Nitartha Digital Library
Tibetan
 
previousཞི་བའི་ལྷ་རྒྱུད་ཀྱི་འགྲེལ་བ། སློབ་དཔོན་བི་མ་ལ།next

ཞི་བའི་ལྷ་རྒྱུད་ཀྱི་འགྲེལ་བ། སློབ་དཔོན་བི་མ་ལ།

ཤཱ ནྟ སྱ དེ ཝ ཏ ནྟྲ སྱ ཊཱི ཀ བི ཧ ར ཏི སྨ། །
ཞི་བའི་ལྷ་རྒྱུད་ཀྱི་འགྲེལ་བ་བཞུགས་སོ། །
བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་དགོངས་དོན་མདོར་བསྡུས་ཏེ། །ངེས་དོན་སྙིང་པོ་མཁས་པའི་ཐུགས་བརྒྱུད་པའི། །བཀའ་ལུང་དོན་བསྡུས་ཚིག་རྒྱས་རྟོགས་དཀའ་ཡང་། །མ་འོངས་བདག་གཞན་ཕན་སེམས་བརྗེད་བྱང་བྲི། །ཞི་བའི་ལྷ་དག་ལ་མོས་པའི་སྒོ་ནས་ཡང་དག་པའི་དོན་ལ་འཇུག་པར་འདོད་པའི་ལམ་པ་རྣམས་ཀྱིས་ཐེ་ཚོམ་སྤང་བའི་བློ་དམ་པའི་ལུང་འདི་ལ་ནན་ཏན་དུ་གཉེར་བར་རིགས་སོ། །ཡང་དག་པའི་དོན་ལ་སྐྱེས་པ་དང་། རྒྱུ་དང་རྐྱེན་ལས་སྐྱེས་པ་ལྟར་སྣང་བའི་སྟོན་པ་དང་སྡུད་པ་པོ་ལྟར་སྣང་བ་ཡིས་དོན་གང་དང་གང་ལ་དགོངས་ཤེ་ན། དོན་ཆོས་ཉིད་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་ཕན་འདོགས་པ་ནི། ཆོ་འཕྲུལ་བཞི་ལ་སོགས་པར་སྣང་བ་ལ་དགོངས་ཏེ། ཐབས་ཐུགས་རྗེ་བཞི་སྟེ། རང་བཞིན་ཤུགས་དང་། རྟག་པ་རྒྱུན་དང་། ཡུལ་དང་འཕྲད་པ་དང་། བསྐུལ་ཞིང་གསོལ་བའི་ཕན་འདོགས་པ་ནི། སྟོན་པ་དང་བསྟན་པ་སྡུད་པ་རྣམ་པ་གཉིས་ཀྱིས་བསྟན་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་རྒྱུད་དེ། གདུལ་བྱའི་སྣང་བར་མཛད་པ་ཉིད། །ཆོ་འཕྲུལ་དེ་དག་གི་བདག་ཉིད་ནི་ལན་གྱིས་ཕན་པར་མཛད་པའི་ཕྱིར། སྐྱེས་བུ་དམ་པ་ཞེས་བྱ་བ་ལ་སོགས་པ་སྔོན་དུ་བརྗོད་པར་བྱེད་དོ། །རང་བཞིན་གྱི་སྣང་བ་ལ་སྐྱེ་བའི་ཆོས་མ་གྲུབ་ཀྱང་། འཁྲུལ་པའི་དབང་གིས་སྐྱེ་བར་སྣང་བ་ལ། །གདུལ་བྱའི་ཁྱད་པར་ལ་དགོངས་ནས། །དེ་བཞིན་གཤེགས་པའི་དགོངས་པའི་དོན་ངེས་པ་ནི་རྒྱུད་དམ་པར་གསུངས་ཤིང་། སྐུའི་མཛད་པ་སྣ་ཚོགས་ངེས་པར་འབྱུང་བའི་གདུལ་བྱ་ལས་དག་པ་ལ་གསུངས་ཤིང་མཛད་ཀྱང་འདུལ་མོད་ཀྱིས། འོན་ཀྱང་ཚོགས་ཆེན་པོ་སྤངས་པའི་ཕྱིར་སྐྱེ་བ་མེད་ལས་ཞེས་བྱ་བ་ལ་སོགས་པ་དམ་བཅའ་བ་ནི་འགལ་བ་སྟེ། བརྩོན་འགྲུས་ཀྱི་ཞེན་བརྡབ་པར་ཀྱང་དགོངས་ལ། བྱང་ཆུབ་ཀྱི་སེམས་རྣམས་གཉིས་ནི་སྔོན་དུ་གཏང་བའི་རིགས་ཏེ། རྒྱུད་དག་ལས་ཀྱང་། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་ལ་སོགས་པ་རྒྱས་པར་གསུངས་ཏེ། གཞན་གྱི་དེ་པའམ་བདག་ཀྱང་རུང་སྟེ། རིམ་པ་བཞིན་དུ་དམན་པ་ལས་སྐྱེ་བར་སྣང་བའི་ཆོས་དག་ཁྱད་པར་དུ་གྱུར་ཅིང་མི་སྣང་བའི་དོན་ལ་བགྲོད་པར་བྱེད་པའོ། །དེ་ལས་ལོག་པ་ནི་འཁོར་བ་སྐྱེད་པར་བྱེད་པ་སྟེ། དེ་བས་ན་ལུང་དག་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེས་དམིགས་སྤང་བའི་ཕྱིར། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བར་དགོངས་སོ། །དེས་ལྷའི་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པར་འགྲེལ་ཅིང་སྟོན་པར་བྱེད་པའི་སློབ་དཔོན་དྲི་མེད་བདག་གིས་བཤད་པར་སྦྱར་བར་བྱའོ། །དེ་ལྟར་བཤད་པ་ལ་དགོངས་པ་གཞན་ཡང་བསྟན་པའི་ཕྱིར་རྟོག་པ་སྔོན་དུ་འགྲོ་བ་དག་ལ་དགོས་འབྲེལ་བསྟན་ཏེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་དགོངས་ནས་མཚན་མའི་རྣལ་འབྱོར་གྱི་དབང་དུ་གསུངས་པ། ཕུང་པོ་ལ་སོགས་པས་བསྡུས་པ་ནི་ཁམས་དང་སྐྱེ་མཆེད་དེ་བརྗོད་བྱ་དེ་ལྷག་མཐོང་སྟེ། མ་རྨོངས་པའི་ལྷག་མཐོང་སྟེ། ཤེས་རབ་ཀྱི་མ་འདྲེས་པ་སྟེ། རང་གི་མཚན་ཉིད་གསལ་བར་སྒོམ་པ་ནི། དེས་ཉེ་བར་བརྟག་པ་ནི་ལྷ་སྟེ་སྐུ་ཕྱག་རྒྱ་སྣ་ཚོགས་སུ་སྣང་བ་ནི་དགོངས་པ་སྟེ་ཐབས་ལས་བྱུང་བའོ། །དེ་ཉིད་འབྲེལ་པ་ཞེས་ཀྱང་གྲགས་སོ། །དེས་བདག་དང་གཞན་ལ་ཕན་འདོགས་ཤིང་སྨིན་པར་བྱེད་པ་ནི་དགོས་པའི་ཡང་དགོས་པའོ། །ཡང་དོན་དམ་པའི་བདེན་པ་ལ་དགོངས་ནས་མཚན་མ་མེད་པའི་རྣལ་འབྱོར་གྱི་དབང་དུ་ནི་ཆོས་དེ་དག་ཉིད་ཀྱི་དོན་བྱང་ཆུབ་ཀྱི་སེམས་གང་ཡང་མ་ཡིན་པར་གསུངས་པ་ནི་བརྗོད་པར་བྱ་བ་ཞི་གནས་ཀྱི་དེ་ཉིད་དུ་མི་རྟོག་པར་གནས་པ་ནི་བརྗོད་པར་བྱ་བ་སྟེ། ཡོངས་སུ་རྫོགས་པ་སྤྱིའི་མཚན་ཉིད་ཤེས་པ་ནི་ཐབས། ངེས་དོན་དམ་པའི་ལྷ་ཆོས་ཀྱི་སྐུ་གྲུབ་པ་ནི་དགོངས་པ་སྟེ་ཐབས་ལས་བྱུང་བའོ། །དེས་བདེ་བ་ལ་རོལ་ཅིང་རྟོག་པའི་ནད་ཞི་བར་གྱུར་པ་ནི་གསོ་བའི་ཡང་དགོས་པའོ། །འབྲེལ་བ་ཤུགས་ཀྱིས་ཤེས་པར་བྱའོ། །དོན་དེ་ལ་མོས་པས་ན་གཞུང་འདི་ལ་འབད་དེ་བརྩོམས་པར་བྱའོ། །དེ་ཡང་གདུལ་བྱའི་མོས་པའི་དབང་གིས་མདོར་བསྡུས་པ་དང་། ཡན་ལག་རྒྱས་པར་བསྟན་པའི་ཚུལ་གཉིས་ལ་དགོངས་པ་སྟེ། དེ་ཡང་རེས་ཤིག་གདུལ་བྱ་ནི་མདོར་བསྡུ་ན་གོང་དུ་བསྟན་པ་གཉིས་སམ། བློ་རབ་འབྲིང་གསུམ་ལ་རྒྱས་པར་བསྟན་པ་སྟེ། རེས་ཤིག་གཉིས་ནི་རྣལ་འབྱོར་རོ། །གསུམ་ནི་དབང་པོའི་བྱེ་བྲག་གོ། །གཉིས་ནི་རྣལ་འབྱོར་རེ་རེ་ཡང་དབྱེ་ལ། གསུམ་གསུམ་ཡང་དགུར་དབྱེའོ། །དེ་བཞིན་ལྔ་དེ་ལ་ཆ་ཤས་ཀྱི་དབྱེ་བ་བཅུ་གསུམ་ལ་བཅོ་བརྒྱད་བསྣན་པ་ནི་བདུན་ཅུ་གཅིག་གོ། །སོགས་ཀྱི་སྒྲས་དེ་དག་ལས་ཀྱང་དབྱེའོ། །ཡང་ན་ཞི་བའི་ལྷའི་མཚན་ཉིད་བཤད་པ་ནི་དེ་ཁོ་ན་ཉིད་རྣམ་པ་ལྔས་བཤད་དེ། དེ་ནི་གཉིས་དང་གསུམ་མོ། །དེ་དག་ལ་དང་པོ་དང་ཐ་མ་ལ་ཆེ་ལོང་དུ་གཉིས་གཉིས་བར་མ་གསུམ་ལ་གསུམ་གསུམ་དུ་དབྱེ་བ་ནི་རྗེས་སུ་མཐུན་པར་བཅུ་བདུན་གཅིག་ལ་སོགས་པའོ། །ཡང་ན་གཞན་ནི་རྗེས་སུ་མཐུན་པ་ལས། བཅུ་གསུམ་ལ་ཡན་ལག་རྒྱས་པར་ཕྱེ་ན་བདུན་ཅུ་རྩ་གཅིག་བཅུ་ཕྲག་བདུན་ཞེས་པའོ། །སོགས་ཀྱི་སྒྲས་མཚན་དཔེ་སྟེ། འཁོར་དང་བཀྲ་ཤིས་དག་བསྡུའོ།། དེ་ལྟ་བུ་ལྷ་སྤྱིའི་མཚན་ཉིད་དང་། ཁྱད་པར་ལྷོ་སོ་སོའི་རྟོག་པ་གང་བརྟུལ་གཅིག་ཉོན་མོངས་པ་གང་ཞི་ནས་འབྲས་བུ་གང་སྣང་བ་ལ་སོགས་པ་འོག་ནས་འབྱུང་བ་དག་དབང་པོའི་བྱེ་བྲག་གིས་རབ་ཀྱིས་གཉིས་གསུམ། འབྲིང་གིས་ལྔའམ་བཅུ་གསུམ། ཐ་མས་བདུན་ཅུ་ལ་སོགས་པ་སྒོ་ནས་འཆད་པའམ་ཉན་པ་སྟེ་འབད་དེ་སྤྱད་པར་བྱའོ། །ཞེས་གདམས་པ་དང་འགྲོ་བར་བྱའོ། །དེ་ཡང་ངེས་པར་གཟུང་བ་སྟེ། དེ་ཉིད་དེ་འབྲུ་མང་པོའི་བསྡུ་བར་གྱི་སྒྲ་མི་མངོན་པ་སྟེ། སྐུ་མདོག་གི་དེ་ཁོ་ན་ཉིད་དང་ཞེས་བྱ་བ་ལ་སོགས་པར་སྦྱར་ཏེ་ལྔ་ནི་གྲངས་ངེས་པར་བཀོད་པའོ། ༈ །འདི་ན་མར་སྐུ་མདོག་གི་དེ་ཁོ་ན་ཉིད་ལ་སོགས་པ་གཞུང་དོན་རྒྱས་པར་སྟོན་པའི་སྐབས་ལས་ཐུན་མོང་གི་མཚན་ཉིད་སྤྱིར་བསྟན་པ་སྟེ། དེ་ཡང་དེ་ལ་ཞེས་པ་ལ་སོགས་པའི་དོན་ལྔ་ལས། དང་པོ་སྐུ་མདོག་གི་དེ་ཁོ་ན་ཉིད་དམིགས་ཀྱིས་བཀར་བ་སྟེ། དེ་ལ་རང་བཞིན་གྱིས་དཀར་ཞིང་སྣུམ་ལ་གསལ་ཞིང་འཇམ་པ་རང་བཞིན་དང་ཆོས་ཉིད་ཀྱི་སྣང་བ་ཡིན་ལ། དེ་དག་གི་དཔེ་ཉེ་བར་བཀོད་པ་ནི། དཔེར་ན་དུང་ལ་ནག་ནོག་གི་དྲི་མ་མེད་པ་ལྟར། དེ་བཞིན་གཤེགས་པའི་སྐུ་ལ་ཉོན་མོངས་པའི་སྐྱོན་གྱི་དྲི་མ་མི་མངའ་བའི་རྟགས་སོ། །དེ་བཞིན་དུ་མེ་ཏོག་ཀུ་མུ་ཏ་ནི་སྣུམས་ལ་འཚེར་བ་སྟེ་སྐུ་གཟི་མདངས་དང་ལྡན་པའོ། །ཟླ་བ་གསལ་ཞིང་རྒྱས་པ་ཀུན་ཏུ་ཐལ་ལེར་སྣང་བ་ལྟར། དེ་བཞིན་གཤེགས་པའི་སྐུ་ལ་ཉེས་པའི་སྐྱོན་ཐམས་ཅད་སྤངས་ཤིང་ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སོ། །ཉི་མ་གསལ་ཞིང་འཚེར་བ་ལྟར། །དེ་བཞིན་གཤེགས་པའི་སྐུ་རང་བཞིན་གྱིས་འོད་གསལ་བ་དང་ལྡན་པའོ། །རིགས་ཀྱི་ཁ་དོག་ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཛད་པ་སོ་སོར་སྣང་བའི་རྟགས་ཏེ། དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཆོས་ཉིད་དེ་ལ་ནི། དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་ཀྱང་རུང་། མ་གཤེགས་ཀྱང་རུང་། སངས་རྒྱས་སྒམ་པོས་བཟང་བར་བཅོས་སུ་མེད། སེམས་ཅན་སྒྲིན་པོས་ངན་པར་བསྒྱུར་ཏུ་ཡང་མེད་དེ་བསླད་པའི་ཡུལ་ལས་འདས་པས་མ་བསླད་པའི་ཆོས་ཉིད་དེ་ནག་པོར་བསྟན་ལ། དེས་མཚན་མའི་རྣམ་པར་རྟོག་པ་མ་སྤངས་དག་པས་ནི་མ་སྤངས་པའི་ཡེ་ཤེས་ཏེ། རྣམ་པར་སྣང་མཛད་དཀར་པོར་བསྟན། །དེས་ཞེན་ཆགས་མི་མངའ་བར་འགྲོ་དོན་མཛད་པ་ནི་མ་ཆགས་པའི་ཐུགས་རྗེ་སྟེ། སྣང་བ་མཐའ་ཡས་སྐུ་མདོག་དམར་པོར་སྟོན་ནོ། །དེ་ལྟར་དོན་མཛད་པའི་དུས་ན་ཆེ་བའི་ཡོན་ཏན་ཟད་པ་མེད་པ་འབྱུང་བས་རིན་ཆེན་འབྱུང་ལྡན་སེར་པོར་བསྟན། དེས་མ་རྟོགས་པའི་སེམས་ཅན་ལ་ཕྲིན་ལས་རྣམ་བཞིས་ཇི་ལྟར་འདུལ་བར་མཛད་པའི་ཕྲིན་ལས་མཐར་ཕྱིན་པས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུར་བསྟན་པ་སྟེ། དེ་ཡང་ལུང་ལས་ཀྱང་། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས། །ཅིས་ཀྱང་མི་ཚུགས་བཅོས་སུ་མེད། །ཁ་དོག་ནག་པོའི་དངོས་པོ་ལ། །ཚོན་གཞན་དག་གིས་བསྒྱུར་དུ་མེད། །ཆོས་རྣམས་བདག་མེད་རྟོགས་བྱ་དང་། །བྱང་ཆུབ་སེམས་ནི་ངག་བྱའི་ཕྱིར། །ཀུན་ཏུ་མདོག་ནི་དཀར་པོར་བསྟན། །དེ་རྟོགས་བྱ་ཕྱིར་དཀར་པོའི་མདོག །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །པདྨ་རཱ་ག་ཞེས་བརྗོད་དེ། །ཆགས་དང་ཆགས་པར་བྱ་བ་མེད། །ཆགས་མེད་ཕྱིར་ཡང་དམར་པོའོ། །ཡོན་ཏན་གཏེར་ཆེན་ཟད་མི་ཤེས། །ཆོས་ཀྱི་དབྱིངས་ཉིད་མ་ལུས་པ། །ཐམས་ཅད་འབྱུང་བའི་གནས་ཡིན་པས། །ཁ་དོག་གསེར་གྱི་མདོག་ཏུ་བསྟན། །ཆོས་རྣམས་ཕྱིན་ཅི་ལོག་རྣམས་ཀུན། །ཐུགས་རྗེས་དབྱིངས་སུ་བགོད་དགེངས་པས། །ལས་རྣམས་མ་ལུས་རྫོགས་བྱའི་ཕྱིར། །ཀུན་ཏུ་ལས་ནི་ལྗང་ཀུའི་མདོག །ཅེས་འབྱུང་བ་ལྟ་བུའོ། ༈ །འདི་ནི་མར་ལ་ཕྱག་མཚན་གྱི་དེ་ཁོ་ན་ཉིད་སྟོན་ཏེ། དེ་ཡང་རྣམ་པར་དབྱེ་བ་རེ་ཞིག་གསུམ་སྟེ། ཕྱག་དང་། ཕྱག་མཚན། ཕྱག་རྒྱའོ། །དེ་ཡང་ཕྱག་ནི་དབྱིངས་དང་ཡེ་ཤེས་སམ་ཐབས་དང་ཤེས་རབ་གཉིས་མཚོན་ཕྱིར་ཕྱག་གཉིས། ཕ་རོལ་ཏུ་ཕྱིན་པ་དྲུག་གམ་ཡེ་ཤེས་དྲུག་མཚོན་ཕྱིར་ཕྱག་དྲུག་ཏུ་བསྟན། ཕྱག་མཚན་ནི་གཙོ་བོ་དང་འཁོར་གྱི་བྱེ་བྲག་གི་དྲུག་གམ་གཉིས་པ་སྟེ། འགྲོ་བ་དྲུག་འདུལ་བའི་ཕྱིར་ཡེ་ཤེས་དྲུག་དང་། ཕ་རོལ་དུ་ཕྱིན་པ་དྲུག་དང་། གཟུང་བ་དང་འཛིན་པ་གཉིས་སྤོང་བའི་གཉེན་པོར་ཐབས་དང་ཤེས་རབ་དང་། དབྱིངས་དང་ཡེ་ཤེས་སུ་བསྟན་ཏོ། །ཕྱག་རྒྱ་ནི་བཞི་སྟེ། དབྱིངས་འགྱུར་མི་སྲིད་པའི་ཕྱག་རྒྱ་དང་། གཟུགས་འདའ་བར་དཀའ་བའི་ཕྱག་རྒྱ་དང་། འདུལ་དབང་མ་ངེས་པའི་ཕྱག་རྒྱ་དང་། འབྲེལ་པ་ལས་ཀྱི་ཕྱག་རྒྱའོ། །དེ་ལ་དབྱིངས་མི་འགྱུར་བའི་ཕྱག་རྒྱ་ལའང་གཉིས་ཏེ། མ་སྐྱེས་པའི་ཕྱག་རྒྱ་དང་། གསལ་བའི་ཕྱག་རྒྱའོ། །དེ་ལ་མ་སྐྱེས་པ་ནི་སྣང་ལ་རང་བཞིན་མེད་པ་སྟེ། སྣང་བ་ཉིད་ན་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། དེ་ནི་ལུང་ལས། སྣང་བ་ཉིད་ན་མེད་པའི་ཆོས་ཉིད་ལ། །ཤེས་ལྡན་རྣམས་ལ་མེད་པའི་བློ་མི་འབྱུང་། །ཞེས་འབྱུང་བ་ལྟ་བུའོ། །གསལ་བའི་ཕྱག་རྒྱ་ལ་ཡང་གསུམ་སྟེ། ཁ་དོག་ཡུལ་གྱི་ཕྱག་རྒྱ་དང་། མཚོན་པ་གཟུགས་ཀྱི་ཕྱག་རྒྱ་དང་། མཚན་མ་འཛིན་པའི་ཕྱག་རྒྱའོ། །དེ་ཡང་དང་པོ་ནི་སྐུ་མདོག་གིས་འདུལ་བ་སྟེ། ཁ་དོག་བསྡུ་ན་ལྔར་སྣང་བ་ཉིད་གོང་དུ་བསྟན་པའི་རིགས་ལྔར་སྣང་བའོ། །མཚོན་པ་གཟུགས་ནི་དབང་པོ་ལྔ་ཡུལ་ལྔ་ལ་ལྷ་འདོད་པའི་ངོ་བོ་ཡོན་ཏན་ལྔའི་ཕྱག་རྒྱར་ཐེབས་པ་ལ་བྱ་སྟེ། མིག་གིས་གཟུགས་ཐམས་ཅད་གཟུགས་རྡོ་རྗེ་ལྷ་མོར་སྣང་བ་ལ་སོགས་པའི། མཚན་མར་འཛིན་པའི་ཕྱག་རྒྱ་ནི། རིགས་ལྔ་སོ་སོའི་མཚན་མ་འཛིན་པའི་ཡུམ་ཆེན་མོ་ལྔར་སྣང་བ་ལ་བྱ་སྟེ། སྲ་བའི་མཚན་མར་འཛིན་པས་སངས་རྒྱས་སྤྱན་མ་ལ་སོགས་པར་སྣང་ངོ་། །དེ་དག་ནི་རང་གི་ངོ་བོས་མ་སྐྱེས་པ་དང་། དེ་དག་གི་ངོ་བོས་གསལ་བའི་ཕྱིར་རོ། །གཟུགས་འདའ་བར་དཀའ་བའི་ཕྱག་རྒྱ་ནི་གསུམ་སྟེ། གྲུབ་པ་རྟགས་ཀྱི་ཕྱག་རྒྱ་དང་། མཛད་པ་ལས་ཀྱི་ཕྱག་རྒྱ་དང་། མི་སྐྱོར་བ་ནན་ཏན་གྱི་ཕྱག་རྒྱའོ། །དེ་ལ་གྲུབ་པ་རྟགས་ཀྱི་ཕྱག་རྒྱ་ནི། བདེ་བར་གཤེགས་པ་རྣམས་ཀྱིས་སྔོན་ཇི་ལྟ་བུ་སྤྱད་པས་དེ་ཇི་ལྟ་བུ་གྲུབ་པའི་རྟགས་སུ་སྣང་བ་སྟེ། སྔོན་ལུས་ངག་ཡིད་གསུམ་རིག་པ་སྦྱངས་པས། སྐུ་གསུང་ཐུགས་སུ་གྲུབ་པའི་རྟགས་སུ་དབུ་གསུམ་དུ་སྣང་ལ། རྣམ་པར་ཐར་པ་གསུམ་སྤྱད་པས་ཡེ་ཤེས་གསུམ་གྲུབ་པའི་རྟགས་སུ་སྤྱན་གསུམ་ཏིང་ངེ་འཛིན་གསུམ་བསྒོམས་པས་སྐུ་གསུང་ཐུགས་གྲུབ་པའི་རྟགས་སུ་ཤངས་གསུམ། ཆོ་ག་རྣམ་པ་གསུམ་གྱིས་ཐེག་པ་ངེས་པའི་དོན་གསུམ་འཆད་པའི་རྟགས་སུ་ལྗགས་གསུམ། དབང་པོ་དྲུག་གིས་དག་པར་སྤྱད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གྲུབ་པའི་རྟགས་སུ་ཕྱག་མཚན་དྲུག །གཟུང་འཛིན་གཉིས་དག་པར་སྤྱད་པས་ཐབས་དང་ཤེས་རབ་གཉིས་སུ་གྲུབ་པའི་རྟགས་སུ་ཡབ་ཡུམ་དུ་སྣང་བ་ལ་སོགས་པ་ནི་གྲུབ་པ་རྟགས་ཀྱི་ཕྱག་རྒྱའོ། །འོ་ན་བདེ་བར་གཤེགས་པས་སྔོན་དེ་ལྟར་གྲུབ་ན། དེ་དག་གིས་ཅི་མཛད་ཅེ་ན། དབུ་གསུམ་གྱིས་སྲིད་པ་གསུམ་གྱི་མགོ་མཛད། སྤྱན་གསུམ་གྱིས་སྲིད་པ་གསུམ་གྱི་བྱ་ར་མཛད། ལྗགས་གསུམ་གྱིས་ཐེག་པ་གསུམ་གྱི་གདངས་ངར་སྒྲོགས། ཤངས་གསུམ་ནས་སྤྲུལ་པ་འཕྲོ། །ཕྱག་དྲུག་གིས་རྒྱུད་དྲུག་གཅོད་ཕྱག་མཚན་དྲུག་གིས་ཉོན་མོངས་པ་དྲུག་སྦྱོང་། ཞབས་བཞིས་ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་ཀྱིས་འགྲོ་བའི་དོན་མཛད་པའོ། །མི་སྐྱོར་བ་ནན་ཏན་ནི་དངོས་སུ་བས། འདུལ་དབང་མ་ངེས་པའི་ཕྱག་རྒྱ་ནི། འགྲོ་བ་འདུལ་བའི་དབང་གིས་སྐུ་གཉིས་ཀྱི་སྣང་བའམ། སྤྲུལ་པའི་སྐུའི་མཛད་པ་ནི་ཐ་དད་བསམ་ཡས་ཏེ། གཅིག་ཏུ་ཆད་པའི་གཉིས་སུ་ཉེས་པ་མེད་པའོ། །འབྲེལ་པ་ལས་ཀྱི་ཕྱག་རྒྱ་ལ་ཡང་གཉིས་ཏེ། དམ་ཚིག་གིས་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱའོ། །དེ་ཡང་སོར་མོ་བསྣོལ་བ་ལས་བྱུང་བ་ཐམས་ཅད་ནི་དམ་ཚིག་གིས་ཕྱག་རྒྱ་ལ། སོར་མོ་ཕྱེ་བས་ལས་བྱུང་བ་ཐམས་ཅད་ནི། ལས་ཀྱི་ཕྱག་རྒྱ་སྟེ། དེ་ཡང་བསྣོལ་ཞིང་བསྡམ་པ་དམ་ཚིག་སྟེ། ཕྱེ་བ་ལས་ཀྱི་ཕྱག་རྒྱ་ཡིན། །ཞེས་འབྱུང་བའོ། ༈ །འདི་ན་མར་བཞུགས་ཚུལ་གྱི་དེ་ཁོ་ན་ཉིད་སྟོན་ཏེ། དེ་ཡང་རྣམ་པར་དབྱེ་བ་གསུམ་སྟེ། བཞུགས་ཐབས་ཀྱི་དེ་ཁོ་ན་ཉིད་དང་། བཞུགས་གནས་དང་བཞུགས་ཚུལ་གྱི་དེ་ཁོ་ན་ཉིད་དོ། །དེ་ཡང་བཞུགས་ཐབས་ལ་ཡང་གཉིས་ཏེ། རང་བཞིན་གྱི་བཞུགས་ཐབས། ཁྱད་པར་གྱི་བཞུགས་ཐབས་སོ། །དེ་བསྟན་པའི་ཕྱིར། ཐབས་ནི། ཞེས་པ་ལ་སོགས་པ་གསུངས་ཏེ། དངོས་སུ་དེ་བཞིན་གཤེགས་པའི་སྐུ་འོད་དང་གཟི་མདངས་སུ་ལྡན་པའི་སྐུ་གསུང་གྱི་ངོ་བོ་ལ་བཞུགས་པ་ལ་བྱ་སྟེ། དེ་ཡང་ཇི་ལྟར་ཞེ་ན། ལུང་ལས་ཀྱང་དམར་པོ་ལ་སོགས་འབར་འདྲ་བ། འོད་ཀྱི་དཀྱིལ་འཁོར་གྱིས་ནི་བརྒྱན། །ཟླ་བ་དྲི་མེད་མདོག་འདྲ་བ། །གློག་དང་ལྡན་པ་རྒྱན་དུ་བསམ། །ཞེས་འབྱུང་སྟེ། དེ་ཡང་ཁ་དོག་དམར་པོ་དངོས་མ་ཡིན་ཡང་། ཁ་དོག་དམར་པོ་ནི། ཁ་དོག་གཞན་བས་གཟི་མདངས་ཆེ་བས་དཔེར་བསྟན་པ་ཡིན་ལ། འདི་ན་གདན་ཟླ་བའི་དལ་གྱི་འོད་དཔུང་གིས་བདེ་བར་གཤེགས་པའི་སྐུ་ལ་ཉི་མ་བཞིན་དུ་ཤར་ནས། འོད་ཀྱི་མཐའ་ཀུན་གཞའ་ཚོན་ནམ་སྤྲིན་ནམ་རི་འམ་གོས་ཟུའི་འདབ་མ་ལྟར་འཁོར་བའོ། །ཟླ་བ་དྲི་མེད་ཅེས་བྱ་སྟེ། ཟླ་བ་དྲི་མ་མེད་པ་སྟོང་དུས་གཅིག་ཏུ་ཤར་བ་བས་ཀྱང་འོད་གསལ་ཞིང་གཟི་བྱིན་ཆེ་བ་སྟེ། དེ་ནི་སྐུ་གསུམ་དང་སྦྱར་ཏེ། འོད་ཀྱི་གོང་བུ་དཀར་ལ་ཟླུམ་པ་ནི་ཆོས་ཀྱི་སྐུ། འོད་ཀྱི་དཀྱིལ་ན་དེ་བཞིན་གཤེགས་པ་བཞུགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །མཐའ་གོས་ཐུ་སུབ་མ་ལྟར་འཁོར་བ་ནི་སྤྲུལ་པའི་སྐུ་དང་སྦྱར་རོ། །ཁྱད་པར་གྱི་བཞུགས་ཐབས་ནི། ཞབས་ཀྱི་བརྐྱངས་བསྐུམས་སམ་མདོར་མདུད་ལ་བྱ་སྟེ། དེ་ཡང་ལུང་ལས། མཉམ་པའི་སྐྱིལ་མོ་ཀྲུང་དང་། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་། རིན་པོ་ཆེའི་དང་། པདྨའི་དང་། ལས་ཀྱི་སྐྱིལ་ཀྲུང་ངོ་། །ཞེས་འབྱུང་སྟེ། ཞབས་མདུད་ནས་གཅིག་གི་སྟེང་དུ་གཅིག་བྱུང་བ་ནི་མཉམ་པའོ། །གཡས་ཀྱིས་གཡོན་མནན་པ་ནི་རྡོ་རྗེའི་འོ། །སོར་མོ་བཅུ་པདྨ་ལྟར་ཁས་ཕུལ་པ་ནི་པདྨའི་འོ། །ཞབས་མཐིལ་སྦྱར་བ་ནི་རིན་པོ་ཆེའི་འོ། །ཞབས་འབབ་སྐྱིལ་ཏེ་བཞེངས་ལམ་རག་པ་ནི་སྣ་ཚོགས་སྐྱིལ་ཀྲུང་ངོ་། །ཡང་ན་བུདྡྷ་ཐམས་ཅད་ནི་མཉམ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །སེམས་དཔའ་རྣམས་ནི་ཕྱེད་སྐྱིལ་ལོ། །ཐུབ་པ་ནི་བཞེངས་ཚུལ་ལོ། །ཁྲོ་བོ་ནི་གཡས་བརྐྱང་བའོ། །ཁྲོ་མོ་ནི་གཡོན་བརྐྱང་བའོ། །དེ་ཡང་ལུང་དག་ལས། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས། །སེམས་དཔའི་སྐྱིལ་ཀྲུང་སྦྱར་བ་སྟེ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ཁྲོ་གཉེར་གཡས་བརྐྱང་དག་ཏུའོ། །ཞེས་པ་དང་གདན་ལ་རྫོགས་དང་སེམས་དཔའི་ཚུལ། ཅེས་པས། ཐུབ་པ་བཞེངས་ཚུལ། སྒོ་སྲུང་ལྡང་སྟབས་ཚུལ་ཞེས་པ་ལ་སོགས་པའོ། ༈ །བཞུགས་གནས་ཀྱི་དེ་ཁོ་ན་ཉིད་བསྟན་པར་འདོད་ནས། གནས་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཡོན་ཏན་ཡང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པས་རྒྱས་པའི་ཕྱིར། མཐའ་གླུ་བཞིར་སྣང་ལ། དེ་ལྟར་སྣང་ཙམ་ན་རང་བཞིན་མ་གྲུབ་ཅིང་གཞལ་བྱ་མ་གྲུབ་པས། གཞལ་ཡས་དེར་རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པ་དེའི་རྟགས་སུ་སྒོ་བཞི། ཐེག་པ་བརྒྱད་ཞོན་ཏེ་བགྲོད་པའི་རྟགས་སུ་རྟ་བབ་བརྒྱད། བྱིན་རླབས་ཀྱི་ཆོ་འཕྲུལ་ཡ་མཚན་ཆེ་བ་བསམ་གྱིས་མི་ཁྱབ་པ་མདའ་བའི་རྟགས་སུ་མུ་ཏིག་ཧ་ར་དང་ཆུན་འཕྱང་ལ་སོགས་པའི་རྒྱན་སྣ་ཚོགས་པ་དང་། སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་གནས་པ་དང་། མཉམ་པ་རྣམ་པ་གཉིས་ལས་མི་འདའ་བའི་རྟགས་སུ་ཏ་ལའི་ལྗོན་པ་དང་། རེ་འདོད་སྐོང་བའི་རྟགས་སུ་དཔག་བསམ་གྱི་ཤིང་དང་ཐམས་ཅད་ལ་དབང་བསྒྱུར་བའི་རྟགས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཆེན་པོ་བརྒྱད་དང་། སེམས་དཔའ་སེམས་མས་བསྐོར་བའོ། །དེ་ཡང་ལུང་ལས