུབ་སྒྲུབ་པའི་ཐབས། སྒེག་པ་རྡོ་རྗེས་མཛད་པ་རྫོགས་སོ།། །།

ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་ཧེ་རུ་ཀའི་གལ་ཕྲེང་།

མཱ ཡཱ ཀྲོ དྷ པི ཎྜ སཱ དྷ བ ཡ ཧེ རུ ཀ ཀ ལྤ མཱ ལ རི ཧ ར ཏི སྨ།
སྒྱུ་འཕྲུལ་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་ཧེ་རུ་ཀའི་གལ་ཕྲེང་བཞུགས་སོ།
ཧཱུྃ་འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཨེ་མ་ཀུན་ཏུ་བཟང་པོ་འདི། །བདེ་ཆེན་སྤྲོས་མེད་ཐིག་ལེ་ལས། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་པར་བྱ། །མཁའ་མཉམ་དབྱིངས་ཉིད་དག་པའི་རང་བཞིན་ལ། །བདེ་གཤེགས་ཐུགས་ཀྱི་སྙིང་པོའི་ཡི་གེ་ནི། །རང་གི་སེམས་ཉིད་ཡི་གེ་ཧཱུྃ་དུ་སྣང་། །ཐམས་ཅད་འབྱུང་གནས་ཡེ་ཤེས་ཆེན་པོའི་རྒྱུ། །ཧཱུྃ་ཨེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨེ་ཨ་ཀ་ཤ་མཎྜ་ལ་ཧཱུྃ། ཡཾ་ཡཾ་ཀརྨ་རཀྵ་ཧཱུྃ། དཀྱིལ་འཁོར་གཞལ་ཡས་རྟེན་གྱུར་པའི། །རྒྱ་གྲམ་དབང་ཆེན་གཏམས་པ་ལ། །རླུང་ནག་རྡོ་རྗེ་དཀྱིལ་འཁོར་ཆེ། །ཐམས་ཅད་འདེགས་པའི་སྟོབས་དང་འགྲན། །ར་རཀྟ་ཛོ་ལ་ས་མུ་དྲ་ཧཱུྃ། ཀེེཾ་ཀེེཾ་ནི་རི་ཏི་ཛོ་ལ་མཎྜ་ལ་ཧཱུྃ། རཾ་རཾ་བཛྲ་པཱ་ཎི་ཧཱུྃ། བྷྲཱུྃ་བྷྲཱུྃ་བྷྲཱུྃ་བི་ཤྭ་བི་ཤུདྷེ། བཛྲ་བཛྲ་ཙཀྲ་ཛྙཱ་ན་སཱུརྻ་ཙནྡྲ་པདྨ་མཎྜ་ལ། དེ་བ་ཏིསྟ་ནན། དུ་ཏི་ཙཀྲ་ནན། ཏི་ར་བཾ། དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །ཁྲག་གི་རྒྱ་མཚོ་འཁྲུགས་པའི་དཀྱིལ། །ཀེང་རུས་ཆེན་པོ་རི་རབ་ཀྱི། །སྟེང་གི་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་ཡིས་བརྒྱན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླར་བརྗིད། །འབར་བའི་འཕྲོ་བ་མང་པོ་འཁྲུག །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པོ་དོམ་གྱི་སྦར་བས་ནི། །དབང་ཕྱུག་ལྷ་ཆེན་མ་སོགས་བཟུང་། །ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃཿ ༀ་བཛྲ་ཀྲོ་དྷ་ཤྲི་ཧེ་རུ་ཀ་ཧཱུྃ། ངེས་པའི་ལས་ནི་རྡོ་རྗེ་ཆེ། །དེ་ལམ་དཔལ་ཆེན་ཧེ་རུ་ཀ །འབར་བ་ཆེན་པོ་གར་དགུ་ཡིས། །འཇིགས་པ་ཡི་ནི་དུས་ལྟར་དྲག །ༀ་བཛྲ་ཀྲོ་ཏཱི་ཤྭ་རི་མཱུྃ། མ་སཱུརྻ་མཎྜ་ལ་ཨེ། པཾ་པདྨ་མཎྜལ་ཨེ། ས་མ་ཡ་སྟམ། ས་མ་ཡ་ཧོ། ཨ་ནུར་ར་ག་ཡ་ཧཾ། ཛཿཧཱུཾ་བྃ་ཧོཿ བོ་དྷི་ཙིཏྟ་སྭ་ར་ཎ་ཕཊཿ བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས། ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །ཧེ་ཧེ་དགྱེས་པའི་གཟི་མདངས་ཀྱིས། །རིིིན་ཆེན་པདྨ་རྒྱས་མཛད་ནས། །གཉིས་མེད་འཁྲིལ་བས་དགྱེས་པར་ཐིམ། །བྱང་ཆུབ་སེམས་སྤྲིན་འཕྲོས་པ་ལས། །སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་སྤྲོ། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤཱ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ། ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །མཐའ་ཡས་ཁྱབ་པ་ཁྲོ་བོ་ཡི། །དཀྱིལ་འཁོར་སྟོང་གསུམ་འཇིག་རྟེན་ཙམ། །ཕྱོགས་བཅུའི་རྡུལ་སྙེད་ཐོན་པར་འགྱུར། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ༀ་བཛྲ་མ་ཧཱ་ཀྲོ་ཏཱི་ཤཱ་རི་མཱུྃ། དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །དབུ་དང་ཕྱག་ཞབས་སྟོང་ཁམས་གང་། །རྡུལ་སྙེད་མཚོན་ཆ་འཛིན་པ་སྟེ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར། །འབར་ཆེན་ཀློང་གི་འཁོར་ལོའི་དཀྱིལ། །དབང་ཕྱུག་ཆེ་དང་དུར་ཁྲོད་ཀྱི། །བདག་པའི་དྲེགས་པ་ཁྱོ་ཤུགས་ཀྱི། །གདན་ལ་བརྐྱང་བསྐུམ་ཚུལ་དུ་བཞུགས། །ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། བུདྡྷ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ། རཏྣ་མ་ཧཱ་ཀྲོ་ཏི་ཤ་རི་ཧཱུཾ། ༀ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། པདྨ་མ་ཧཱ་ཀྲོ་ཏཱི་ཤྭ་རཱ་ཧཱུཾ། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀརྨ་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཧཱུྃ། དཔལ་ཆེན་ཁྲག་འཐུང་ཆེན་པོ་དང་། །རིན་པོ་ཆེ་དང་པདྨ་དང་། །ལས་སུ་གྱུར་ཏེ་ཕྱོགས་བཞིར་བཞུགས། །དེ་ཀུན་འཇིགས་བྱེད་ཆེན་པོ་ཡི། །ཆ་ལུགས་རྔམས་པའི་ང་རོ་ཡིས། །འབར་བའི་ཀློང་ནས་དབུ་གསུམ་པོ། །ཕྱག་དྲུག་ཞབས་བཞི་དྲི་ཟ་དང་། །གནོད་སྦྱིན་གཤིན་རྗེ་སྲིན་པོ་སོགས། །ཁྱོ་ཤུག་དྲེགས་པ་ཕོ་མོ་ཡི། །གདན་ལ་བརྐྱང་བསྐུམ་ཚུལ་དུ་བཞུགས། །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས། །སོ་སོའི་སྐུ་ལ་འཁྲིལ་ཏེ་འཁོད། །ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། །དེ་ནས་དགྱེས་ཏེ་ཧ་བརྗོད་པས། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །དཀར་མོའི་ཚོགས་དང་རྐུན་མོ་དང་། །རྨོངས་བྱེད་དང་ནི་ཐལ་བྱེད་མ། །སྦོ་མ་དང་ནི་གཏུམ་མོ་དང་། །སྨེ་ཤ་ཅན་དང་མ་ཚོགས་མའི། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་རྔམས་ཐོན་ཏེ། །འབར་ཆེན་འཁོར་ལོའི་ཤར་མཚམས་ནས། །འབར་བས་རྔམས་པའི་མདོངས་ཀྱིས་འཁོད། །ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། །དེ་ནས་དགྱེས་ཏེ་ཧེ་བརྗོད་ཞེས། །བྱང་ཆུབ་སེམས་ཀྱི་སྤྲིིན་དག་ལས། །སེང་གདོང་ཆེན་མོའི་ཚོགས་དང་ནི། །སྟག་དང་ཝ་དང་ཁྱི་དང་བཞད། །ཀངྐ་དུར་བྱ་འུག་གདོང་ཆེ། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་རྔམས་འཐོན་ཏེ། །འབར་བ་ཆེན་པོའི་འཁོར་ལོ་ཡི། །ཕྱི་རོལ་ཤར་གྱི་ཕྱོགས་དག་ནས། །འཁོར་ལ་རྔམས་པའི་མདངས་ཀྱི་འཁོད། །ཕཊ་ཕཊ་ཕཊ་ཕཊ། དེ་ནས་དགྱེས་ཏེ་ཕཊ་བརྗོད་པས། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །རྡོ་རྗེ་སྲིང་འགྲོ་མ་ཚོགས་དང་། །གདོང་མོ་འཇིག་རྟེན་རོ་ལངས་མ། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་རྔམས་འཐོན་ཏེ། །དཀྱིལ་འཁོར་སྒོ་བཞིར་རྔམས་བཟུང་ནས། །དགྱེས་པའི་ཕྲིན་ལས་ཕྱོགས་བཅུ་ནས། །ཕཊ་ཅེས་བསྒྲགས་པས་ཐམས་ཅད་ཁྲོ། ༈ །ༀ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། ། འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཐབས་དང་ཤེས་རབ་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་ལུས་རྟོག་སྦྱངས། །གསེར་ཞུན་ལྟ་བུའི་སེམས་དག་ལས། །གསུང་གི་བྱིན་རླབས་ཡིད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིངས། །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། །ཆོས་ཀུན་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོ་ནི། །ཧཱུྃ་ཧ་ཧེ་ཕཊ་ཀྱི་སྒྲ་བྱུང་བས། །བྱང་ཆུབ་སེམས་སུ་གཅིག་པར་གནས། །ཧཱུཾ་ཧཱུཾ་བཛྲ་གཎྜེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ༀ་བཛྲ་ཀྲོ་ཏི་ཤྭཱ་རཱི་ཧཱུཾ། མ་སུརྻ་མཎྜལ་ཧཱུཾ། པཾ་པདྨ་མཎྜལ་ཨེ། ས་མ་ཡ་སྟཾ། ས་མ་ཡ་ཧོཿ ཨ་ནུ་རཱ་ག་མེ། བོ་དྷི་ཙིཏྟ་སྥ་ར་ན་ཕཊ། ཧཱུྃ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏིི་ཤྭ་རཱི་ཛྭ་ལ་ནཱ་ཧཱུཾ་ཕཊ། ཛཿༀ་ཨཱཿཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འདི་འགྲེའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་ཏྭི་ཤྭ་རི་སརྦ་དུཥྚན་ཧཱུྃ་ཕཊ། ཛཿ ༀ་ཨཿཧཱུྃ། སྥར༴ སཾ༴ ༀ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ༴ ༀ་སུརྻ་རཏྣ་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཛཿ སྥ༴ སཾ༴ ༀ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ༴ ༀ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རི་ཁཱ་ཧི་ཧཱུྃ་ཕཊ། ཛཿ སྥ༴ སཾ༴ ༀ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ༴ ༀ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་ཏི་ཤྭ་རི་བི་ཤྭ་ཧཱུྃ་ཕཊ། ཛཿ སྥ༴ སཾ༴ ༀ་བཛྲ་ག་རཱི་ཧ། བཛྲ་ཙ་རཱི་ཧ། བཛྲ་པྲ་མོ་ཧ། བཛྲ་བཻ་ཏ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། ཕཊ་ཛཿ ༈ །བཛྲ་སེངྷ་མུ་ཁ་ཧེ། བཛྲ་བྱ་གྷྲི་མ་ཁ་ཧེ། བཛྲ་ཤྲཱི་གཱ་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧི། བཛྲ་གྷྲྀ་ཌྷ་མུ་ཁ་ཧེ། བཛྲ་ཀཾ་ཀ་མུ་ཁ་ཧེ། བཛྲ་ཁཱ་ཁ་མུ་ཁ་ཧེ། བཛྲ་ཧུ་ལཱུ་མུ་ཁ་ཧེ། ཕཊ་ཛཿ བཛྲ་ཨརྻ་ཏེ་ཛ་ཡེ་ཛཿབཛྲ་ཨ་མོ་གྷ་ཧཱུྃ། བཛྲ་ལོ་ཀ་བྃ། བཛྲ་བྷསྨིཾ་པཱ་ལ་ཡ་བཱ་ཏུ་ཧོཿཕཊ་ཛཿ ༀ་ཨཱཿཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། མ་ནུ་རཀྴ་སཱིབྷྱོ། པྲ་ཧྨ་ཎི་བྷྱོ། རོའུ་ཏྲི་མ་བྷྱོ། བིཤྣ་བེ་བྷྱོ། ཀུ་མཱ་རཱི་བྷྱོ། ཨིནྟྲ་ཡ་བྷྱོ། བཛྲ་སིདྷ་ཀ་ལ་བྷྱོ། ཨ་མྲྀ་ཏ་བྷྱོ། ས་མྱ་མ་བྷྱོ། དྷ་ན་ད་ཧཾ་བྷྱོ། རཀྵ་སཱི་བྷྱོ། བཀྵ་སཱི་བྷྱོ། ར་ཏི་བཛྲ་བྷྱོ། རུ་རེ་ཏི་མ་ཏི་བྷྱོ། ཨེ་ཀ་ཙ་ར་མ་བྷྱོ། མ་ནོ་ཧ་ར་མ་བྷྱོ། སི་ཏི་ཀ་བྷྱོ། བ་ཡཾ་བེབྷྱོ། མ་ར་མ་ན་བྷྱོ། ཨགྣེ་མ་བྷྱོ། བ་ར་ཧཱི་བྷྱོ། ཙ་མུནྟྲི་བྷྱོ། སུ་ཏ་མ་བྷྱོ། བ་རུ་ན་བྷྱོ། བཛྲ་མ་ཧཱ་ཀ་ལ་བྷྱོ། ཙ་ཀཱ་ལ་བཛྲ་བྷྱོ། བཛྲ་བུཾ་པ་ཀརྞ་མ་བྷྱོ། བཛྲ་ལཾ་བྷྱོ་དྷ་ར་མ་བྷྱོ། ༈ །ཧཱུྃ་སྔོ་ནག་སྨུག་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཀོ་རློན་གོས་ནི་སྣ་ཚོགས་གོན། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོག །སྦྲུལ་དང་ཐོད་ཕྲེང་ཉི་ཟླར་བཅས། །སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །རལ་གྲི་དགྲ་སྟྭ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་བསྣམས། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞིའི་ཕྱག་རྒྱ་རབ་མཛེས་ཤིང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱིས་ཞེས་ནས་ཆས་ཏེ་གནས། །དེ་ལྟར་དཀྱིལ་འཁོར་གསལ་བཀོད་ནས། །མཐའ་དབུས་མེད་པར་ཁྱབ་པ་ཡི། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབར་བའི་དཀྱིལ་འཁོར་གསལ་བར་སྣང་། །ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭོ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཱཔུ་ཙ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ ྅་ཧཾ། ས་ལ་སོགས་པ་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པ་ཐོབ་པར་བྱ། །དག་པ་ཡེ་ཤེས་ཀྱིས་སྦྱངས་ཏེ། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨེ་ཧྱ་ཧི་ཨཱ་ན་ཡ་ཧོཿ ཛཿཧཱུྃ་བྃ་ཧོཿ རཾ་ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟམ། ༀ་ཁྲོ་ལ་ཁྲོས་པ་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་མཆོག །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ༀ་བཛྲ་མ་ཧཱ་ཀྲོ་དྷ་ས་མ་ཡ་སྟམ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ༔ ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨཱ་ལི་ཨཱུ་ལི་ཏཱ་ལི་ཏཱ་བ་ཏཱི། དརྟྲིཾ་གུ་ཎ་རི་ཏྲི་ཁ་ར་མ་ཡོ་གི་ནི་ཁཱ་ཧི་ཧོ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རམ། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མུ་ཏྲ་པྲ་བན་ཙཀྲ་ཧཱུྃ་ཕཊ། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ་ཨཾ་པ་ཏཾ་པ་ཀ་ཡ་ཧཱུྃ་ཕཊ། ༀ་བཛྲ་གུ་ཧྱ་ཏྲྀ་ཤྱ་ཧོཿ ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཕཊ། ཤྲཱི་ཧེ་རུ་ཀ་ས་མུ་ཏྲ་པྲ་བན་ཙཀྲ་བཀྵ་ཡ། སི་ཏོ་ས་མ་ཡ། ཧེ་བྷ་ག་བཱན། བྷཱུ་ཏ་ཀྵ་ཏྲི་པྲ་ཏི་ཏཾ་པ་ཀ་ཡ་ཧཱུྃ་ཕཊ། ༈ །སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ནས། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མི་དམིགས་དོན་ཕྱིར་དངོས་གྲུབ་མཆོག་གི་བསྣམས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཀཱ་ཡ་ཝཱཀ་ཙིཏྟ་བཛྲ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་ཁྲོ་ལ་ཕྱག་འཚལ་ལོ། །མི་གནས་མི་དམིགས་ཆོས་སྐུར་དག་པ་ལས། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྟོན་པ། །ཐུགས་རྗེ་གཟི་མདངས་གདུག་པ་ཐབས་ཀྱིས་འདུལ། །བཅོམ་ལྡན་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་ནས། །ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གང་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ་པྲ་ཏིཙྪ་ཧོཿ བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོར་བྱིན་གྱིས་རློབས། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བགྱིས། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཧེ་རུ་ཀ་ཡི་གལ་པོ་དང་། །གསང་བ་སྙིང་པོའི་རྒྱུད་དག་ལས། །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྩེ་དགུ་རྩེ་ལྔ་ཏི་ར་གཡས། །དྲིལ་བུ་དུང་དམར་འཇིག་རྟེན་གཡོན། །དཔལ་ཆེན་བཛྲ་ཐབས་ཀྱི་རྒྱུ། །ཤེས་རབ་ཡུམ་གྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་ཤེས་རབ་ཐབས་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབས། །ཀྲོ་ཏི་ཤྭ་རི་དབྱིངས་ཀྱི་རྒྱ། །ཡབ་ཡུམ་འབར་བའི་གདན་ལ་བཞེངས་ནས་ཀྱང་། །ཕྱག་རྒྱ་དབྱངས་ཀྱི་མཆོད་པ་འདི་འབུལ་གྱིས། །མཆོད་བཞེས་དམ་སྐོངས་མཐུ་དབང་དངོས་གྲུབ་སྩོལ། །ཤར་གྱི་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་དམར་དབུས་སྨུག་ཞལ། །འཁོར་ལོ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་ཏྲི་ཤུལ་གཡོན། །དཔལ་ཆེན་བུདྡྷ་ཐབས་ཀྱི་རྒྱ། །ཤེས་རབ་ཡུམ་གྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག །གཡས་པ་སོགས། ལྷོ་ཡི་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་སྔོ་གཡས་དཀར་དབུས་སེར་ཞལ། །རིན་ཆེན་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་དགྲ་སྟྭ་གཡོན། །དཔལ་ཆེན་རཏྣ༴ ཤེས་རབ་ཡུམ༴ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །གཡས་སོགས༴ ནུབ་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་སེར་དབུས་དམར་ཞལ །པདྨ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་རྔེའུ་ཆུང་གཡོན། །དཔལ་ཆེན་པདྨ༴ ཤེས་རབ་ཡབ་ཡུམ༴ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་པ་སོགས༴ བྱང་གི་ཁྲོ་བོའི༴ གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །རལ་གྲི་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་ཐོང་གཤོལ་གཡོན། །དཔལ་ཆེན་ཀརྨ༴ ཤེས་རབ་ཡུམ༴ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་། །གཡས་པ་སོགས༴ དཀྱིལ་འཁོར་དག་པའི་ཕྱི་རིམ་ན། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །ཀེའུ་རི་ཚོགས་ཀྱིས་བསྐོར་བ་ལ། །ཀ་རི་སྔོན་མོ་བྱིས་དབྱུག་སྔོ། །ཙ་རཱི་འདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་འཕྱར། །བཻ་ཏ་ལི་ཟ་རྡོ་འཕྱར་ནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །གྷཱསྨ་དུང་དམར་དཀྲུག་འཐུང་ལྗང་། །སྨེ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་མཆོག་ལུས་འདྲལ། །ཁྲོ་མོ་ཀ་རི་མ་བརྒྱད་རྣམས། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །ཕྱག་རྒྱ་དབྱངས་ཀྱི་མཆོད་པ་འདི་འབུལ་གྱིས། །མཆོད་བཞེས་དམ་སྐོངས་མཐུ་དབང་དངོས་གྲུབ་སྩོལ། །དཀྱིལ་འཁོར་དག་གི༴ བཅོམ་ལྡན་དཔལ༴ སིདྷའི་ཚོགས་ཀྱིས་བསྐོར་བ་ནི། །སིདྷ་ཁ་རོ་བསྣོལ་སེར་སེང་། །བྱ་ཀྲི་གནས་ལྟག་བསྣོལ་མར་སྟག །སྲི་ལ་ནག་པོ་བྱིས་བལྡག་ཝ། །ཤྭ་ན་འདྲལ་བལྟ་མཐིང་ཁ་སྤྱང་། །ཀྲི་ཏ་མགྲིན་དམར་རྒྱུ་འདྲེན་རྒོད། །ཀཾ་ཀ་ཞིང་ཕྲག་སྣར་མཆུ་རིང་། །ཁ་ཁ་ཁ་རོ་བྷན་གྲི་ནག །ཧུ་ལུ་རྡོར་ཀྱུ་མཐིང་ཚོགས་འུག །སིདྷ་ཆེན་མོ་བརྒྱད་རྣམས་ཀྱང་། །འབར་བའི༴ ཕྱག་རྒྱ༴ མཆོད་བཞེས༴ དཀྱིལ་འཁོར༴ བཅོམ་ལྡན༴ སྒོ་མའི་ཚོགས་ཀྱིས་བསྐོར་བ་ནི། །རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན། །ཕག་གདོང་ནག་མོ་མཆེ་ཞགས་སྡོམ། །ལྕགས་སྒྲོག་དམར་མོ་ཉི་ཟླ་སྤྱད། །ཐལ་བྱེད་དྲིལ་བུ་སྣ་ཚོགས་མདོག །སྒོ་མ་ཆེན་མོ་བཞི་རྣམས་ཀྱང་། །འབར་བའི༴ དཀྱིལ་འཁོར༴ བཅོམ་ལྡན༴ དབང་མོའི་ཚོགས་ཀྱིས་བསྐོར་བ་ནི། །འཇིག་རྟེན་འདས་དང་མ་འདས་པའི། །ཅི་བགྱིས་བཀའ་ཉན་ཕོ་ཉའི་ཚོགས། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་པ་དམར་སེར་པདྨ་འཛིན། །ལྷ་ཆེན་དཀར་ལྗང་ཏྲི་ཤུལ་ལ། གཏོགས་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་ཨནྟྲ་གདེངས། །རྡོ་རྗེ་སེར་མོ་ཙཎྜ་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་པུཎྜ་རི། །བེ་ཅན་ལྗང་ནག་དབྱུག་ཐོ་འཕྱར། །སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ཟ་བ་ལྗང་ནག་བ་སུ་འདྲེན། །དགའ་བ་དམར་མོ་ཀ་དར་འཕྱར། །སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན། །རྡོ་རྗེ་སེར་ནག་སྤྲུ་གྲིས་གཅོད། །འདོད་པ་དམར་མོ་མདའ་གཞུ་འགེངས། །ནོར་སྲུང་དཀར་མོ་བུམ་པ་འཛིན། །གསོད་བྱེད་ནག་མོར་རལ་གྲིའི་སོ། །མི་མོ་དམར་མོ་གསལ་ཤིང་འཕྱར། །ཕག་མོ་ནག་མོ་མཆེ་ཞགས་ཅན། །རྒན་བྱེད་དམར་མོ་ཞིང་ཆུང་ཟ། །སྣ་ཆེན་དཀར་མོ་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །རྡོ་རྗེ་སེར་མོ་ར་མགོ་ཞགས། །རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ། །རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས། །དབང་ཕྱུག་ཉི་ཤུ་བརྒྱད་རྣམས་ཀྱང་། །འབར་བའི༴ ཕྱག་རྒྱ༴ མཆོད་བཞེས༴ བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱ་སརྦ་ཏདྑཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་གཞུགས་སུ་གསོལ། །ༀ་ཨ་ཧ་ར་ཨ་ཧ་ར་བིརྱ་རྡ་ར་པུ་ཙི་ཏེ་ན་མཿས་མནྟ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་པ་ན་པེེཾ་པེ་ནུ་སུ་ར་ཏོ་ཏཱི་པུ་པ་ན་མུ། ཏ་ཐ་ག་ཏ། ས་མ་ཡོ་ཏ། མུ། ༀ་སརྦ་མ་ཧཱ་སུ་ཀ་སིདྡྷི་ཧཱུཾ། ༀ་ཤྲཱི་བཛྲ་དྷུ་པེ་དྷཱུ། ༀ་ཤྲཱི་བཛྲ་པཥྤེ་པུ། ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ༀ་ཤྲཱི་བཛྲ་རཱ་ག་གྷནྡྷེ་གྷན། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་དག་ཅིང་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ༀ་ཨཱཿཧཱུྃ། གསུམ་མཆོད་དོ། །དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཧཱུྃ་རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་མཆོད་ཀྱིས། །ཐུགས་དམ་དབྱིངས་ཉིད་བསྐང་བའི་མཆོད། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ༈ །ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ལྔ་རྣམས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་སརྦ༴ དཔལ་ཆེན་སྐུ་ལ་ལྷུན་གྲུབ་མཉམ་སྦྱོར་བའི། །ཀྲོ་ཏི་ཤྭ་རི་ལ་སོགས་རིགས་ཀྱི་ཡུམ་རྣམས་ལ། །རྣམ་དག༴ ཐུགས༴ ༀ༴ མཐིང་ནག་མཆོག་རྣམས་རྡོ་རྗེ་གསང་བའི་ཡུམ། །ཀེའུ་རི་ལ་སོགས་གནས་ཀྱི་མ་བརྒྱད་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ རྡོ་རྗེ་གདོང་མོ་ཟ་བྱེད་མཆེ་གཤོག་ཅན། །སེདྷ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ སྒོ་བཞི་རབ་རྔམ་རྡོ་རྗེ་སྲིང་འགྲོ་མ། །གདོང་མོ་རོ་ལངས་འཇིག་རྟེན་མ་ཚོགས་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི། །མཁའ་འགྲོ་ཤུག་འགྲོ་མ་ཚོགས་རྒྱ་མཚོ་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ ཐུགས་རྗེའི་ཤུགས་ཀྱི་འདྲེན་པའི་ལས་མཛད་མ། །ཕོ་ཉ་རྒྱ་མཚོ་འབར་བའི་ཚོགས་རྣམས་ལ། །འགྲོ་དྲུག་སེམས་ཅན་མ་ལུས་སྒྲོལ་བ་ཡི། །མ་ཅིག་སྔགས་ཀྱི་སྲུང་མ་མཐུ་མོ་ཆེ། །འདོད་པ་ཁམས་ཀྱི་བུད་མེད་ཉག་གཅིག་མ། །དཔལ་ལྡན་གཉན་གྱི་སྲིང་གཅིག་རེ་མ་ཏི་རྣམས་ལ། རྣམ་དག༴ ཐུགས་རྗེ༴ ༀ༴ དམ་ཚིག་དབང་དང་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་རྡོ་རྗེ་སློབ་དཔོན་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ ཤེས་པའི་ཁྱད་པར་རིམ་པས་དབང་བསྐུར་བའི། །རྒྱལ་ཐེམས་ལ་སོགས་ཀརྨ་གིང་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ འཇིག་རྟེན་འདི་དང་ཕྱི་མ་ཐམས་ཅད་དུ། །དམ་ཚིག་ཟུང་གིས་འབྲེལ་བའི་མཆེད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ དམ་ལ་གནས་ཤིང་རིག་འཛིན་སྒྲུབ་པ་པོ། །ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་ལ། རྣམ་དག༴ ཐུགས་རྗེ༴ ༀ་ཚེ་རབ་སྔོན་ནས་ད་ལྟ་ཡན་ཆད་དུ། །ལུས་སྲོག་སྐྱེད་པའི་དུས་གསུམ་ཕ་མ་ལ། རྣམ་དག༴ ཐུགས་རྗེ༴ ༀ༴ ལྕེ་ཡི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་ཅན་གྱི་ༀ་བསྒོམས་ནས། །བདུད་རྩི་ལྔ་ལས་སྦྱར་བའི་སྨན། ཟོས་ན་བྱང་ཆུབ་སྐུ་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ༀ། ལྕེ་ཡི་དམ་ཚིག་རྡོ་རྗེ་ནི། །རྡོ་རྗེ་ཅན་གྱི་ཨཱཿབསྒོམས་ནས། །བདུད་རྩི་ལྔ་ལས་སྦྱར་བའི་སྨན། །ཟོས་ན་བྱང་ཆུབ་གསུང་ཐོབ་འགྱུར། །ཝཱཀ་སིདྡྷི་ཨཱཾ། ལྕེ་ཡི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམས་ནས། །བདུད་རྩི་ལྔ་ལས་སྦྱར་བའི་སྨན། ། ཟོས་ན་བྱང་ཆུབ་ཐུགས་ཐོབ་འགྱུར། །ཙིཏྟ་སིདྷི་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྷི་བཛྲ་ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དམ་དྷུ་པ། པུཥྤེ། དཱི་པ། གྷཱཏྣ་བ་ལིངྟ་པྲ་ཏི་ཙྪ་ཧོཿ ཤྲཱི་བཱ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། ༈ ཧཱུྃ་བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །མ་ཧཱ་བ་ལིངྟ་ཁ་རམ་ཁཱ་ཧི། །ཐོག་མར་བདག་ཉིད་རྟོགས་སྒོམ་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་སེམས་ཅན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །རྃ་ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨ་ལ་ནི་རྡོ་རྗེ་ཞུགས། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་ཀུན་ལ་མཆོད། །ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧཾ། ཧཱུྃ་ཧཱུྃ་ཧཱུྃ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། མཉམ་པའི་སྒྲུབ་རྫས་ཆེན་པོ་འདི། །བདག་དང་མཉམ་པའི་ཚོགས་ལ་འབུལ། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ནི་ཆོས་ཉིད་ཐིམ། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། པྲ་ཏི་ཙྪ་ཧོཿ ཤྲཱི་བཱ་ན་ཁ་ཁ་ཁཱ་ཧི། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསལ་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་པར་ནི་སྣོམ་དུ་གསོལ། །ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་ཟབ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བ་ཆགས་པ་ཡི། །དམར་ཆེན་པོ་ཡི་ཨརྒྷཾ་ལ། །དམར་གྱི་དེ་ནི་རྒྱ་མཚོར་བསྐྱིལ། །འཁོར་གྱི་མཁའ་འགྲོ་རྣམས་དང་རོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་ས་མ་ཡ། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་པཉྩ་ཨ་མྲི་ཏ། མ་ཧཱ་ཨརྒྷཾ་པྲ་ཏིཙྪ་ཧཾ་ཁ་ཁ་ཁ། ལེ་ལེ་ལེ། ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཧཱུྃ་བྷྱོ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེད་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པའི། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་བྱས་སྒྲུབ་པོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་བྲོ་མཆོག་བསིལ། །མེ་ཏོག་ལ་སོགས་ཙཎྜན་ཕྲེང་། །བཟང་དགུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །གྲུབ་པའི་རྫས་ནི་ཐམས་ཅད་ལ། །ཧཱུྃ་དང་ཕཊ་ཀྱིས་ལྡན་པར་མཛོད། །གཟིགས་པ་ལ་སོགས་འདིར་བྱའོ། །རོལ་མོ་དབུལ་ཏེ། རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། །སྟོན་དཀའི་ཟླ་གསལ་དྲི་མེད་ཞལ་མངའ་བའི། །བཅོམ་ལྡན་བདེ་གཤེགས་ཡེ་ཤེས་དཀྱིལ་འཁོར་དབྱིངས། །ཁྲོ་བོའི་ཚོགས་ཆེན་མ་ལུས་ཐམས་ཅད་དང་། །དུས་གསུམ་བདེ་བར་གཤེགས་པ་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་དང་བཅས། །ཕྱག་བརྙན་གཏམ་ཆེན་རྔམས་པའི་ཚོགས་ལ་སོགས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས། །རྣལ་འབྱོར་དམ་ཚིག་བདག་ཅག་རྣམས་ཀྱིས་འཚལ། །དགྱེས་པའི་དུས་ཀྱིས་མཆོད་པར་སྦྱར་བ་འདི། །བཞེས་ཏེ་ཨ་ལ་ལ་སྟེ་དགྱེས་པ་མཛོད། །ༀ་བཛྲ་ཨེ་ས་ཧཱུྃ། སེ་ས་ཧཱུྃ། ས་མ་ཡ་བྷཀྵ་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ བཛྲ་པྲ་ཏིཙྪ་ཧོ། ཧོ་སྤྲོས་པ་མེད་པའི་དབྱིངས་དང་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན། །དུས་གསུམ་དུ་རྣམ་པར་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རིགས་མཆོག་ཡུམ་གྱི་དབྱིངས་ན་རྟག་ཏུ་རྣམ་པར་ཞུགས་པ་འཁོར་ཕུན་སུམ་ཚོགས་པ། ཐུགས་རྗེ་དང་བཅས་པ། ཐུན་མོང་མ་ཡིན་པའི་སྤྱོད་པས་ཤིན་ཏུ་ཁྲོས་ཤིང་། ཡེ་ཤེས་ཆེན་པོ་ལ་རོལ་བ་རྨད་དུ་བྱུང་བ་དྲག་ཤུལ་ཐབས་མཁས་པའི་རྒྱ་མཚོ་དང་ལྡན་པའི་རྒྱལ་པོ། །བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་བཛྲ་ཌཱ་ཀི་ནི་ཡུམ་ཀྲོ་དྷི་ཤྭ་རི་དང་གཉིས་སུ་མེད་པའི་རོལ་པ་ལས་བྱུང་བའི་རིགས་ལྔའི་དཔལ་ཆེན་པོ་ཡབ་ཡུམ། ཀ་རིའི་ཚོགས། སེངྷའི་འཁོར། ནང་གི་རྣལ་འབྱོར་ཕྱིའི་སྒྲུབ་པ་ཕོ་མོ་ལ་སོགས་པ། ཡེ་ཤེས་དང་ལས་ལས་བསྐྱེད་པ་ཐམས་ཅད་མཁྱེན་པ་དང་བྱིན་གྱིས་བརླབས་པ་དམ་པ་མཛད་དུ་གསོལ། གཞན་ཡང་རྣལ་འབྱོར་ཕོ་མོ་དང་། ཕོ་ཉ་ཕོ་མོ་དང་། ཅི་བགྱིས་དང་བཀའ་ཉན་ཐམས་ཅད་དང་། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ། རྣལ་འབྱོར་གྱི་དོན་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པ་རྣམ་དགོངས་ཤིང་། གསང་སྔགས་མ་ཧཱ་ཡོ་གའི་དགོངས་པ་གཞུང་བཞིན་དུ་མ་མཛད་པ་རྣམས་མཁྱེན་པ་དང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཧོ་རྣལ་འབྱོར་གྱི་མཆོད་པ་འདི་ལ་ཕུད་ཀྱི་མཆོད་པ། ཆོས་ཉིད་ལ་ཆོས་ཉིད་འབྱུང་། འབྱུང་བ་ཆེན་པོ་ཀུན་རྫོབ་ཀྱི་མཚན་ཉིད་ཙམ་ལ་བསྡུས་ནས། སྤྲུལ་པ་ལ་སྤྲུལ་པ་རོལ། རྣལ་འབྱོར་གསང་བ་མཆོག་གི་མཆོད་པ་ལོངས་སྤྱོད་པའི་ཚུལ་དུ་སྦྱར་བ་འདི། བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ། དབང་མི་འཚལ་བར་ཕུད་གཙང་སར་སྤགས་ཏེ། དགའ་མགུར་རངས་པའི་སེམས་ཀྱིས་མཆོད་པའི་ལྷ་མོ་འདོད་འབྱོར་བསྟན་པའི་ཚུལ་དུ་གར་གྱི་སྤྱི་གཙུག་གིས་བླངས་ཏེ། རྒྱལ་བའི་དཀྱིལ་འཁོར་རིན་པོ་ཆེའི་གཞལ་ཡས་ཁང་། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་བྱུར་བུར་བཀང་སྟེ་འབུལ་ཞིང་མཆིས་ན། གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངང་ནས་དགྱེས་པའི་ལྷུན་དགོངས་ཏེ། ཡེ་ཤེས་ཆེན་པོ་ཆུ་ཟླ་ལྟ་བུས་སྒྱུ་མ་ལ་སྒྱུ་མར་རོལ་ཏེ་སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་མ་ཟད་པའི་གཏེར་ཆེན་པོ་བཞེངས་སུ་གསོལ། དེང་ཡོན་གྱི་བདག་པོ་དང་བདག་རྡོ་རྗེ་འཛིན་པ་འཁོར་དང་བཅས་པ་ལ་སོགས་པ། བདག་ཅག་གསང་བའི་དལ་