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། ཐུགས་རྗེ་རྒྱས་པའི་གཞལ་ཡས་ཁང་། །མཐའ་དང་དབུས་མེད་རྒྱས་པར་གནས། །སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་གྲོལ་ལམ་གྱི་སྟེགས་བརྒྱད་དང་། །ཐུགས་རྗེ་ཤར་དང་སྒྲིབ་པ་ནུབ། །རྣམ་རྟོག་མཚན་མ་བྱང་གྱུར་ཅིང་། །དེ་ཡི་ཡོན་ཏན་ཆེན་པོ་རྫོགས། །ཐུགས་རྗེའི་བྱིན་རླབས་འཕྲོས་པ་ལས། །ཡེ་ཤེས་བཞི་ཡི་དཀྱིལ་འཁོར་འཕྲོ། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །བྱིན་རླབས་ཕ་མཚན་བསམ་མི་ཁྱབ། །རང་སྣང་བ་ཡི་ཐབས་ལས་བྱུང་། །ཡེ་ཤེས་མཉམ་ཉིད་མི་འདའ་བས། །ཏཱ་ལའི་ལྗོན་ཤིང་རང་བཞིན་གནས། །རེ་བ་ཡིད་བཞིན་སྐོང་བའི་ཕྱིར། །དཔག་བསམ་ཤིང་ནི་རིན་ཆེན་འབར། །ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཞེས་འབྱུང་བ་ལྟར་ཤེས་པར་བྱའོ། །དེ་ཡང་བསྡུ་ན་གཞལ་བ་ལས་འདས་པ་དེ་ཉིད་དུ་འདུའོ། ༈ །ད་ནི་བཞུགས་ཚུལ་བསྟན་པར་འདོད་ནས། ཚུལ་ནི་གསུམ་གསུམ། ཞེས་པ་ལ་སོགས་པ་སྨོས་ཏེ། སྤྱི་དང་། ཁྱད་པར་དང་། མདོ་དང་། རྒྱས་པའི་བྱེ་བྲག་གིས་གཉིས་ཏེ། །མདོ་ནི་གསུམ་གསུམ་སྟེ་དགུའོ། །དེ་ཡང་ལུང་དག་ལས། མཉེན་ལྕུགས་འཁྲིལ་ལྡེམས་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ཅན། །ཞེས་འབྱུང་བ་སྟེ། བདེ་བར་གཤེགས་པ་སྔོན་སྤངས་པ་ཕུན་སུམ་ཚོགས་པ་ཉོན་མོངས་པ་སྤངས། དེ་ལྟར་འབྲས་བུ་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་ཏེ། ཞེ་སྡང་སྤངས་པས་མཉེན་པའི་ཚུལ་དང་། ང་རྒྱལ་སྤངས་བས་ལྕུགས་པའི་ཚུལ་དང་། ཕྲག་དོག་སྤངས་པས་འཁྲིལ་བའི་ཚུལ་དང་། འདོད་ཆགས་སྤངས་པས་ལྡེམ་པའི་ཚུལ་དང་། གཏི་མུག་སྤངས་པས་གཞོན་ནུའི་ཚུལ་དང་། ཡེ་ཤེས་གཉིས་སུ་མེད་པར་གསལ་བས་གསལ་ཅེས་པའོ། །ཉོན་མོངས་པ་སྤངས་པའི་འབྲས་བུ་ཡེ་ཤེས་ལྔ་དང་ལྡན་ཏེ། ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུ་དང་། སོ་སོར་རྟོག་པས་འཁོར་བ་དང་མྱ་ངན་ལས་འདས་པ་སོ་སོར་རྟོགས་པས་འཚེར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་མེད་པར་རྟོགས་པས་ལྷུན་སྡུག །བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་འགྲོ་བའི་ངོན་མཛད་པའི་དུས་ན་ཇི་ལྟར་འདུལ་བ་བཞིན་དོན་སྤྱོད་པས་གཟི་བྱིན་དང་ལྡན་པའོ། །ཁྱད་པར་རམ་རྒྱས་པར་ནི། བཅུ་གཉིས་གསུམ་ནི་བཅུ་ཕྲག་གཉིས་དང་གསུམ་སྟེ། ཉི་ཤུ་རྩ་གསུམ་ནི་འདི་ཉིད་ཀྱིའོ། །དེ་ཡང་འདྲ་བ་དང་དོན་ལ་འཇུག་པ་སྟེ། དེ་ཡང་ཅི་རིགས་སུ་སྦྱར་རོ། །བཞེངས་པའི་ཚུལ་དང་། གཤེགས་པའི་ཚུལ་ནི་ཐུབ་པའོ། །གཟིགས་པ་དང་། མཉེན་པ་དང་། ལྕུགས་པའི་ཚུལ་ནི་གཙོ་བོའོ། །འཁྲིལ་བའི་ཚུལ་ནི་ཡུམ་ལྔའི་འོ། །ལྡེམ་པ་ནི་སེམས་དཔའི་འོ། །གཞོན་ནུའི་ཚུལ་ནི་སེམས་མའི་འོ། །གསལ་བ་དང་འཚོར་བ་ནི་སྤྱིའི་མདངས་སོ། །ལྷུན་སྡུག་པ་ནི་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིའོ། །གཟི་བྱིན་འབར་བའི་ཚུལ་ནི་སྒོ་བ་ཡབ་ཡུམ་གྱིའོ། །དེ་བཞིན་དུ་འཁྱུག་པ་ནི་སྤྱན་ནོ། །དགོངས་པ་ནི་ཐུགས་སོ། །བརྟན་པ་ནི་ཞབས་སོ །བརྟེན་པ་ནི་ཕྱག་གོ། །འབྱོ་བ་ནི་དབུའོ། །འདུད་པ་ནི་སྐུའོ། །ཅམ་མེ་བ་ནི་གདན་ནོ། །མལ་ལེ་བ་ནི་རྒྱན་ནོ། །ལྷན་ནེ་བ་ནི་ཆས་སོ། །སལ་ལེ་བ་ནི་འོད་ཟེར་གྱི་ཚུལ་དུ་རིག་པར་བྱའོ། །དེ་བཞིན་དུ་གཞན་དུ་ཡང་ཉན་པ་དང་སྟོན་པ་དག་གིས་དཔྱད་པར་བྱའོ། ༈ །ད་ནི་གདན་ཁྲིའི་དེ་ཁོ་ན་ཉིད་བསྟན་པར་འདོད་ནས་བཞི་པའང་གསུམ་སྟེ། ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཡང་གྲངས་ཀྱི་རིམ་པས་གདན་ཁྲིའི་དེ་ཁོ་ན་ཉིད་ལ་རྣམ་པར་དབྱེ་བ་གསུམ་སྟེ། དྷརྨཱ་ཙཀྲ་ཆོས་ཀྱི་འཁོར་ལོའི་གདན་ཁྲི་དང་། སའི་ཁྱད་པར་གྱི་གདན་ཁྲི་དང་། ༼༠༽ ཡོན་ཏན་རྟགས་ཀྱི་གདན་ཁྲིའོ། ༼༠༽ །དེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་ཁྲི་ནི་འཁོར་ལོ་མུ་ཁྱུད་དང་བཅས་པ་སྟེ། ཆོས་ཐམས་ཅད་བདག་དང་གཉིས་སུ་མེད་པས་དབྱིངས་གཅིག་པས་སྤྲོས་པ་མེད་པའི་ཕྱིར་ལྟེ་བ་བཞི་ཟླུམ་པོར་བསྟན་ལ། ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུ་དང་འབྲས་བུར་ལྡན་པས་ནི། ཐམས་ཅད་མཁྱེན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་འཁོར་ལོ་ཟུར་ཅན་དུ་བསྟན་ཏེ། དེ་ནི་ལྷག་པའི་བསླབ་པ་གསུམ་དང་ཡང་སྦྱར་ཏེ། དེ་ཡང་ལྷག་པ་ཚུལ་ཁྲིམས་ལ་མཚན་མའི་སྐྱོན་མེད་པའི་རྟགས་སུ་ནི། འཁོར་ལོ་ཕྱིའི་རེ་མིག་ཟླུམ་པོར་བསྟན་ལ། དེ་ཙམ་ན་ལྷག་པའི་ཤེས་རབ་ཀྱིས་སོགས་ཕྱིན་པའི་རྟགས་སུ་འཁོར་ལོ་ཟུར་ཅན་དུ་བསྟན་ཏེ། དེ་ཡང་ལུང་ལས་ཆོས་རྣམས་ཐམས་ཅད་མི་དམིགས་པས། །དབྱིངས་སུ་ཐིམ་པས་འོད་ཟེར་གསལ། །གཅིག་དང་དུ་མར་བྲལ་བའི་ཕྱིར། །དཀྱིལ་འཁོར་སྤྲོས་མེད་ཟླུམ་པོར་བསྟན། །ཡེ་ནས་མྱ་ངན་འདས་པའི་ཆོས། །ཡེ་ཤེས་རྒྱུད་དང་འབྲས་བུར་ལྡན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུས། །ཆོས་ཀྱི་འཁོར་ལོ་ཡོངས་ཀྱིས་བསྐོར། །ཞེས་གསུངས་པའོ། ༈ །སའི་ཁྱད་པར་གྱི་གདན་ཁྲི་ནི་ཉི་ཟླ་དང་པདྨ་རིན་པོ་ཆེ་སྟེ། ས་གསུམ་ནོན་པའི་ཁྱད་པར་གྱི་རྟགས་སོ། །དེ་ཡང་ཆོས་ཉིད་ཡེ་ནས་འོད་གསལ་བའི་ཕྱིར་ཉི་ཟླའི་གདན་དུ་བསྟན་པ། ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ནས་རྣམ་པར་དག་པའི་ཕྱིར་པདྨ་དང་། སྤྲུལ་པའི་སྐུས་འགྲོ་བའི་རེ་བ་ཡིད་བཞིན་ཏུ་སྐོང་བའི་རྟགས་སུ་རིན་པོ་འབར་བའི་གདན་ཏུ་བསྟན་ཏེ། དེ་ཡང་ཇི་ལྟར་ཞེ་ན། དཔེར་ན་ཉི་མ་དང་ཟླ་བ་རང་བཞིན་གྱིས་འོད་གསལ་བའི་འོད་ཀྱིས་གླིང་དང་རི་བོ་ཀུན་ལ་ཁྱབ་ཅིང་གསལ་བ་ལྟར་ཆོས་ཀྱི་སྐུ་ཀུན་ཏུ་འོད་ཀྱི་ས་ལ་བཞུགས་པ་ལྟར་ཐེགས་པ་ཀུན་ལ་ཁྱབ་པའི་རྟགས་སུ་ཉི་ཟླའོ། །ཡང་ན་པདྨ་ཡེ་ནས་དག་པའི་ཕྱིར་འདམ་ནས་སྐྱེས་ཀྱང་དེའི་ཉེས་པས་མ་གོས་པ་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་པདྨ་སྤྱན་གྱི་ས་ལ་བཞུགས་ཤིང་འཁོར་བ་ནས་སྐུ་འཁྲུངས་ཏེ་འགྲོ་བའི་དོན་མཛད་ཀྱང་ཉོན་མོངས་ཀྱི་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདྨའོ། །ཡང་རིན་པོ་ཆེ་ནི་རེ་འདོད་ཡིན་བཞིན་དུ་སྐོང་ཡང་རྟོག་པ་མེད་ཅིང་ཟད་པ་མེད་པ་ལྟར་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན་ནས་སྤྲུལ་པའི་སྐུའི་ཆེ་བའི་ཡོན་ཏན་ནོར་བུ་རིན་པོ་ཆེ་ལྟ་བུས་གདུལ་བྱ་མཐའ་དག་ལ་སྨིན་པར་མཛད་པའི་རྟགས་སུ་རིན་པོ་ཆེ་འབར་བའི་གདན་དུ་བསྟན་ཏེ། དེ་ཡང་པདྨའི་ཁ་ལ་རིན་པོ་ཆེའི་ཕུང་པོ། དེའི་ཐ་མ་དུད་འགྲོ་དེའི་མཐའ་རིན་པོ་ཆེའི་ཁྲི་རྐང་། རིན་པོ་ཆེའི་ཁ་ལ་པདྨ་སྐྱེས། པདྨའི་ཁ་ལ་ཉི་ཟླའོ། །དེ་ཡང་ལུང་ལས། རང་བཞིན་ཡེ་ནས་འོད་གསལ་ཕྱིར། །ཉི་ཟླ་བརྩེགས་པ་འབར་བའི་གདན། །ཡེ་ནས་རྣམ་པར་དག་པའི་ཕྱིར། །མ་ཆགས་པདྨ་འབར་བའི་གདན། །ཟད་མེད་ཡེ་ཤེས་གཏེར་འབྱུང་བས། །ཡིན་བཞིན་རིན་ཆེན་འབར་བའི་གདན། །ཞེས་གསུངས་པ་ལྟ་བུའོ། །ཡོན་ཏན་རྟགས་ཀྱི་གདན་ཁྲི་ནི། བདེ་བར་གཤེགས་པའི་ཆེ་བའི་ཡོན་ཏན་དྲིལ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་འདུས་ཏེ། སྐུ་ནི་མི་འཇིགས་པ་བཞིས་བདུད་བཞི་འཇོམས་པའི་རྟགས་སོ། །རྣམ་པར་སྣང་མཛད་ནི་སེང་གེ་བཞི་ཁ་ཕྱོགས་བཞིར་བལྟས་པའི་གདན་ལ་བཞུགས་པའོ། །ཐུགས་སྟོབས་བཅུས་མི་དགེ་བ་བཅུ་འདུལ་བའི་རྟགས་སུ་མི་བསྐྱོད་པ་གླང་པོ་བཅུ་ཕྱོགས་བཅུར་བལྟས་པའི་གདན་ལ་བཞུགས་པའོ། ༼༠༽ །ཡོན་ཏན་རྫུ་འཕྲུལ་རྐང་བཞིས། རྟགས་སུ་རིན་ཆེན་འབྱུང་ལྡན་རྟ་མཆོག་བཞིའི་གདན་ལ་བཞུགས་པའོ། ༼༠༽ །གསུང་དབྱངས་བཅུས་ས་བཅུ་ཆོས་ཀྱི་རྒྱལ་པོ་ཐོབ་པའི་རྟགས་སུ་དཔལ་སྣང་བ་མཐའ་ཡས་ཀྱི་གདན་ནི་རྨ་བྱ་བཅུའི་གདན་ལ་བཞུགས་པའོ། །ཕྲིན་ལས་རྣམ་བཞིས་སྐྱེ་བ་རྣམ་པ་བཞི་དབྱིངས་སུ་སྒྲོལ་བའི་རྟགས་སུ་དཔལ་དོན་ཡོད་གྲུབ་པ་ནི་ནམ་མཁའ་ལྡིང་བཞིའི་ཁྲི་ལ་བཞུགས་ཏེ། དེ་ཡང་ཕྱིར་བཅོམ་ལྡན་འདས་ཀྱི་ཆེ་བའི་ཡོན་ཏན་བརྩིས་པར་གྱུར་ན་བརྗོད་པ་ལས་འདས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་གི་སེམས་ཅན་སྲིན་བུ་བྷ་ཤི་ཀ་ཀུན་ཡང་འཁོར་ལོས། སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཤ་སྟག་ཏུ་གྱུར་ཏེ། དེ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོའང་གཅིག་ཏུ་སྡུས་པ་ནི་རི་རབ་ལྷུན་པོ་ལ་དབང་བའི་ལྷའི་དབང་པོ་བརྒྱ་བྱིན་གཅིག་ཏུ་གྲུབ་བོ། །དེ་ལྟ་བུའི་བརྒྱ་བྱིན་གྱི་བསོད་ནམས་བརྒྱ་ཕྲག་བཅུས་བསྡུས་པ་ནི། ཚོགས་ཀྱི་ལམ་པ་གཅིག་གྲུབ། །དེ་ལྟ་བུ་བརྒྱ་ཕྲག་བཅུར་གྱུར་པས་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཅིག་གྲུབ་བོ། །དེའི་བསོད་ནམས་ཀྱི་ཕུང་པོ་བརྒྱ་ཕྲག་བཅུར་བསྡུས་པས་ནི་བཅོམ་ལྡན་འདས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུ་ལས་གཅིག་ཙམ་གྲུབ་པའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་དེ་སྤྱིར་དྲིལ་ཏེ་བརྒྱད་ཅུར་གྱུར་པས་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལག་གཅིག་གྲུབ། མཚན་ཉི་ཤུ་རྩ་དགུར་དྲིལ་ཏེ་དེ་བརྒྱ་ཕྲག་བཅུར་གྱུར་པས་ནི་སྨིན་མཚམས་ཀྱི་མཛོད་སྤུ་གྲུབ་བོ། །དེ་བརྒྱ་ཕྲག་བཅུར་གྱུར་པས་ནི་སྤྱི་གཙུག་འགྲོ་བ་ཐམས་ཅད་ཀྱིས་བལྟར་མི་མཐོང་བ་གྲུབ་བོ། །དེ་བརྒྱ་ཕྲག་བཅུར་གྱུར་པས་ནི་གསུང་དབྱངས་ཡན་ལག་དྲུག་ཅུས་འཇིག་རྟེན་ཁམས་མཐའ་ཡས་པར་འབྱུང་བ་གྲུབ་བོ། །དེ་ལྟར་ཕྱེ་བའི་ཡོན་ཏན་མཐར་ཕྱིན་པ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡིན་ལ། མཚན་རྣམས་དང་ལྡན་པའི་རྟགས་སུ། །བྱོལ་སོང་གི་གདན་དུ་བསྟན་ཏེ། ཐུགས་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་༼༠༽གསུང་དབང་བཅུ་དང་།༼༠༽ ཡོན་ཏན་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། ཕྲིན་ལས་ཐོགས་པ་མེད་པ་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་བསྟན་ནོ། །དེ་ཡང་ལུང་ལས། སྐུ་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་སྟབས་སུ་སེང་གེའི་ཁྲི་ལ་བཞུགས། །ཐུགས་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་པས་ཆགས་མེད་བགྲོད། །དེ་སྒྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་ཚུལ། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། ། ལས་ནི་ཕྲིན་ལས་རྣམ་བཞིས་སྐྱེ་བཞི་སྒྲོལ། །དེ་གྲུབ་རྟགས་སུ་མཁའ་ལྡིང་ཁྲི་ལ་བཞུགས། ། བདེ་བར་གཤེགས་པའི་ཆེ་བའི་ཡོན་ཏན་ནི། །མཚན་མཆོག་སུམ་ཅུ་རྩ་གཉིས་རྟགས་སུ་བསྟན། །ཞེས་པས་ཡོན་ཏན་རྟགས་ཀྱི་གདན་ཁྲིར་སྣང་ངོ་། ༈ །ད་ནི་རྒྱན་དང་ཆས་ཀྱི་དེ་ཁོ་ན་ཉིད་སྣང་བར་འདོད་ནས། ལྔ་པའང་ནི་གཉིས་ཏེ། ཞེས་པ་ལ་སོགས་པ་གསུངས་ཏེ། དེའང་རིམ་པ་ལྔ་པ་ལ་སོགས་པ་རྣམ་པར་དབྱེ་བ་གཉིས་ཏེ། རྒྱན་བསྟན་པ་དང་། ཆས་བསྟན་པའོ། །དེ་ལ་རྒྱན་ཆེན་པོ་བདུན་ནི། རིན་པོ་ཆེ འི་དབུ་རྒྱན་དང་། མེ་ཏོག་གི་ཕྲེང་བའམ་ཆུན་འཕྱང་དང་། སྙན་ཆ་དང་། དོ་ཤལ་དང་། དཔུང་རྒྱན་དང་། སེ་མོ་དོ་དང་། ཕྱག་གདུབ་སྟེ། དེ་ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་ཏེ། བདེ་བར་གཤེགས་པའི་དབུ་རྒྱན་ནི། རྩེ་མོ་ལྔར་བསྟན་པའི་ནང་ནས། པདྨའི་སྐོར་འབུར་ཕྱིར་མ་བསྟན་པར་མེ་ལོང་གི་ནང་ནས་བཟུགས་བརྙན་སྣང་བ་ལྟར་རིགས་ལྔའི་སྐུ་བཞུགས་པ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་ཐེག་པ་ལྔ་འགྲོ་བ་ལྔ་ལ་འཆད་པས། དབུ་རྒྱན་ནི་ཆོས་རྣམས་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །མེ་ཏོག་གི་ཆུན་པོས་དབུ་བརྒྱན་པ་ནི། དཔེར་ན་མེ་ཏོག་གིས་འགྲོ་བ་རྣམས་དགའ་བ་བསྐྱེད་ལ། བདེ་བར་གཤེགས་པ་ལ་ཕུལ་བས་དགྱེས་པས་ན་ཕྲེང་བ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་སྦྱར་རོ། །སྙན་ཆ་ནི་ནོར་བུ་རིན་པོ་ཆེས་ཚ་བའི་ནད་ཀྱིས་གདུང་བ་སེལ་བར་བྱེད་པ་ལ། འདིར་རྒྱན་དུ་བཞག་པས་ནི་ལུས་ངག་ཡིད་གསུམ་གྱི་གདུང་བ་དང་བྲལ་ཏེ། ཆོས་ཉིད་ཀྱི་རྒྱན་ཤིན་ཏུ་བྱང་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །དོ་ཤལ་མགུར་ཆུ་སྟེ་རིན་པོ་ཆེའི་ཕྲེང་བ་མགུལ་འཁོར་གྱི་དབུས་ན་མཆོད་རྟེན་མཆོད་རྡོག་བཞག་པས་ཆེ་བར་གནས་པ་སྟེ། མགུར་ཆུ་གྲངས་མང་བར་བརྒྱུས་པ་ནི་ཏིང་ངེ་འཛིན་འབུམ་ཕྲག་ལ་རོལ་བ་ཡིན་པས། དབུས་ཀྱི་མཆོད་རྡོག་རགས་པ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་རྟགས་ཏེ། དེ་བས་ན་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་སྦྱར་རོ། །དཔུང་རྒྱན་ནི་རིན་པོ་ཆེའི་གསེར་ལ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་སྤྲས་པ་སྟེ། དེ་ནི་ཤེས་བྱ་ཅི་ལའང་མ་རྨོངས་པར་མཁྱེན་ཅིང་གསལ་བའི་རྟགས་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །སེ་མོ་དོ་ནི་མུ་ཏིག་གི་གཟར་རིང་པོས་མགུལ་དཀྲིས་པ་སྟེ། མཐའ་གཉིས་ཡོངས་སུ་ཟད་པའོ། །དེ་སྐུ་ལ་དཀྲིས་པ་ནི་བདག་གི་དོན་རྟོགས་པ་ཡིན་ལ། མཐའ་གཞན་དུ་ཟག་པ་ནི་གཞན་དོན་རྟོགས་པར་བྱེད་པ་ཡིན་པས། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་སྦྱར་རོ། །ཕྱག་གདུབ་ནི་ཕྱག་དང་ཞབས་ཀྱི་མཁྲིག་མ་ལ་གཟེར་གྱི་ལྡེབ་བུ་དཀྲིས་པ་སྟེ། ལག་པས་ནི་བྱ་བའི་ལས་ཐམས་ཅད་བྱེད་པ་ཡིན་ལ། རྐང་པས་ནི་བགྲོད་པའི་གནས་སུ་སླེབ་པར་བྱེད་ལ། དེ་ཡང་བརྩོན་འགྲུས་ཀྱི་གོ་ཆ་ཡིན་པས་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་སྦྱར་རོ། །དེ་ཡང་ལུང་ལས་དམ་ཆོས་རྣམ་འབྱེད་དབུ་རྒྱན་རིན་ཆེན་ཕྲེང་། དགའ་བ་ཡང་དག་མཉེས་པས་མེ་ཏོག་འཕྲེང་། །སྙན་ཆས་ལུས་སེམས་བསིལ་བྱེད་ཤིན་ཏུ་སྦྱངས། །དོ་ཤལ་ཏིང་འཛིན་འབུམ་མཆོག་ཕྲེང་བས་བཀླུབས། །རིན་ཆེན་ཚོགས་སྤྲས་དཔུང་རྒྱན་དྲན་པའི་ངང་། །འཁྲུལ་པ་བདག་འཛིན་བཏང་སྙོམས་སེ་མོ་དོ། །ཕྱག་གདུབ་སྣ་ཚོགས་ལས་མཛད་བརྩོན་འགྲུས་ལྡན། །ཞེས་འབྱུང་བས་གསལ་ལོ། །དེ་ལས་ཆས་ཆེན་པོ་ལྔ་ནི། ཐུགས་ཡེ་ཤེས་ཀྱི་ཟེ་ལྡིར་ཅོད་པཎ་དང་། ཡོན་ཏན་གཟི་མདངས་ཀྱི་སྟོད་གཡོགས་དང་། སྐུ་བརྗིད་ཚུལ་གྱི་ཆོས་གོས་དང་། གསུང་རྗེས་ཆགས་པའི་སྨད་དཀྲིས་དང་། །མཛད་པ་གར་གྱི་གསང་གོས་དང་ལྔའོ། །དེ་ཡང་མཁྱེན་པ་ཐམས་ཅད་ལ་མ་རྨོངས་པའི་རྟོགས་སུ་ཟེ་ལྡིར་གྱི་ཅོད་པན་ནོ། །ཆེ་བའི་ཡོན་ཏན་གྱིས་འགྲོ་བ་ཐམས་ཅད་ལ་དཔའ་མ་གོང་ཞིང་བརྗིད་པའི་རྟགས་སུ་ནི་དར་དཀར་གྱི་སྟོད་གཡོགས་སོ། །ཚུལ་ཁྲིམས་ཀྱི་གོས་བརྗིད་པའི་ཆས་བཟུང་བ་ནི་ཉན་ཐོས་ཀྱི་དོན་མཛད་པའི་རྟོགས་སུ་དར་སེར་པོའི་ཆོས་གོས་སོ། །འཁོར་བ་མ་སྟོངས་ཀྱི་བར་དུ་དོན་མི་གཏོང་བའི་རྟགས་སུ་དར་ཚི་གུའི་སྨད་བཀྲིས་སོ། །གསང་སྔགས་ཀྱི་དོན་ཟབ་མོའི་སྣོད་དུ་མ་གྱུར་པ་ལ་གསང་བའི་རྟགས་སུ་ཕྱག་རྒྱའི་ཕུ་དུང་ངོ་། །གཞན་ཡང་མཚན་དཔེ་ཞེས་བྱ་བ་ནི་འཁོར་གྱི་སེམས་དཔའ་དང་། སེམས་མ་ལ་སོགས་པའི་ཡོན་ཏན་བརྩི་བའི་ཚུལ་ནི། གཞན་དག་དང་རྗེས་སུ་མཐུན་ལ། འཕགས་པའི་ལམ་དག་ཀྱང་གཞན་དུ་གསལ་ལོ། །ཡང་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱིས་ནི། བཀྲ་ཤིས་པའི་ལྷ་མོ་བརྒྱད་ཀྱི་ཕྱག་ན་བཀྲ་ཤིས་པའི་རྫས་ནི་རྟགས་བརྒྱད་དུ་བསྟན་ཏེ། དེ་ཡང་མྱ་ངན་ལས་འདས་པའི་མ་བཅིངས་པ་བཞི་དང་། འཁོར་བའི་སྐྱོན་གྱིས་མ་གོས་པ་བཞིའོ། །དེ་ཡང་མྱ་ངན་ལས་འདས་པའི་མཐའ་མ་བཅིངས་པ་བཞི་ནི། ཀུན་ཏུ་འོད་ཀྱི་ཆོས་ཀྱི་སྐུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདུལ་བའི་དུས་མཁྱེན་ནས། ཐུགས་རྗེ་སྐྱེ་པའི་རྟགས་སུ་དཔལ་བེའུ་བསྣམས་པའོ། །དེ་ལྟར་འདུལ་བའི་དུས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སེམས་ཅན་གྱི་དོན་མཛད་པས་རྟགས་སུ་འཁོར་ལོ་བསྣམས་པའོ། །དེ་ལྟར་དོན་མཛད་ཙམ་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིས་དབུལ་བའི་སྡུག་བསྔལ་སེལ་ཅིང་རེ་འདོད་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེ་རྒྱལ་མཚན་བསྟན་པའོ། །དེ་ལྟར་མི་ཟད་པའི་གཏེར་གྱིས་དོན་མཛད་པའི་ཚེ་སྐྱེ་བ་ལ་དབང་ཐོབ་པས་འཁོར་མ་འདམ་ལྟ་བུ་ནས་སྐྱེས་ཤིང་འགྲོ་བའི་དོན་མཛད་ཀྱང་འདམ་སྐྱེས་ཀྱི་པདྨ་ལྟར་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདྨ་བསྣམས་པའོ། །འཁོར་བས་མ་གོས་པ་བཞི་ནི། གོང་མ་ལྟ་བུ་དེས་ནི་ས་བཅུ་ལ་དབང་བསྐུར་བའི་ཚད་དང་ལྡན་པས་བུམ་པ་བསྣམས་པའོ། །དབང་བསྐུར་བ་དེས་ཐུགས་རྗེས་གཡོག་ཅིང་ཉོན་མོངས་པའི་གདུང་བ་སེལ་བའི་རྟགས་སུ་ནི་གདུགས་སྣམས་པའོ། །དེ་ལ་གཞན་གྱི་རྒོལ་བ་ཐམས་ཅད་སྲ་བཀོད་ཞིང་མི་ཚུགས་པས། འགྲོ་བའི་དོན་དུ་གསུང་རབ་རྒྱ་མཚོ་སྒྲོགས་པའི་རྟགས་སུ་དུང་བསྣམས་པའོ། །ཡང་དཔེར་ན་ཆུ་གངས་ཅན་མཚོའི་ནང་ན་ཉ་འཁོར་བ་བྱོལ་སོང་གནང་ན་བཀྲ་ཤིས་པ་བཞིན་དུ་དབང་བཅུ་རྫོགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ནས་མཐའ་དག་སྨིན་ཞིང་བཀྲ་ཤིས་བའི་རྟགས་སུ་ཉ་བསྣམས་པའོ། །དེ་ལྟ་བུ་དང་ལྡན་པའི་རྟགས་སུ་ལྷ་མོ་དེ་བརྒྱད་ཀྱི་ལྷ་མོ་གཅིག་ལའང་ཕྱག་རྒྱ་བཞི་བཞི་དང་ལྡན་པས། བཞི་ཕྲག་བརྒྱད་དུ་སྣང་བ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་བསྟན་ལ། ལྷ་མོ་རེ་རེ་ལའང་དབང་བཅུ་བཅུ་དང་ལྡན་པས་དཔེ་བྱད་བཟང་པོ་བརྒྱད་ཅུའི་རྟགས་སུ་བསྟན་ཏེ། དེ་ཡང་ལུང་ལས། ཐམས་ཅད་མཁྱེན་པའི་ཡོན་ཏན་དཔལ་བེའུ་ཐུགས་མཛད་པ་ཁ་ལོ་བསྒྱུར་བའི་འཁོར་ལོ་ཞབས། བདུད་བཞི་འཇོམས་མཛད་རྒྱལ་མཚན་སྐུ་ཡི་ཚུལ། །ཐུགས་རྗེ་འདམ་སྐྱེས་མ་ཆགས་པདྨའི་ཞལ། །ཏིང་འཛིན་བདུད་རྩི་རོ་མཆོག་བུམ་ཚུལ་ཕྱག །འཇིགས་པ་བརྒྱད་སྐྱོབ་ཉོན་མོངས་མི་ཚུགས་གདུགས། །བསྟན་པའི་ཆོས་སྒྲོགས་གསུང་རབ་རུས་པ་དུང་། །འཁོར་བར་དོན་མཛད་ཕྲིན་ལས་ཕྱག་སོར་ཉ། །འཁོར་ལོ་བསྒྱུར་རྒྱལ་ཕྱག་རྒྱ་བཞི་སྣང་བས། །དབང་གི་རྒྱུ་ནི་མ་འདའ་དམ་ཚིག་རྒྱ། །དབང་གི་གཟུགས་ནི་མཆོད་པའི་སྐུའི་རྒྱ། །ལས་ནི་སྒྲུབ་བྱེད་ལས་ཀྱི་ཕྱག་རྒྱ་སྟེ། །བརྗོད་པར་གྲགས་པ་ཆོས་ཀྱི་ཕྱག་རྒྱ་ཡིན། །གཅིག་ལའང་བཞི་བཞིར་ལྡན་པས་སུམ་ཅུ་གཉིས། །མཚན་བཟང་སུམ་ཅུ་རྩ་གཉིས་རྟགས་སུ་བསྟན། །གཅིག་ལའང་བཅུ་བཅུར་ལྡན་ན་བརྒྱད་ཅུ་སྟེ། །དཔེ་བྱད་བཟང་པོ་བརྒྱད་ཅུའི་རྟགས་སུ་བསྟན། །ཞེས་འབྱུང་བ་ལས་གསལ་ལོ། །འཕགས་པའི་ལམ་ཞེས་བྱ་བ་ནི་དེ་ལྟ་བུ་ཡི་བཀྲ་ཤིས་པའི་ལྷ་མོ་བརྒྱད་པོ་ད ེ་དག་མཚན་དང་དཔེ་བྱད་ཀྱི་རྟགས་སུ་བསྟན་པར་མ་ཟད་དེ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རྟགས་སུ་ཡང་སྣང་སྟེ། མེ་ལོང་དང་དུང་ལ་སོགས་པ་སྟེ། ཕྱི་རོལ་པས་བདེན་གཉིས་ལ་སོགས་པར་མཐོང་བ་ལས་ཁྱད་པར་དུ་གྱུར་པ་ནི། བདེན་པ་གཉིས་གཉིས་མེད་དུ་མཐོང་བས་ན་ཡང་དག་པའི་ལྟ་བ་ཞེས་བྱ་བ་ནས། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དྲུག་སྔོན་དུ་སྤྱད་པས་འབྲས་བུས་ཚོགས་གཉིས་ཚོགས་པར་འདོད་པ་ལས་ཁྱད་པར་དུ་གྱུར་པ་ནི། མཚན་མ་དང་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་མངའ་བརྙེས་པས། ཚོགས་གཉིས་དུས་གཅིག་ཏུ་རྫོགས་པ་སྟེ། ལྷའི་སྐུར་གསལ་བ་ནི་བསོད་ནམས་ཀྱི་ཚོགས། དེ་ཉིད་རང་བཞིན་མེད་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་དུས་གཅིག་ཏུ་རྫོགས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་སྟེ། རིགས་པ་དེ་ཡང་བརྗེད་བྱང་བཀོལ་བ་ལྟར་སྦྱར་ཏེ། དེ་ཡང་ལུང་ལས། ཡང་དག་ལྟ་བ་བདེན་གཉིས་མེ་ལོང་སྟོན། །ཡང་དག་རྟོག་འ བྱིན་མ་སྨིན་པ་ཡི་འབྲས། །ཡང་དག་ལས་ནི་ལི་ཁྲི་ཆགས་ཤིང་འཇིག །ཡང་དག་ངག་ནི་སྒྲ་སྐད་ཚངས་པའི་དུང་། །ཡང་དག་འཚོ་བ་བཅུད་ཀྱི་འདོད་འཇོའི་བ། །ཡང་དག་རྩོལ་བ་ཉུངས་དཀར་བདུད་བཞི་འཇོམས། །ཡང་དག་དྲན་པ་གི་ཝཾ་ནད་གསོ་མཛད། །ཏིང་འཛིན་དུར་བ་བསོད་ནམས་ཀུན་ཏུ་འཕེལ། །ཞེས་འབྱུང་བ་ལྟར་ཤེས་པར་བྱའོ། །དེའི་བསྡུ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ཆེ་བའི་ཡོན་ཏན་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་ནི་ཁྲོ་བོ་རྟོགས་པའི་ལྷ་རྒྱུད་ལ་ཡང་ཚུལ་མཐུན་ལ། གོང་དུ་རྒྱན་ཆས་ཀྱི་སྐབས་སུའང་བསྟན་ཏེ། གཞན་ཡང་ལུང་ལས། འདུས་བའི་བྱེ་བྲག་མཁས་པའི་དྲན་པ་དང་། །དམ་ཆོས་རྣམ་པར་འབྱེད་པའི་འཁོར་ལོ་སྟེ། །བརྩོན་འགྲུས་མྱུར་མགྱོགས་ཤུགས་འཆང་རྫུ་འཕྲུལ་རྟ། །དགའ་བ་རང་གི་ཕྱོགས་འཛིན་གཞོམ་དམག་དཔོན། །ཚིམ་བྱེད་ལུས་སེམས་སྦྱངས་པའི་བཙུན་མོ་ཡིན། །ཏིང་འཛིན་མི་འགྱུར་སྟོབས་ཀྱི་གླང་པོ་ཆེ། །བཏང་སྙོམས་གཞན་དོན་མཛད་པའི་བློན་པོ་ཆེ། །ཞེས་འབྱུང་བས་གསལ་ཏེ། དེ་ལ་སོགས་པ་ཆེ་བའི་ཡོན་ཏན་ནི་དཔག་པར་མི་ནུས་ཏེ་བརྗོད་ཀྱིས་མི་ལང་བས་འདིར་མི་བརྗོད་དོ། །དེ་དག་ཅེས་པ་ནི་སྤྱིའི་མཚན་མར་བསྟན་པའོ། །ཁྱད་པར་དུ་རང་གི་རྟོག་པའི་སྣང་བ་སྟེ། ལྷ་རྒྱུད་ཀྱི་རྟོག་པ་སོ་སོར་བསྟན་པ་ནི། འདི་འོ་ཞེས་ཉེ་བ་དང་མངོན་སུམ་པར་བཀོད་པ་སྟེ། རྣམ་ཤེས་ཚོགས་བརྒྱད་ཅེས་པ་ལ་སོགས་པ་སྟེ། བིདྷ་འཕྲོད་པར་ནུས་པའི་ཕྱིར་དང་། ཡི་གེ་མང་བས་འཇིགས་པའི་ཕྱིར་མ་བཀྲོལ་ཏེ་བླ་མ་ལས་ནོད་པའམ། བདག་གིས་ཀྱང་དཔྱད་པར་བྱ་སྟེ། དེ་ཡང་ལུང་ལས། སློབ་དཔོན་གསུངས་པའི་ལུང་ལས་རབ་ཏུ་ཉོན། །རང་གིས་ཤེས་རབ་རྩལ་གྱིས་ཅི་ནུས་དབོགས། །ཞེས་གནང་བ་དག་ཡོད་པའི་ཕྱིར་རོ། ༈ །ད་ནི་ལྟ་བ་གཏན་ལ་དབབ་པའི་ཕྱིར་སྣང་བ་བཞིན་ལ་གནས་པར་སྟོན་པས། ཀུན་འབྱུང་ཞེས་པ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད་རང་བཞིན་ནམ་ངོ་བོ་ཉིད་ནི་ཐམས་ཅད་གཞིར་སྣང་བ་སྟེ། སྣང་བ་གསུམ་གྱིས་བསྡུས་པའི་ཆོས་ཀུན་རྒྱུ་ཡིས་མ་བསྐྱེད་པར་མཐའ་ཡས་པའི་ཆོས་སུ་སྐྱེ་བར་སྣང་ཞིང་འབྱུང་བའི་དབྱིངས་སུ་གྱུར་ལ། དེ་ཙམ་ན་འགགས་པའི་རྐྱེན་གང་ཡང་མེད་པས་ཆོས་ཉིད་དེ་བཞིན་ཉིད་ལ་ཚིག་ཏུ་སྨྲ་ཞིང་ཡི་གེས་བརྗོད་དུ་མེད་པར་ཐིམ་པའི་གཞི་ནི་རང་བཞིན་གྱི་སྣང་བ་ཞེས་གྲགས་སོ། །དེ་བཞིན་དུའང་འཁྲུལ་པའི་སྣང་བ་བསྟན་པར་འདོད་ནས་མི་རྟོག་ངང་ལས། ཞེས་པ་ལ་སོགས་པ་གསུངས་ཏེ། རྟོག་པའི་མཐའ་རྣམ་པ་གཉིས་ལ་སོགས་པ་རྒྱུ་འབྲས་ཀྱི་ངོ་བོ་སྟོན་ཏེ། དེ་ལྟ་བུ་ཡིན་པ་ལ་མཐུན་པར་སྣང་བ་ནི། དོན་དུ་འགྱུར་བ་ནི་གདུལ་བྱའི་སྣང་བ་སྟེ། སྟོང་ཉིད་མི་གཡོ་ཞེས་བྱ་བ་ལ་སོགས་པའོ། །ཞེས་གསུངས་པའོ། །དེ་ཡང་དེ་བཞིན་གཤེགས་པའི་དབང་གིས་སྣང་བར་མཛད་པ་ནི་བདེ་བར་གཤེགས་པའི་སྣང་བ་ཞེས་བྱ་སྟེ། ནམ་མཁའ་དབྱིངས་ཀྱི་སྙིང་པོ་ལ་སོགས་པ་གསུངས་ཏེ། སྙིང་པོ་ནི་རྒྱུ་སྟེང་འོག་ནས་འབྱུང་ཞེས་རྣམ་པ་གཅིག་ཏུ་དེ་དག་ཀྱང་གདམས་པར་འགྱུར་རོ། །དེ་ལྟར་དོན་དམ་པ་དང་ཀུན་རྫོབ་ཀྱི་ལྟ་བ་རྟོགས་དང་། ཉམས་སུ་བླངས་ཤིང་སྒོམ་པ་བསྟན་པའི་ཕྱིར། །ཐ་དད་རྣམ་པར་སྣང་མཛད་ནས། །ཞེས་གསུངས་པ་སྟེ། འཇུག་པ་ཡང་ཐ་དད་པ་སྟེ་མོས་པའི་དབང་གིས་ཆོ་ག་རྣམ་པ་གསུམ་མམ། ཏིང་ངེ་འཛིན་གྱི་སྒོ་ནས་སྐུ་ཕྱག་རྒྱར་བསྐྱེད་པར་མཛོད་ཅིག་པའོ། །ཞེས་རིམ་པར་གདམས་པར་བསྟན་པའི་ཕྱིར། གསུང་གི་ཞེས་པ་ལ་སོགས་པ་སྟེ། ཡི་གེ་ཡེ་ཤེས་སྐྱེད་པར་མཛོད། །ཅེས་པའི་བར་གྱིས་ཕྲ་མོའི་ཏིང་ངེ་འཛིན་ཐུགས་ཀྱི་ཆོ་ག་ལ་བློ་སྦྱོང་བར་གདམས་པའོ། །དེ་བཞིན་དུ་སྟོང་ཉིད་མི་རྟོག་པ་ལ་སོགས་པས་སྐུའི་ཆོ་ག་དཔེ་དང་བཅས་པར་གདམས་པའོ། །ཡང་ནི་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྒོ་ནས་འཇུག་པར་བྱ་སྟེ། དེ་ཡང་བཅོས་པ་དང་གསལ་དགོངས་པའམ། གཉིས་སུ་མེད་པ་དང་། སྐྱེ་བ་མེད་པ་དང་། ལྷུན་གྱིས་གྲུབ་པའམ། ཡང་ན་རང་བྱུང་གི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དག་ལ་དགོངས་པའི་ཕྱིར། ངེས་པ་ཉིད་དུ་བསྟན་ཏེ། མ་བཅོས་པའི་ཕྱིར་ན་དེ་བཞིན་ཉིད་དོ། །གཉིས་སུ་མེད་པའི་མུྃ་གྱིས་མཚོན་ཏོ། །རྒྱུ་རྐྱེན་ལས་རག་མ་ལུས་པས་ནི་རང་བྱུང་ངོ་། །ཐམས་ཅད་ལ་ཁྱབ་པས་ན་ཀུན་ཏུ་སྣང་ངོ་། །སྐྱེ་བ་མེད་པས་ན་ཨས་མཚོན་ཏོ། །གང་ཡང་མ་ཡིན་པར་གསལ་བས་ན་ཆོས་ཀྱི་ཡེ་ཤེས་སོ། །མངོན་དུ་སྣང་བས་ན་གསལ་ཞེས་བྱའོ། །རྒྱུར་གནས་པས་ན་ཧཱུྃ་གིས་མཚོན་པའོ། །ཐམས་ཅད་ཀྱི་རྒྱུར་གནས་ཤིང་ཟད་པ་མེད་པས་ན་དབྱིངས་སོ། །མཛད་པ་སྣ་ཚོགས་ཐ་དད་པར་སྣང་བས་ན་རིགས་ཀྱི་ཡེ་ཤེས་ཏེ་གསལ་ཅེས་སྨོས་སོ། །ཡང་ན་ཀུན་འབྱུང་ཞེས་བྱ་བ་ལ་སོགས་པའི་ཤྭ་ལོ་ཀ་དང་པོས་ནི། དོན་དང་པོ་རྫོགས་པ་ཆེན་པོ་མཚན་མ་མེད་པའི་མན་ངག་ལ་མོས་པའི་དབང་དུ་ཏིང་ངེ་འཛིན་རྣམ་པ་གསུམ་རང་བཞིན་གྱིས་ཚང་བར་སྟོན་ཏོ། །མི་རྟོག་དང་། ཞེས་པ་ལ་སོགས་པ་གཉིས་པས་ནི། ངེས་དོན་གཉིས་ཀྱིས་དེ་དག་ལ་མཚན་མར་བཟུང་ན་ནད་དུ་འགྱུར་བའི་ཉེས་དམིགས་སུ་བསྟན་ཏོ། །གསུམ་པ་སྟོང་ཉིད་ཅེས་པ་ལ་སོགས་པས་ནི། ངེས་དོན་གཉིས་པ་རྫོགས་པའི་ཚུལ་གཉིས་ལ་བསྟེན་པའི་དབང་གིས། ཏིང་ངེ་འཛིན་རྣམ་པ་གསུམ་ཡང་བསྟན་ལ། སྔོན་གྲུབ་པས་ཀྱང་དེ་ལ་བསྟེན་པའི་ལོ་རྒྱུས་སུ་ཡང་བསྟན་ཏོ། །བཞི་པ་ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པ་ནི། ངེས་དོན་གསུམ་པ་སྐྱེ་བའི་རྒྱུད་ཀྱི་སྒོ་ནས་མཚན་མ་ལ་མོས་པའི་དབང་དུ་ཏིང་ངེ་འཛིན་གསུམ་ཡང་བསྟན་ལ། དེའི་རྗེས་འཇུག་གིས་ཀྱང་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྒོ་ནས་སྐུ་ཕྱག་རྒྱར་སྒྲུབས་ཤིག་བར་གདམས་པའང་ཡིན་ནོ། །གཞན་དག་ནི་རྗེས་སུ་མཐུན་ནོ། །ནམ་མཁའི་དབྱིངས་ཀྱི་ས་བོན་གོང་དུ་དམ་བཅས་པ་ནི། ཏིང་ངེ་འཛིན་རྣམ་གསུམ་གྱི་སྐབས་སུ་ཡིག་འབྲུས་མཚོན་པ་སྟེ། མཱུྃ་དང་ཨའོ། །དེ་མཚན་མ་མེད་པར་མི་རུང་ངོ་སྙམ་པ་ལ། ལུང་ཉིད་ལས། ཨ་དང་ༀ་དང་ཧཱུྃ་དང་མཱུྃ་ཞེས་པ་ཐམས་ཅད་ཀྱི་གཞིར་གྱུར་པའོ། །ཞེས་པ་དང་། གཟུགས་བརྙན་ནི་ཅི་ཡང་མེད་པ་ལས་ཅིར་ཡང་རིག་པར་བྱེད་པའོ། །ལངྐའི་བདག་པོ་གཟུགས་བརྙན་གྱིས་གང་མཚོན་པར་བྱེད་མོད་ཀྱི། གཟུགས་བརྙན་ལས་དངོས་གཞི་འབྱུང་བ་ཡང་མ་ཡིན། མི་འབྱུང་བ་ཡང་མ་ཡིན། སྣང་བ་ཡང་མ་ཡིན། མི་སྣང་བ་ཡང་མ་ཡིན། ཁྱབ་པ་ཡང་མ་ཡིན། མ་ཁྱབ་པ་ཡང་མ་ཡིན་ཏེ་དཔེར་ན། ནམ་མཁའ་སྒྲ་བསྒྲོགས་པར་ནི་ཀུན་ཀྱིས་ནུས་མོད་ཀྱིས། འདི་ཁོ་ནའོ་ཞེས་ནི་གང་གིས་ཀྱང་སྒྲ་བསྒྲོགས་པར་མི་ནུས་སོ། །དེ་བཞིན་དུ་གཟུགས་བརྙན་གྱིས་ཀྱང་དངོས་གཞི་མཚོན་པར་ནུས་ཀྱིས་འདི་ཁོ་ན་ཞེས་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་བརྙན་ནི་དངོས་གཞི་ལས་འབྱུང་བས་མཚོན་པར་མི་ནུས་ལ། སངས་རྒྱས་ཀྱི་དགོངས་པ་གསང་བ་དེ་ནི་སངས་རྒྱས་འཇིག་རྟེན་དུ་བྱུང་ཡང་རུང་མི་འབྱུང་ཡང་རུང་། ཐམས་ཅད་ཀྱི་རང་བཞིན་དུ་ཡེ་ནས་གནས་ཤིང་ཐམས་ཅད་ལ་ཁྱབ་ཀྱང་ཐམས་ཅད་ཀྱིས་མཐོང་བ་མ་ཡིན་ལ། དེ་ལས་བྱུང་བ་ཐམས་ཅད་ནི་ཤེས་པར་ཡང་རུང་ལ་དེས་དེ་ཉིད་མཚོན་པར་ཡང་རུང་ངོ་། །ཞེས་པ་དང་། ཡུམ་གྱི་མཚོན་པ་གཉིས་མེད་དོ། །ཞེས་པ་དང་། དངོས་གཞི་གང་ཡིན་པ་དེ་ནི་གཟུགས་བརྙན་ནོ། །ཞེས་བྱ་བ་ལ་སོགས་པ་དང་། ཡང་ནུས་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་ཨ་ཞེས་བླ་དྭགས་སུ་བཏགས་སོ། །ཞེས་པ་དང་། ཡང་། ཨ་ནི་རང་བཞིན་ཡི་གེ་སྟེ། རྟེན་དང་བྲལ་བས་རྒྱུ་རྐྱེན་མེད། །ཁོང་ནས་ཀུན་ཁྱབ་ནམ་མཁའ་འདྲ། །ཞེས་པ་ལ་སོགས་པ་དང་། ཐུགས་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཧཱུྃ་ཞེས་བླ་དྭགས་སུ་བཏགས་སོ་ཞེས་མཚོན་པར་འགལ་བ་མེད་ཅིང་མཐུན་པ་ཁོ་ནའོ། །གདུལ་བྱའི་ཞེས་རྟོག་ཀྱང་གསང་བ་དམ་པའི་གེགས་སུ་མཐུན་མོད་ཀྱང་། སྐབས་ཀྱི་ཕན་པ་དག་དོན་དུ་གཉེར་ཅིག་པར་གདམས་པའོ། །དེ་གང་ལ་གདམས་སྙམ་པ་ལ། ངེས་པའི་ལས་དང་པོ་པ་ངེས་པར་འབྱུང་བའི་གདུལ་བྱ་ལའོ། །ཇི་ལྟར་བྱ་བའི་གདམས་པ་ནི། དེ་དག་ཀྱང་དབང་པའི་བྱེ་བྲག་གིས་ཏེ། རབ་ཀྱིས་མཚན་མ་མེད་པའི་རྣལ་འབྱོར་ལ་འབད་དེ་ཉམས་སུ་བླང་བར་བྱའོ། །འབྲིང་གིས་གཉིས་སུ་མེད་པ་དང་། ཐ་མས་མཚན་མའི་རྣལ་འབྱོར་ལ་གནས་པ་བྱའོ། ༈ །མཇུག་གི་དོན་ལ་གཉིས་ལས། དང་པོ་བཟོད་པར་གསོལ་བ་བསྟན་པའི་ཕྱིར། དམ་པའི་དགོངས་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་དམ་པའི་སྒྲ་ནི་བླ་མ་སྟེ། སྟོན་པ་དང་། སྡུས་པ་པོ་དང་། སློབ་དཔོན་དག་ལ་འཇུག་ལ། དགོངས་པ་ནི་རྒྱུད་དང་སྒྲུབས་ཐབས་དག་གོ། །དམན་པ་ནི་སློབ་དཔོན་དྲི་མེད་དེ་ང་རྒྱལ་སྤངས་པའམ། ལྟོས་པའི་དབང་ལ་དགོངས་པའོ། །དེས་སྟོན་པས་བསྟན་པའི་དོན་དཔག་པར་མི་འོས་ཀྱང་བསམ་པའི་ལུང་ལ་བརྟེན་པའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྗོད་བྱང་དང་། །མ་འོངས་པའི་དུས་ན་སྙིགས་མའི་དབང་གིས་བློ་དམན་པ་གཞན་དག་ལ། སྟོན་པའི་བསྟན་པ་བཀའ་ལུང་གིས་སྒྲོས་མི་ནུས་པར་བྱ་བའི་དགོས་པ་འདི། ཚིག་གི་འགལ་བས་དོན་ལ་འཁྲུལ་པ་བྱུང་ན། ཡོན་ཏན་ཁྱད་པར་དུ་འཕགས་ཤིང་དོན་ལ་མཁས་པའི་བླ་མ་རྣམས་ལ་བཟོད་པར་གསོལ། །གཉིས་པ་དགེ་བའི་རྩ་བར་བསྔོ་བ་དང་། །སྨོན་ལམ་ཡང་བརྡའ་འཕྲོད་པར་སླའོ། །འགྲོ་མགོན་བླ་མ་དག་གི་དགོངས་པ་འདི། །གཏིང་དཔག་རྒྱ་ཆེ་ཡོངས་སུ་བརྟག་དཀའ་བ། །དོན་ཕྱིན་ཚིག་རྒྱས་མིན་ཀྱང་འབྲུ་གཉེར་ཟུར་བརྡའ་ཙམ་བདག་གིས་བརྗེད་བྱང་དམན་ལ་ཕན་ཕྱིར་བྲིས། ཚིག་ནོར་དོན་ལ་འགལ་བ་དམ་པ་རྣམས་ལ་མཐོལ། །དགེ་བ་ཅི་མཆིས་འགྲོ་བ་ཡོངས་ལ་བསྔོ། །མོས་པ་རྣམས་དང་ཀུན་ཏུ་འཕྲད་པར་ཤོག །དཔྱ་སེམས་ཅན་དང་ནམ་དུའང་མ་འཕྲད་ཅིག །ཞི་བ་རྟོག་པ་ལྷ་རྒྱུད་ཀྱི་འགྲེལ་བ་བི་མ་ལས་མཛད་པ་རྫོགས་སོ། །མངྒ་ལམ་བྷ་ཝནྟུ།། །།


previousཞི་བའི་ལྷ་རྒྱུད་ཀྱི་འགྲེལ་བ། སློབ་དཔོན་བི་མ་ལ།next