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱིས། དང་པོ་གསང་བ་རྡོ་རྗེ་ཐེག་པའི་སྒོར་མཆིས་ཏེ་དམ་ཚིག་ཆེན་པོ་མངོན་པར་ནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཆག་ཉམས་སུ་གྱུར་པ། ལྷ་ཉེ་བར་མ་བསྒོམས་པ་སྙིང་པོ་དག་པར་མ་བཟླས་པ། སྦྱོར་བ་མང་པོའི་བར་བསྐུམས་པ། །དད་པ་ཅན་གྱིས་ཚོགས་བཅག་པ། །དགེ་བ་ཅན་གྱི་ཐུགས་དཀྲུགས་པ། །དམ་རྫས་དང་དུ་མ་ལེན་པ། །བསྔོ་བ་བསྔོ་མ་ཐོགས་པ། མཆོད་པ་ལོ་དང་དུས་ལས་འདས་པ། བསྙེན་པ་ཡུན་ཐུང་བ། ཛབ྄་བཟླས་པ་གྲངས་ཉུང་བ། ཏིང་ངེ་འཛིན་འཐང་ལྷོད་དུ་གྱུར་པ། ལེ་ལེ་དང་སྙོམ་ལས་ཀྱི་དབང་དུ་གྱུར་པ་དེ་བཞིན་གཤེགས་པའི་མཛད་སྤྱོད་དགོངས་སྤྱོད་དམ་པ་གདེང་དུ་མ་གྱུར་ཅིང་། སེམས་ཅན་གྱི་ཤེས་པ་རང་ཐད་དུ་གྱུར་པ་དང་། ཁྱད་པར་དུ་ཡང་བསྒྲུབ་པའི་དམ་ཚིག་དང་། ཁྱད་པར་གྱི་དམ་ཚིག་གཉེན་པོ་ནོས་པ་ལས་ཉམས་ཤིང་། ཞིག་རལ་དུ་གྱུར་པ་ཅི་མཆིས་པ་དེ་དག་ཐམས་ཅད་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོང་ཞིང་བཤགས་ན། དབྱིངས་ཉིད་ནམ་མཁའ་ལྟ་བུའི་ངང་ལས་སྐུ་མ་ཆགས་པ་བཟོད་པ་དང་དུ་བཞེས་ཏེ། ཚངས་པ་ཡིད་བཞིན་དུ་རྒྱས་པར་མཛད་དུ་གསོལ། དངོས་གྲུབ་ཏུ་གསོལ་བའི་མདོ་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས་མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མན་ཆད། དངོས་གྲུབ་ཀྱི་རྒྱུ་དང་སྐལ་བ་གང་ལགས་པ་དུས་ཕྱི་མར་མི་ཐོགས་པར་དེང་འཕྲལ་དུ་ཐོབ་པར་སྩལ་དུ་གསོལ། འཕྲིན་ལས་དེས་སྙན་ཁུང་དུ་གསོལ་བ་ནི། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པའི་བགེགས་གདུག་པའི་དབལ་རྣོ་བའི་མཚོན། སྦྱར་བའི་དུག །ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་བཅུ། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། སོ་སོའི་རྨི་ལམ་ངན་པ་དང་པྲ་སོགས་རྩུབ་པ་ལ་སོགས་ཏེ། ལོ་ཀག་དང་ཟླ་ཀག་དང་། གཤེད་བཞི་ལ་སོགས་པ། མི་མཐུན་པའི་ཕྱོགས་ཚེ་རབས་ལས་ཀྱི་འཕྲོ་ལས་གྱུར་ཀྱང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་། མི་དང་མི་མ་ཡིན་ལ་སོགས་པའི་གནོད་པའི་སྦྱོར་བ་ལས་གྱུར་ཀྱང་རུང་སྟེ། དེ་དག་ཐམས་ཅད་བཟློག་ཅིང་ཞི་བར་མཛད་དུ་གསོལ། གལ་ཏེ་ཞི་བས་མི་འདུལ་ན་ཡང་། དྲག་པོའི་ཕྲིན་ལས་ཀྱིས་གདུལ་ཞིང་ཚར་བཅད་པ་དང་། དབང་དུ་སྡུད་པ་དང་སྤོར་ཞིང་སྤར་བ་དང་། གཟིར་ཞིང་མནན་པ་དང་། ཕྲིན་ལས་དྲག་དབལ་རྣམ་པ་བཞི་ཇི་ལྟར་ཁུལ་ཞིང་འཚམས་པ་དང་། ཡལ་བར་མི་འདོར་བཏང་སྙོམས་མི་དགོངས་ཤིང་། མི་ཡང་མི་དྲག་ཁོ་ནར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས་བཅད་གཏུབས་ལུས་ལ་འབྱུང་བར་མི་འགྱུར་ཏེ། གྲིབ་པས་འཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ། སྐུའི་ཕྱོགས་ཙམ་མོད་ན་འཚོ་བ་དང་། གཟི་མདངས་ལུས་ལ་འཇུག་པ་ཉི་མ་སྟོང་དག་གི་འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འཆར་བ་དང་། ལུས་ངག་སེམས་རྣམས་ཚེ་འདིར་རྡོ་རྗེ་རབ་སྣང་ཞིང་། རེ་སྨོན་ཐམས་ཅད་དུས་འདིར་ཐོབ་པར་མཛད་པ་སྩལ་དུ་གསོལ། ཛཔ྄་བྱ་སྟེ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ། ཛཿ ཧཱུྃ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །དབུས་ཕྱོགས་འཁོར་ལོ་འབར་བའི་ལྟེ་བ་ལ། །དབང་ཕྱུག་ལྷ་ཆེན་བསྣོལ་བའི་ཁྲི་སྟེང་ནས། །བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ །ཡུམ་ཆེན་བཛྲ་ཁྲོས་པའི་རྒྱལ་མོ་གཉིས། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་ནས། །གསང་བ་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས། །རྣལ་འབྱོར་བདག་གི་སྒྲིབ་པ་སྦྱང་དུ་གསོལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །དྲི་ཟ་ཕོ་མོ་བསྣོལ་བའི་ཁྲི་སྟེང་ན། །བཅོམ་ལྡན་དཔལ་ཆེན་བུདྡྷ༴ ཡུམ་ཆེན་བུདྡྷ༴ ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ༴ གཉིས་མེད་སྦྱོར༴ གསང་བ༴ རྣལ་འབྱོར༴ བླ་མེད༴ ལྷོ་ཕྱོགས༴ གཤིན་རྗེ༴ བཅོམ་ལྡན་དཔལ་ཆེན་རཏྣ༴ ཡུམ་ཆེན་རཏྣ༴ ཡབ་ཡུམ་ཐབས། གཉིས་མེད༴ གསང་བ༴ རྣལ་འབྱོར༴ བླ་མེད༴ ནུབ་ཕྱོགས༴ ཀླུ་དབང༴ བཅོམ་ལྡན་དཔལ་ཆེན་པདྨ༴ ཡུམ་ཆེན་པདྨ༴ ཡབ་ཡུམ་ཐབས༴ གཉིས་མེད༴ གསང་བ༴ རྣལ་འབྱོར༴ བླ་མེད༴ བྱང་ཕྱོགས༴ གནོད་སྦྱིན༴ བཅོམ་ལྡན་དཔལ་ཆེན་ཀརྨ༴ ཡུམ་ཆེན་ཀརྨ༴ ཡབ་ཡུམ་ཐབས༴ གཉིས་མེད༴ གསང་བ༴ རྣལ་འབྱོར༴ བླ་མེད༴ ༀ་ཡེ་ཤེས་ལྷ་ནི་བསྐུལ་བའི་ས་ལ་བཞེངས། །རྣལ་འབྱོར་དབང་ཕྱུག་གསོ་བའི་ཆོ་ག་མཛད། །ལྷ་དང་གཉིས་སུ་མེད་པར་བྱ་བའི་ཕྱིར། །བཟླས་བརྗོད་གྲངས་དང་འཚམས་པའི་བསྙེན་པ་འབུལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བསྟོད་པ་ནི། ཧཱུྃ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོ། ཧཱུཾ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཐུགས་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ལ་ཡི་གད་རྒྱང་ཆེ། །བཤུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ། །ཧཱུཾ་ཁྲོ་བོ་ཡེ་ཤེས་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུཾ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པས་དཀྱིལ་འཁོར་ཆར་བཞིན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་འཕྲོས་པའི་ཐིག་ལེ་ཆེ་ཧོ། །ཧཱུཾ་བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །བདུད་ཀྱི་ཚོགས་རྣམས་འཇིགས་པར་བྱེད། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཧཱུཾ་རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་བོ་སྡུད་པོ་ཆེ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ། དེ་ལྟར་བསྟོད་ནས། ཚོགས་མདུན་དུ་སྤྱན་དྲངས་ཏེ། ༀ་བི་ཤྭ་བི་ཤུདྷེ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ད་ར་མ་ཏེ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ་དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །ཁྲོ་བོ་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་པོ། །ལྷ་དང་ལྷ་ཆེན་རྣལ་འབྱོར་པ། །ཐུགས་དང་འཐད་པའི་གནས་ཆེན་འདིར། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་གརྟ་ཡ་ཨཱ་གརྟ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། སརྦ་བཛྲ་ཌཱཀྐི་ནཱི་ནན། ཧྲི་ད་ཡ་ན། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚ་ས་མ་ཡ་མུ་ཏྲ་པྲ་བཱན་ཙཀྲ་ཧཱུཾ་ཕཊ། ཛཿཧཱུྃ་བཾ་ཧོ། ཤྲཱི་ཧེ་རུ་ཀ །ཨེ་ཧྱ་ཧི་དྲྀ་ཤྱ་ཧོ། ས་མ་ཡ་སྟཾ། ཨེ་ཨ་ར་ལི་ཧོ། ཧྲཱི་ཧྲཱི་ཧྲཱིཿབླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །ༀ་ཨཱཿཧཱུྃ་སུ་ར་ཏོ་ལ་པོ་ཀ་མ་ལི། མ་ལེ་བཛྲ་ཨ་མྲྀ་ཏ་ཧ་ར་ན་པྲ་ཏི་ཛཿ བ་ག་བཱན། ཛཿཧཱུྃ་བྃ་ཧོཿ ཨ་ལ་ལ་ཧོ། ༀ་པ་ན་པེེཾ། པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། ཏ་ཐཱ་ག་ཏ་སི་ཏི་པུ་ས་མ་ཡོ་ཏ་མུ། མ་ཧཱ་སུ་ཁ་སི་ཏི་དུ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེད་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གང་བྱས་སྒྲུབ་པོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ལྔ། །མཱཾ་ས་ལ་སོགས་བྲོ་མཆོག་བསིལ། །མེ་ཏོག་ལ་སོགས་ཙནྡན་ཕྲེང་། །བཟའ་དགུར་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །གྲུབ་པའི་རྫས་ནི་ཐམས་ཅད་ལ། །ཧཱུྃ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཚེ་རབས་ཐོག་མཐའ་མེད་པའི་དུས་མཐའ་ནས། །ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ། །ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་བྱས། །ངག་གིས་ཚིག་འཁྱལ་སྨྲ་བ་ཀུན་ཏུ་བརྗོད། །སེམས་ཀྱི་བློ་ནོར་ལོག་པར་བསམ་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་ན། །འདི་འདྲའི་དམྱལ་ཚོགས་ཤིན་ཏུ་མི་བཟོད་པ། །བཀྲམ་པའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་ཆད་པ་གཅོད། །ཉམས་ཆག་འགལ་འཁྲུལ་མཆིས་པ་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ། །གསང་བའི་དལ་འདིར་འདུས་པ་རྣམས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཏུ་གྱུར་པ་རྣམས་མཐོལ་ལོ་བཤགས་སོ། །དེ་ལྟར་མཐོལ་ཞིང་བཤགས་པས་བཟོད་པ་དང་དུ་བཞེས་ཏེ་ཉམས་པ་ཐམས་ཅད་སྐོང་བར་མཛད་དུ་གསོལ། །ཨེ་རཾ་ཛྭ་ལ་རཾ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ། བེའུ་བི་དིར་རོའུ་ཏྲི། པཉྩ་ཏྲི་ཨཱ་བེ་ཤ་ཤེ་ན་བི་ན་ཡཱ་བི་ཏ་ཐཱ་ག་ཏེ། ཙ་ལེ་པྲ་ཙ་ལེ་གུར་པ་གུར་པི་ཤཾ་པ་ཏི། ཙ་ལེ་ཧུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམས་པ་ལས། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔ་ཡི་ཟས་ལྔ་ལ། །མཚན་མ་མིང་རུས་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་པས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་དབུལ། །ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འཇིགས་ཀུན། །སྐད་ཅིག་ཡུད་ལ་བརླག་མཛད་དེ། །བརླགས་པར་མ་གྱུར་གང་ཡང་མེད། །བརླག་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཧཱུྃ་ཛཿ ཆོས་ཉིད་ཀུན་ཏུ་བཟང་པོའི་རོལ་བ་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤང་སྟེ། །ཐབས་ལ་མཁས་པས་ཁྲོ་རྒྱལ་ཚུལ་སྟོན་པ། །མ་ཆགས་དག་པ་ཡབ་ཡུམ་གྱི་གཞལ་ཡས་སུ། །དབང་ཕྱུག་རྒྱལ་པོ་ཐབས་ཀྱི་རོལ་པ་ཡིས། །གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕྲ་མིན་མ། །རྡོ་རྗེ་མཁའ་འགྲོ་ཡེ་ཤེས་དམ་ཚིག་ཅན། །བཀའ་བཞིན་རྗེས་སུ་སྒྲུབ་པའི་མཆེད་ལྕམ་ལ། །སྡང་བར་བྱེད་པའི་དགྲ་དང་གནོད་པའི་བགེགས། །ཀོའུ་རི་འགུགས་པའི་ཚོགས་ཀྱི་ཁུག་ལ་ཤོག །ཙ་རི་རྐུན་མོའི་ཚོགས་ཀྱིས་མཐུ་སྟོབས་རྐུས། །པྲ་མོ་རྨོངས་བྱེད་ཚོགས་ཀྱིས་རྨོངས་པར་མཛོད། །བེ་ཏ་ཐལ་བྱེད་ཚོགས་ཀྱིས་ཐལ་བར་རློག །པུསྐ་ཀསྨ་སྨ་ཤ་ཙཎྜ་ལཱིས། །གནོད་བྱེད་ཟུངས་ལ་ཆིངས་ཤིག་དབང་དུ་སྡུས། །རབ་ཏུ་མྱོས་སུ་ཆུག་ལ་བརྒྱལ་བར་མཛོད། །སེང་གེ་སྟག་དང་ཝ་དང་སྤྱང་མོའི་མགོ། །གདུག་པའི་མགོ་ལ་ཡུམ་གྱི་ཆས་ཅན་མ། །མགོ་ནས་གསོལ་ལ་ཤ་རུས་ལྷ་རྐང་གཞིབས། །ཀྲྀ་ཏ་ཀཾ་ཀ་ཕོ་རོག་འུག་པའི་མགོ། །མཁའ་ལ་རླུང་ལྟར་འགྱུ་བའི་མཁའ་འགྲོ་མ། །དེ་ཡིས་གློ་སྙིང་ནང་ཁྲོལ་རྐང་ཚིལ་རྣམས། །ཆེམ་ཆེམ་གསོལ་ཏེ་དྲག་པོའི་ལས་རྣམས་མཛོད། །དཀར་མོ་རྡོ་རྗེ་ཁྱབ་པའི་སྐུ། །ཡེ་ཤེས་ཉི་མ་འབུམ་གྱི་གཟི། །རྡོ་རྗེ་གདོང་མོ་ཚུལ་བཞིན་སྤྱོན། །ཆིངས་ཤིང་ཕག་གདོང་ཞགས་པ་མ། །འདོད་ཆགས་དམར་མོ་དྲིལ་འཁྲོལ་སྐུ། །རྣམ་དག་པདྨའི་དཀྱིལ་ན་བཞུགས། །རྡོ་རྗེ་འཇིག་རྟེན་ལྕགས་སྒྲོག་མ། །དབང་དུ་སྡུས་ཤིག་ཉི་ཟླའི་སྤྱན། །འབར་བ་ཆེན་པོ་ཐལ་བྱེད་མ། །སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ། །སངས་རྒྱས་བདེན་པ་ཀུན་སྟེན་མ། །རོལ་ཅིག་ཁམས་གསུམ་སླར་མཚོ་མ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དྲོངས་ཤིག་ཁུག་ཅིག་དགྲ་བགེགས་ཀྱི། །ཙིཏྟ་དཀར་ནག་མཚམས་ནས་དྲོངས། །གོ་རོ་ཙ་ནའི་རྒྱ་ནས་དྲོངས། །བ་སུ་ཏ་ཡི་མགུལ་ནས་དྲོངས། །དབང་པོ་རྣམ་ཤེས་ཀུན་ནས་དྲོངས། །དཔལ་ཆེན་རྔམས་པའི་ཞལ་དུ་སྟོབས། །རྡུལ་ཆ་ཚམས་ཡང་མེད་པར་གྱིས། །པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨ། ༀ་བཛྲ་ཀྲོ་ཏ་ཡ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཛ་ཏི་ཏ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧྲི་ཕུར་པ་ཏ་ཕཊཿ ༀ་བཛྲ་ས་ཏ་རཱ་ཙ་ཧཱུྃ་ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་ནན། ༀ་གྷ་གྷ་ག་ཏ་ཡ་ག་ཏ་ཡ། ས རྦ་དུཥྚཾ་ཕཊ། ཀཱི་ལི་ཀཱི་ལཱ་ཡ་སརྦ་པཱ་པཾ་ཕཊཿཕཊཿ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀི་ལཱ་ཡ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ྄་ཙིཏྟ་བཛྲ་ཀ་ལཱ་ཡ་ཧཱུྃ་ཕཊཿ ༀ་ཧྲཱིཿཏི་བི་ཏི་ཙིཏྟ་ནན་སརྦ་ཤ་ཏྲུཾ་ན་ཤ་སྟཾ་ས་ཡ་ཧཱུྃ་ཕཊཿ ༈ དམ་ཉམས་འབྱུང་པོའི་ཤ་ནི་ཟན་བས་ཞིམ། །ཤ་ཡི་རང་བཞིན་གཏི་མུག་ཆེ། །གཏི་མུག་མཆོད་པ་འདི་བཞེས་ལ། །བདེ་གཤེགས་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །དམ་ཉམས་འབྱུང་པོའི་ཁྲག་ནི་ཆུ་ལས་ཞིམ། །ཁྲག་གི་རང་བཞིན་འདོད་ཆགས་ཆེ། །འདོད་ཆགས་མཆོད་པ་འདི་བཞེས་ལ། །བདེ་གཤེགས་གསུང་གི་དངོས་གྲུབ་སྩལ་དུ་གསོལ། །དམ་ཉམས་འབྱུང་པོའི་རུས་པ་མར་ལས་ཞིམ། །རུས་པའི་རང་བཞིན་ཞེ་སྡང་ཆེ། །ཞེ་སྡང་མཆོད་པ་འདི་བཞེས་ལ། །བདེ་གཤེགས་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལས། །ཉི་མ་སྟོང་གི་འོད་ཟེར་བདལ་བ་ལྟར། །སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན། །དཔལ་ལྡན་གཟི་བྱིན་འབར་ལ་ཕྱག་འཚལ་ལོ། །འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པ་ཡི། །འཇིག་བྱེད་ལྡམ་ཐབས་བརྐྱངས་བསྐུམ་ཚུལ་དུ་བཞུགས། །ཟ་བྱེད་བསྐལ་པའི་མེ་དཔུང་བཞིན་དུ་འབར། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། །མི་བཟད་མཆེ་བ་གཙིགས་པའི་ཞལ་གདངས་ཤིང་། །སྲིད་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན། །ཉི་ཟླ་འབར་བའི་སྤྱན་གྱི་གདང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་ཁཱ་ཧི། དབང་མོ་ཡན་ཆད་བྱའོ། །དགྲ་དཔུང་བཤིག །བགེགས་དཔུང་ཆོམས། དངོས་གྲུབ་སྩོལ་རྟགས་ཕྱུངས་མཚན་མ་སྟོན་ཅིག །ཚོགས་ཀྱི་སྨོན་ལམ་གདབ་པ་ནི། །ཧོ་བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་གྱིས། རྡོ་རྗེའི་ཚེ་གསོལ་བས་ཚེ་དབང་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཞལ་ཟས་སྣ་ཚོགས་གསོལ་བས་རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལང་ཚོ་ལ་མདའ་མཉེས་པར་གྱུར་ཅིག །ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མང་པོ་དབང་དུ་འདུས་པར་གྱུར་ཅིག །ཞལ་ཟས་སྣ་ཚོགས་གསོལ་བས་ཞི་ཁྲོའི་རྫུ་འཕྲུལ་ལ་མངའ་བརྙེས་པར་གྱུར་ཅིག །དེ་ནས་ལྷག་མ་བསྡུས་ལ་སྤྱན་དྲངས་ཏེ། །ཧཱུྃ་ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །དབང་ཕྱུག་མ་དང་དཀར་མོ་གིང་ལ་སོགས། །ལྷག་མ་ཁ་ཆུའི་དམ་ལ་མངའ་བ་རྣམས། །དམ་ཚིག་ཚུལ་བཞིན་མཆོད་ཀྱི་གཤེགས་སུ་གསོལ། །མཁའ་འགྲོ་མ་རྣམས་ཀྱིས་དཔལ་ཆེན་པོའི་ཕམ་ཕབ་ནོད་ཅིང་། རྣལ་འབྱོར་པའི་སྡོང་གྲོགས་མཛད་པའི་ཕྱིར་སྐད་ཅིག་ཡུད་ཙམ་ལ་གནས་འདིར་འདུ་བར་གྱིས་ཤིག །ཛཿཧཱུྃ་བཾ་ཧོ། བཛྲ་ཌཱ་ཀི་ནི་ཨ་ཀཪྴ་ཡ་ཧཱུྃ་ཛཿ ཨེ་ཨཱ་ར་ལི་ཧྲིང་ཧྲིང་། ༀ་ཊ་ཀི་ནི་ཨཱ་ཀཪྴ་ཡ། ཨ་ཀཪྴ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། མོ་ཧ་ན་མོ་ཧ་ན། སརྦ་བཛྲ་ཏི་ནན། ཧྲཱྀ་ད་ཡ་ཛཿཧཱུྃ་བཾ་ཧོ། ཌཱ་ཀི་ནི་ཧཱུྃ་ཛཿ ༀ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་སརྦ་དུཥྟ྄་ན། ས་མ་ཡ་མུ་ཏྲ་པྲ་བན་ཙཀྲ་ཡ། ཏི་ར་བཾ་ས་མ་ཡ། ཧེ་བྷ་ག་བཱན། བྷཱུ་ཧ་ཀྵེ་ཏྲ་པྲ་ཏི། སྟྭམ་པ་ཡ་ཧཱུྃ་ཕཊ། ༀ་བྷནྡྷ་ཡ་མུ་ཁ། ཨཱ་ཀཪྴ་ཡ་ཨཱ་ཀཪྴ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ་སརྦ་བཛྲ་ཌཱཀྐི་ནི་ནན་ཧྲྀ་ད་ཡན། ཧ་ཧ་ཧ་ཧི་ཧི་ཧི། ༀ་ཨཱཿཧཱུྃ། ༀ་བཛྲ་ཌཱཀི་ནི་པྲ་ཏི་ཛ་མན་བྷ་ལིངྟ་ཧཱུྃ་ཕཊ་ཁཱ་ཧི། ༀ་བུདྡྷ་ཌཱཀྐི་ནི་པྲ་ཏི་ཛ་མན་བ་ལིངྟ་ༀ་ཕཊ་ཁཱ་ཧི། ༀ་རཏྣ་ཌཱ་ཀི་ནི་པྲ་ཏི་ཛ་མན་བ་ལིངྟ་ཏྲི་ཕཊ་ཁཱ་ཧི། ༀ་པདྨ་ཌ་ཀཱི་ནི་པྲ་ཏི་ཛ་མན་བ་ལིངྟ་ཧྲཱིཿཕཊ་ཁཱ་ཧི། ༀ་ཀརྨ་ཌཱ་ཀི་ནི་པྲ་ཏི་ཛ་མན་བ་ལིངྟ་ཨ་ཕཊ་ཁཱ་ཧི། ཞེས་སྨན་སྦྲེང་། དེ་ནས་ཁ་ཆུ་བཏབ་སྟེ། ༀ་གུ་རུ་ཀྲོ་ཏ་ཧ་ཀ་རཏྣ་ཏྲ་ཡཱ་ཡ་བྲཾ་ཤ་ཁ་ལག་ཤ་སུ་ག་ན་བྷུ་ཧྲི་ཏི་པྲ་ཏི་སྟམ་པ་ཡ་ཁཱ་ཧི་ཧཱུྃ་ཕཊཿ ཧཱུྃ་རྣམ་དག་ཆོས་ཉིད་ཞི་བ་ལས། །ཐུགས་རྗེ་ཆེན་པོ་སྤྲུལ་པ་འབྱུང་། །ཐབས་ཆེན་ཟླ་གསང་ཐིག་ལེ་ལས། །ཡལ་གམ་ཅན་རྣམས་འདུ་བར་མཛོད། །འདུ་མཛད་རྣམ་དག་འདི་བཞེས་ལ། །གྲུབ་པ་ཚོགས་ཀྱི་བདག་པོ་རྣམས། །རེ་བ་སྐོང་ཕྱིར་གནས་པ་ཀུན། །མངོན་སུམ་སྣང་བར་ཤར་བར་མཛོད། །རྡོ་རྗེ་ནམ་མཁའ་འགྲོ་བའི་ལམ། །མི་དག་རྣ་མ་ཡང་དག་ཞེན། །གདུག་པའི་སེམས་ཀྱིས་སྡིགས་བྱེད་ཅིང་། །དཔའ་བོ་བརྗིད་པའི་གཟུགས་འཛིན་པ། །སྐལ་ལྡན་རང་གི་ཕྱག་བྱར་ལྡན། །ཤ་དང་ཁྲག་དང་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་ཞིང་སྤྱོད། །དགག་པར་བྱེད་དང་འདྲེན་པར་བྱེད། །གཟི་བརྗིད་ཆེ་དང་འབར་བྱེད་མ། །འཇོམས་བྱེད་མ་དང་བོང་བུའི་མགོ། །ཆགས་ཆེན་མ་དང་ཆགས་བྲལ་མ། །འཁོར་མོ་མ་དང་རྒྱས་འདེབས་མ། །སྣ་ཚོགས་འདུས་དང་སྲུང་བ་མོ། །ཚོགས་ཀྱི་ད་ལ་སྲུང་བར་བྱེད། །གནོད་སྦྱིན་མོ་དང་ཡང་དག་འཕྲོག །བྱ་རོག་ངོ་དེ་མིག་འབྲུ་ཞིང་། །འཇིགས་པའི་གདོང་ལ་འཇིགས་པའི་མིག །སྣ་ཚོགས་མཆོག་གི་གདོང་འཛིན་ཅིང་། །ལག་པར་གྲི་དང་འཁར་གཞོང་ཐོགས། །གཞད་དང་འུག་པའི་གདོང་རིང་མ། །ཁྲོ་བ་ཁྱི་དང་ཕག་གི་མགོ། །བསུས་པོ་ཆེ་ལ་ལྟོ་འཕྱང་མ། །རྔ་མོ་བོང་བུའི་གཟུགས་འཛིན་ཅིང་། །ཁྲོས་པས་ར་དང་བྱི་ལའི་གདོང་། །རྒྱུ་མའི་མགོ་ནས་ཟ་བྱེད་ཅིང་། །ཀེང་རུས་དཀར་མོ་འཛིན་པ་སྟེ། །ཁྲོས་པས་རུས་པའི་ཕྲེང་བ་བཀླུབས། །ཕན་ཚུན་འཐབ་ཅིང་རྩོད་པ་སྟེ། །ཅེ་སྤྱང་ཁྲོ་གཏུམ་རྔམ་པའི་ཚོགས། །འཇིགས་བྱེད་གདོང་གི་མཆེ་བ་འཛིན། །རྣམ་པར་འགྱུར་བའི་གཟུངས་འཛིན་མ། །ཤར་ཉིད་དུ་ནི་བུམ་སྣ་འཛིན། །ནུབ་ཏུ་དྷ་ཤ་གྲཱྀ་བའོ། །ལྷོ་རུ་རྣམ་པར་འཇོམས་མ་སྟེ། །བྱང་ཉིད་དུ་ནི་བོད་འགྲོགས་སོ། །མདོར་ན་ཡེ་ཤེས་ལས་གྲུབ་པའི། །རྡོ་རྗེ་ནམ་མཁའ་འགྲོ་བ་རྣམས། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པའི། །སྔོན་གྱི་ཐུགས་དམ་གཅེར་དགོངས་ཏེ། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །གནས་འདིར་བརྩེ་ཕྱིར་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །ཁྲོ་བོ་གིང་ཀ་ར་ཡི་ཚོགས་ཀྱིས་བསྐོར་བ་ནི། དཔའ་བོའི་ཚོགས་ཀྱིས་ལས་རྣམས་ཀུན་བྱེད་པ། །ཁྲོ་མོ་ཆེན་མོ་ཁམས་གསུམ་དབང་སྡུད་མ། །ཏ་ན་ག་ནའི་ཕྲིན་ལས་དུས་ལ་འབབས། །རྡོ་རྗེ་གནོད་སྦྱིན་རྡོ་རྗེ་སྲིན་པོ་དང་། །རྡོ་རྗེ་འབྱུང་པོ་རྡོ་རྗེ་སྤྱང་ཀི་དང་། །རྡོ་རྗེ་གཤིན་རྗེ་རྡོ་རྗེ་རོ་ལངས་དང་། །རྡོ་རྗེ་འཆི་བདག་རྡོ་རྗེ་དུས་འཚམས་དང་། །དབང་སྡུད་ལྕགས་ཀྱུས་འདྲེན་པ་ཆེན་པོ་དང་། །གར་གྱི་གློག་སྟོང་འགྱུ་བ་ཆེན་པོ་དང་། །གཟུགས་མེད་རླུང་ལྟར་འགྱུ་བ་ཆེན་པོ་དང་། །ཁམས་གསུམ་གཡབ་ཀྱིས་འདེབས་ས་ཆེན་པོ་དང་། །རྦོད་གཏོང་ལེན་པར་བྱེད་པ་ཆེན་པོ་དང་། །རྣ་ཉན་ཕྲ་མ་ཟེར་བ་ཆེན་པོ་དང་། །ཚོགས་ཀྱི་བྱན་མོ་མཛད་པ་ཆེན་པོ་དང་། །རྡོ་རྗེ་བྱེ་ནུ་ཕོ་མོ་འཁོར་དང་བཅས། །ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅོ་བརྒྱད་རྣམས། །ཏ་ན་ག་ནའི་ཚོགས་ཀྱི་གནས་ཆེན་འདིར། །སྔོན་གྱི་དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །རྣམ་ལྔའི་ལོངས་སྤྱོད་མཆོད་པ་འདི་བཞེས་ལ། །དགྱེས་པ་གར་གྱིས་རོལ་ཅིག་ཕྲིན་ལས་མཛོད། །ༀ་བཛྲ་ཀིངྐ་ར་ཧ་ར་ཧ་ར་བྷྱོ། རུ་ལུ་རུ་ལུ་བྷྱོ། ༀ་མ་ཧཱ་བ་ལིངྟ་པྲ་ཏི་ཛ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གིང་ཆེན་བཅོ་བརྒྱད་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་གདུག་པ་ཅན་སྒྲོལ་བའི་ཕྲིན་ལས་མཛོད་ཅིག །བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །དབང་ཕྱུག་ཚོགས་ཀྱིས་བསྐོར་བ་ནི། །སྙིང་རྗེ་བྱམས་མའི་ད་ལ་ནས། །གྲུབ་པའི་མ་ཚོགས་དབང་ཕྱུག་མ། །ཚངས་པ་ལ་སོགས་ཉི་ཤུ་བརྒྱད། །ལག་ན་གློ་སྙིང་ནང་ཁྲོལ་ཐོགས། །མཁལ་མ་ཁྲག་དང་མཉེ་མ་འཛིན། །སྤུ་གྲིའི་སོ་ལ་དགྲ་གཡང་མ། །མཆེ་བ་གཙིགས་ཤིང་འབྲུ་ཚུགས་བལྟ། །གད་རྒྱངས་སྒྲ་འབྱིན་དུང་སྒྲོལ་མ། །གསོད་པའི་ལས་རྣམས་ཀུན་ལ་བརྩོན། །རྒྱལ་མོ་བློན་མོ་དེད་དཔོན་མོ། །གཡོག་མོ་དང་ནི་ཡང་གཡོག་མོ། །བྲན་དང་ཡང་བྲན་འཁོར་དང་བཅས། །བཅོམ་ལྡན་དཔལ་ཆེན་ཧེ་རུ་མ། །བཀའ་ཡི་གཏོར་མ་འདི་ལོངས་ལ། །ད་ལྟར་ཁྱེད་ཀྱི་གཟུངས་མཆོག་རྣམས། །ཇི་སྲིད་གྲུབ་མཆོག་མ་ཕུལ་བར། །ཁྱེད་རྣམས་མངོན་དུ་མ་གྱུར་པར། །བར་དུ་ཏ་ནའི་གནས་ཆེན་འདིར། །འདུག་ལ་ལས་རྣམས་ཀུན་གྱིས་ཤིག །མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་། །འདས་པའི་དུས་ན་སྔོན་བྱུང་ལྟར། །དེ་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །འཇིག་རྟེན་འདས་དང་མ་འདས་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །སྒྲུབ་པ་པོ་ཡི་ལས་བྱེད་ཅེས། །དམ་བཅས་བཞིན་དུ་ཧེ་རུ་ཀའི། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །མ་ནུ་རཀྵ་སི་མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་བརྗོད་ལ་དམར་སྦྲེང་ངོ་། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །མ་མོའི་ཚོགས་ཀྱི་བསྐོར་བ་ནི། །དཔལ་ལྡན་ནག་མོ་རེ་མ་ཏི། །ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་ཆིབས། །དྲྭ་བ་དགུ་ཡི་ཏེ་ལེན་ཅན། །བྱུ་རུ་དམར་མོའི་རྒྱན་སྲབ་ཅན། །ཉིད་ཀྱི་སྐུ་མདོག་མཐིང་ནག་ལས། །རལ་པའི་ཟུར་ཕུད་གཡས་ནས་གཡོན་དུ་འཁྱིལ། །ཞལ་ནས་མི་ཤ་རྟ་ཁྲག་འཛག །མིག་ནས་ཁྲག་འཛག་ཟུ་ལུ་ལུ། །དྲེ་རྟ་རྐང་གསུམ་རབ་བསྐྱེད་དེ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །མཚན་མོ་གཅིག་ལ་ཁྱབ་པར་ཉུལ། །རྣལ་འབྱོར་ཆེན་པོ་ཨ་ལ་ལ། །དབང་ཕྱུག་ཆེན་པོ་ཨ་ལ་ལ། །གཡས་ནས་གཤིན་རྗེའི་ཁྲམ་བམ་ཐོགས། །དགྲ་བགེགས་ཁྲམ་ལ་གདབ་ཏུ་གསོལ། །གཡོན་ནས་བཙན་གྱི་ཤོད་རྡེའུ་འགྲེམས། །དགྲ་བགེགས་ཤོད་རྡོ་ནག་པོ་ཁྲེམས། །མཆན་ཁུང་གཡས་ན་བྱང་དམར་སྦེད། །དགྲ་བགེགས་བྱང་དམར་ཀྱུས་ལ་ཐོབ། །གཡོན་ན་ནད་ཀྱི་རྐྱལ་པ་སྦེད། །ཡིད་ལ་བརྣག་པའི་དགྲ་བོ་ལ། །ཡམས་ནད་རིམས་ནད་གཏང་དུ་གསོལ། །རྣམ་ལྔ་དམར་གྱི་མཆོད་པ་འདི་བཞེས་ལ། །བདག་གི་བཅོལ་པའི་ལས་རྣམས་སྒྲུབས་པར་མཛོད། །ཧཱུྃ་རྒྱ་མཚོ་ཆེན་པོའི་ད་ལ་ནས། །དཔལ་ལྡན་ཤུགས་སྒྲོལ་གཙོ་མོ་སྟེ། །རི་རབ་བསྙིལ་བའི་རྔམ་ཐབས་ཅན། །ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །རྡོ་རྗེ་ཀུན་གྲགས་གཤེགས་སུ་གསོལ། །ཐོད་རུས་མང་པོའི་ད་ལ་ནས། །མཛེས་པའི་ཚུལ་གྱིས་འོད་འཕྲོ་ཞིང་། །འཇིག་རྟེན་འཆི་བདག་གཟི་འཕྲོག་མ། །ཀུན་ཏུ་བཟང་མོ་གཤེགས་སུ་གསོལ། །ཕྱག་རྒྱ་འབར་བའི་ད་ལ་ནས། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །བདུད་དཔུང་གྲགས་སྙེམས་ཀུན་འདུལ་མ། །རྡོ་རྗེ་གྲགས་སྙེམས་གཤེགས་སུ་གསོལ། །ཧཱུྃ་དམ་ཚིག་ཆེན་པོའི་ད་ལ་ནས། །ཁྲོ་མོ་གཏུམ་ཆེན་ཟ་བྱེད་མ། །ཕོ་ཉ་མོ་སྟེ་དྲུག་ཅུའི་གཙོ། །ཤ་ཆེན་ཁྲག་ལ་ལོངས་སྤྱོད་ཅིང་། །གདུག་པ་མ་ལུས་ཀུན་འདུལ་མ། །རྡོ་རྗེ་ཆེན་པོ་ཡེ་ཤེས་མཆོག །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །ཁྲག་གི་རྒྱ་མཚོའི་ད་ལ་ནས། །རྡོ་རྗེ་དྲྭ་བའི་ཕྲེང་ཐོགས་ཤིང་། །བྱང་ཕྱོགས་རང་གི་འཁོར་འདུལ་མ། །རྡོ་རྗེ་འདོད་ཆགས་གཤེགས་སུ་གསོལ། །ཧཱུྃ་འོད་དཔུང་འཁྲིགས་པའི་ད་ལ་ནས། །ཞགས་པ་སྟོང་གི་སྡེ་ལྡན་ཞིང་། །ཕྲིན་ལས་འབྱུང་པོ་ཀུན་འདུལ་མ། །རྡོ་རྗེ་གསལ་འཕྲོ་གཤེགས་སུ་གསོལ། །དབང་ཕྱུག་ཆེན་པོའི་ད་ལ་ནས། །ལྕགས་ཀྱུ་འབར་བའི་འཕྲོ་འདུ་ཅན། །དམ་ཚིག་ཉམས་པ་སྒྲོལ་བྱེད་ཅིང་། །བཀའ་ལས་འདའ་བྱེད་སྙིང་འབྱིན་མ། །རྡོ་རྗེ་གཡུ་སྒྲོན་གཤེགས་སུ་གསོལ། །མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་། །ཀུན་ཀྱང་ནག་མོ་རལ་པ་ཅན། །ཀུན་ཀྱང་ཁ་ནས་ཁྲག་འཛག་མ། །ཀུན་ཀྱང་མིག་ནས་མེ་འབར་མ། །ཀུན་ཀྱང་སྣ་ནས་དུད་འཐུལ་མ། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །རྣམ་ལྔ་བདུད་རྩིའི་མཆོད་པ་འདི་བཞེས་ལ། །བདག་གི་བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །སྲིད་བཞིའི་མཆོག་གིས་བསྐོར་བ་ནི། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །ཤར་གྱི་མགྱོགས་མ་གཤེགས་སུ་གསོལ། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །ལྷ་ཡི་མགྱོགས་མ་གཤེགས་སུ་གསོལ། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ནུབ་ཀྱི་མགྱོགས་མ་གཤེགས་སུ་གསོལ། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །བྱང་གི་མགྱོགས་མ་གཤེགས་སུ་གསོལ། །སྲིང་མོ་ཆེན་མོ་ཁྱེད་བཞི་ཡང་། ། ཤིན་ཏུ་གདུངས་པའི་དམ་ཚིག་ཅན། །ཁྲོ་དང་ཞི་བའི་ལས་མཛད་མ། །གསེར་གྱི་སྤྲུལ་པ་མང་པོའི་ཁྲི་སྟེང་ནས། །དམ་ཚིག་ཡལ་གམ་ཅན་ལ་བརྩེ་དགོངས་ཏེ། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །རྣམ་ལྔ་དམར་གྱི་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བཅོལ་པའི་ལས་གྱིས་ཤིག །མ་ཧཱ་བ་ལིངྟ་མ་ཧཱ་པཉྩ་མ་ཧཱ་རཀྟ་ཁཱ་ཧི། གོང་གི་མཐོལ་བཤགས་འདིར་ཀྱང་སྦྱར་རོ། །ཧཱོཿ བཅོམ་ལྡན་འདས་དཔལ་ཆེན་པོའི་ཤྲཱི་ཧེ་རུ་ཀའི་འཁོར། །ནང་གི་རྣལ་འབྱོར་དང་། ཕྱིའི་སྒྲུབས་པ་པོ་ལ་སོགས་པ། ཡེ་ཤེས་དང་ལས་ལས་བསྐྱེད་པ་ཐམས་ཅད་མཁྱེན་པ་དང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེང་ཡོན་གྱི་བདག་པོ་དང་བདག་རྡོ་རྗེ་སློབ་དཔོན་འཁོར་དང་བཅས་པ་གསང་བའི་དལ་འདིར་འདུས་པ་རྣམས་ཀྱིས་གསང་བ་མཆོག་གི་བཀའ་ནོས་པ་ལས་རྩ་བ་དང་ཡན་ལག་གི་དམ་ཚིག་གི་ནོར་བ་དང་། མ་ནོར་བར་ཉམས་པ་རྣམས་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས་ཤིང་མཆིས་ན། བཟོད་པ་དང་དུ་བཞེས་ནས་ཆགས་པ་ཐམས་ཅད་བྲལ་བར་མཛད་དུ་གསོལ། དངོས་གྲུབ་ཏུ་གསོལ་བ་ནི། མངོན་པར་ཤེས་པ་དང་། རྡོ་རྗེའི་ཚེ་ལ་སོགས་པ་ཁྱད་པར་དུ་མོས་པ་རྣམ་པ་བཞི་བསམ་གྱིས་མི་ཁྱབ་པ་གྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། ཕྲིན་ལས་དང་སྙན་ཁུང་དུ་གསོལ་བ་ནི་གོང་བཞིན་བརྗོད་དོ། །བསྡུས་པ་ནི། རྒྱལ་བ་རྒྱ་མཚོ་མ་ལུས་དགོངས་སུ་གསོལ། །མངོན་པར་རྒྱ་མཚོ་མ་ལུས་དགོངས་སུ་གསོལ། །དངོས་གྲུབ་རྒྱ་མཚོ་མ་ལུས་དགོངས་སུ་གསོལ། །ཕྲིན་ལས་རྒྱ་མཚོ་མ་ལུས་དགོངས་སུ་གསོལ། །འགྲོ་བའི་དོན་ཕྱིར་བཅོལ་ལ་བཤགས་པར་བྱའོ། །བརྟན་མ་ལས་བཞིའི་ཕྲིན་ལས་བྱ། །དཀོན་མཆོག་གི་བཀྲ་ཤིས་བརྗོད་ལ། བྱང་ཆུབ་སེམས་མཆོག་ཤེས་རབ་ཏིང་འཛིན་གྱིས། །ཉོན་མོངས་བདག་འཛིན་རྣམ་རྟོག་ཀུན་སྤངས་ཏེ། །བདག་ཉིད་ཆེན་པོའི་དོན་ལ་རབ་བསྒོམས་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱང་ཆུབ་སེམས་དཔའ་སྤྲུལ་པར་གར་འཕྲོ་བ། །ཟ་བྱེད་བདུད་ལོག་རྟོག་པ་ཀུན་བཏུལ་ནས། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པ་ཡི། །བཀྲ་ཤིས་དེས་ཀྱང༴ ཕྲིན་ལས་ཞི་རྒྱས་དབང་དང་དྲག་པོ་ཡིས། །རྒྱུད་དྲུག་སེམས་ཅན་མ་ལུས་ཀུན་བསྒྲལ་ནས། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པ་ཡི། །བཀྲ་ཤིས༴ བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་གྱིས། །ཐུགས་དམ་སེམས་ཅན་ཡོངས་སུ་བསྐང་བ་ཡི། །བཀྲ་ཤིས་དེས། བཀྲ་ཤིས་པར་གྱུར་ཅིག །ངོ་དྲོ་བར་གྱུར་ཅིག །བྱིན་ཆེ་བར་གྱུར་ཅིག །དཔལ་ཆེ་བར་གྱུར་ཅིག །མི་ནུབ་བསྟན་པའི་རྒྱལ་མཚན་ཡོངས་ཀྱི་ཏོག་དམ་པར་གྱུར་ཅིག །ཤུ་བྷ་མ་སྟུ་སརྦ་ཛ་ག་ཏཾ།། །།


previousདངོས་གྲུབ་གྲུབ་པའི་སྒྲུབ་ཐབས། སྒེག་པ་རྡོ་རྗེ།next